སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྨན་རྩིས་མཐོ་སློབ་ཁང་།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

 

 

སྨན་རྩིས་མཐོ་སློབ་ཁང་གི་འཕེལ་རིམ་དང་གནས་བབས།

སྨན་རྩིས་མཐོ་སློབ་ཁང་ཇི་ལྟར་དབུ་འཛུགས་གནང་བའི་སྐོར་སྟོད་ཆའི་ནང་དུ་རྒྱས་པར་བྲིས་ཡོད་པས་བསྐྱར་བཟླས་ལ་དགོས་པ་མེད་ཀྱང་། མཚམས་སྦྱོར་གྱི་ཚུལ་དུ་མདོ་ཙམ་གླེང་ན། བཙན་བྱོལ་གྱི་ལོ་རྒྱུས་མགོ་བཙུགས་མ་ཐག་ངྷརྨ་ཤཱ་ལཱར་སྨན་སྦྱིན་སློབ་ཁང་དང་རྩིས་རིག་སློབ་ཁང་གཉིས་སོ་སོར་གསར་འཛུགས་བྱས་ཏེ་སྨན་རྩིས་བསྟན་པའི་མེ་རོ་སླར་གསོ་མཛད། དེ་ནི་གཙོ་བོ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལམ་སྟོན་དང་། ྋསྐུའི་བླ་སྨན་པ་ཡེ་ཤེས་དོན་ལྡན་མཆོག་དང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དུས་འཁོར་བ་བློ་གྲོས་རྒྱ་མཚོ་སོགས་ཀྱི་ལྷག་བསམ་དང་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས། རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་པ་ཁག་ཅིག་སྨན་སློབ་དང་རྩིས་སློབ་ཏུ་ཆེད་བཅུག་གིས་སྐབས་དང་པོའི་སྨན་སློབ་དང་རྩིས་སློབ་བཅས་ལ་སློབ་སྦྱོང་སྤྲོད་ཞོར་དུ་ཕྱག་ལས་གནང་མགོ་ཚུགས་ཐུབ་པ་བྱུང་། དེ་ནི་སྨན་རྩིས་ཁང་གི་ལོ་རྒྱུས་སྤྱི་ཡོངས་ཀྱི་མགོ་འཛིན་ས་དེ་ཡིན།
 

ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་གཉིས་ཟླ་སྒྲིལ་བཏང་བ་ནས་རིམ་བཞིན་གཞི་རྐང་ཇེ་བརྟན་དུ་གྱུར། དེ་ཡང་ྋསྐུའི་གཅེན་པོ་སྟག་ལྷ་བློ་བཟང་བསམ་གཏན་མཆོག་གིས་གཙོས་དབུ་འཛིན་རིམ་བྱོན་དང་། སྨན་རྩིས་རིག་གནས་དང་བཅས་པར་མཁྱེན་རྒྱ་རབ་ཏུ་ཡངས་པའི་མཁས་དབང་སྐུ་ངོ་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་དང་། སྨན་དཔྱད་གཞུང་ལུགས་ལ་འགྲན་ཟླ་བྲལ་བའི་མཁས་དབང་ྋསྐུའི་བླ་སྨན་བསྟན་འཛིན་ཆོས་གྲགས། བླ་སྨན་བློ་བཟང་དབང་རྒྱལ་དམ་པའི་མཚོན་སློབ་སྤྱི་རིམ་པའི་ལྷག་བསམ་དང་། སློབ་དཔོན་བཀའ་དྲིན་ཅན་རིམ་པས་དཀའ་སྤྱད་འབད་བརྩོན་དང་། ལྷག་པརྋགོང་ས་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་བསྐྱེད་སྨོན་ལམ་དང་ཐོག་མཐའ་བར་གསུམ་དུ་ཐུགས་རྗེའི་སྐྱབས་འོག་ནས་དོར་བ་མེད་པར་གཟིགས་སྐྱོང་བླ་མེད་དང་ལམ་སྟོན་བཀའ་དྲིན་ཆེ་བ་ལ་བརྟེན་ནས་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་རིམ་སྤོས་ཀྱིས་དེང་སྐབས་རང་རེའི་སྤྱི་ཚོགས་ཀྱིས་གཙོས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་གཞུང་སྨན་རྩིས་མཐོ་སློབ་ཁང་ཞེས་ཀུན་གྱིས་ཡིད་རྟོན་བྱེད་པའི་སློབ་གཉེར་ཁང་ཚད་ལྡན་ཞིག་ཏུ་གྱུར་ཡོད་པ་མ་ཟད། སྨན་རྩིས་བཀའ་བཅུ་པ་དང་།  སྨན་རྩིས་རམས་པ་ཆུང་འབྲིང་གི་གཞུང་ཚད་ལྟར་སློབ་ཐོན་པ་གང་མང་བྱུང་སྟེ་སྨན་རྩིས་ཁང་གི་ཁྱབ་ཁོངས་དབུས་ས་གཉིས་ཀྱིས་གཙོས་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་གང་སར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ་ཅི་རིགས་ཀྱི་ངོ་བོའི་ཐོག་སྨན་རྩིས་ཀྱི་འགྲོ་ཕན་བྱ་བཞག་ཆེ་ས་ནས་བསྒྲུབས་ཐུབ་པ་བྱུང་ཡོད་པ་བཅས་ནི་ལོ་ལྔ་བཅུའི་རིང་མཐོ་སློབ་ཁང་གི་བགྱིད་སྒོ་སྤྱི་ཙམ་མོ།། །།
 

སློབ་སྤྱི་དང་པོའི་སྐབས།

སློབ་སྤྱིའི་ལོ་རྒྱུས།

བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་ནི། ཕྱི་ལོ་ ༡༩༡༤ ལོར་བོད་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་གྲགས་པའི་གཙང་གཡས་རུ་ཤངས་ཀྱི་སའི་ཆར་གཏོགས་པའི་ཤངས་མདའ་སྒེར་གྲོང་སྟོད་ཤར་པའི་མི་ངོ་ཡབ་ཚེ་བརྟན་དབང་གྲགས་དང་།  ཡུམ་སྒེར་བྲག་སྲས་མོ་ཆོས་ཉིད་དབང་མོ་གཉིས་ཀྱི་རིགས་སྲས་སུ་འཁྲུངས་ཤིང་། ཆུང་དུས་ནས་ཡབ་ཀྱི་དྲུང་དུ་ཡི་གེ་འབྲི་ཀློག་དང་བོད་ཀྱི་རྩིས་རིག་སོགས་ཀྱི་གསན་སྦྱོང་མགོ་བཙུགས། དགུང་གྲངས་བཅུ་བཞི་ཙམ་ནས་བཀྲ་ཤིས་ལྷུན་པོའི་ཛ་བླའི་ལས་བྱ་རྩེ་མགྲོན་མཁྱེན་རབ་དབང་ཕྱུག་དྲུང་དུ་བོད་ཡིག་བསྐྱར་སྦྱོང་དང་།  བོད་རྩིས་སྐོར་ལ་སློབ་སྦྱོང་ལོ་གཉིས་གནང་། དེ་ནས་དགུང་ལོ་བཅུ་བདུན་ཙམ་ནས་བཀྲ་ཤིས་ལྷུན་པོའི་དཀའ་ཆེན་བསོད་ནམས་བཟང་པོ་དང་དཀའ་ཆེན་འགྱུར་མེད་རིན་པོ་ཆེ་སོགས་ཀྱི་དྲུང་དུ་སུམ་རྟགས་དག་གསུམ་དང་། སྒྲ་རྩིས་སྙན་གསུམ་སྐོར་ལ་སློབ་སྦྱོང་གནང་། དགུང་ལོ་ཉེར་ལྔ་ནས་ལྷ་ལྡན་སྨན་རྩིས་ཁང་གི་དབུ་འཛིན་མཁྱེན་རབ་ནོར་བུ་སོགས་ཀྱི་དྲུང་ནས་སྐར་རྩིས་ཞག་གསུམ་རྣམ་དབྱེ་དང་། གོ་ལའི་ཐིག དུས་སྦྱོར་ཞིབ་པ་རྣམ་དག་གྲོང་འཇུག་གི་རི་མོ་བཅས་སྦྱང་བ་མ་ཟད། སྨན་དགེ་དྭགས་པོ་བསྟན་འཛིན་ལགས་ཀྱི་དྲུང་ནས་རྒྱུད་གསུམ་དང་། བྱང་ཁོག་ལུས་ཐིག སྨན་སྦྱོར་སོགས་མཐོང་བརྒྱུད་མན་ངག་ཁག་ལ་གསན་བསམ་གནང་།  དེ་བཞིན་ཕྱི་ལུགས་སྨན་བཅོས་སྐོར་ལའང་ཐུགས་སྣང་གང་ཐུབ་གནང་། ཆུ་བཟང་རིན་པོ་ཆེ་སོགས་ཀྱི་དྲུང་ནས་ལམ་རིམ་སོགས་ཐུན་མོང་བློ་སྦྱོང་དང་དབང་ལུང་མན་ངག་གང་མང་གསན་བསམ་གནང་བའི་ཞོར་དུ་བོད་སྨན་གསར་སྦྱོར་གྱིས་ནད་མནར་རྣམས་ལ་སྨན་བཅོས་གནང་བ་དང་།  སྲོལ་རྒྱུན་རི་མོའི་འབྲི་རྩལ་སོགས་སྦྱང་སྟེ་བྲིས་ཆའི་སྒྱུ་རྩལ་ལ་བྱང་པ་ཤིན་ཏུ་ཆེ་བ་སོགས་མཁས་པའི་གནས་དག་ལ་སློབ་གཉེར་གནང་བ་སོགས་རྒྱས་པ་ཁོང་གི་རྣམ་ཐར་དུ་གསལ། ཕྱི་ལོ་ ༡༩༥༩ ལོར་བོད་མི་སྤྱི་མཚུངས་ལྟར་བཙན་བྱོལ་དུ་ཕེབས་ཏེ་ཕྱི་ལོ་ ༡༩༦༨ བར་འབྲས་ལྗོངས་སློབ་དགེའི་ཕྱག་ལས་གནང་སྟེ་བཞུགས། ཕྱི་ལོ་ ༡༩༦༨ ལོར་རང་གཞུང་ཆོས་དོན་ལྷན་ཁང་ནས་གདན་ཞུས་ཀྱིས་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱི་དང་དགེ་ཆེ་གཅིག་ལྕོགས་བསྐོ་བཞག་གནང་བ་བཞིན་ཕྱི་ལོ་ ༡༩༨༣ བར་བོད་ཀྱི་སྨན་རྩིས་རིག་གནས་ཐོག་མཛད་རྗེས་བསྐྱངས་མཐར་ཕྱི་ལོ་ ༡༩༨༣ ལོར་སྐུའི་འཕེན་པ་རྫོགས་པ་བཅས་སོ།།
 

སྐབས་དེའི་སློབ་གྲྭའི་གནས་བབས།

ཕྱི་ལོ་ ༡༩༦༧ ལོར་སྨན་རྩིས་གཉིས་ཟླ་སྒྲིལ་བཏང་པའི་ལོ་ནས་ཕྱི་ལོ་ ༡༩༧༡ བར་སྨན་རྩིས་ཁང་གི་འགན་འཛིན་རྩེ་དྲུང་ངག་དབང་རྣམ་རྒྱལ་ཡིན་ཞིང་། ཁོང་གིས་སྨན་རྩིས་ཁང་གི་འགན་འཛིན་ལས་འཁུར་གནང་བའི་ཕྱི་ལོ་སྟེ་ཕྱི་ལོ་ ༡༩༦༨ ཆོས་དོན་ལྷན་ཁང་གི་བཀའ་འབྲེལ་བཞིན་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་འབྲས་ལྗོངས་ནས་རྡ་སར་བཀའ་འགུག་གིས། མཐོ་སློབ་ཀྱི་སློབ་སྤྱི་དང་དགེ་ཆེར་བསྐོ་བཞག་བསྩལ། མཐོ་སློབ་ཁང་འདི་ཉིད་ཀྱི་བྱེད་སྒོ་གཙོ་བོ་སྨན་རྩིས་རིག་གནས་དང་བཅས་པ་འཆད་ཁྲིད་ཀྱིས་སྨན་རྩིས་པ་ཚད་ལྡན་སྐྱེད་བསྲིང་བྱ་རྒྱུ་དེ་ཡིན་པ་བཞིན་སློབ་དཔོན་འདི་ཉིད་ནས་སྨན་རྩིས་གཉིས་ཀྱི་སློབ་མར་སྨན་རྩིས་རིག་གནས་དང་བཅས་པ་སློབ་ཁྲིད་གནང་སྟེ་འབད་འབུངས་སྣེ་མང་བྱས་པར་བརྟེན་མཐོ་སློབ་ཁང་འདི་ཉིད་ཀྱི་རྨང་གཞི་སྲ་བརྟན་དུ་གྱུར་བ་མ་ཟད། ཡར་རྒྱས་སུ་འགྲོ་མགོ་ཚུགས་པ་དང་བོད་ཀྱི་གསོ་དཔྱད་སྨན་དང་། གཙུག་ལག་རྩིས་ཀྱི་སློབ་ཚན་ཕྱོགས་བསྒྲིགས་ཀྱིས་ྋགོང་ས་སྐྱབས་མགོན་ཆེན་པོར་སྙན་འབུལ་ཞུས་ཏེ་བཀའ་འཁྲོལ་ཐོབ་པ་བཞིན་ཕྱི་ལོ་ ༡༩༦༨ ཟླ་ ༡༡ ཚེས་ ༢༡ ཉིན་བོད་གཞུང་རྒྱུན་ལས་ཚོགས་འདུར་སྤྱན་ཞུ་ཞིབ་གཟིགས་ཀྱིས་མོས་མཐུན་གནང་སྟེ་སྨན་རྩིས་གཉིས་ཀྱི་སློབ་ཚན་ལོ་རིམ་དང་པོ་ནས་བདུན་པ་བར་གཏན་འབེབས་གནང་བ་མ་ཟད། གསར་འཇུག་སློབ་མའི་སྔོན་འགྲོའི་ཤེས་ཚད་མ་མཐར་འཛིན་རིམ་བརྒྱད་པ་ཐོན་དགོས་པ་གང་ཞིག་ལ་བོད་ཡིག་ལེགས་གྲས་དང་། དབང་པོ་ཚང་ཞིང་བོད་ཀྱི་གསོ་བ་རིག་པར་བཅོས་མིན་གྱི་སྦྱོང་འདོད་ཡོད་པ་སོགས་ཀྱི་ཆ་རྐྱེན་གཏན་འབེབས་གནང་ཞིང་།
 

ཕྱི་ལོ་༡༩༦༥ ཟླ་ ༦ ཚེས་ ༢༢ ཉིན་བོད་གཞུང་ཆོས་དོན་ལྷན་ཁང་ནས་སྨན་སྦྱིན་སློབ་ཁང་དུ་སྨན་སློབ་གསར་བསྡུའི་གསལ་བསྒྲགས་གནང་། དེ་ཡང་གསལ་བསྒྲགས་བསྐྱངས་བའི་ནང་། ༼དེང་འདིར་འགྲོ་བ་མིའི་རིགས་ལ་ཆེས་དགོས་གལ་དང་ཕན་པ་བླ་ན་མེད་པ་རང་ཅག་བོད་མིའི་གཅེས་ནོར་དུ་འཛིན་པའི་གསོ་དཔྱད་སྨན་གྱི་རིག་གཞུང་དེ་དག་ཕྱི་ནང་ཐུན་མོང་གི་རིག་གནས་ལག་ལེན་ཕལ་ཆེར་མཚུངས་པ་ལྟར་མཆིས་ཀྱང་། སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་གྱིས་སྨན་གྱི་བླ་མའི་རྣམ་པར་བསྟན་ནས་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོ་གསལ་བར་སྟོན་པའི་སྨན་མདོའི་དགོངས་དོན་གསོ་དཔྱད་སྨན་གྱི་རིག་གཞུང་ངོ་མཚར་དང་ལྡན་པ་རྣམས་མི་ཉམས་གོང་འཕེལ་ཆེད་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཟབ་མོ་དང་རྗེས་སུ་མཐུན་པའི་བཞུགས་སྒར་ངྷརྨ་ཤཱ་ལཱར་བོད་ཀྱི་གསོ་བ་རིག་པའི་རིག་གཞུང་གསར་འཛུགས་བཀའ་དྲིན་ཆེ་སྟེ་དེང་སྐབས་འཕགས་བོད་ཀྱི་སྐྱེ་བོ་རིས་སུ་མ་ཆད་པར་སྨན་སྦྱིན་རྒྱ་ཆེར་སྩོལ་བཞིན་པ་ཡིན་ཞིང་།  ད་དུང་རིག་གཞུང་བཟང་པོ་འདི་དག་མི་ཉམས་དར་རྒྱས་གཅེས་འཛིན་ཐོག དེང་དུས་ཕྱི་རྒྱལ་རིག་གསར་སྨན་བཅོས་ལག་ལེན་དང་སྦྱར་ཏེ་སློབ་སྦྱོང་བྱ་རྒྱུའི་གསོ་རིག་སློབ་ཁང་གསར་འཛུགས་རྒྱ་བསྐྱེད་བསྐྱང་འཆར་ཡོད་པར་དེའི་ཁོངས་སུ་རང་རིགས་བློ་གསར་ཕོ་མོ་གཞོན་ནུ་ན་ཚོད་དང་ལྡན་པ་རང་ལོ་༡༨མན་ཆད་ནས་སློབ་སྦྱོང་གནང་འདོད་ཡོད་ཚེ་རང་རང་འདོད་མོས་སྙན་ཞུ་འབུལ་བདེའི་ཤོག་ལྷེ་ཟུར་ཡོད་དེ་དག་སློབ་གྲྭ་སོ་སོའི་སློབ་སྤྱི་བརྒྱུད་འགེངས་འབུལ་གནང་སྐྱོང་བྱུང་བསྟུན་སློབ་སྦྱོང་གིི་སྦྱང་འབྲས་སོགས་གང་སྤྱིའི་ཆ་རྐྱེན་འོས་པ་རྣམས་གསོ་དཔྱད་སྨན་གྱི་སློབ་གཉེར་ཁོངས་སུ་ཞུགས་འཐུས་བཀའ་འཁྲོལ་ཡོང་གནས་བཅས་དེ་དོན་དགོངས་འཇགས་མཁྱེན། ངྷརྨ་ཤཱ་ལཱར་ཆོས་དོན་ལྷན་ཁང་ནས་༡༩༦༥ ཟླ་ ༦ ཚེས་ ༢༢ ལ།༽ ཞེས་སྤེལ་བ་དེ་ནི་སྨན་སློབ་གསར་བསྡུའི་གསལ་བསྒྲགས་གནང་བ་ཐེངས་དང་པོ་ཡིན་ཞིང་། དེ་དུས་གསལ་བསྒྲགས་གང་མྱུར་གསལ་རྟོགས་ཐུབ་པའི་བརྒྱུད་ལམ་དཀོན་པ་སོགས་ཀྱི་རྐྱེན་གྱིས་ལོ་ཤས་རིང་སློབ་ཞུགས་སྙན་ཞུ་འབུལ་མཁན་བྱུང་མེད་པར་བརྟེན་ཐེངས་གཉིས་པ་དང་གསུམ་པར་ཡང་བསྐྱར་གསལ་བསྒྲགས་གནང་རྗེས་༡༩༦༨ ལོར་རྡོར་གླིང་བོད་གཞུང་གཏན་སློབ་ནས་སློབ་ཕྲུག་མང་པོ་ཞིག་ནས་རྡོར་གླིང་སློབ་སྤྱི་སྐུ་ངོ་ལྷ་དབང་ལགས་ལ་སྨན་སློབ་ཏུ་འཛུལ་རྒྱུའི་སྙན་ཞུ་ཕུལ་བའི་ཁོངས་ནས་འཛིན་གྲྭ་བརྒྱད་པ་དང་།  དགུ་པ་ཐོནཔའི་སློབ་ཕྲུག་ཕོ་མོ་གྲངས་བཅུ་གཅིག་ཕྱི་ལོ་༡༩༦༨ ཟླ་ ༡༢ ཚེས་ ༢༨ ཉིན་སློབ་སྤྱི་མཆོག་ནས་བཀའ་མངགས་བསླབ་བྱ་དང་འབྲེལ་མངགས་གཏོང་གནང་། སློབ་ཕྲུག་དེ་དག་རྡ་སར་འབྱོར་རྗེས་ཡིག་ཚད་ཀྱི་ལམ་ནས་ཕོ་མོ་དབྱེར་མེད་སློབ་འཇུག་བྱས་ཡོད་པས་སློབ་སྐབས་དེ་ནི་ཕོ་མོ་རིས་མེད་དང་ཡིག་རྒྱུགས་ཀྱི་ལམ་ནས་སློབ་བསྡུ་བྱས་པ་ཐོག་མ་དེ་ཡིན། སློབ་སྐབས་དེ་ནས་བཟུང་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་གྱིས་སློབ་སྤྱི་དང་སློབ་དགེ་ཆེན་མོ་གཅིག་ལྕོགས་དང་། སྨན་པ་བློ་བཟང་བཀྲ་ཤིས་ལགས་སློབ་དགེ་གཞོན་པར་བསྐོ་བཞག་གནང་། ཁོང་གཉིས་ཀྱི་ཐུགས་ཁུར་བཀའ་དྲིན་འོག་རྒྱུད་གསུམ་དང་མན་ངག་རྒྱུད་ཀྱི་གཉན་རིམས་བཅོ་བརྒྱད་དང་། དེ་འབྲེལ་གྱི་རིག་གནས་དང་ནང་ཆོས་བཅས་ཀྱི་གཞུང་ཚད་སློབ་ཚན་རྣམས་ལོ་ལྔ་ཡི་རིང་བུམ་པ་གང་བྱོོའི་ཚུལ་དུ་ཟབ་ཁྲིད་གནང་སྟེ་ཕྱི་ལོ་༡༩༧༤ ལོར་སྨན་སློབ་སྐབས་གཉིས་པ་སློབ་ཐོན་བྱུང་བའི་ཁོངས་པདྨ་རྡོ་རྗེདང་། ངག་དབང་མཁྱེན་བརྩེ། ཚེ་རིང་རྡོ་རྗེ། ཟླ་བ་སྒྲོལ་མ། སྐྱིད་འཛོམས་བུ་ཁྲིད། བསོད་ནམས་ལྷ་མོ། ཚེ་རིང་ཆོས་སྐྱིད། ཀུན་བཟང་ཆོས་འཛོམས་བཅས་སྨན་སློབ་གྲངས་བརྒྱད་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ནང་ནས་རྒྱུད་གསུམ་རྒྱུགས་འབུལ་ཞུ་མཁན་སྐབས་དེ་པདྨ་རྡོ་རྗེ་གཅིག་བུ་ལས་བྱུང་མེད། ཁོང་ཚོ་སློབ་མཐར་ཕྱིན་རྗེས་དམིགས་བསལ་ཉམས་གསོག་གི་དུས་ཡུན་རྒྱས་བཅད་མེད་པར་ས་གནས་ཁག་ཏུ་ལས་བགོས་གནང་བས་སྐབས་དེའི་གནས་བབས་དང་བསྟུན་ཏེ་ཕན་ཐོགས་ཆེན་པོ་བྱུང་། དེ་དུས་སྨན་རྩིས་མཐོ་སློབ་ཀྱི་འཕེལ་རིམ་ཁྲོད་ངེས་པར་བརྗོད་དགོས་པ་ཞིག་ནི་ཕྱི་ལོ་ ༡༩༧༤ ལོར་སློབ་དགེ་བློ་བཟང་བཀྲ་ཤིས་ཀྱིས་སྒེར་གྱི་དཀའ་ངལ་གང་མང་དབང་གིས་སྨན་སློབ་སྐབས་གཉིས་པའི་སློབ་མཐར་མ་ཕྱིན་གོང་དགོངས་པ་ཞུ་དགོས་བྱུང་བས་སློབ་སྤྱི་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་གཅིག་བུས་སྨན་རྩིས་རིག་གནས་དང་བཅས་པ་སློབ་ཁྲིད་གནང་སྟེ་སྨན་སློབ་སྐབས་གཉིས་པའི་སློབ་དུས་མཇུག་སྐྱོང་དང་། སྐབས་གསུམ་པའི་སྨན་སློབ་གསར་བསྡུ་བྱས་ཏེ་གསོ་སྐྱོང་གནང་བས་བཀའ་དྲིན་ཤིན་ཏུ་ཆེ། དེ་ཡང་སྐབས་གསུམ་པའི་སྨན་སློབ་ཁོངས་སུ་དང་ཐོག་སློབ་མ་གྲངས་བཅོ་བརྒྱད་ཡོད་ཀྱང་ཕྱི་ལོ་ ༡༩༧༨ ལོར་སློབ་མཐར་ཕྱིན་པའི་ཁོངས་ནས་སྨན་རྩིས་གཉིས་ཀ་སློབ་ཐོན་བྱུང་བ་རྣམས་ནི། པ་སངས་ཡོན་ཏན་དང་། རྣམ་རྒྱལ་ཚེ་རིང་། ལ་དྭགས་ཚུལ་ཁྲིམས་རྒྱ་མཚོ། ཚེ་དབང་རྟ་མགྲིན། བསོད་ནམས་དབང་འདུས་བཅས་ཡིན་ཞིང་།  སྨན་ཁོ་ན་ཐོན་མཁན་བསོད་ནམས་ཚེ་རིང་དང་།  གཅུང་ལགས། དགེ་ལེགས་རྒྱ་མཚོ། པདྨ་དབྱངས་འཛོམས་བཅས་ཡིན། སྐབས་དེར་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་ཡང་མི་གྲངས་ལྔ་བྱུང་ཡོད་པས་ཤེས་ཚད་སྤྱི་སྙོམས་རབ་ལོན་པ་མང་དུ་ཐོན་ཡོད། ྋགོང་ས་མཆོག་ལ་མཇལ་བཅར་ཞུས་རྗེས་སྨན་སྦྱོར་ཁང་དང་། རྩིས་ཁང་། མཐོ་སློབ་སོགས་དབུས་ཀྱི་སྡེ་ཚན་ཁག་དང་། ཡན་ལག་སྨན་ཁང་བཅས་པར་ལས་བགོས་བཀོད་ཁྱབ་བསྩལ་བ་ལྟར་ལས་ཞུགས་བྱས་པས་སྔར་ལས་གསོ་རིག་བསྟན་པ་ཡར་རྒྱས་དང་།  འགྲོ་ཕན་འཕྲོད་བསྟེན་ཞབས་ཞུའི་ལས་དོན་ཚད་འཕེར་ཡོང་བའི་སྨན་པ་ཚད་ལྡན་མང་པོ་གསོ་སྐྱོང་གནང་བས་དུས་ད་ལྟའི་ཆར་ཡང་གསོ་བ་རིག་པའི་བསྟན་པ་ལ་ཆེས་རླབས་ཆེན་གྱི་མཛད་རྗེས་བཞག་དང་འཇོག་བཞིན་ཡོད། འགྲོ་ཕན་སྨན་རྩིས་ཁང་བཙུགས་ནས་ལོ་ངོ་ཉི་ཤུ་འཁོར་ལ་ཉེ་བའི་དུས་ཡུན་དེ་ཡི་ནང་སྨན་སློབ་ཐེངས་གསུམ་སློབ་ཐོན་གྱིས་ལས་སྣེར་ཞུགས་ཏེ། སྨན་པ་རྒན་རབས་དག་དང་ལྷན་དུ་མན་ངག་མྱོང་བྱང་མཐའ་དག་བརྒྱུད་སྤྲོད་ཞུས་ཐུབ་པ་བྱུང་བ་དེས་སྨན་རྩིས་པ་རྒན་གཞོན་བར་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུའི་ནུས་ཤུགས་དང་དགེ་མཚན་ལྡན་པ་ཞིག་ཐོན་ཡོད་པ་རེད།
 

ཕྱི་ལོ་ ༡༩༧༩ ལོར་སྐབས་བཞི་པའི་སློབ་གཉེར་བ་ཐུབ་བསྟན་རྒྱལ་མཚན་དང་། དངོས་གྲུབ་བཟང་པོ། བསྟན་པ་སྐལ་བཟང་། ཚེ་རིང་རྡོ་རྗེ། ཐུབ་བསྟན་ཆོས་སྐྱིད་བཅས་གྲངས་ལྔ་ཡིག་རྒྱུགས་ལམ་ནས་བསྡུ་བཞེས་གནང་ཡང་སློབ་མཐར་མ་ཟིན་གོང་སྨན་སློབ་གཅིག་འདས་གྲོངས་སུ་སོང་བ་དང་། སྨན་སློབ་གཉིས་དགོངས་པ་ཞུས་པའི་རྐྱེན་གྱིས་སྨན་སློབ་གཉིས་ལ་འཛིན་གྲྭ་མུ་མཐུད་མཇུག་སྐྱོང་བྱེད་ཐབས་བྲལ་ཏེ། སྨན་སློབ་ཐུབ་བསྟན་རྒྱལ་མཚན་ལགས་སྨན་སྦྱོར་ཁང་དུ་འཛུལ་ཞུགས་ཀྱིས་སྐབས་ལྔ་བའི་སྨན་སློབ་རྣམས་དང་ལྷན་དུ་ཐོན་རྒྱུགས་ཆེན་མོ་རྒྱུགས་འབུལ་ཞུས་ཏེ་སློབ་ཐོན་བྱུང་བ་དང་། སྨན་སློབ་ཐུབ་བསྟན་ཆོས་སྐྱིད་༼བསྟན་འཛིན་ལྷ་སྒྲོན༽སྐབས་ལྔ་བའི་སྨན་སློབ་འཛིན་གྲྭར་མཉམ་ཞུགས་ཀྱིས་སློབ་ཐོན་བྱུང་འདུག


སྨན་སློབ་སྐབས་ལྔ་པ་ནི་སྨན་རྩིས་ཁང་གི་དབུ་འཛིན་ལྔ་པ་ྋསྐུའི་གཅེན་པོ་བློ་བཟང་བསམ་གཏན་མཆོག་གི་འཛིན་སྐྱོང་སྐབས་སྨན་སློབ་གྲངས་སོ་གཉིས་གསར་བསྡུ་གནང་བ་དང་། དེའི་སྟེང་སྐབས་བཞི་པའི་སྨན་སློབ་གཉིས་བསྡོམས་ནས་ཁྱོན་སོ་བཞི་བྱུང་ཡོད། སློབ་སྤྱི་དང་དགེ་ཆེ་གཅིག་ལྕོགས་བར་ཞི་ཕུན་ཚོགས་དབང་རྒྱལ་དང་། སྨན་དགེ་པ་སངས་ཡོན་ཏན། སྨན་དགེ་བློ་བཟང་ཆོས་འཕེལ། རིག་དགེ་རྡོ་རྗེ་རྒྱལ་བོ་བཅས་དགེ་རྒན་གྲངས་བཞིའི་ཐུགས་ཁུར་བཀའ་དྲིན་འོག་ཕྱི་ལོ་ ༡༩༨༢ ལོར་སློབ་ཁྲིད་མགོ་འཛུགས་བྱས། སྨན་རྩིས་གཉིས་ཀྱི་སློབ་ཕྲུག་ཚོའི་ཤེས་ཡོན་གྱི་ཆུ་ཚད་མཐོ་རུ་བཏང་པ་དང་། རྩ་བའི་སྦྱང་བྱའི་གཞུང་ཚད་ལ་ངེས་པ་དང་དཀའ་གནད་གསལ་དུ་འགྲོ་ཕྱིར་ལོ་རེར་ཟླ་གསུམ་རེའི་མཚམས་ནས་སྨན་རྩིས་སློབ་མ་རྣམས་ལ་ཡིག་རྒྱུགས་གཏོང་བཞིན་ཡོད་ལ། སྐབས་དེར་རབ་འབྲིང་ཐ་གསུམ་གྱི་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ཏེ་བྱ་དགའ་གནང་བ་སོགས་ཀྱི་ལམ་སྲོལ་ཕྱེས་པ་སོགས་སྨན་རྩིས་མཐོ་སློབ་འདི་ཉིད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་མགོ་ཚུགས་པ་བཅས་སློབ་སྤྱི་དང་པོ་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་གྱི་སྐབས་ཏེ་དང་པོའོ།།

 

སླར་སྨྲས་པ།

ནོར་གྱི་མཆོག་གྱུར་ལྔ་རིག་ན་ཆུང་མ།།

ཕྱག་ཏུ་ཐོགས་ཤིང་མཁྱེན་བརྩེ་བུམ་བཟང་ལས།།

ལེགས་བཤད་བདུད་རྩིའི་ཆུ་རྒྱུན་འབེབས་མཁས་པའི།།

དྲན་དབང་དམ་པའི་བཀའ་དྲིན་སྙིང་དུ་ཉལ།།

ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
 


སློབ་སྤྱི་གཉིས་པའི་སྐབས།

སློབ་སྤྱིའི་ལོ་རྒྱུས།

སྤྱི་སྐབས་གཉིས་པ་ནི་སློབ་དཔོན་ཆེན་པོ་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་གིས་གསོ་སྐྱོང་གནང་པའི་སྨན་པ་པ་སངས་ཡོན་ཏན་ཡིན་ཞིང་།  ཁོང་ནི་གཞི་རིམ་སློབ་གྲྭ་ཐོན་རྗེས་ཏེ་ཕྱི་ལོ་ ༡༩༧༢ ལོར་སྨན་སློབ་སྐབས་གསུམ་པའི་ཁོངས་སུ་འཛུལ་ཞུགས་ཀྱིས་སྨན་རྩིས་གཉིས་ཀ་སྦྱང་བརྩོན་གནང་སྟེ་ཕྱི་ལོ་ ༡༩༧༨ ལོར་སློབ་མཐར་ཕྱིན་རྗེས་སྨན་རྩིས་ཁང་གི་ལས་སྒོར་ཞུགས། ཕྱི་ལོ་ ༡༩༨༢ ནས་ ༡༩༨༨ བར་སློབ་སྤྱི་དང་སྨན་དགེ་གཅིག་ལྕོགས་གནང་ཡོད་ཅིང་ཞབས་ལོ་བཅུ་འཁོར་མཚམས་ཏེ་ཕྱི་ལོ་ ༡༩༨༨ ལོར་འདི་ནས་རྩ་དགོངས་ཞུས་ཏེ་ནུབ་ཕྱོགས་ཡུ་རོབ་ཏུ་སྡོད་མུས་ཡིན།


སྐབས་དེའི་གནས་བབས།

ཕྱི་ལོ་ ༡༩༨༣ ལོར་མཁས་དབང་བར་ཞི་ཕུན་ཚོགས་དབང་རྒྱལ་མཆོག་དགུང་ལོ་བདུན་ཅུར་སོན་སྐབས་སྐུ་གཤེགས། ཁོང་གི་དངོས་སློབ་སྨན་རྩིས་པ་སྐྱིད་གྲོང་པ་སངས་ཡོན་ཏན་སློབ་སྤྱིར་བསྐོ་བཞག་གནང་།  སློབ་དགེ་ལས་རོགས་གྲོ་མོ་དུང་དཀར་དགོན་གྱི་སྨན་པ་བློ་བཟང་བཀྲ་ཤིས་བསྐོ་བཞག་གནང་། དེ་རྗེས་སློབ་དགེ་གཞོན་པ་ཕག་རི་བ་བློ་བཟང་ཆོས་འཕེལ་ལགས་དང་། རིག་གནས་དགེ་རྒན་གྲོ་སྟོད་རྡོ་རྗེ་རྒྱལ་པོ། རྩིས་སློབ་ཟུར་བཙུགས་ཀྱིས་སྐར་རྩིས་པ་བྲག་མཐོན་བྱམས་པ་རྒྱལ་མཚན་རྩིས་དགེར་བསྐོ་བཞག་གནང་བ་དང་སྦྲགས་འཛིན་སྐྱོང་ཡིག་ཚང་ནས་རྒྱུགས་བཞེས་ཚོགས་ཆུང་ཟུར་འཛུགས་ཐོག་སྒྲིག་གཞི་གཏན་འབེབས་གནང་བའི་དགོངས་དོན་ལྟར་རྒྱུགས་བཞེས་ལམ་ནས་ཨང་རིམ་རྩེ་བཏོག་གིས་སྐབས་དྲུག་པའི་སྨན་སློབ་གྲངས་བཅོ་བརྒྱད་དང༌། སྐབས་གསུམ་པའི་རྩིས་སློབ་གྲངས་བཞི་གཏན་ཉིན་སློབ་གྲྭ་ཁག་དང༌། གྲྭ་བཙུན། ཧི་མ་ལ་ཡའི་མི་རིགས། བོད་ནས་གསར་དུ་འབྱོར་བ་བཅས་ཡོང་ཁུངས་འདྲ་མིན་ནས་བསྡུ་བཞེས་གནང༌སྟེ་འཆི་མེད་ཚེའི་རིག་བྱེད་འཛིན་པ་མང་དུ་གྱུར། དེ་ལྟར་གསོ་བ་རིག་པ་དང་རྩིས་རིག་བཅས་ཡར་རྒྱས་དང་། འཛམ་གླིང་གང་སར་དྲིལ་བསྒྲགས་ཤུགས་ཆེར་སོང་བའི་དབང་གིས་ཕྱི་ནང་མི་རིགས་གཉིས་ཀས་དོ་སྣང་དང་དོན་གཉེར་བྱེད་མི་ཇེ་མང་དུ་འགྲོ་ངེས་ལ་སོང་། བོད་སྨན་སློབ་སྦྱོང་བྱ་ཕྱོགས་དང་། སྨན་པའི་གནས་ཚད་ཀྱི་གོ་རིམ་སོགས་གང་ཅིར་ཚད་ལྡན་ཞིག་དགོས་གལ་ཆེ་བར་མཐོང་སྟེ་སྐབས་དང་པོའི་སྨན་རྩིས་མཁས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་དེང་གི་འཛམ་གླིང་སྤྱི་སྲོལ་དང་མཐུན་པ་སྨན་རྩིས་པ་རྣམས་ལ་ལག་ཁྱེར་དང་སློབ་ཚན་རིམ་པའི་གཞུང་ཚད་གསར་བཏོད་བྱས་ཏེ། ྋགོང་ས་མཆོག་ལ་སྙན་ཞུས་བཞིན་ཕྱིར་ཕེབས་བཀའ་རྟགས་གཞི་བཟུང་སྨན་རྩིས་གཉིས་ཀྱི་སློབ་སྦྱོང་སྤྲོད་བཞིན་པ་དང་། ཡིག་ཆ་དག་མ་འོངས་པར་སྨན་རྩིས་གཉིས་ཀྱི་རིག་གཞུང་གི་རྩ་འཛིན་ཡིག་ཆར་གཏན་འབེབས་གནང་།


གཞན་ཡང་རྩིས་དགེ་ཆེན་མོ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་དཔལ་ལྡན་བཀྲ་ཤིས་འཁྱིལ་ནས་སླར་ཡང་སྨན་རྩིས་ཁང་དུ་ཕེབས་ཏེ་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་པ་ནས་དགོངས་པ་ཆོས་དབྱིངས་སུ་མ་འཐིམ་བར་དུ་སྐར་ནག་དབྱངས་གསུམ་རྩིས་རིག་དཀའ་གནད་ཁག་ལ་སློབ་སྟོན་གནང་བ་སོགས་ཀྱིས་མཚོན་ཕན་ཐོགས་རྒྱ་ཆེར་བྱུང་།


ཕྱི་ལོ་ ༡༩༨༤ ལོར་བོད་ཀྱི་གསོ་རིག་མཐོ་རིམ་སློབ་གཉེར་ཁང་ནས་མཁས་པའི་ཚོགས་ཆུང་གསར་འཛུགས་གྱིས་དེ་སྔའི་བོད་ཀྱི་སྨན་རྩིས་སློབ་ཚན་ཕྱོགས་སྒྲིག་སྙན་ཞུ་ཕུལ་དོན་ལྟར། ལོ་རིམ་དང་པོ་ནས་བདུན་པ་བར་ཡོད་པ་དེར་བསྐྱར་བཅོས་གནང་སྟེ། དེང་དུས་དང་མཐུན་པའི་སློབ་ཚན་གསར་བསྒྲིགས་དང་ཤེས་ཚད་རྒྱུགས་སྤྲོད་ཀྱི་རྩ་འཛིན་གཞུང་ཚད་ཡན་ལག་དང་བཅས་པ་ཞིབ་འཁོད་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྤྱན་འབུལ་བཀའ་འཁྲོལ་ཞུས་པ་གཞིར་བཟུང་བོད་ཀྱི་དམའ་རིམ་འཕྲོད་བསྟེན་ལས་བྱེད་པའི་གཞུང་ཚད་ནས་འབྲིང་རིམ་སྨན་རྩིས་དཀའ་བཅུ་བ། མཐོ་རིམ་སྨན་རམས་པ་དང་རྩིས་རམས་པ་བཅས་ཀྱི་རང་ལུགས་རྩ་འཛིན་གཞུང་ཚད་གཏན་འཁེལ་གནང་ཡོད་ནའང་འབྲིང་རིམ་སྨན་རྩིས་དཀའ་བཅུ་བའི་གཞུང་ཚད་སྨན་རྩིས་མཐོ་སློབ་སྡེ་ཚན་ནས་ལག་བསྟར་གནང་བ་ལས། མཐོ་རིམ་སྨན་རམས་པ་དང་རྩིས་རམས་པའི་གཞུང་ཚད་ཁོངས་ཕྱག་དཔེ་མང་དག་ཅིག་སྐབས་དེར་ལག་སོན་བྱུང་མིན་གྱིས་ལག་ལེན་བསྟར་ཐུབ་མེད་པ་རེད།


སྐབས་དེར་སྨན་པ་དཀའ་བཅུ་པའི་གཞུང་ཚད་ནི། རྩ་བའི་རྒྱུད། བཤད་པའི་རྒྱུད། མན་ངག་ལྷན་ཐབས་ནས་ཁ་སྐོང་གཉན་རིམས་ལེའུ་བཅོ་བརྒྱད། ཕྱི་མ་རྒྱུད། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་སྔོ་སྨན་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ། རྒྱུད་བཞིའི་སྡོང་འགྲེམས་ཁག་ལྔ། བྱང་ཁོག་ཡུལ་ཐིག བླ་སྨན་མཁྱེན་རབ་ནོར་བུས་ལྗགས་རྩོམ་མཛད་པའི་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད་དང་། རྒྱུད་བཞི་ལས་ཟུར་འདོན་གྱི་ལེའུ་རྣམས་བཅས་གཏན་འབེབས་ཟིན་པའི་ངག་རྒྱུགས་ཁག་བཅས་ཡིན།  རྩིས་པ་དཀའ་བཅུ་པའི་གཞུང་ཚད་ནི། ཉི་སྣང་དང་རིག་སྙིང་གི་སྐར་རྩིས་སྔོན་འགྲོ། ཚེས་ཞག་བྱེད་པའི་ལྔ་བསྡུས་རྩ་སྒྲུབ་དང་མགྱོགས་རྩིས། ཚེས་ཞག་སྒྲ་གཅན་དང་ཟླ་ཉི་འཛིན་ཚུལ། ཉིན་ཞག་གཟའ་ལྔའི་རྩ་སྒྲུབ་དང་མགྱོགས་རྩིས། ཚེས་ཞག་གཟའ་ལྔའི་རྩ་སྒྲུབ། ཁྱིམ་ཞག་གཟའ་ལྔའི་རྩ་སྒྲུབ། རྒྱལ་བློན་དང་དུས་གཟེར་སོགས་རྩིས་ཕྲན་ཁག ཉི་སྣང་གོ་ལའི་ཐིག་རྩ། རིག་སྙིང་བསྟན་རྩིས་ཀྱི་ལེའུ། ལོ་ཐོ་སྦྱོར་ཚུལ་བཅས་སོ། །སྨན་རྩིས་སློབ་ཚན་ཁག་དང་འབྲེལ་བ་ཡོད་པ་དང་དགོས་མཁོ་ཆེ་བའི་ཐུན་མོང་གི་སློབ་ཚན་སུམ་རྟགས་དག་གསུམ་དང་། སྙན་ངག་བཅས་ཐུན་མོང་གི་རིག་གནས་ཁག་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་པའི་སྦྲིངས་ཡིག གཞན་ཡང་ཁྱད་པར་འཕགས་བསྟོད་བཅས་ནང་ཆོས་སྐོར་བཅས་ཡིན།


དེ་ཡང་ལོ་རེའི་ནང་སྨན་རྩིས་སློབ་མ་རྣམས་ལ། ནང་རྒྱུགས་གཉིས་དང༌། ལོ་འཁོར་རྒྱུགས་སྤྲོད་བཅས་ལོ་གཅིག་གི་ནང་རྒྱུགས་སྤྲོད་རིམ་པ་གསུམ་ཡོད་ཅིང་། ལོ་ལྔའི་སྨན་རྩིས་དཀའ་བཅུ་པའི་གཞུང་ཚད་སློབ་གཉེར་ཟིན་རྗེས་ཐོན་རྒྱུགས་ཆེན་མོ་བཅས་ཀྱི་རྒྱུགས་འཕྲོད་བརྒྱ་ཆའི་ཚད་ནི་བརྒྱ་ཆ་ལྔ་བཅུ་ལ་ངེས་པ་དང༌། ཐོན་རྒྱུགས་སྐབས་སྨན་རྩིས་གང་ལའང་ལོ་བཞིའི་བསྡོམས་འབབ་ལས་བརྒྱ་ཆ་ཉི་ཤུ་དང༌། ཐ་མའི་ཐོན་རྒྱུགས་ཀྱི་ཐོབ་བརྒྱ་ཆ་བརྒྱད་ཅུར་ངེས་དགོས། གོ་རིམ་ཐད། ཡིག་ཚད་བརྒྱ་ཆ་བརྒྱད་ཅུ་ཡན་ལོན་པ་རྣམས་རབ་བམ་ཨང་རིམ་དང་པོ་དང༌། དྲུག་ཅུ་རེ་ལྔ་ནས་བརྒྱད་ཅུ་བར་འབྲིང་ངམ་ཨང་རིམ་གཉིས་པ། ལྔ་བཅུ་ནས་དྲུག་ཅུ་རེ་ལྔ་བར་ཐའམ་ཨང་རིམ་གསུམ་པ་ཡིན། ཡང་འབྲིང་ཁོངས་སྨན་སློབ་ནས་རྒྱུད་གསུམ་ངག་རྒྱུགས་འབུལ་བ་དང༌། རྩིས་སློབ་རྣམས་ནས་ལོ་ཐོ་རང་སྐྱ་འཕེར་བ་འདོན་སྤེལ་ཞུས་ན་རབ་ཀྱི་ཁོངས་སུ་བརྩི་བཞིན་ཡོད་པ་རེད། ཡང་ལོ་འཁོར་ཡིག་རྒྱུགས་དང༌། མཐའ་མའི་ཐོན་རྒྱུགས་ཆེན་མོའི་སྐབས་སུ་དྲི་ཤོག་རྣམས་ཕྱོགས་མཐའ་ཁག་ནས་བཟོ་དགོས་པ་མ་ཟད། འབྲི་རྒྱུགས་དང་ངག་རྒྱུགས་སྐབས་སུ་བལྟ་རྟོགས་བྱེད་མཁན་དགེ་རྒན་དང༌། འཛིན་སྐྱོང༌། རིག་གཞུང་ལྷན་ཚོགས་ཀྱི་སྐུ་ཚབ་བཅས་ཀྱི་བལྟ་རྟོག་འོག་འབུལ་དགོས་པ་ཡིན།


སྐབས་དེ་ལ་མཚོན་ན་མཐོ་སློབ་ཁང་དུ་ྋབླ་སྨན་བསྟན་འཛིན་ཆོས་གྲགས་མཆོག་ནས་དགེ་སློབ་རྣམས་ལ་གཞུང་གི་དཀའ་གནད་ཟབ་ཁྲིད་དང་རྒྱུན་དུ་སློབ་སྟོན་གནང་བཞིན་ཡོད་ལ། བདེ་ལེགས་སྨན་ཁང་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འབྲེལ་ཡོད་སྨན་པ་གདན་ཞུས་ཀྱིས་གསུང་བཤད་སྣ་ཚོགས་གོ་སྒྲིག་ཞུས་པ་སོགས་ཀྱིས་མཚོན་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཀྱི་བྱ་བཞག་འདྲ་མིན་སྤེལ་འདུག སྐབས་དེ་ཙམ་ནས་སྨན་སློབ་རྣམས་ལོ་རིམ་བཞི་པའི་ཟླ་དྲུག་ཡིག་ཚད་བཏང་རྗེས་རྡ་ས་སྟེང་ཤོད་སྨན་ཁང་གཉིས་སུ་སྨན་སློབ་རེས་མོས་ཉམས་གསོག་ཏུ་གཏོང་མགོ་ཚུགས་པ་ད་ལྟ་ཡང་ལག་ལེན་དུ་གནས། སྨན་ངོ་འཕྲོད་ཆེད་ལོ་ལྟར་མ་ན་ལི་སོགས་སུ་སྨན་བཏོག་ཏུ་འགྲོ་རྒྱུ་ནི་སྨན་སྦྱིན་ཁང་བཙུགས་པ་ནས་རྒྱུན་ལྡན་གྱི་བགྱིད་སྒོ་ཞིག་ཏུ་གྱུར་ཡོད།

ཕྱི་ལོ་ ༡༩༨༦ ལོར་སྨན་སློབ་སྐབས་ལྔ་བ་སློབ་མཐར་ཕྱིན་ཡོད། དེ་ཡང་སློབ་སྤྱི་དང་སྨན་དགེ་གཅིག་ལྕོགས་པ་སངས་ཡོན་ཏན་དང་། སྨན་དགེ་བློ་བཟང་ཆོས་འཕེལ། རྩིས་དགེ་བྲག་མཐོན་བྱམས་པ་རྒྱལ་མཚན། རིག་དགེ་རྡོ་རྗེ་རྒྱལ་བོ་བཅས་ཀྱི་བཀའ་དྲིན་གསོ་སྐྱོང་འོག་སྨན་སློབ་སྐབས་ལྔ་པའི་སྨན་སློབ་རྣམས་ཀྱིས་སྨན་པ་དཀའ་བཅུ་བའི་གཞུང་ཚད་དཔལ་ལྡན་རྒྱུད་བཞི་ཆ་ལག་དང་བཅས་པ་ལེགས་པར་བསླབ་ཏེ་སྦྱངས་པ་མཐར་སོན་པའི་ཁོངས་ཐུབ་བསྟན་རྒྱལ་མཚན་དང་། བསྟན་འཛིན་ནོར་བུ། བྱམས་པ་མཁས་གྲུབ། ཐུབ་བསྟན་ཚེ་རིང་། ཐོགས་མེད་དཔལ་འབྱོར། བསྟན་འཛིན་ཚེ་དཔལ། སྤེན་པ་ཚེ་རིང་། རྣམ་རྒྱལ། ཡེ་ཤེས་རྡོ་རྗེ། བསྟན་འཛིན་བདེ་བྱེད། ཚེ་རིང་བཀྲ་ཤིས། ནོར་བུ་རྒྱལ་མཚན། རྡོ་རྗེ་རབ་བརྟན། ཡོན་ཏན་རྒྱ་མཚོ། ཟླ་བ་ཚེ་རིང་། བསྟན་པ་ཆོས་འཕེལ། བཀྲ་ཤིས་དབང་འདུས། ཀརྨ་སྒྲོལ་མ། པ་སངས་ལྷ་མོ། སྐལ་ཆོས། སྐྱིད་འཛོམས། བསྟན་འཛིན་སྐྱིད་པ། རྟ་མགྲིན་སྲི་ཐར། ཟླ་བ་ཆོས་སྒྲོན། དབྱངས་ཅན། དབྱངས་ཅན་འཚོ། བསྟན་འཛིན་ལྷ་སྒྲོན། བློ་བཟང་ཆོས་འབྱོར། བློ་བཟང་བཟོད་པ། ཚེ་དབང་དགྲ་འདུལ་བཅས་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན་པའི་ཁོངས་ནས་རབ་ལོན་པ་སློབ་གྲངས་༣༠ དང་། འབྲིང་༡ བཅས་བྱུང་བས་སྤྱིའི་ཆ་ནས་ཤེས་ཚད་རབ་ལོན་མཁན་མང་དུ་བྱུང་ཡོད་ལ། སློབ་མཐར་མ་སོན་པ་གསུམ་བྱུང་། སྐབས་དེར་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་མི་གྲངས་བརྒྱད་བྱུང་འདུག སློབ་སྤྱི་འདིའི་སྐབས་སུ་ཡང་སྔར་རྒྱུན་བཞིན་སྨན་རྩིས་གཉིས་ཀྱི་སློབ་ཕྲུག་ཚོར་ལོ་རེར་ཟླ་གསུམ་རེའི་མཚམས་ནས་ཡིག་རྒྱུགས་གཏོང་བཞིན་ཡོད་ལ། སྐབས་དེར་རབ་འབྲིང་ཐ་གསུམ་གྱི་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ཏེ་བྱ་དགའ་གནང་བ་སོགས་སྐབས་དེའི་སློབ་མའི་གནས་བབ་དང་བསྟུན་ཏེ་སློབ་གསོའི་བྱ་བཞག་ཐད་འབད་འབུངས་སྣེ་མང་བྱས་ཡོད་འདུག


ཕྱི་ལོ་༡༩༨༧ ལོར་སྨན་སློབ་སྐབས་དྲུག་པ་སློབ་མཐར་ཕྱིན་ཡོད། དེ་ཡང་སློབ་སྤྱི་སྨན་དགེ་གཅིག་ལྕོགས་པ་སངས་ཡོན་ཏན་དང་། རྩིས་དགེ་ཆེན་མོ་བྲག་མཐོང་བྱམས་པ་རྒྱལ་མཚན་སོགས་སློབ་དགེ་རྣམས་ཀྱི་ཐུགས་ཁུར་འོག་སྐབས་དྲུག་པའི་སྨན་སློབ་གྲངས་བཅོ་བརྒྱད་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན་ཁོངས་འཇམ་དབྱངས་བཀྲ་ཤིས་དང་། བྱང་ཆུབ་སྒྲོལ་མ། བློ་བཟང་དོན་འགྲུབ། ཆོས་དབྱིངས་ཕུན་ཚོགས། ཆོས་སྒྲོན་སྐྱིད་འཛོམས། ཟླ་བ་བུ་ཁྲིད། རྡོ་རྗེ་ཚེ་བརྟན། བསྟན་འཛིན་དོན་འགྲུབ། ཀུན་བཟང་སྒྲོལ་མ། ཉི་མ་ཚེ་རིང་།  བློ་བཟང་བསྟན་པ། ཉི་མ་གཡུ་སྒྲོན། རི་ཞིང་བསྟན་འཛིན་གྲགས་པ། བསྟན་འཛིན་སྐྱིད་འཛོམས། རྡོ་རྗེ་དགྲ་འདུལ། ཚེ་བརྟན་རྣམ་རྒྱལ། བློ་བཟང་ཆོས་དར། ཡེ་ཤེས་མཁའ་འགྲོ་བཅས་བཅོ་བརྒྱད་ཀྱི་ནང་ནས་རབ་ལོན་པ་གྲངས་བཅོ་ལྔ་དང་། འབྲིང་གསུམ་བཅས་སྤྱི་ཡོངས་ནས་ཤེས་ཚད་རབ་ཏུ་ལོན་པ་མང་ཞིང་། རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་མི་གྲངས་ལྔ་བྱུང་པ་རེད། དེ་བཞིན་དུ་ལོ་དེར་རྩིས་སློབ་སྐབས་གསུམ་པ་མི་གྲངས་བཞི་རྩིས་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན་ཁོངས་དཀོན་མཆོག་བསྟན་འཛིན། རྡོ་རྗེ་དབང་རྒྱལ། ལྷ་དབང་ཚེ་རིང་། ཚེ་རིང་ཆོས་འཛོམས་བཅས་ཀྱི་ནང་ནས་རབ་ལོན་པ་གཉིས་དང་འབྲིང་གཉིས་བཅས་བྱུང་ཞིང་། རྩིས་སློབ་སྐབས་དང་པོ་སློབ་མཐར་ཕྱིན་རྗེས་བསྟན་འཛིན་འཕྲིན་ལས་གཅིག་པོ་མ་གཏོགས་གཞན་རྣམས་རིམ་པས་རྩ་དགོངས་སོང་བ་དང་། སྐབས་གཉིས་པའི་ནང་སྨན་རྩིས་ཀྱི་སློབ་སྦྱོང་ཐོན་པ་ཁག་ཅིག་བྱུང་ཡོད་ཀྱང་རྩིས་རིག་ཐོག་ལས་དོན་སྒྲུབ་ཐུབ་མེད་པ་བཅས་ལ་བརྟེན་སྐབས་གསུམ་པའི་རྩིས་སློབ་སློབ་མཐར་མ་ཕྱིན་བར་དུ་རྩིས་ཀྱི་བགྱིད་སྒོའི་ཐད་བྲག་མཐོན་བྱམས་པ་རྒྱལ་མཚན་གཅིག་པུ་ལྟ་བུར་གྱུར་ཡོད་ནའང་སྐབས་གསུམ་པའི་རྩིས་སློབ་རྣམས་ཐོན་པ་ནས་གཞི་རྐང་ཇེ་བརྟན་དུ་གྱུར་ཡོད། དེ་ལྟར་སྨན་རྩིས་སློབ་ཐོན་པ་རྣམས་འཛིན་སྐྱོང་གིས་བཀོད་སྒྲིག་ལྟར་སོ་སོའི་ལས་སྒོར་ཞུགས་ཏེ་འགྲོ་ཕན་སྨན་རྩིས་ཁང་གི་གཞན་ཕན་བགྱིད་སྒོའི་ལས་གཞི་རྒྱ་ཆེར་རྒྱས་པའི་དུས་སུ་སླེབས། ཕྱི་ལོ་༡༩༨༧ ལོར་སྨན་རྩིས་མཐོ་སློབ་ཚོགས་ཁང་ཆེན་མོ་ལེགས་གྲུབ་བྱུང་བའི་དགའ་སྟོན་རྟེན་འབྲེལ་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་ཆིབས་བསྒྱུར་ཀྱིས་དབུ་འབྱེད་བྱིན་རླབས་གནང་པའི་བསྐལ་བཟང་དཔལ་དུ་ཐོབ་པ་མ་ཟད། བཀའ་སློབ་ལམ་སྟོན་སྨིན་སྩོལ་གནང་བ་སོགས་ཀྱི་བཀའ་དྲིན་ལ་བརྟེན་ཕྱི་ནང་མི་རིགས་དོན་གཉེར་ཅན་མང་པོས་བོད་ཀྱི་རིག་གཞུང་སྨན་རྩིས་ལ་སློབ་སྦྱོང་དང་ཉམས་ཞིབ་གནང་རྒྱུ་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་དུས་དེ་ནས་བཟུང་ཉམས་ཞིབ་ཀྱི་ལས་གཞི་སྤེལ་མགོ་ཚུགས་པའི་བྱུང་རིམ་སྟོད་ཆའི་ནང་དུ་གསལ་བོར་འཁོད་ཡོད།


སློབ་སྤྱི་གསུམ་པའི་སྐབས།

སློབ་སྤྱི་ངོ་སྤྲོད།

སློབ་སྤྱི་གྲོ་སྟོད་རྡོ་རྗེ་རྒྱལ་པོ་ནི། ཝར་ཎ་གཙུག་ལག་སློབ་གཉེར་ཁང་ནས་སློབ་ཐོན་བྱུང་རྗེས་དབུས་སྨན་རྩིས་མཐོ་སློབ་ཁང་གི་རིག་གནས་དགེ་རྒན་གནང་ཡོད་པ་དང་། ཕྱི་ལོ་ ༡༩༨༨ ནས་ཕྱི་ལོ་ ༡༩༩༢ བར་རིག་དགེ་དང་སློབ་སྤྱིའི་ལས་འགན་ཁུར་གཅིག་ལྕོགས་ཞུས། དུས་ཡུན་དེའི་རིང་ཁོང་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་གནང་ཡོད་པ་མ་ཟད་མོ་ནད་སྐོར་ལ་དེབ་ཆུང་ཞིག་ཀྱང་བྲིས་ཡོད་འདུག ཕྱི་ལོ་ ༡༩༩༢ ལོར་རྩ་དགོངས་ཞུས་ཏེ་ནུབ་ཕྱོགས་སུ་བསྐྱོད་དེ་དེང་སྐབས་ཨ་རིར་སྡོད་མུས་ཡིན་པ་བཅས་སོ།།


སྐབས་དེའི་གནས་བབས།

སློབ་སྤྱི་སྨན་པ་པ་སངས་ཡོན་ཏན་ལགས་ཀྱིས་དགོངས་པ་ཞུས་ཚབ་རིག་དགེ་གྲོ་སྟོད་རྡོ་རྗེ་རྒྱལ་པོ་སློབ་སྤྱིར་བསྐོ་སྩལ། ཁོང་གིས་སློབ་སྤྱི་དང་རིག་དགེ་གཅིག་ལྕོགས་ཀྱི་ལས་འཁུར་ཞུས་ཤིང་། སྐབས་དེར་སྨན་དགེ་བློ་བཟང་ཆོས་འཕེལ། སྨན་དགེ་བསྟན་པ་ཆོས་འཕེལ། སྨན་དགེ་བློ་བཟང་བསྟན་འཛིན། རྩིས་དགེ་བྲག་མཐོན་བྱམས་པ་རྒྱལ་མཚན་བཅས་ཀྱི་ཐུགས་ཁུར་འོག་སྔར་རྒྱུན་བཞིན་སློབ་ཁྲིད་རྩ་འཛིན་སོགས་བྱེད་སྒོ་གཞིར་བཟུང་སློབ་མ་གསོ་སྐྱོང་གནང་ཡོད། དེ་ཡང་ཕྱི་ལོ་ ༡༩༨༩ ལོར་སྐབས་བཞི་པའི་རྩིས་སློབ་རྣམས་རྩིས་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན་ཁོངས་ངག་དབང་དོན་འགྲུབ་དང་། བསྟན་འཛིན་ཆོས་རྒྱལ། བྱམས་པ་སྐལ་བཟང་། བསོད་ནམས་དོན་འགྲུབ། བཀྲ་ཤིས་ཚེ་རིང་བཅས་ནས་འབྲིང་ལོན་པ་བཞི་དང་། ཐ་མ་གཅིག་བཅས་སྐབས་དེའི་རྩིས་སློབ་ཀྱི་ཤེས་ཚད་ཆ་སྙོམས་བྱས་ན་འབྲིང་དུ་ཚད་འཛིན་བྱེད་ཆོག སྨན་རྩིས་ཁང་བཙུགས་ནས་༡༩༨༩ བར་རྩིས་སློབ་སྐབས་བཞི་ཐོན་ཐུབ་པ་དེ་དག་གིས་རྩིས་ཀྱི་སློབ་རྒྱུན་དཀོན་ཞིང་ཆད་ལ་ཉེ་བའི་ཉག་ཕྲའི་དཀའ་ངལ་དེ་ཧ་ལམ་སེལ་ཐུབ་པ་བྱུང་། སྨན་སློབ་སྐབས་བདུན་པ་ནི་སྨན་རྩིས་ཁང་གི་དབུ་འཛིན་སྟག་ལྷ་རྣམ་རྒྱལ་ལྷ་མོ་ལགས་ཀྱིི་སྐབས་གསར་བསྡུ་གནང་བ་ཡིན་ཞིང་སྐབས་དེར་སློབ་མ་ཉེར་ལྔ་ཡོད་པ་རྣམས་སྨན་དགེ་པ་སངས་ཡོན་ཏན་དང་རྡོ་རྗེ་རྒྱལ་བོ་གཉིས་ཀྱིས་སྔ་ཕྱིར་སློབ་སྤྱི་གནང་བས་གཙོས་གོང་གསལ་དགེ་རྒན་རྣམ་པས་ཐུགས་ཁུར་གསོ་སྐྱོང་འོག་ཕྱི་ལོ་༡༩༨༧ ལོར་མགོ་འཛུགས་བྱས་ཏེ་༡༩༩༡ ལོར་སྨན་སློབ་གྲངས་ཉེར་ལྔ་ལས་ཉེར་གཉིས་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན་ཡོད། དེའི་ཁོངས་བསྟན་འཛིན་གྲགས་པ་དང་། པ་སངས་སྒྲོལ་མ། བཀྲ་ཤིས་ཉི་མ། བྱམས་པ་ཚེ་རིང་། པ་སངས་སྒྲོལ་དཀར། སྤེན་པ་མཚམས་གཅོད། བསྟན་འཛིན། འཇམ་དབྱངས་རྒྱ་མཚོ། བསྟན་འཛིན་ཆོས་སྒྲོན། ཟླ་བ། པདྨ་དབྱངས་འཛོམས། ཚེ་རིང་མཚོ་མོ། བཙུན་ཐར་རྒྱལ། རྒྱ་མཚོ། འཇིགས་མེད་ནོར་བུ། རན་རྡར་སིན། ངག་དབང་བཀྲ་ཤིས། འཕྲིན་ལས་གཡང་འབྱོར། ངག་དབང་སྦྱིན་པ། ཚེ་རིང་དབང་རྒྱལ། བསོད་ནམས་ཚེ་རིང་།  སྒྲུབ་བརྒྱུད་བསྟན་དར། ཚེ་བརྟན་རྡོ་རྗེ། བསྟན་འཛིན་མཐའ་ཡས། གཡང་འབུམ་རྒྱལ་བཅས་ནས་རབ་ལོན་པ་བདུན་དང་། འབྲིང་ལོན་པ་བཅུ་གསུམ། ཐ་གཉིས་བཅས་བྱུང་བས་ཆ་སྙོམས་ཀྱི་ཤེས་ཚད་འབྲིང་ཅན་མང་། སྨན་སློབ་སྐབས་བདུན་པའི་ནང་དུ་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་གྲངས་བརྒྱད་བྱུང་ཡོད་ལ། ལོ་གཅིག་གི་ཉམས་གསོག་གྲུབ་རྗེས་དབུས་དང་ས་གནས་ཁག་གི་སྨན་པའི་ལས་སྣེར་ཞུགས།
 

ཕྱི་ལོ་༡༩༨༨ ལོར་སྨན་སློབ་སྐབས་བརྒྱད་པར་སློབ་མ་གྲངས་ཉི་ཤུ་གསར་བསྡུ་གནང་བ་དང་། ཕྱིས་སུ་བོད་ནས་འབྱོར་བ་གསུམ་བཅས་བསྡོམས་སྨན་སློབ་གྲངས་ཉེར་གསུམ་བྱུང་བ་རྣམས་ལ། སྔར་གྱི་དགེ་རྒན་རྣམས་ཀྱི་ཐུགས་ཁུར་འོག་༡༩༩༢ ལོར་སྨན་སློབ་གྲངས་བཅུ་དགུ་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ཁོངས་བསྟན་འཛིན་བྱང་ཆུབ་དང་། བསྟན་འཛིན་དབྱངས་སྐྱིད། རྣམ་རྒྱལ་བསྟན་འཛིན། བཀྲ་ཤིས་དབྱངས་ཅན། ཚེ་རིང་རྡོ་རྗེ། ངག་དབང་བདེ་ཆེན། བཤད་སྒྲུབ། བསོད་ནམས་རྡོ་རྗེ། ཉི་མ་རྒྱལ་མཚན། བློ་བཟང་བདེ་སྐྱིད། ཚེ་རིང་དཔལ་མོ། སྐལ་བཟང་སྒྲོལ་མ། ཚེ་དབང་སྒྲོལ་མ། བསོད་ནམས་རིན་ཆེན། བསྟན་འཛིན་དབྱངས་སྒྲོན། སྐལ་བཟང་དབང་རྒྱལ། དཀོན་མཆོག་དོན་འགྲུབ། པ་སངས་ཕུན་ཚོགས། ཆོས་ལོ་ཐར་བཅས་ཡིན་ཞིང་། དེ་དག་གི་ནང་ནས་རབ་ལོན་པ་ལྔ་དང་། འབྲིང་ལོན་བཅུ་གསུམ། ཐ་ལོན་པ་གཉིས་བྱུང་བས། སྐབས་དེའི་ཤེས་ཚད་བརྒྱ་ཆ་འབྲིང་ཅན་མང་དུ་བྱུང་བ་དང་། རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་མི་གྲངས་དྲུག་བྱུང་ཞིང་། རྒྱུགས་འབུལ་ཡོངས་སུ་ཟིན་རྗེས་འཛིན་སྐྱོང་གི་བཀོད་སྒྲིག་ལྟར་ཉམས་གསོག་ཏུ་བསྐྱོད། ཉམས་གསོག་གྲུབ་རྗེས་དབུས་དང་ཡན་ལག་ཁག་གི་སྨན་པའི་ལས་སྣེར་ཞུགས་ཏེ་ནད་པ་ཉམ་ཐག་ནད་མནར་རིགས་ལ་དུས་དང་སྐབས་སུ་བརྟག་དཔྱད་སྨན་བཅོས་གནང་བ་སོགས་སྨན་རྩིས་ཁང་གི་ཐོག་མའི་དམིགས་ཡུལ་བཞིན་སྒྲུབ་བཞིན་ཡོད་དོ།།
 

ཕྱི་ལོ་ ༡༩༩༢ ལོར་སྨན་སློབ་སྐབས་བརྒྱད་པ་སློབ་མཐར་ཕྱིན་པ་དང་སྨན་སློབ་སྐབས་དགུ་བའི་སློབ་གཉེར་བ་གྲངས་ཉེར་དགུ་སྔར་སྲོལ་བཞིན་ཡོང་ཁུངས་འདྲ་མིན་ནས་བོད་ཡིག་དྲག་འདེམས་ཀྱིས་བསྡུ་བཞེས་གནང་སྟེ། སློབ་སྦྱོང་མགོ་འཛུགས་ཞུས་ཡོད་པ་བཅས་སོ།།


སློབ་སྤྱི་བཞི་པ་དང་ལྔ་པའི་སྐབས།

ཕྱི་ལོ་ ༡༩༩༢ ལོར་སློབ་སྤྱི་གྲོ་སྟོད་རྡོ་རྗེ་རྒྱལ་པོ་ནས་དགོངས་པ་ཞུས་པའི་ཚབ་ཏུ་སྨན་པ་བསྟན་པ་ཆོས་འཕེལ་སྨན་རྩིས་མཐོ་སློབ་ཁང་གི་སློབ་སྤྱིར་བསྐོ་བཞག་གནང་། ཁོང་གིས་ཕྱི་ལོ་ ༡༩༩༤ བར་དུ་སློབ་སྤྱིའི་ལས་འགན་ཁུར། ཕྱི་ལོ་ ༡༩༩༤ ལོར་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་སློབ་སྤྱི་བགྲེས་པར་བསྐོ་བཞག་བསྩལ། དེར་བརྟེན་སྨན་པ་བསྟན་པ་ཆོས་འཕེལ་སློབ་སྤྱི་གཞོན་པའི་ས་མིག་གསར་བའི་ཐོག་བསྐོ་བཞག་གནང་། སློབ་སྤྱི་འདི་གཉིས་ནས་སྔར་ཕྱིར་སློབ་སྤྱིའི་ལས་འགན་ཁུར་རིང་། སྐབས་བབ་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་འདས་པའི་ཉམས་མྱོང་ལ་གཞིགས་ཏེ་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་ཐེངས་དང་པོ་གནང་ཞིང་། འདས་པའི་ཉམས་མྱོང་དང་མ་འོངས་པའི་དགོས་པ་རྒྱུ་མཚན་དུ་མ་ལ་གཞིགས་ཏེ། སློབ་འཇུག་བྱེད་སྟངས་སྔོན་ལྟར་བོད་ཡིག་གི་རྨང་གཞི་ཤེས་བྱ་ཁོ་ནར་བལྟོས་པ་མ་ཡིན་པར་ས་མིག་ཟུར་བཅད་ཀྱིས་གཏན་སློབ་ཁག་ནས་དམའ་མཐར་ཡང་འཛིན་རིམ་བཅུ་གཉིས་ཐོན་པ་གྲངས་༡༥ དང་། གྲྭ་བཙུན་ནས་གྲངས་ ༤། བོད་ནས་གསར་དུ་འབྱོར་བའི་ཁོངས་ནས་གྲངས་༤། ཧི་མ་ལ་ཡའི་རི་བརྒྱུད་ཁག་ནས་གྲངས་༤ བཅས་ཀྱི་སྟེང་། རང་གཞུང་བཀའ་འབྲེལ་རཱ་ཤི་ཡ་དང་སོག་པོ་སོགས་ཕྱི་རྒྱལ་མི་རིགས་ཆེད་ས་མིག་གྲངས་༣ བཅས་ཁྱོན་བསྡོམས་གྲངས་༣༠ ཡོད་པ་ཞིག་གཏན་འབེབས་གནང་བ་དང་།  སྔར་གྱི་རྩ་འཛིན་ཁག་གཞིར་བཞག་སྟེ་སློབ་སྤྱི་ྋབླ་སྨན་བློ་བཟང་དབང་རྒྱལ་དང་། སློབ་སྤྱི་གཞོན་པ་སྨན་དགེ་བསྟན་པ་ཆོས་འཕེལ། སྨན་དགེ་བློ་བཟང་ཆོས་འཕེལ། སྨན་དགེ་བློ་བཟང་བསྟན་འཛིན། སྨན་དགེ་ཐོགས་མེད་དཔལ་འབྱོར། སྨན་དགེ་རི་ཞིང་བསྟན་འཛིན་གྲགས་པ། རིག་དགེ་ཧོར་གཙང་འཇིགས་མེད་བཅས་ཀྱི་ཐུགས་ཁུར་སློབ་ཁྲིད་འོག་སྨན་སློབ་སྐབས་དགུ་པའི་སློབ་མ་གྲངས་ཉེར་དགུ་ལས་ཉེར་དྲུག་ཕྱི་ལོ་༡༩༩༦ ལོར་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ཁོངས་སྨན་སློབ་དབྱངས་ཅན་དང༌། མཁྱེན་རབ་རྒྱ་མཚོ། རྟ་མགྲིན་བཟང་མོ། པ་སངས་དབང་འདུས། ཚེ་རིང་ཐག་གཅོད། བློ་བཟང་བཟོད་པ། ཚེ་རིང་ལྷ་མོ། ཉི་སྒྲོན། དཀོན་མཆོག་དཔལ་འཛོམས། བདེ་སྐྱིད་མཚོ་མོ། དོན་གྲུབ་ཚེ་རིང༌། སྐལ་བཟང་རྡོ་རྗེ། བདེ་སྐྱིད་བཟང་མོ། འཇམ་དབྱངས་སྒྲོལ་མ། བདེ་སྐྱིད་དབྱངས་འཛོམས། པ་སངས་དོན་གྲུབ། ཆུང་བདག དབང་འདུས། བསྟན་འཛིན་རྣམ་གྲོལ། བསོད་ནམས་སྒྲོལ་མ། བསོད་ནམས། བཀྲ་ཤིས་ལྷ་མོ། ཐུབ་བསྟན་བཟང་པོ། བསྟན་འཛིན་འོད་ཟེར། བཀྲ་ཤིས་བསྟན་འཛིན། ཐུབ་བསྟན་ནོར་བུ་བཅས་ནས་རབ་ལོན་པ་གྲངས་དགུ་དང་། འབྲིང་ལོན་པ་བཅུ་དྲུག ཐ་གཅིག་བཅས་བྱུང་བས་སྤྱི་སྙོམས་ཤེས་ཚད་འབྲིང་ཅན་མང་།  སྐབས་འདིའི་སྨན་སློབ་ཁོངས་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་གྲངས་བཞི་བྱུང་ཞིང་། ཐོན་རྒྱུགས་ཆེན་མོ་ཡོངས་སུ་གྲུབ་རྗེས་འཛིན་སྐྱོང་གི་བཀོད་སྒྲིག་ལྟར་ལོ་གཅིག་གི་རིང་ཉམས་གསོག་ཏུ་བཏང་།  ཉམས་གསོག་གྲུབ་རྗེས་དབུས་དང་ཡན་ལག་ཁག་གི་ལས་སྣེར་ཞུགས། སྨན་སློབ་འདི་དག་གི་སྐབས་སྨན་རྩིས་སློབ་མའི་སློབ་སྦྱོང་ཡར་རྒྱས་དང་ལྷག་པར་རྩོམ་ཡིག་འབྲི་སྦྱོང་བརྒྱུད་ལེགས་བྱང་དང་ཤེས་ཡོན་བརྗེ་རེས་ཀྱི་གླེང་སྟེགས་སུ་དམིགས་ཏེ་ ༼གངས་རིའི་ལང་ཚོ།༽ ཞེས་པའི་དུས་དེབ་འདི་བཞིན་འདོན་སྤེལ་མགོ་འཛུགས་བྱས་ཤིང་། གཞན་ཡང་སྨན་སློབ་སྐབས་བཅུ་པར་སློབ་ཕྲུག་གྲངས་བཅུ་དགུ་ཡིག་རྒྱུགས་ལམ་ནས་དྲག་འདེམས་གནང་སྟེ་གསར་བསྡུ་གནང་། དེ་དག་ལ་སློབ་སྤྱི་ྋབླ་སྨན་བློ་བཟང་དབང་རྒྱལ་དང་། སློབ་སྤྱི་གཞོན་པ་དང་སྨན་དགེ་གཅིག་ལྕོགས་བསྟན་པ་ཆོས་འཕེལ་རྣམ་གཉིས་ཀྱིས་གཙོས་སྨན་དགེ་བློ་བཟང་ཆོས་འཕེལ་དང་། སྨན་དགེ་བློ་བཟང་བསྟན་འཛིན། རིག་དགེ་ཧོར་གཙང་འཇིགས་མེད། སྨན་དགེ་ཐོགས་མེད་དཔལ་འབྱོར་། སྨན་དགེ་རི་ཞིང་བསྟན་འཛིན་གྲགས་པ། སྨན་དགེ་ལོ་ཙྭ་བསྟན་འཛིན་གྲགས་པ། སྨན་དགེ་སྤེན་པ་ཚེ་རིང་།  སྨན་དགེ་ངག་དབང་བདེ་ཆེན། རིག་དགེ་ཧོར་གཙང་འཇིགས་མེད་སྤྱི་འཐུས་རྒྱུན་ལས་སུ་སོང་ཚབ་ཏུ་རིག་དགེ་དགེ་འདུན་དཔལ་བཟང་བསྐོས།


སྨན་དགེ་ཉི་མ་གཡུ་སྒྲོན་བཅས་ཀྱི་ཐུགས་ཁུར་གསོ་སྐྱོང་འོག་ཕྱི་ལོ་༡༩༩༧ ལོར་གོང་གསལ་སྨན་སློབ་སྐབས་བཅུ་བའི་ཁོངས་ནས་སློབ་ཐོན་པ་གྲངས་བཅུ་དགུ་སློབ་མཐར་ཕྱིན། དེའི་ཁོངས་ཀུན་དགའ་བདེ་ཆེན། ཚུལ་ཁྲིམས་སྐལ་བཟང་། ངག་དབང་བཟོད་པ། ཡེ་ཤེས་དགེ་ལེགས། བསྟན་འཛིན་དགེ་ལེགས། བསྟན་འཛིན་མཆོག་ལྡན། ངག་དབང་འཆི་མེད། དབྱངས་ཅན་སྒྲོལ་དཀར། ཀུན་བཟང་ཚེ་དབང་།  བསོད་ནམས་དབང་མོ། བློ་བཟང་སྒྲོལ་མ། བློ་བཟང་དོན་འགྲུབ། བསྟན་འཛིན་ཉི་མ། ཚེ་རིང་མཐར་ཕྱིན། པ་སངས་ཚེ་རིང་།  ངག་དབང་སྦྱིན་པ་བཅས་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན་པ་དང་། སྐབས་དེར་ཤེས་ཚད་ཀྱི་ཆ་ནས་རབ་ལོན་པ་དྲུག་དང་།  འབྲིང་ལོན་པ་བདུན། ཐ་གཅིག་བཅས་བྱུང་བས་ཆ་སྙོམས་ཤེས་ཚད་འབྲིང་ཅན་མང་དུ་བྱུང་།  སྐབས་དེའི་སྨན་སློབ་ཁོངས་རྒྱུད་གསུམ་ངག་རྒྱུགས་གཏོང་མཁན་མི་གྲངས་གསུམ་བྱུང་ཞིང་། རྩིས་སློབ་སྐབས་ལྔ་པར་མི་གྲངས་བཅུ་གཉིས་ཙམ་གསར་བསྡུ་གནང་ཞིང་། ཕྱི་ལོ་ ༡༩༩༣ ལོར་སློབ་སྦྱོང་མགོ་འཛུགས་གནང་སྟེ། སློབ་སྤྱི་ྋབླ་སྨན་བློ་བཟང་དབང་རྒྱལ་མཆོག་དང་། རྩིས་དགེ་བྲག་མཐོན་བྱམས་པ་རྒྱལ་མཚན། རྩིས་དགེ་བྱམས་པ་སྐལ་བཟང་བཅས་ཀྱི་ཐུགས་ཁུར་འོག་ ༡༩༩༧ ལོར་གོང་གསལ་རྩིས་སློབ་གྲངས་བཅུ་གཉིས་ལས་ཆོས་ཉིད་བཟང་མོ། བསྟན་འཛིན་དཔག་བསམ། ཚེ་རིང་སྒྲོལ་མ། བསོད་ནམས་དཔལ་མོ། མདུན་ཆུ་བསོད་ནམས་རྡོ་རྗེ། ཕུར་བུ་ཚེ་རིང་། དཀོན་མཆོག་ཚེ་རིང་། ཕུན་ཚོགས་སྙན་གྲགས། བསྟན་འཛིན་སྙན་གྲགས། བསོད་ནམས་རིན་ཆེན་བཅས་མི་གྲངས་བཅུ་རྩིས་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ཁོངས་རབ་ལོན་མཁན་དྲུག་དང་། འབྲིང་ལོན་པ་བཞི་བཅས་བྱུང་བས་ཆ་སྙོམས་ཤེས་ཡོན་ཚད་རབ་ལོན་པ་མང་དུ་བྱུང་། སྨན་རྩིས་མཐོ་སློབ་དབུ་བརྙེས་པ་ནས་རྩིས་སློབ་སྐབས་རིམ་པའི་ནང་ནས་སློབ་ཐོན་པ་མང་ཤོས་དེ་སྐབས་ལྔ་པ་ཡིན་ཞིང་། ཁོང་ཚོ་ལོ་གཅིག་གི་ཉམས་གསོག་གྲུབ་རྗེས་འཛིན་སྐྱོང་ནས་སྐར་དཔྱད་རྩིས་རིག་གི་ལས་སྒོར་བསྐོས་ཡོད་ཀྱང་ད་ལྟ་ཕལ་ཆེ་བ་རྩ་དགོངས་སུ་སོང་འདུག ལོ་དེར་སྨན་སློབ་སྐབས་བཅུ་གཅིག་པ་སྔར་ལམ་བཞིན་སློབ་མ་ཉེར་བདུན་གསར་བསྡུ་གནང་སྟེ་ཕྱི་ལོ་ ༡༩༩༨ ལོར་སློབ་ཁྲིད་མགོ་འཛུགས་ཞུས།
 

མཐོ་སློབ་ཀྱི་རྒྱུན་ལྡན་བྱེད་སྒོ་སྤྱི་དང་། ལྷག་པར་དུ་སྨན་རྩིས་སློབ་མ་རྣམས་ཀྱི་ཤེས་ཡོན་གོང་མཐོར་གཏོང་ཐབས་དང༌། ཐུན་མོང་མ་ཡིན་པའི་སྔར་སྲོལ་བཟང་པོ་མི་ཉམས་རྒྱུད་འཛིན་ཐུབ་ཐབས་སུ། སྡེ་སྲིད་མི་ཡི་ཉི་མ་སངས་རྒྱས་རྒྱ་མཚོ་མཆོག་གི་དུས་སུ་ཕྱག་སྲོལ་མཛད་པའི་སྔོ་ཁྲོག་ངོ་བཤེར་གྱི་རྒྱུགས་བཞེས་གནང་སྲོལ་དེ་བཞིན་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་གི་སློབ་སྟོན་འོག་སླར་གསོ་མཛད་དེ། སྨན་བཏོག་ནས་ཕྱིར་འཁོར་རྗེས་ཐོན་སྐོར་གྲ་སྒྲིག་བྱེད་དགོས་ཤིང་། དེ་ཡང་སྨན་རྩིས་དགེ་སློབ་ཚང་འཛོམས་ཁར་སྨན་རྩིས་དབུ་འཛིན་དང་། དབུས་སྡེ་ཚན་ཁག་གི་འགན་འཛིན་བཅས་ལྷན་འཛོམས་སར་རྒྱུགས་འབྲས་ཨང་རིམ་ལྟར་གསོལ་སྩོལ་མཇལ་དར་དང་བྱ་དགའ་གནང་དགོས་ཡོད་ལ། རྒྱུགས་འབྲས་མ་ལོན་པ་དང་ཡང་ན་རྒྱུགས་འབྲས་ལོན་ཡང་ཨང་རིམ་དམའ་ཤོས་ནས་རིམ་པ་བཞིན་བོང་བུ་ནག་པོ་དང་དཀར་པོ། བོང་རྫི། སྒོ་སྲུང་བ། སྨན་རྐྱལ་བཅས་ལས་སྣེ་ལྔ་ཡི་མིང་འདོགས་ལྟར་བང་བྱས་ནས་ཚོགས་མང་ལ་སྐོར་བ་གཅིག་བརྒྱབ་རྗེས་གྲལ་དུ་འཁོད་དགོས། དེ་ནི་སྔོ་སྨན་ངོས་འཛིན་ཐད་བསྐུལ་འདེད་དང་ཡར་རྒྱས་གཏོང་བའི་ཐབས་ཇུས་ཤིག་ཏུ་ཡིན་པ་མ་ཟད། དེ་དག་རེ་རེ་ལ་གསོ་བ་རིག་པའི་ལག་ལེན་མན་ངག་གི་སྙིང་དོན་དང་འབྲེལ་བའི་བཤད་པ་རེ་ཡང་ཡོད་པས་རྟེན་འབྲེལ་གྱི་གནད་ཀྱང་ཡོད་པ་ཤེས་ཐུབ། གཞན་ཡང་སློབ་སྤྱི་འདིའི་སྐབས་ནས་སློབ་ཕྲུག་ནང་ཁུལ་བསམ་ཚུལ་བརྗེ་རེས་ཆེད་གཟའ་འཁོར་རེའི་རེས་གཟའ་ཟླ་བ་གང་ཡིན་ལ་སློབ་ཕྲུག་ནང་ཕན་ཚུན་བར་བགྲོ་གླེང་དང་། གཏམ་བཤད་སྦྱོང་བརྡར་གོ་སྒྲིག་གི་ལས་གཞི་མགོ་འཛུགས་ཀྱིས་དུས་ད་ལྟ་ཡང་ལག་ལེན་བསྟར་མུས་ཡིན། དེ་བཞིན་དུ་མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་རིག་གི་བྱ་བཞག་ལ་བསྐུལ་འདེད་དང་ཡར་རྒྱས་ཡོང་ཕྱིར། མཐོ་སློབ་སློབ་ཕྲུག་ཁྲོད་ནས་རྩོམ་སྒྲིག་ཚོགས་ཆུང་གི་མི་འགྲོ་འོས་འདེམས་གནང་སྟེ་དབྱིན་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་གངས་རིའི་ལང་ཚོའི་དུས་དེབ་གསར་དུ་འདོན་སྤེལ་གྱིས་ལོ་རེར་ཐེངས་རེ་འདོན་སྤེལ་བྱེད་མགོ་ཚུགས་པ་ནས་ད་ལྟའི་བར་རྒྱུན་མ་ཆད་པར་ལོ་རེའི་ནང་འདོན་སྤེལ་བྱེད་བཞིན་ཡོད་པས། སློབ་ཕྲུག་ཚོའི་ཤེས་ཚད་སྤྱི་དང་ལྷག་པར་རྩོམ་རིག་གི་འབྲི་སྦྱང་གི་ལས་དོན་ལ་ཕན་རླབས་གང་ཆེར་ཐོན་ཡོད། རེས་གཟའ་མིག་དམར་ནམ་ཤར་གྱི་ཕྱི་དྲོར་གཟུགས་ཁམས་རིག་པ་སོགས་ཀྱི་བརྙན་འཕྲིན་དང་། སྨན་རྫས་ཉམས་ཞིབ་ནས་སྤྱིན་ཤོག་ཐོག་སྔོ་སྨན་ངོ་སྤྲོད་རེས་མོས་ཀྱིས་གནང་བཞིན་ཡོད། རེས་གཟའ་པ་སངས་ཀྱི་དགོང་དྲོར་སྨན་རྩིས་པ་བགྲེས་གྲས་དང་ཕྱི་ནས་མཁས་པ་གདན་ཞུས་ཀྱིས་བཅུ་ཕྲག་རིག་གནས་སྐོར་ལ་བཀའ་སློབ་གསུང་བཤད་དང་།  དོགས་གཅོད་ཞུ་རྒྱུ་སོགས་ཤེས་ཡོན་ཡར་རྒྱས་གོང་འཕེལ་དུ་གཏོང་བའི་ཐབས་ཇུས་གང་མང་ཞིག་གསར་བཏོད་བགྱིས་པས་ཕན་འབྲས་གང་ལེགས་ཡོང་བཞིན་པ་མ་ཟད། སྨན་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ཀྱང་མི་ཉམས་རྒྱུན་འཛིན་དགོས་པར་བརྟེན་ཟླ་བ་སོ་སོའི་ཚེས་༡༠ དང་ཉེར་ལྔ་གང་རུང་ལ་སྨན་རྩིས་དགེ་སློབ་ཡོངས་ནས་གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་ཚེས་བཅུ་གཏོང་མགོ་ཚུགས་པ་བཞིན་ད་དུང་ཡང་འགྲོ་མུས་ཡིན། དེ་བཞིན་སྨན་རྩིས་རིག་གཞུང་དང་ལག་ལེན་སོགས་དང་འབྲེལ་བ་ཅི་ཡོད་ཕྱི་ནང་གི་རིག་པའི་གནས་གང་ཡིན་ལ་གོ་སྐབས་ནམ་བྱུང་ལ་མཉམ་ཞུགས་དང་ཕྱི་བསྐྱོད་སོགས་བྱས་པའི་ཉེར་ལེན་ལ་དགེ་ཕན་གང་ཆེ་བྱུང་བ་ཉམས་མྱོང་གི་རྨང་གཞིར་བཞག་སྟེ་ད་ལྟའི་ཆར་དེ་དང་དེ་མཚུངས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པས་སྨན་རྩིས་བསྟན་པ་འདི་བཞིན་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་བརྡལ་དང་། ཡར་རྒྱས་དངོས་སུ་བྱུང་བའི་དགོས་པ་ཁྱད་པར་ཅན་བྱུང་བ་དང་། མཐོ་སློབ་ཀྱི་བགྱིད་སྒོ་གང་ཐད་ནས་ཀྱང་བླ་ན་མེད་པའི་གྲུབ་འབྲས་ཤིག་བླངས་ཡོད་པ་བཅས་སོ།།


སློབ་སྤྱི་དྲུག་པའི་སྐབས།

ཕྱི་ལོ་ ༡༩༩༨ ལོར་སློབ་སྤྱི་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་མཆོག་དགུང་ལོའི་ན་བབ་དང་བསྟུན་སློབ་སྤྱི་ལས་ཁུར་ནས་དགོངས་པ་ཞུས་ཤིང་།  ཁོང་གི་ཚབ་ཏུ་མོན་གྷོ་ཡན་ལག་སྨན་ཁང་གི་འགན་འཛིན་སྨན་པ་ཚེ་རིང་རྡོ་རྗེ་མཆོག་མཐོ་སློབ་ཁང་གི་སློབ་སྤྱིར་བསྐོ་བཞག་གནང་། སློབ་སྤྱི་འདིའི་སྐབས་མཐོ་སློབ་ཀྱི་རྩ་འཛིན་ཡིག་ཆ་སློབ་སྤྱི་སྔ་མའི་སྐབས་ཀྱི་རྩ་འཛིན་དེ་གཞིར་བཞག་སྟེ་སློབ་ཁྲིད་གསོ་སྐྱོང་གནང་ཡོད། དེ་ཡང་ཕྱི་ལོ་ ༡༩༩༨ སྨན་སློབ་སྐབས་བཅུ་གཉིས་པ་ཡིག་རྒྱུགས་ལམ་ནས་སློབ་མ་གྲངས་ཉེར་ལྔ་གསར་བསྡུ་གནང་བ་བཞིན། སྔ་ཕྱིར་སློབ་སྤྱི་ྋསྐུའི་བླ་སྨན་བློ་བཟང་དབང་རྒྱལ་དང་ཚེ་རིང་རྡོ་རྗེ་གཉིས་ཀྱིས་གཙོས། སློབ་སྤྱི་གཞོན་པ་དང་སྨན་དགེ་གཅིག་ལྕོགས་བསྟན་པ་ཆོས་འཕེལ་དང་། སྨན་དགེ་ཐོགས་མེད་དཔལ་འབྱོར། སྨན་དགེ་རི་ཞིང་བསྟན་འཛིན་གྲགས་པ། སྨན་དགེ་ལོ་ཙྭ་བསྟན་འཛིན་གྲགས་པ། སྨན་དགེ་ངག་དབང་བདེ་ཆེན། སྨན་དགེ་མཁྱེན་རབ་རྒྱ་མཚོ། སྨན་དགེ་ཚེ་རིང་ཐག་གཅོད། རིག་དགེ་ལེགས་བཤད། ༼ལོ་གཅིག༽ སྨན་དགེ་ཉི་མ་གཡུ་སྒྲོན། ༼ལོ་གཅིག༽ རིག་དགེ་བསྟན་པ་བཀྲ་ཤིས་ ༼༡༩༩༩ ལོར་ལས་ཞུགས༽ བཅས་སྔར་ཕྱིར་དགེ་རྒན་གྲངས་བཅུ་གཉིས་ཙམ་གྱི་ཐུགས་ཁུར་འོག སློབ་ཁྲིད་མགོ་འཛུགས་བྱས་ཏེ་ ༢༠༠༡ ལོར་གོང་གསལ་སྨན་སློབ་གྲངས་ཉེར་བདུན་ལས་ཉེར་གསུམ་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ཁོངས་སྨན་སློབ་བཀྲ་ཤིས་རྡོ་རྗེ་དང༌། དབང་འདུས། བདེ་ཆེན་ཆོས་སྒྲོན། སྟོན་པ་སྐྱབས། འཇམ་དབྱངས་རྒྱ་མཚོ། བསྟན་འཛིན་ནོར་བུ། ཐུབ་བསྟན་སྒྲོལ་མ། འཆི་མེད་སྒྲོལ་དཀར། བློ་བཟང་མཁས་མཆོག ལྷག་པ་སྒྲོལ་མ། ཨ་ཁྱུང་སྐལ་བཟང༌། བསྟན་འཛིན་རྡོ་ལགས། བསྟན་འཛིན་མཁྱེན་རབ། མིག་དམར་ལྷ་མོ། ཆོས་དབྱིངས་སྒྲོལ་མ། སྤེན་པ་སྒྲོལ་མ། དགེ་འདུན་འཇམ་དབྱངས་རྒྱ་མཚོ། པདྨ་ཚེ་མཚོ། འགྱུར་མེད་བསྟན་འཛིན། པདྨ་བཟང་མོ། གངས་མཛོད་རིག ས་ནཱལ། བསྟན་འཛིན་ལེགས་བཟང་བཅས་ནས་རབ་ལོན་པ་གྲངས་དྲུག་དང་། འབྲིང་ལོན་པ་གྲངས་བཅུ་དྲུག་བཅས་བྱུང་བས་སྐབས་བཅུ་གཅིག་པའི་སྨན་སློབ་རྣམས་ཀྱི་ཤེས་ཚད་སྤྱིའི་ཆ་ནས་འབྲིང་ཅན་མང་། སྐབས་འདིའི་སྨན་སློབ་ཁོངས་ནས་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་མི་གྲངས་ལྔ་བྱུང་ཞིང་།  ཐོན་རྒྱུགས་གྲུབ་རྗེས་སྔར་ནས་ྋགོང་ས་མཆོག་ལ་མཇལ་བཅར་ཀྱི་བསྐལ་བཟང་ཞིག་ཐོབ་ཀྱི་ཡོད་པ་ལྟར་དགེ་སློབ་རྣམས་མཉམ་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ་མ་ཟད། བཀའ་སློབ་ལམ་སྟོན་དང་དྲན་རྟེན་སྐུ་དཔར་བླངས། དེ་ནས་སློབ་ཐོན་པ་ཚོས་དགེ་རྒན་རྣམ་པར་ཐུགས་རྗེ་བཀའ་དྲིན་མཚོན་བྱེད་དུ་གསོལ་ཚིགས་དང་འབུལ་མཚོན་ལེགས་སྐྱེས་འབུལ་སྲོལ་ཡོད་པ་བཞིན་དེ་ལྟར་ཞུས། དེ་དག་གྲུབ་རྗེས་མཐོ་སློབ་ནས་སློབ་ཐོན་པ་རྣམས་གསོལ་ཇའི་འདུ་འཛོམས་ཤིག་གིས་སྐྱེལ་མ་གནང་སྟེ་འཛིན་སྐྱོང་ལ་རྩིས་སྤྲོད་ཞུ་དགོས་པ་ལྟར་ཞུས། དེ་ནས་འཛིན་སྐྱོང་གི་བཀོད་ཁྱབ་ལྟར་ལོ་གཅིག་གི་ཉམས་གསོག་དང་། དེ་ནས་དབུས་དང་ཡན་ལག་ཁག་གི་ནང་སྨན་པའི་ལས་སུ་ཞུགས་ཏེ་ཕལ་མོ་ཆེས་ད་ལྟ་ཡང་སྤྱི་ཚོགས་འཕྲོད་བསྟེན་ལ་ཞབས་འདེགས་ཞུ་བཞིན་ཡོད། དེ་བཞིན་ཕྱི་ལོ་ ༢༠༠༢ ལོར་གོང་གསལ་སྨན་སློབ་སྐབས་བཅུ་གཉིས་པ་གྲངས་ཉེར་ལྔ་ལས་བཅོ་བརྒྱད་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ཁོངས་བསྟན་འཛིན་ཀུན་དགའ་དང་། བློ་བཟང་ཡེ་ཤེས། ཀླུ་རྒྱལ། འཇམ་དབྱངས་བཀྲ་ཤིས། དམ་ཆོས་རབ་འབྱོར། འཕྲིན་ལས་ཡོན་ཏན། རྣམ་གྲོལ་ལྷ་མོ། སྐལ་བཟང་བློ་ལྡན། བདེ་ཆེན་ཆོས་སྒྲོན། བསྟན་འཛིན་ལུང་རིགས། ཚེ་དབང་རིག་འཛིན། བཅོ་ལྔ་ལྷ་མོ། བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་བཟང་མོ། འཕྲིན་ལས་རྒྱ་མཚོ། བློ་བཟང་ཤཱཀྱ། ཤཱཀྱ་རྒྱལ་མཚན། བསོད་ནམས་རིན་ཆེན། དཀོན་མཆོག་ཚེ་རིང་བཅས་ནས་ལོན་པ་གྲངས་དྲུག་དང་། འབྲིང་ལོན་པ་གྲངས་བཅུ་གཉིས། ཐ་ལོན་པ་གསུམ། རྗེས་ལུས་གསུམ་བཅས་བྱུང་བས་སྨན་སློབ་སྐབས་བཅུ་གཉིས་པ་སྤྱིའི་ཆ་ནས་ཤེས་ཚད་འབྲིང་ལོན་པ་མང་། སྐབས་དེའི་སྨན་སློབ་ཁོངས་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་མི་གྲངས་བཅུ་གཅིག་བྱུང་ཡོད་པས་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་གྲངས་མང་ཤོས་དེ་ཆགས་ཡོད། དེ་དག་གིས་ཀྱང་སྔར་སྲོལ་བཞིན་ཉམས་གསོག་གྲུབ་རྗེས་རང་རང་སོ་སོའི་ལས་གནས་སུ་ཞུགས་ཏེ་ཕལ་ཆེ་བས་སྨན་རྩིས་ཁྱབ་ཁོངས་དབུས་དང་ཡན་ལག་ཁག་ཏུ་གསོ་བ་རིག་པའི་ལས་དོན་གཉེར་བཞིན་ཡོད།


དེ་བཞིན་དུ་རྩིས་སློབ་སྐབས་དྲུག་པ་ཡིག་རྒྱུགས་ཀྱི་ལམ་ནས་དྲག་འདེམས་ཞུས་ཏེ་རྩིས་སློབ་གྲངས་བདུན་གསར་བསྡུ་གནང་ཞིང་། སློབ་སྤྱི་ཚེ་རིང་རྡོ་རྗེ་དང་། རྩིས་དགེ་བྱམས་པ་སྐལ་བཟང་། རྩིས་དགེ་མདུན་ཆུ་བསོད་ནམས་རྡོ་རྗེ། རྩིས་དགེ་ཚེ་རིང་ཆོས་འཛོམས་བཅས་ཀྱི་ཐུགས་འཁུར་འོག་ཕྱི་ལོ་༡༩༩༨ ལོར་མགོ་འཛུགས་ཀྱིས་ ༢༠༠༢ ལོར་གོང་གསལ་རྩིས་སློབ་རྣམས་རྩིས་པ་དཀའ་བཅུ་བའི་གཞུང་ཚད་སློབ་ཐོན་མཐར་ཕྱིན། དེའི་ཁོངས་རྩིས་སློབ་བསྟན་འཛིན་ཤེས་རབ་དང་། ངག་དབང་སྒྲོལ་དཀར། སོག་པོ་ཚེ་རིང་རྒྱལ་པོ། བཀྲ་ཤིས་ནོར་བུ། ཚེ་དབང་རྡོ་རྗེ། ཀུན་དགའ་དོན་འགྲུབ། བསྟན་འཛིན་སྦྱིན་པ་བཅས་ནས་རབ་ལོན་པ་གྲངས་གཉིས་དང་། འབྲིང་ལོན་པ་གསུམ། ཐ་ལོན་པ་གཉིས་བཅས་བྱུང་བས་སྐབས་དེའི་རྩིས་སློབ་རྣམས་ཀྱི་ཤེས་ཚད་སྤྱིའི་ཆ་ནས་འབྲིང་ཡིན།


སློབ་སྤྱིའི་འདིའི་སྐབས་སྔར་སྲོལ་བཞིན་སློབ་ཕྲུག་ཚོའི་ཤེས་ཡོན་གོང་མཐོར་གཏོང་ཐབས་སུ་ལས་རིམ་གང་མང་གོ་སྒྲིག་ཞུས་ཡོད་ཅིང་། དེ་ཡང་ཕྱི་ལོ་༡༩༩༩ ལོར་བོད་ནས་གནས་སྐོར་ལ་ཕེབས་པའི་དགེ་བཤེས་བསམ་འགྲུབ་རྒྱ་མཚོ་ནས་ཉིན་གཉིས་རིང་བོད་རྩིས་རིག་པའི་ཐོག་བགྲོ་གླེང་སློབ་ཁྲིད་གནང་བས་ཕན་ཐོགས་ཆེན་པོ་བྱུང་།


ལོ་དེར་སྨན་རྩིས་གཙོ་བོར་གྱུར་བའི་རིག་གནས་ཡར་རྒྱས་གཏོང་སླད་དཔེ་དེབ་དཀོན་རིགས་གྲངས་༡༤༨ མཁོ་བསྒྲུབས་ཞུས་པའི་ཁར། སྨན་རྩིས་མཐོ་སློབ་དཔེ་མཛོད་ཁང་དུ་ཕྱི་ནང་ཁག་ནས་ཞལ་འདེབས་དེབ་གྲངས་༥༡ བཅས་བྱུང་བས་སྔར་ལས་དཔེ་མཛོད་ཇེ་ལེགས་སུ་སོང་།   


སློབ་སྤྱི་དང་སྨན་དགེ་བསྟན་པ་ཆོས་འཕེལ་རྣམ་གཉིས་ནས་ཕྱི་ལོ་༢༠༠༡ ལོར་སྐབས་བཅུ་གསུམ་པའི་སློབ་མ་བསྡུ་ཕྱོགས་དང་། ཐོན་རྒྱུགས་ཆེན་མོའི་དུས་ཚེས་ཀྱི་རེའུ་མིག སློབ་ཁྲིད་བྱེད་སྒོ་བཅས་ཟུར་འདོན་ཞུས་ཏེ་འཛིན་སྐྱོང་སྐུ་ངོ་དབུ་འཛིན་དང་། དྲུང་ཆེ་མཆོག་ལ་ཕུལ་ཏེ་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས།

 

སྨན་རྩིས་སློབ་མ་རྣམས་ལ་ནམ་རྒྱུན་སྨན་རྩིས་རིག་གནས་དང་བཅས་ཀྱི་སློབ་གཞི་གཏན་འབེབས་ཅི་ཡོད་ལྟར་སློབ་ཁྲིད་བྱེད་མུས་དང་། སློབ་མའི་ཤེས་ཡོན་གོང་མཐོར་གཏོང་ཆེད་སློབ་གཉེར་བ་རྣམས་ལ་ཕྱི་ལུགས་ཀྱི་ནད་རིགས་སྣེ་མང་སློབ་ཁྲིད་དང་། འཁྲུངས་དཔེའི་སྨན་རྫས་རེ་རེའི་སྤྱིན་ཤོག་ཐོག་ངོ་སྤྲོད། དེ་བཞིན་སྨན་པ་བགྲེས་པ་གདན་ཞུས་ཀྱིས་གསུང་བཤད་གོ་སྒྲིག་ཞུ་མུས་ལྟར། སྨན་རམས་པ་ལྷ་དབང་དང་། སྨན་རམས་པ་རྣམ་རྒྱལ་ཚེ་རིང་། སྨན་རམས་པ་ཟླ་བ། སྨན་པ་པདྨ་རྡོ་རྗེ་སོགས་སྨན་པ་རྣམས་ཀྱིས་སྔ་ཕྱིར་བོད་ཀྱི་གསོ་བ་རིག་པ་དང་། རྒྱ་གར་ཚེ་ཡི་རིག་བྱེད་དབར་གྱི་འབྲེལ་བ་ཇི་ཡོད་སྐོར་དང་། ཆུ་ཚན་སྤྱོད་ཐབས་དང་འབྲེལ་བའི་འཕྲོད་བསྟེན་སྐོར། བཙོ་བཀྲུའི་དུག་འདོན་ལས་སྣོན་བྱེད་ཐབས་ཀྱི་ལག་ལེན་སྐོར། རྩ་ཆུའི་བརྟག་ཐབས་སྐོར་སོགས་ལ་རིམ་པས་ཟབ་ཁྲིད་དང་།  སྨན་པ་བགྲེས་པ་བསྟན་འཛིན་དཔལ་མཆོག་གིས་མཐོ་སློབ་ཚོགས་ཁང་དུ་སྨན་པ་དང་། སྨན་སློབ་ཚང་འཛོམས་སར་སྨན་བླའི་མཚན་བརྗོད་དང་། སྨན་ཆོག་གི་བྱིན་རླབས། གཡུ་ཐོག་སྙིང་ཐིག་གི་ཆོས་སྤྱོད་ཀྱི་ཞལ་ལུང་གནང་ཞིང་། ཡང་ཟླ་ ༡༠ པའི་ནང་ཉིན་ཕྱེད་གསུམ་རིང་རྒྱུད་གསུམ་གྱི་ལུང་གནང་བ་སོགས་ཀྱིས་དགེ་ཕན་གང་ལེགས་བྱུང་བ་བཅས་སོ།།
 


སློབ་སྤྱི་བདུན་པའི་སྐབས།

ཕྱི་ལོ་༢༠༠༢ ལོར་སློབ་སྤྱི་ཚེ་རིང་རྡོ་རྗེ་ལགས་དཔར་སྐྲུན་སྡེ་ཚན་གྱི་འགན་འཛིན་དུ་གནས་སྤོས་སོང་ཚབ་ཏུ་སྨན་སྦྱོར་འགན་འཛིན་སྨན་རམས་པ་རྣམ་རྒྱལ་ཚེ་རིང་སློབ་སྤྱིར་བསྐོ་བཞག་གནང་། སློབ་སྤྱི་འདིས་ཀྱང་སྔར་རྒྱུན་བཞིན་སློབ་འཇུག་རྩ་འཛིན་དང་། སློབ་ཁྲིད་རྩ་འཛིན་རང་འཇགས་ཐོག་ལོ་རེའི་རྒྱུགས་སྤྲོད་སོགས་ཆད་ལུས་མེད་པར་་བཏང་འཛིན་གནང་བ་དང་མ་ཟད། རྒྱུན་ལྡན་གྱི་བགྱི་སྒོ་གལ་ཆེ་ཤོས་མཐོ་སློབ་ཀྱི་དཔེ་ཁྲིད་དགེ་རྒན་ཕེབས་སྟངས་དང་། དཔེ་ཁྲིད་གནང་སྟངས་ཀྱིས་གཙོས་སློབ་མ་རྣམས་ཀྱི་སྤྱོད་ལམ་དང་སློབ་སྦྱོང་གི་སྦྱང་འབྲས་ཕྱོགས་ལ་ཆེད་དུ་ལྟ་རྟོགས་དང་སློབ་གསོ་ཡང་ཡང་བཏང་པ་ལ་བརྟེན་སློབ་མ་རྣམས་ཀྱི་སློབ་སྦྱོང་གི་ཆུ་ཚད་དང་། སྤྱོད་ལམ་སོགས་ཀྱང་སྔར་ལས་སྤུས་ཚད་ཇེ་བཟང་དུ་གྱུར།
 

སྤྱིར་སྨན་རྩིས་ཀྱི་བསྟན་པ་ཡུན་གནས་ཐུབ་པར་གཙོ་བོ་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུ་གལ་ཆེ་དང་། སྐབས་ཡོད་སྨན་རྩིས་སློབ་མ་རྣམས་སློབ་ཐོན་ཐོན་རྒྱུགས་ལ་ཉེ་བར་ཕྱོགས་པར་བརྟེན་སྐབས་བཅུ་གསུམ་པའི་སྨན་སློབ་གསར་བསྡུ་བྱ་ཕྱོགས་ཀྱི་གསལ་བསྒྲགས་དེ་བཞིན་ཕྱི་ལོ་༢༠༠༡ ལོར་སྤེལ་བར་འཚང་སྙན་འབུལ་མཁན་སློབ་མ་གྲངས་༤༧༤ བྱུང་བ་ནས་ཆ་རྐྱེན་ཚང་བ་མི་གྲངས་༡༦༣ བྱུང་བ་རྣམས་རྒྱུགས་བཞེས་གནང་སྟེ་སློབ་མ་གྲངས་ཉེར་ལྔ་རྩེ་བཏོགས་བྱས་ཏེ་གསར་བསྡུ་གནང་། ཕྱི་ལོ་ ༢༠༠༢ ལོ་ནས་སློབ་ཁྲིད་མགོ་འཛུགས་བྱས་པ་དང་། སློབ་སྤྱི་སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་དང་། སློབ་སྤྱི་གཞོན་པ་སྨན་དགེ་བསྟན་པ་ཆོས་འཕེལ། སྨན་དགེ་མཁྱེན་རབ་རྒྱ་མཚོ། སྨན་དགེ་ཚེ་རིང་ཐག་གཅོད། སྨན་དགེ་ངག་དབང་བདེ་ཆེན། སྨན་དགེ་རི་ཞིང་བསྟན་འཛིན་གྲགས་པ། ནང་རིག་སློབ་དགེ་བསྟན་པ་བཀྲ་ཤིས། སྨན་དགེ་བསོད་ནམས་རིན་ཆེན། སྨན་དགེ་ཚེ་རིང་མཐར་ཕྱིན། སྨན་དགེ་བསྟན་འཛིན་ལྷ་སྒྲོན་བཅས་ཀྱི་སློབ་ཁྲིད་ཐུགས་ཁུར་འོག་༢༠༠༦ ལོར་གོང་གསལ་སྨན་སློབ་གྲངས་ཉེར་ལྔ་ལས་ཉེར་བཞི་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ཁོངས་བཀྲ་ཤིས་དོན་འགྲུབ། འཇིགས་མེད་དགེ་འདུན། ཟླ་བ། བསྟན་འཛིན་མགོན་པོ། ཚེ་རིང་ཆོས་འཛོམས། སྐལ་བཟང་དོན་ལྡན། བསྟན་འཛིན། འབྲུག་ལོ་རྒྱལ། བསྟན་འཛིན་ཉི་མ། ཚེ་བརྟན་མི་འགྱུར། ངག་དབང་རྒྱ་མཚོ། བསྟན་འཛིན་ཆོས་སྒྲུབ། སྤེན་པ། བསྟན་འཛིན་ཡེ་ཤེས། ཕུན་ཚོགས་བསྟན་དར། བྱམས་པ་དབང་མོ། ཕུར་བུ་སྐྱིད་པ། སྒྲོལ་དཀར་ལྷ་མོ། ཨོ་ཤོད་བསོད་ནམས་སྒྲོལ་དཀར། ཆོས་སྒྲོན། བསྟན་འཛིན་ལྷུན་འགྲུབ། འཆི་མེད་སྒྲོལ་དཀར། ཀུན་དགའ་ཆོས་སྐྱིད། ཚེ་རིང་གཡུ་སྒྲོན་བཅས་ནས་རབ་ལོན་པ་གྲངས་བཅུ་དང་། འབྲིང་ལོན་པ་གྲངས་བཅུ་བཞི་བཅས་བྱུང་བས་ཤེས་ཚད་ཀྱི་ཆ་ནས་སྤྱི་སྙོམས་འབྲིང་ཅན་མང་ཞིང་། སྐབས་འདིའི་སྨན་སློབ་ཁོངས་ནས་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་མི་གྲངས་བཅུ་བྱུང་། ཐོན་རྒྱུགས་གྲུབ་རྗེས་འཛིན་སྐྱོང་གི་བཀོད་ཁྱབ་བཞིན་ལོ་གཅིག་གི་ཉམས་གསོག་དང་། དེ་ནས་དབུས་སའི་ལས་སྣེར་ཞུགས། རྒྱུན་ལྡན་གྱི་བྱེད་སྒོ་མ་ན་ལི་ཁུལ་དུ་སྨན་འཐོག་ཏུ་བསྐྱོད་དེ་སྔོ་སྨན་ངོ་སྤྲོད་དང་རྒྱུགས་བཤེར་གྲུབ་སྟེ། དྷ་སར་ཕྱིར་འཁོར་རྗེས་སྔོ་སྨན་ཐོན་སྐོར་མཛད་སྒོ་ཚོགས་དབུས་སུ་གྲུབ་འབྲས་གཟེངས་ཐོན་ལ་གསོལ་རས་དང་། ཐ་མ་ལྔ་ལ་བོང་ནག་བོང་དཀར་སོགས་ལས་ཚན་ལྔའི་ཁྲབ་སྟོན་ཕྱག་སྲོལ་རྣམས་རྒྱུན་འཛིན་གནང་། སྔར་སྲོལ་བཞིན་སློབ་སྤྱི་འདིའི་སྐབས་སུ་ཡང་བླ་ཆེན་དང་མཁས་དབང་ཁག་གདན་ཞུས་ཀྱིས་དགེ་སློབ་རྣམས་བོད་ཀྱི་ཆོས་དང་རིག་གཞུང་གིས་ཤེས་རྒྱུད་ཕྱུག་ཐབས་ཀྱི་ལས་རིམ་གང་མང་གོ་སྒྲིག་ཞུས་ཡོད། སྐྱབས་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་ལ་གསོལ་བ་སྔོན་དུ་བཏབ་པ་བཞིན་སྨན་རྩིས་གཉིས་ཀྱི་དགེ་སློབ་ཡོངས་ལ་དྲག་པོ་གསུམ་སྒྲིལ་དང་། གཡུ་ཐོག་སྙིང་ཐིག་གི་བཀའ་དབང་སྨིན་བསྩལ་གནང་བྱུང་ཡོད་པ་བཅས་སོ།།


སློབ་སྤྱི་བརྒྱད་པའི་སྐབས།

ཕྱི་ལོ་༢༠༠༦ ལོར་སློབ་སྤྱི་རྣམ་རྒྱལ་ཚེ་རིང་སྨན་རྩིས་ཁང་གི་ངེས་སྟོན་པ་གཞོན་པར་བསྐོ་བཞག་སོང་བའི་ཚབ་ཏུ་ཕྱི་ལོ་༢༠༠༧ ལོར་ྋསྐུའི་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་མཆོག་སློབ་སྤྱིར་བསྐོ་བཞག་སྩལ་བ་བཞིན་ཕྱི་ལོ་༢༠༠༨ བར་ཐུགས་འགན་བཞེས། དེ་ཡང་ཁོང་གིས་སློབ་སྤྱི་གནང་ཡུན་རིང་སློབ་ཁྲིད་རྩ་འཛིན་སྔར་རྒྱུན་རང་འཇགས་ཐོག་སློབ་འཇུག་རྩ་འཛིན་ཐད་སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་དགོངས་དོན་ལྟར་སློབ་ཡོན་ཟླ་རེར་ཧིན་སྒོར་ཉིས་སྟོང་ལྔ་བརྒྱ་རེ་བསྡུ་རྒྱུ་དང་། སློབ་འཇུག་ཆ་རྐྱེན་འཛིན་རིམ་བཅུ་གཉིས་ཐོན་པ་ཤ་སྟག་དགོས་པའི་གཏན་འབེབས་ལྟར་སྨན་སློབ་སྐབས་༡༥ དང་། བཅུ་དྲུག རྩིས་སློབ་སྐབས་༨ སྐབས་ནས་ལག་བསྟར་གནང་།སློབ་མ་གསར་བསྡུ་བྱ་ཕྱོགས་སྐོར་སྨན་རྩིས་ཁང་གི་སྒྲིག་གཞིའི་དགོངས་དོན་བཞིན་ཟུར་རྒྱན་རྩ་འཛིན་ཞིག་ཀྱང་གཏན་འབེབས་གནང་། སྐབས་དེ་ནས་བཟུང་བོད་ཕྱི་ནང་གི་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་ཕོ་མོ་དབྱེར་མེད་དང་ཕྱི་རྒྱལ་མི་རིགས་དང་ཧི་ལ་ཡི་རི་རྒྱུད། སྨན་རྩིས་ལས་བྱེད་བུ་ཕྲུག་བཅས་ཀྱི་ས་མིག་གཏན་འབེབས་བྱས་ཡོད། དེ་ཡང་བོད་ཕྱི་ནང་གི་འཛིན་གྲྭ་བཅུ་གཉིས་ཐོན་པའི་བོད་ཕྲུག་ཕོ་མོ་དབྱེར་མེད་ལ་ས་མིག་ཉི་ཤུ་དང་། ཕྱི་རྒྱལ་མི་རིགས་ལ་ས་མིག་གཅིག ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག་གཉིས། སྨན་རྩིས་ཁང་གི་ལས་བྱེད་པའི་བུ་ཕྲུག་ལ་ས་མིག་གཉིས།


དེ་བཞིན་དུ་རྩིས་སློབ་ཁོངས་སུ་བོད་ཕྱི་ནང་གི་བོད་ཕྲུག་ཕོ་མོ་དབྱེར་མེད་ལ་ས་མིག་དགུ། ཕྱི་རྒྱལ་མི་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ལ་ས་མིག་གཅིག སྨན་རྩིས་ཁང་གི་ལས་བྱེད་པའི་བུ་ཕྲུག་ལ་ས་མིག་གཅིག་བཅས་སློབ་མའིི་ཡོང་ཁོངས་དེ་ལྟར་གཏན་འབེབས་དང་། སློབ་མ་གསར་བསྡུའི་རྒྱུགས་གཞི་དང་ཐོབ་ཨང་གཏན་འབེབས་བྱུང་བ་ནི།


རྒྱུགས་གཞི་དང་ཐོབ་གྲངས་བརྒྱ་ཆ།

༡༽ སུམ་ཅུ་པར་ཐོབ། ༡༥%

༢༽ རྟགས་འཇུག་ལ་ཐོབ། ༡༥%

༣༽ སྤྱིའི་ཤེས་བྱ་ལ་ཐོབ། ༢༥%

༤༽ རྩོམ་ཡིག་ལ་ཐོབ། ༢༥%

༥༽ དབྱིན་ཡིག་ལ་ཐོབ། ༡༥%

༦༽ ངག་རྒྱུགས་ལ་ཐོབ། ༥%

༧༽ ཚན་རིག་ལ། ༥% བཅས་གཏན་འབེབས་བྱས་ཡོད།


སློབ་མའི་ཡོང་ཁོངས་མི་འདྲ་བའི་དབང་གིས་སློབ་འཇུག་དགོས་ངེས་ཆ་རྐྱེན་ཡང་མི་འདྲ་བར་བརྟེན་ཡོང་ཁོངས་སོ་སོའི་གནས་བབས་ལ་གཞིགས་ཏེ་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ་ལྟར་ཡིན།
 


དང་པོ་བོད་རིགས་རྣམས་ལ་སློབ་འཇུག་གི་དགོས་ངེས་ཆ་རྐྱེན་ནི།

རང་གཞུང་གི་འགྲོ་ལུགས་ལྟར་དོ་བདག་ནས་བཙན་བྱོལ་བོད་མིའི་རང་དབང་དང་བླངས་དཔྱ་ཁྲལ་དུས་ཐོག་ཕུལ་ཡོད་པའི་ས་གནས་རང་བདེན་ཚོགས་ཆུང་གི་རྒྱབ་གཉེར་ངོས་སྦྱོར་དགོས་པ་མ་ཟད། བུ་ལོན་སྒྲུབ་འཇལ་བྱ་དགོས་ཀྱི་རྙོག་གླེང་དང་། བོད་ཀྱི་རྩ་དོན་ལ་གནོད་གཞིའི་བྱ་སྤྱོད་རིགས་སྤེལ་མྱོང་མེད་པའི་ས་གནས་མགོ་འཛིན་དང་། ས་གནས་མགོ་འཛིན་མེད་སར་ས་གནས་རང་བདེན་པའི་ཚོགས་ཆུང་གི་རྒྱབ་གཉེར་བཅས་དགོས་ཤིང་།  ྋགོང་ས་མཆོག་དང་རང་གཞུང་གི་བཀའ་འབྲེལ་ཕུད་དེ་མིན་ལོ་ཚོད་ཀྱི་ཆ་ནས་རང་ལོ་ཉེར་ལྔ་མ་བརྒལ་པ་ཡིན་དགོས།


རང་ཉིད་སྐྱབས་བཅོལ་གནས་ཡུལ་རྒྱལ་ཁབ་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་ཁྱེར་ R.C. ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། རང་ཉིད་གཟུགས་ཐང་ལས་འཕེར་ཡིན་པ་སྨན་པ་ཚད་ལྡན་གྱི་ངོས་སྦྱོར་ཡོད་དགོས་པའི་ཁར། རིག་འཚོ་མ་ཟིན་པ་དང་། དབང་པོ་དང་ཡན་ལག་སྐྱོན་ཅན་མ་ཡིན་པ་དགོས་རྒྱུ་ནི་སྨན་པ་ཞིག་ལ་མཚོན་ན་ཆེས་གལ་གནད་ཅིག་ཡིན།


ཤེས་ཚད་ཀྱི་ཆ་ནས་དམའ་མཐར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་འཁྱེར་དང་། སློབ་གྲྭ་གང་ནས་ཐོན་པའི་ངོས་སྦྱོར། རྒྱུགས་འབྲས་ཐོབ་ཁྲ། སྤྱོད་ལམ་གྱི་ལག་འཁྱེར་བཅས་དགོས་ཀྱང་། ཡིག་རྒྱུགས་གཏོང་བའི་སྐབས་ཐོག་དེར་འཛིན་གྲྭ་བཅུ་གཉིས་པའི་ཡིག་རྒྱུགས་གཏོང་བཞིན་པ་ཡིན་ཚེ་གོང་འཁོད་ལག་འཁྱེར་རྣམས་ལ་ཡིག་རྒྱུགས་གྲུབ་འབྲས་ཐོན་རྗེས་འབུལ་འཐུས་ཆོག འོན་ཀྱང་་སློབ་གྲྭ་སོ་སོའི་ངོས་སྦྱོར་རེ་འཚང་སྙན་དང་མཉམ་དུ་ངེས་པར་དུ་འབུལ་དགོས་ཀྱི་ཡོད།


གསར་ཞུགས་སློབ་མ་གང་ཞིག་ཉམ་ཐག་ཡིན་ཚེ། བོད་གཞུང་ནང་ཤེས་འཕྲོད་གསུམ་གྱི་དབུས་ཉམ་ཐག་ཚོགས་ཆུང་གི་ཐོ་འགོད་ནང་གསལ་བཞིན་ཉམ་ཐག་དངོས་འབྲེལ་ཡིན་པའི་བོད་གཞུང་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་གཉེར་ངོས་སྦྱོར་ངེས་པར་དུ་ཡོད་དགོས་པ་བཅས་ནི་བོད་རིགས་སློབ་མ་རྣམས་ཀྱི་དགོས་ངེས་ཆ་རྐྱེན་རྣམས་ཡིན་ཞིང་།


བོད་ཀྱི་སྨན་རྩིས་རིག་པར་སློབ་གཉེར་བྱ་འདུན་མཆིས་པའི་ཕྱི་རྒྱལ་བ་དང་། ཧི་མ་ལ་ཡའི་རི་བརྒྱུད་ཁོངས་ཀྱི་སློབ་མ་རྣམས་ལ་དམའ་མཐར་འཛིན་གྲྭ་བཅུ་གཉིས་ཐོན་པའི་ལག་འཁྱེར་ངེས་པར་དགོས་པ་ནི་གོང་མཚུངས་ཡིན་ཞིང་།


དམིགས་བསལ་ཁོང་ཚོ་ལ་བོད་ཀྱི་ཡིག་སྐད་འབྲི་ཀློག་ཤེས་དགོས་པར་མ་ཟད་སློབ་ཕྲུག་སྤྱི་མཚུངས་ལྟར་ཚུད་རྒྱུགས་དགོས་པས་བོད་ཡིག་གི་ཤེས་ཚད་གང་འཚམས་མེད་ན་ཚུད་འཇུག་འཕྲོད་རྒྱུ་ཁག་པོ་ཡིན་པ་རེད། དེ་བཞིན་དུ་ཕྱི་རྒྱལ་བ་ཡིན་ཚེ་རང་ཉིད་གནས་ཡུལ་གྱི་རྒྱལ་ཁབ་དེའི་ནང་ངམ། ཉེ་འཁོར་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཡོད་ན་དང་། དེ་མིན་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་རུང་གི་རྒྱབ་གཉེར་ངོས་སྦྱོར་ཞིག་དགོས་པ་མ་ཟད། རྒྱ་གར་ནང་དུ་ལོ་དྲུག་སློབ་སྦྱོང་བྱ་ཆོག་པའི་སློབ་གཉེར་ཐོངས་མཆན་ཡིག་ཆ་ངེས་པར་དུ་ཡོད་དགོས་པ་དང་། དུས་ཚོད་འཕར་འགྱངས་བྱ་རྒྱུ་སོགས་དོ་བདག་སོ་སོས་འགན་ལེན་བྱེད་དགོས་པ་ལས་སྨན་རྩིས་ཁང་དང་མཐོ་སློབ་ནས་འགན་ལེན་ཞུ་རྒྱུ་མེད་པ་རེད།

ཧི་མ་ལ་ཡའི་རི་བརྒྱུད་ཁོངས་ཡིན་པ་རྣམས་ལ་རང་ཉིད་གནས་ཡུལ་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱིས་དགག་བྱ་མེད་པའི་རྒྱབ་གཉེར་ཡིག་དཔང་ཚད་ལྡན་དགོས་པའི་ཐོག་འོས་འཕེན་ལག་འཁྱེར་ Voting Card ངོ་མ་ངེས་པར་དུ་དགོས་པ་མ་ཟད། ཧི་མ་ལ་ཡའི་རི་བརྒྱུད་དང་ཕྱི་རྒྱལ་མི་རིགས་རྣམས་ཀྱི་སློབ་ཡོན་སོགས་རང་ཁུངས་ནས་དུས་ཐོག་སོ་སོར་འབུལ་དགོས་པ་བཅས་སོ།།


འཛུལ་རྒྱུགས་དང་སློབ་མ་འདེམས་ཕྱོགས་ཀྱི་ཐད་ནས་དུས་རྒྱུན་ཕྱི་ཟླ་ ༣ པའི་ནང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གཏོང་མཁན་རྣམས་ལ་སྐབས་འཕྲལ་ལག་འཁྱེར་མེད་རུང་ཚུད་རྒྱུགས་གཏོང་རྒྱུའི་གོ་སྐབས་ཡོད་པས་སྙན་ཞུའི་ནང་གསལ་བོར་འབྲི་དགོས། འོན་ཀྱང་རྗེས་སུ་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་མ་འཕྲོད་པའམ་བསྐྱར་རྒྱུགས་ Compartment གཏོང་དགོས་རིགས་བྱུང་ཚེ་ཚུད་རྒྱུགས་ཚད་ལོན་བྱུང་ཡང་སློབ་ཁོངས་སུ་འཇུག་བཞེས་བྱ་རྒྱུ་མིན་ཞེས་གསལ། གཞན་ཡང་ྋགོང་ས་མཆོག་གི་ཐད་ཀར་བཀའ་འབྲེལ་ཕུད། དེ་མིན་གོང་རིམ་སུ་ཞིག་གི་རྒྱབ་གཉེར་ཡོད་མེད་ལ་མ་ལྟོས་པར་གོང་གསལ་ཆ་རྐྱེན་ཐོག་ཡིག་རྒྱུག་ཁོ་ནའི་ལམ་ནས་མ་གཏོགས་སློབ་བཞེས་བྱ་རྒྱུ་མིན་པ་རེད།


སློབ་ཁོངས་སུ་ཚུད་པར་མ་མཐར་བརྒྱ་ཆ་ལྔ་བཅུ་ལོན་དགོས་ཤིང་། དེ་ཡང་འདས་པའི་ཉམས་མྱོང་ལ་གཞིགས་ཏེ་བསྡུ་ཁུངས་སོ་སོའི་ནང་གི་བརྒྱ་ཆ་མཐོ་རིམ་བཞིན་སློབ་འཇུག་བྱ་དགོས་པ་དང་། གལ་སྲིད་བརྒྱ་ཆ་ཚད་ལོན་གཅིག་མཚུངས་བྱུང་རིགས་ལག་འཁྱེར་མཐོ་དམན་ལ་གཞིགས་ཏེ་སློབ་འཇུག་བྱ་རྒྱུ་དང་། ལག་འཁྱེར་མཐོ་དམན་གཅིག་མཚུངས་ཡིན་ཚེ་ལག་འཁྱེར་ནང་གི་ཨང་ཐོབ་བམ་བརྒྱ་ཆ་མཐོ་དམན་ལ་གཞིགས་ཏེ་བསྡུ་ལེན་བྱ་རྒྱུ། གལ་ཏེ་དེ་ཡང་གཅིག་མཚུངས་ཡིན་ཚེ་སྙན་ཞུ་འབྱོར་བའི་ཟླ་དུས་ཚེས་གྲངས་དང་ཆུ་ཚོད་སྔ་རྟིང་ལ་གཞིགས་ཏེ་བསྡུ་ལེན་བྱ་རྒྱུ་ཡིན་པ་རེད།


སློབ་ཁོངས་སུ་ཚུད་ཀྱང་རྐྱེན་དབང་གིས་སློབ་བཅར་ཞུ་མ་ཐུབ་པར་ས་མིག་གང་རུང་སྟོང་པ་ཐོན་ཚེ། ཡིག་རྒྱུགས་འབུལ་མཁན་ཁྱོན་ཡོངས་ཀྱི་ཡིག་རྒྱུགས་བརྒྱ་ཆ་ལོན་ཁོངས་ནས་ཨང་རིམ་རྩེ་བཏོག་གི་སློབ་བཞེས་བྱ་རྒྱུ་དང་། དེ་དག་སློབ་ཁོངས་སུ་འཇུག་བཞེས་ཀྱི་དུས་ཚེས་རྒྱུགས་བཞེས་ཚོགས་ཆུང་ནས་ཐག་གཅོད་དང་སྦྲགས་དུས་ཐོག་བརྡ་ལན་བྱ་རྒྱུ་ཡིན་པ་བཞིན་ལག་བསྟར་འགྲོ་མུས་རེད།


སློབ་མའི་བསྡུ་ཁུངས་ས་མིག་ཁག་ནས་གལ་ཏེ་འཛུལ་ཞུགས་རྒྱུགས་འབུལ་ཞུ་མཁན་མེད་པ་འམ་བརྒྱ་ཆ་མ་ལོན་པར་ས་མིག་སྟོང་པར་ལུས་ཚེ། སྒུག་སྡོད་སྤྱི་ཡོངས་ཀྱི་བརྒྱ་ཆའི་ཨང་རིམ་རྩེ་བཏོག་གིས་བསྡུ་ལེན་བྱ་རྒྱུ་དང་། སློབ་ཁོངས་སུ་ཚུད་ཀྱང་དགོངས་ཞུ་མ་བྱས་པར་མཐའ་མའི་དུས་བཅད་ནས་ཉིན་གྲངས་ལྔ་བརྒལ་ཚེ་སློབ་ཁོངས་སུ་འཛུལ་ཞུགས་བྱ་རྒྱུའི་གོ་སྐབས་བྲལ་བར་ངོས་འཛིན་ཞུ་རྒྱུ་མ་ཟད། སྒུག་སྡོད་སྤྱི་ཡོངས་ཀྱི་བརྒྱ་ཆའི་ཨང་རིམ་རྩེ་བཏོག་གིས་བསྡུ་ལེན་བྱ་རྒྱུ་དང་། སློབ་མ་གང་ཞིག་སློབ་ཁོངས་སུ་ཚུད་དེ་ཟླ་ཤས་སོང་མཚམས་རྩ་དགོངས་ཞུས་མི་ཆོག་པ་དང་གལ་ཏེ་ཞུས་ཚེ་སློབ་ཡོན་ཕུལ་བའི་དངུལ་བབས་ཕྱིར་སློག་བྱ་རྒྱུ་མིན་པ་བཅས་གཏན་འབེབས་གནང་ཡོད།


འཛུལ་རྒྱུགས་འགེངས་ཤོག་འབྱོར་ཚེས་མཐའ་མ་ནི། འཛུལ་རྒྱུགས་གཏོང་འདུན་མཆིས་སོ་ཅོག་ནས་འཛུལ་རྒྱུགས་འགེངས་ཤོག་རྣམས་རྡ་རམ་ས་ལའི་དབུས་བོད་གཞུང་སྨན་རྩིས་ཁང་གི་མཐོ་སློབ་སློབ་སྤྱིའི་ཡིག་ཚང་ནས་བཞེས་རྒྱུའམ། ཡང་ན་སྨན་རྩིས་ཁང་གི་དྲ་རྒྱ་www.men-tsee-khang.org ནས་ཕབ་བཤུས་གནང་དགོས་པ་དང་། འགེངས་ཤོག་གི་ནང་དོན་འཚེམས་ལུས་མེད་པར་བཀང་སྟེ་སྙན་ཞུའི་རྒྱས་བཅད་དུས་ཡུན་ནང་ཚུན་སློབ་སྤྱིའི་ཡིག་ཚང་དུ་འབྱོར་ཐུབ་པ་དགོས་རྒྱུ་ལས། དེ་ལས་འགྱངས་ཚེ་ངོས་ལེན་བྱ་རྒྱུ་མིན་པ་མ་ཟད། གལ་སྲིད་སྙན་ཞུའི་འགེངས་ཤོག་རྣམས་སྦྲགས་ཐོག་གམ་མི་འགྲོའི་བརྒྱུད་བཏང་སྟེ་བོད་གཞུང་སྨན་རྩིས་ཁང་མཐོ་སློབ་ཡིག་ཚང་དུ་འཕྲོད་འབྱོར་མ་བྱུང་བར་ལམ་བར་དུ་བོར་བརླག་སོང་རིགས་ལ་འདི་ནས་འགན་ལེན་བྱ་རྒྱུ་མིན་པ་རེད། ཐུགས་སྣང་ངེས་པར་གནང་དགོས་པའི་གལ་ཆེའི་གསལ་བསྒྲགས་ནང་དུ། གོང་གསལ་དགོས་ངེས་ཆ་རྐྱེན་ཁག་གི་ཡིག་ཆ་ངོ་མ་འབྱོར་ཐོ་རྒྱག་པའི་ཉིན་དེར་མཉམ་འཁྱེར་དགོས་པ་དང་།  གལ་ཏེ་མེད་ཚེ་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཚུད་རྒྱུགས་གཏོང་རྒྱུའི་གོ་སྐབས་སྤྲོད་རྒྱུ་མིན་པས་ངེས་པར་དུ་འཛུལ་རྒྱུགས་འགེངས་ཤོག་མཉམ་དུ་ཉེ་དུས་བླངས་པའི་འདྲ་པར་Passport Size གཉིས་རེ་དགོས་པ་དེ་དང་འགེངས་ཤོག་མཉམ་འབུལ་དགོས་པའི་དགོས་ངེས་ཆ་རྐྱེན་གང་རུང་མ་ཚང་ཚེ་སྙན་ཞུ་བརྩི་མེད་གཏོང་རྒྱུ་ཡིན་པ་མ་ཟད། འཛུལ་རྒྱུགས་གཏོང་མིའི་ཁོངས་སུ་གལ་ཏེ་རིག་འཚོ་མ་ཟིན་པ་དང་། ཁ་དིག་པ། མིག་སོགས་དབང་བོ་སྐྱོན་ཅན་རིགས་ཡིན་པ་རྣམས་ངག་རྩལ་རྒྱུགས་བཞེས་སྐབས་ར་འཕྲོད་བྱུང་ཚེ་བྲིས་རྒྱུགས་ནང་འཛུལ་ཞུགས་ཀྱིི་གོ་སྐབས་འབུལ་རྒྱུ་མིན་པ་གསལ་ཡོད། སྔར་ནས་སྨན་རྩིས་ཁང་གི་སློབ་ཁོངས་སུ་ཡིག་རྒྱུགས་ལམ་ནས་ཚུད་པ་རྣམས་ལས་གཞན་ཉིན་སློབ་དང་ཟུར་སློབ་སོགས་དམིགས་བསལ་འཇུག་བཞེས་གནང་གི་མེད་པ་བཞིན་རྩ་འཛིན་འདིའི་ནང་དུ་དེ་བཞིན་འཁོད་ཡོད་འདུག


ཚང་རྒྱུགས་ཀྱི་ཆ་རྐྱེན་ཡོངས་སུ་ཚང་སྟེ་ཡིག་རྒྱུགས་དངོས་སུ་ལེན་པའི་སྐབས་ཀྱི་བྱེད་སྒོ་ཁག་ནི།

འཛུལ་རྒྱུགས་ཆེད་དུ་སྨན་རྩིས་མཐོ་སློབ་ཡིག་ཚང་ནས་གསར་བཟོས་ཞུས་པའི་དཔུང་རྟགས་སྟེང་ཁུངས་འཕེར་བའི་དོ་བདག་གི་ཉེ་དུས་ཀྱི་ཕྱེད་པར་ལ་མཐོ་སློབ་གྱི་དམ་ཕྲུག་སྦྱར་མ་ཡོད་པ་ཡིག་རྒྱུགས་སྐབས་སུ་ངེས་པར་དུ་མཉམ་ཁྱེར་ཡོད་དགོས་པ་དང་།

རྒྱུགས་སྤྲོད་སྐབས་སྒྲིག་ཁྲིམས་ལ་བརྩི་སྲུང་དང་ལེན་ཞུ་དགོས་པ་ལས། ཕན་ཚུན་མིག་བལྟ་དང་གླེང་མོལ་སོགས་བྱས་ཚེ། རྒྱུགས་སྤྲོད་ལྟ་རྟོགས་པས་སྐབས་མཚམས་རྒྱུགས་སྤྲོད་ཁང་ནས་ཕྱིར་ཕུད་བྱ་ཆོག་པའི་འགན་དབང་ཡོད་པར་བཟོས་ཡོད།

རྒྱུགས་སྤྲོད་སྐབས་སྨྱུག་སྣག་མ་གཏོགས་བྲིས་ཤོག་དང་དེབ་རིགས། ལག་ཐོགས་ཁ་པར་སོགས་གང་ཡང་རྒྱུགས་སྤྲོད་ཁང་དུ་མཉམ་འཁྱེར་མི་ཆོག་པ་མ་ཟད།

འབྲི་ཤོག་སྟེང་མིང་གཞུང་ཨང་ལས་དེ་མིན་རང་ཉིད་ཀྱི་མིང་འབྲི་མི་ཆོག་པ་དང་། ཚུད་རྒྱུགས་གྲུབ་འབྲས་གསལ་བསྒྲགས་ཟིན་རྗེས་སླར་ཡང་འབྲི་ཤོག་ལ་བསྐྱར་ཞིབ་དགོས་འདུན་བཏོན་ཡང་ངོས་ལེན་བྱ་རྒྱུ་མིན་པར་འཁོད་ཡོད་པ་རེད།


སློབ་ཡོན་སོགས་ཀྱི་སྐོར་ནི།

སློབ་གཉེར་བ་རེ་རེ་ནས་ཟླ་རེར་སློབ་ཡོན་སོགས་ཀྱི་དོད་སྔར་ཧིན་སྒོར་ ༢༥༠༠ ཡིན་ཡང་ད་ལྟ་ནས་སྒོར་ ༣༠༠༠།༠༠ བསྡུ་བཞེས་བྱ་རྒྱུ་གཏན་འཁེལ་ཡོད་ཅིང་། དེ་ཡང་ཉམ་ཐག་སློབ་མ་རྩེ་ཕུད་ལྔ་ཕུད་དེ་མིན་ལོ་རེའི་གུང་སེང་ཡིན་མིན་ལ་མ་ལྟོས་པར་ཕྱི་ནང་སློབ་མ་ཡོངས་ནས་ལོ་ཧྲིལ་པོའི་སློབ་ཡོན་རྒྱས་བཅད་ཆ་ཚང་གཏན་འབེབས་ལྟར་དུས་ཐོག་འབུལ་དགོས་པ་དང་།

སློབ་ཡོན་འབུལ་དགོས་པའི་སློབ་མ་རྣམས་ནས་ལོ་རེའི་སློབ་ཡོན་དུས་ཚོད་རྒྱས་བཅད་ནང་དུས་ཐོག་དངུལ་རྩིས་སྡེ་ཚན་ལ་ཕུལ་ཏེ་བྱུང་འཛིན་འདྲ་བཤུས་རེ་མཐོ་སློབ་ཡིག་ཚང་དུ་འབུལ་དགོས་པ་བཟོས་ཡོད། གལ་ཏེ་དམིགས་བསལ་གནས་ཚུལ་རྐྱེན་པས་དུས་ཐོག་འབུལ་མི་དགོས་པའི་གནས་སྟངས་ཆགས་ཚེ་ཟླ་གསུམ་རིང་འཕར་འགྱངས་ཞུ་འཐུས་ཆོག་ཀྱང་། ཟླ་རེར་འགྱངས་ཆད་ཟུར་གསལ་ལྟར་འབུལ་དགོས། དེ་ལས་བརྒལ་ཚེ་མཐོ་སློབ་ཀྱི་མིང་གཞུང་ནས་ཕྱིར་འཐེན་བྱ་རྒྱུ་ཞེས་འཁོད་འདུག སློབ་མ་རྣམས་ཀྱི་གསོལ་ཚིགས་ངེས་པར་དུ་སྨན་རྩིས་ཁང་གི་སྤྱི་ཐབ་ནས་བཞེས་དགོས།

སློབ་ཡོན་བསྐྱར་ཞིབ་གཏན་འབེབས་བྱ་རྒྱུའི་འགན་དབང་བོད་གཞུང་སྨན་རྩིས་ཁང་གི་སློབ་ཡོན་བསྐྱར་ཞིབ་ཚོགས་ཆུང་ལ་ཡོད་པས་ལོ་རེའི་སློབ་ཡོན་བསྡུ་འབབ་དུམ་བུ་གཉིས་སུ་བགོས་ནས་འབུལ་ཐེངས་དང་པོ་ལོ་ལྟར་ཕྱི་ཟླ་གསུམ་པའི་ཚེས་བཅོ་ལྔ་འགྱངས་མེད་འབུལ་དགོས་པ་དང་།

དབྱར་དུས་སྔོ་སྨན་ངོ་སྤྲོད་དང་འཐུ་སྒྲུབ་སྐབས་སྨན་རྩིས་ཁང་ནས་འགྲོ་གྲོན་གཏོང་རྒྱུ་དང་། དེ་མིན་ཤེས་ཡོན་ཆེད་ཕྱོགས་བསྐྱོད་དགོས་རིགས་ལ་སློབ་མ་སོ་སོས་འགྲོ་གྲོན་གཏོང་མི་དགོས་པར་སྨན་རྩིས་ཁང་ནས་གང་ཐུབ་ཞུ་རྒྱུ་ཡིན་ན། སྨན་བཏོག་དང་གུང་སེང་སོགས་ཀྱི་ཇ་དོད་དང་ལྟོ་དོད་ཕྱིར་བསློག་བྱ་རྒྱུ་མིན་ཞེས་གསལ་བར་འཁོད་ཡོད།

སྨན་རྩིས་མཐོ་སློབ་ཁང་གི་སློབ་ཚན་ཁོངས་ནས་རྒྱུད་བཞི་དང་།  སྡོང་འགྲེམས། སྔོ་སྨན་འཁྲུངས་དཔེ་གསར་སྙེ། ནུས་པ་ཕྱོགས་བསྡུས་བཅས་སྨན་གྱི་དེབ་རིགས་དང་། རིག་ལྡན་འཛུམ་པའི་འོད་ཟེར་དང་། དཔག་བསམ་ལྗོན་ཤིང་། ཀུན་གཟིགས་དབྱངས་འཆར་ཆེན་མོ། འབྱུང་རྩིས་ཟླ་ཟེར་བཅས་སྐར་རྩིས་ཀྱི་དེབ་རིགས་དང་། སྒྲིག་ཆས་ཀྱི་འགྲོ་གྲོན་ཆ་ཚང་སློབ་མ་རང་ངོས་ནས་གཏོང་དགོས་ཀྱི་ཡོད།

 

ཉམ་ཐག་སློབ་མ་ལྔ་ལ་སློབ་ཡོན་འབུལ་ཕྱོགས་ནི།

འདི་ག་སྨན་རྩིས་ཁང་ནས་ཉམ་ཐག་སྨན་སློབ་གསུམ་དང་རྩིས་སློབ་གཉིས་བཅས་སློབ་མ་ལྔ་ལ་སློན་ཡོན་འབུལ་རྒྱུའི་ཐད། ཚུད་རྒྱུགས་ཀྱི་གྲུབ་འབྲས་ནང་རྩེ་ཕུད་ལྔ་ལ་འབུལ་རྒྱུ་ཡིན་ནའང་། གཤམ་གསལ་ཆ་རྐྱེན་རྣམས་སྙན་ཞུའི་འགེངས་ཤོག་མཉམ་འབུལ་དགོས།
ཉམ་ཐག་དངོས་འབྲེལ་ཡིན་པ་བོད་གཞུང་འབྲེལ་ཡོད་ལས་ཁུངས་ཀྱི་རྒྱབ་གཉེར་ངོས་སྦྱོར་དགོས་པ་མ་ཟད། བོད་གཞུང་ནང་ཤེས་འཕྲོད་གསུམ་གྱི་དབུས་ཉམ་ཐག་ཚོགས་ཆུང་གི་ཐོ་འགོད་ནང་གསལ་ལྟར། ཕ་མའི་མིང་དང་། ས་གནས། ཉམ་ཐག་ངོས་འཛིན་ཨང་།  གྲོང་སྡེ། ཁང་ལན་ཞང་བཅས་ཁ་གསལ་འགོད་དགོས་པ་དང་།  སློབ་ཡོན་ཐོབ་པའི་ཉམ་ཐག་སློབ་མ་གང་ཞིག་རྐྱེན་དབང་གིས་མུ་མཐུད་སློབ་སྦྱོང་བྱ་མ་ཐུབ་ཚེ། སློབ་ཡོན་དེ་བཞིན་སློབ་མ་གཞན་གྱིས་ཞུ་སྤྲོད་མི་ཆོག་པ། ཉམ་ཐག་སློབ་མ་རྩེ་ཕུད་ལྔ་སློབ་ཐོན་གྲུབ་འབྲས་རྩེ་ཕུད་བྱུང་བ་གང་ཞིག དོ་བདག་གི་ཤེས་ཡོན་ཀུན་སྤྱོད། འདོད་མོས་བཅས་ལ་གཞིགས་ཏེ་སྨན་རྩིས་ཁང་ནས་ལས་ཀ་གནང་རྒྱུ། ཞེས་གཏན་འབེབས་གནང་དོན་ལྟར་ལག་བསྟར་གནང་མུས་ཡིན་པ་བཅས་སོ།།

སྨན་རྩིས་མཐོ་སློབ་ཁང་འདི་ཉིད་བཙུགས་པ་ནས་བཟུང་། ད་བར་སྨན་རྩིས་སློབ་མ་རྣམས་ཀྱི་ཤེས་སྤྱོད་གཉིས་ལྡན་ཡོང་སླད་འདས་པའི་ཉམས་མྱོང་དང་། དུས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་སྒྲིག་གཞི་ཡང་རབས་དང་རིམ་པར་འགྱུར་བ་བཏང་ཡོད་པ་བཞིན། ཕྱི་ལོ་ ༡༩༩༥ ལོར་སྔར་ཡོད་སྒྲིག་གཞིར་སྣོན་འཕྲི་དང་འབྲེལ་འཆར་ཟིན་གཏན་འཁེལ་གནང་བ་དེ་ཕྱི་ལོ་ ༡༩༩༧ ཟླ་ ༣ ཚེས་ ༡ ནས་ཕྱི་ལོ་ ༢༠༠༧ བར་སྒྲིག་དོན་དེའི་ཐོག་ཤར་བསྐྱོད་བྱས་ཤིང་། འདས་པའི་ཉམས་མྱོང་དང་དངོས་ཡོད་གནས་སྟངས་འགའ་ལ་བརྟེན་ནས་སྒྲིག་གཞི་རྙིང་པར་འཛིན་སྐྱོང་བཀའ་འབྲེལ་དང་བསྟུན་སློབ་སྤྱིས་གཙོས་དགེ་རྒན་ཚང་འཛོམས་ཐོག་ལན་མང་གོ་བསྡུར་གྱིས་བསྐྱར་བཅོས་དང་། ཁ་སྐོང་བྱས་པའི་ཐོག་སྒྲིག་གཞི་གསར་བ་གཏན་འབེབས་གནང་བའི་འབྲུ་དོན་བཞིན་ཤར་བསྐྱོད་བྱེད་མུས་ཡིན་འདུག
 
རང་མི་རིགས་ཀྱི་རིག་གཞུང་གི་ཁྱད་དུ་འཕགས་པའི་ཁྱད་ཆོས་དང་འབུར་ཐོན་གྱི་རིན་ཐང་གཞི་རྩར་བཞག་སྟེ་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོས་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་དང་བསྟུན་རྒྱུ་གལ་ཆེན་དུ་བཟུང་ནས་དེང་གི་བརྡ་འཕྲིན་གྱི་མཐུན་རྐྱེན་དང་འབྲེལ་ནས་སློབ་སྦྱོང་ལེན་པ་དང་། སྤྲོད་པ་བཅས་ཀྱང་གཙུག་འཛིན་བྱས་ཏེ་དེང་དུས་གློག་ཀླད་དང་བརྙན་འཕྲིན། པ་ཝོར་པོན་ཌི་ (Power point) སོགས་རྒྱུན་ལྡན་སློབ་ཁྲིད་དང་གཏམ་བཤད་སོགས་ལ་བཀོལ་སྤྱོད་བྱེད་མུས་ཡོད་ལ། ཕྱི་ལུགས་ཚན་རིག་གི་གཟུགས་ཁམས་རིག་པ་དང་། རང་ལུགས་གསོ་རིག་གཞུང་ནས་གསུངས་པའི་གྲུབ་པ་ལུས་ཀྱི་གནས་ལུགས་བཅས་མཚུངས་བསྡུར་གྱི་ཚུལ་དུ་སློབ་ཁྲིད་དང་། དཔྱད་བསྡུར་བགྲོ་གླེང་སོགས་ཀྱི་ལས་རིམ་གང་མང་སྤེལ་བཞིན་ཡོད་པས་ཕན་ནུས་གང་ལེགས་བྱུང་བཞིན་ཡོད། དེ་མ་ཟད་བོད་ཀྱི་ནང་དོན་རིག་པ་ལས་ལྟ་སྤྱོད་གཉིས་ལས་བརྩམས་པའི་གཞུང་ལུགས་ཁག་གིས་གཙོས་སེམས་དང་སེམས་བྱུང་སོགས་སློབ་ཁྲིད་བྱེད་མུས་སུ་ཡོད་པས་དགེ་ཕན་རྒྱ་ཆེར་བྱུང་དང་འབྱུང་བཞིན་ཡོད།

བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བཙན་འཛུལ་བྱས་པ་ནས་ཕྱི་ལོ་ ༡༩༧༩ ཙམ་གྱི་རིང་བོད་ནང་དུ་བོད་ཀྱི་ཆོས་དང་རིག་གནས་ཡོངས་ལ་ཚབས་ཆེའི་གཏོར་སྐྱོན་བྱས་ཏེ་སློབ་གཉེར་བྱེད་པའི་ཤུལ་ཙམ་ཡང་མེད་པར་བཟོས་པའི་གནས་སྟངས་ཡ་ང་བྱུང་ཡོད་ལ། ཕྱི་ལོ་ ༡༩༨༠ ཙམ་ནས་གུ་ཡངས་རྟོགས་སད་ཅུང་ཟད་ཐོབ་སྟེ་བོད་ཀྱི་རིག་གནས་དང་བྱ་བཞག་ཐམས་ཅད་ཀྲུང་གོའི་བོད་ཀྱི་ཞེས་པའི་མིང་ཚིག་དེའི་འོག་བཙན་བཅུག་གིས་སྲོལ་རྒྱུན་སྤྱི་སྲོལ་དང་མི་མཐུན་པའི་ཁྲིམས་ལུགས་གསར་བཟོ་བྱས་པའི་སྐབས། བོད་ཀྱི་གསོ་རིག་གི་རྒྱུད་ལས་གསུངས་པའི་ནང་དོན་རིག་པ་དང་འབྲེལ་བའི་རྣམ་གཞག་གང་མང་ཞིག་དམར་པོའི་བག་ཆགས་ངན་པའི་ཤུགས་རྐྱེན་གྱིས་མཐོང་ཐོས་མེད་པའི་གནས་སུ་བསྐྱལ་ཡོད་པར་བརྟེན། འདི་ཕྱོགས་ནས་རིག་གཞུང་གི་སྙིང་བཅུད་དེ་རྣམས་རྩལ་འདོན་གྱིས་དམིགས་བསལ་བྱེད་སྒོ་གང་མང་སྤེལ་ཀྱིན་ཡོད་པ་མ་ཟད། དེང་གི་ཆར་རྣམ་བཞག་དེ་དག་གི་ཕྱོགས་ལ་ཕྱི་ནང་གང་ས་ནས་དམིགས་བསལ་དོ་སྣང་དང་ཉམས་ཞིབ་ཀྱི་ཚ་རླབས་འབར་བཞིན་པའི་སྒང་རེད། དེའི་བྱུང་རྐྱེན་གཙོ་བོ་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ངོ་སུམ་ཅུ་ལྷག་གི་རིང་ནང་དོན་རིག་པ་དང་ཚན་རིག་བར་འབྲེལ་ཟམ་བཙུགས་ཏེ་དེང་བར་བགྲོ་གླེང་ཚོགས་འདུ་གང་མང་ཚོགས་པའི་དབང་གིས་འཛམ་གླིང་ཐོག་མིང་གྲགས་ཤིན་ཏུ་ཆེ་བའི་ཚན་རིག་པ་དུ་མས་དོ་སྣང་གནང་ཡུལ་དང་། ཞིབ་འཇུག་གི་མ་ལག་གལ་ཆེན་ཞིག་ཏུ་གྱུར་པའི་དབང་གིས་ཡིན་པ་སྨྲས་མི་དགོས། དེ་དང་ཕྱོགས་མཚུངས་སྨན་རྩིས་མཐོ་སློབ་ཁང་ནས་ཀྱང་ཐུན་མོང་མ་ཡིན་པའི་བོད་ཀྱི་སྨན་རྩིས་རིག་གཞུང་འདི་དག་རྒྱུན་འཛིན་དར་སྤེལ་ཡོང་སླད་ཐུན་མིན་གྱི་ཁྱད་ཆོས་རྣམས་རྩལ་འདོན་བྱེད་དགོས་པར་གྱུར་ཡོད་ལ། སློབ་སྤྱི་སོ་སོའི་སྐབས་སུ་ཡང་སློབ་ཕྲུག་ཚོར་སློབ་ཁྲིད་ཚད་ལྡན་སྤྲོད་ཐབས་སུ་དབུ་ལས་ཡོངས་ནས་ཐུགས་འཁུར་ཆེ་བཞེས་ཀྱིས་འཆར་གཞི་དང་ལྡན་པའི་སློབ་ཁྲིད་ཞུ་སྒོ་མཐའ་དག་འཚེམས་ལུས་མེད་པར་གང་ལེགས་གནང་བཞིན་ཡོད་པའི་ཐོག་སྐབས་བཅུ་བཞི་པའི་སློབ་ཁོངས་སུ་སྨན་སློབ་ཕོ་མོ་གྲངས་ཉེར་བཞི་གསར་བསྡུ་གནང་བ་དང་། སྨན་རམས་པ་རྣམ་རྒྱལ་ཚེ་རིང་ལགས་དང་སྨན་རམས་པ་ཚེ་དབང་རྟ་མགྲིན་རྣམ་གཉིས་ཀྱིས་སློབ་སྤྱི་སྔ་ཕྱིར་གནང་རིང་།  སློབ་སྤྱི་གཞོན་པ་སྨན་དགེ་བསྟན་པ་ཆོས་འཕེལ་དང་། སྨན་དགེ་མཁྱེན་རབ་རྒྱ་མཚོ། སྨན་དགེ་ཚེ་རིང་ཐག་གཅོད། སྨན་དགེ་རི་ཞིང་བསྟན་འཛིན་གྲགས་པ། ནང་ཆོས་དང་རིག་དགེ་གཅིག་ལྕོགས་བསྟན་པ་བཀྲ་ཤིས། སྨན་དགེ་བསོད་ནམས་རིན་ཆེན། སྨན་དགེ་ཚེ་རིང་མཐར་ཕྱིན། སྨན་དགེ་བསྟན་འཛིན་ལྷ་སྒྲོན་བཅས་ཀྱི་ཐུགས་ཁུར་འོག་ཕྱི་ལོ་༢༠༠༣ ནས་མགོ་འཛུགས་བྱས་ཏེ་༢༠༠༧ ལོར་གོང་གསལ་སྨན་སློབ་གྲངས་ཉེར་བཞི་ལས་ཉི་ཤུ་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ཁོངས་སྨན་སློབ་ཕུན་ཚོགས་དོན་འགྲུབ། ནོར་ཆུང་། བསྟན་འཛིན་ངག་སྒྲོན། ངག་དབང་རྡོ་རྗེ། བློ་བཟང་ཐུབ་བསྟན། འཕྲིན་ལས་ཆོས་འཕེལ། ཉི་མ་ཚེ་རིང་། བསྟན་འཛིན་ལྷ་མཛེས། ལྷག་པ་ཕན་ཐོགས། བསྟན་འཛིན་རྣལ་འབྱོར། བསྟན་འཛིན་འཛོམས་པ། བསོད་ནམས་དབང་མོ། ངག་དབང་བློ་གྲོས། ཆོས་ཉིད་བསམ་འགྲུབ། བསྟན་འཛིན་མཚོ་མོ། མིག་དམར། བསྟན་འཛིན་ཆོས་དབྱིངས། དགའ་སྐྱིད་དབྱངས་འཛོམས། ཕུར་བུ་སྒྲོལ་མ། ཨོ་ག་ཝ་བཅས་ནས་རབ་ལོན་པ་གྲངས་བཅུ་གཅིག་དང་། འབྲིང་ལོན་པ་གྲངས་བརྒྱད། ཐ་མ་ལོན་པ་གཅིག རྗེས་ལུས་གཅིག་བཅས་བྱུང་བས་སྤྱིའི་ཆ་ནས་ཤེས་ཚད་རབ་ཡིན། རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་དྲུག་བྱུང་ཡོད། སློབ་མཐར་ཐོན་རྒྱུགས་གྲུབ་རྗེས་འཛིན་སྐྱོང་གི་བཀོད་སྒྲིག་ལྟར་ལོ་གཅིག་ཉམས་གསོག་དང་། དེའི་རྗེས་སྨན་རྩིས་ཁང་གི་དབུས་སའི་ལས་སྒོར་ཞུགས་ཏེ་ལས་དོན་སྒྲུབ་བཞིན་ཡོད།

དེ་བཞིན་དུ་རྩིས་སློབ་སྐབས་བདུན་པར་ཡིག་རྒྱུགས་ཀྱི་ལམ་ནས་རྩིས་སློབ་བཅུ་གསུམ་གསར་བསྡུ་གནང་ཞིང་། ཕྱི་ལོ་ ༢༠༠༣ ནས་སློབ་ཁྲིད་མགོ་འཛུགས་ཀྱིས་སློབ་སྤྱི་སྨན་རམས་པ་རྣམ་རྒྱལ་ཚེ་རིང་དང་ཚེ་དབང་རྟ་མགྲིན་གཉིས་ནས་སྔ་ཕྱིར་སློབ་སྤྱི་གནང་རིང་། རྩིས་དགེ་མདུན་ཆུ་བསོད་ནམས་རྡོ་རྗེ། རྩིས་དགེ་དཀོན་མཆོག་བསྟན་འཛིན། རྩིས་དགེ་བསོད་ནམས་རིན་ཆེན་བཅས་ཀྱི་ཐུགས་ཁུར་གསོ་སྐྱོང་འོག་ ༢༠༠༧ ལོར་གོང་གསལ་རྩིས་སློབ་གྲངས་བཅུ་གསུམ་ལས་བཅུ་གཉིས་རྩིས་པ་དཀའ་བཅུ་བའི་གཞུང་ཚད་སློབ་མཐར་ཕྱིན། དེའི་ཁོངས་རྩིས་སློབ་བསྟན་འཛིན་ཚེ་དབང་།  པ་སངས་ལྷ་མོ། སྨོན་ལམ་ཡེ་ཤེས། ཟླ་བ་ཚེ་རིང་། བསྟན་འཛིན་ལྷ་མོ། བསྟན་འཛིན་དབྱངས་སྐྱིད། ལྷ་མོ་དབྱངས་ཅན། བཀྲ་ཤིས་རྒྱལ་མཚན། གྲགས་པ་རྒྱ་མཚོ། ཟེའུ་དབང་འཕྲིན་ལས། ཚེ་རིང་ཆོས་འཛོམས། རྣམ་སྲས་བཅས་ནས་རབ་ལོན་པ་གྲངས་བདུན་དང་། འབྲིང་ལོན་པ་གྲངས་བཞི། རྗེས་ལུས་ཐེབས་པ་གཅིག་བཅས་བྱུང་བས་སྤྱི་ཆ་ནས་ཤེས་ཚད་རབ་ལོན་པ་མང་དུ་བྱུང་། ལོ་གཅིག་གི་ཉམས་གསོག་གྲུབ་མཚམས་བགོས་གནང་བ་བཞིན་ལས་སྒོར་ཞུགས་ཡོད།

ཕྱི་ལོ་ ༢༠༠༦ ལོར་སྨན་རྩིས་སློབ་མའི་ཤེས་བྱ་གོང་འཕེལ་གཏོང་ཆེད་ཕྱི་ནང་གཉིས་ཀྱི་མཁས་དབང་མང་པོ་སྔར་བཞིན་གདན་ཞུས་གནང་། དེ་བཞིན་དུ་ལོ་དེའི་ཟླ་ ༥ ཚེས་ ༡༢ ཉིན་སྨན་རམས་པ་པདྨ་རྡོ་རྗེ་མཆོག་དང་རྩིས་རམས་པ་རྡོ་དབང་། དགེ་བཤེས་བྱམས་པ་ལགས་བཅས་གནད་འདྲེན་ཞུས་ཏེ་བརྗོད་གཞི་ངེས་མེད་ཐོག་དྲི་བ་དྲིས་ལན་གྱི་ཚུལ་དུ་སློབ་མ་རྣམས་ཀྱིས་ནང་ཆོས་དང་སྨན་རྩིས་སྐོར་དྲི་བ་༤༠ ལྷག་ཞུས་པར་ལན་འདེབས་དོགས་སེལ་གནང་བས་མཚོན་མཁས་དབང་བགྲོ་གླེང་གང་མང་གོ་སྒྲིག་ཞུས་པས་དགེ་ཕན་གང་ལེགས་བྱུང་ཡོད་པ་བཅས་སོ།།
 


སློབ་སྤྱི་དགུ་པའི་སྐབས།

སློབ་སྤྱི་སྨན་རམས་པ་བསྟན་པ་ཆོས་འཕེལ། ༼ཁོང་གི་ལོ་རྒྱུས་ཞབས་ལོ་ཉི་ཤུ་ཅན་དུ་གསལ།༽ ཕྱི་ལོ་ ༢༠༠༨ ལོར་བླ་ཞབས་སྨན་རམས་པ་ཚེ་དབང་རྟ་མགྲིན་སློབ་སྤྱི་ནས་སྨན་རྩིས་ཁང་གི་རིག་གཞུང་སློབ་སྟོན་པར་བསྐོ་བཞག་སོང་ཚབ་ཏུ། སློབ་སྤྱི་གཞོན་པ་སྨན་རམས་པ་བསྟན་པ་ཆོས་འཕེལ་མཆོག་མཐོ་སློབ་ཀྱི་སློབ་སྤྱིར་བསྐོ་བཞག་གནང་སྟེ་ལས་ཁུར་ཞུ་མུས་དང་། ཁོང་ལ་ལོ་མང་རིང་སྨན་དགེ་དང་སློབ་སྤྱི་གཞོན་པའི་འགན་ཁུར་ཉམས་མྱོང་ཡོད་སྟབས། རྒྱུན་སྐྱོང་དགོས་སར་གོ་སྐབས་མ་ཤོར་བའི་སྒོ་ནས་རྒྱུན་བསྲིངས་པ་སོགས་སློབ་གྲྭའི་ལས་དོན་དག་སྒྲུབ་བཞིན་ཡོད་ཅིང་། དེ་ཡང་དགེ་རྒན་རྣམ་པར་ལོ་གཅིག་གི་སློབ་ཚན་ཆ་བགོས་ཀྱིས་ལོ་དང་ཟླ་བ། བདུན་ཕྲག་དང་ཉིན་རེ་བཅས་ཀྱི་བགྱིད་སྒོ་གང་མཆིས་འཆར་འགོད་གཏན་འབེབས་གནང་བ་བཞིན། དུས་ཐོག་ཏུ་སྒྲུབ་བཞིན་ཡོད། ད་ལྟའི་སྨན་རྩིས་མཐོ་སློབ་ཁང་ལ་སློབ་སྤྱི་བགྲེས་གཞོན་གཉིས་དང་། སྨན་དགེ་ལྔ། ནང་ཆོས་དང་རིག་དགེ་གཅིག་ལྕོགས་གཅིག རྩིས་དགེ་གཉིས། དཔེ་མཛོད་དོ་དམ་པ་གཅིག ལས་དྲུང་གཅིག ཡིག་སྐྱེལ་དང་གད་པ་གཅིག་ཁྱབ་ཁོངས་ནད་གསོ་ཁང་དུ་སྨན་ཞབས་གཅིག་དང་། འཇམ་དཔྱད་ཆུ་ལུམས་ལས་བྱེད་གཉིས་བཅས་་དགེ་ལས་གྲངས་བཅོ་ལྔ་དང་། ཚོགས་ཁང་གི་སྐུ་གཉེར་ལས་མི་གཅིག་བཅས་ཡོད་ཅིང་། གོང་གསལ་དགེ་རྒན་རྣམ་པའི་ཐུགས་ཁུར་འོག་སློབ་སྤྱི་སྔ་མ་དག་གི་སྐབས་ཇི་ལྟར་གཏན་འབེབས་བྱུང་བ་བཞིན། རང་རིགས་སྐྱེ་བོ་ཕོ་མོ་རིས་མེད་ཀྱིས་གཙོས་ཧི་མ་ལ་ཡའི་མི་རིགས་དང་། ཕྱི་རྒྱལ་བ་བཅས་སློབ་ཕྲུག་བསྡུ་བཞེས་ཀྱིས་སློབ་སྦྱོང་སྤྲོད་མུས་ཡིན་ཞིང་། འདས་པའི་ལོ་ཟླའི་ནང་སྨན་རྩིས་མཐོ་སློབ་ནས་གཙོ་བོ་རྒྱུན་སྲོལ་གྱི་སློབ་ཁྲིད་འགྲོ་ལུགས་གཞིར་བཞག་ཐོག དེང་དུས་དང་མཐུན་པའི་འགྱུར་བ་གང་འཚམས་ཤིག་བཏང་ཡོད་པ་དང་། བོད་གཞུང་བདེ་ལེགས་སྨན་ཁང་གི་མཐུན་འགྱུར་འོག་ཕྱི་ལུགས་དང་བོད་སྨན་ཟུང་འབྲེལ་ཆེད་འདི་གའི་སྨན་སློབ་རྣམས་བདེ་ལེགས་སྨན་ཁང་དུ་ཉམས་གསོག་ལ་གཏོང་རྒྱུའི་མཚོན། སློབ་ཁྲིད་གཅིག་པུ་མ་ཡིན་པར་ཐབས་ལམ་གཞན་གྱི་ཐོག་ནས་ཀྱང་། སློབ་ཕྲུག་གི་རྣམ་དཔྱོད་ཡར་རྒྱས་སྤེལ་ཐབས་གནང་བཞིན་ཡོད། གཞན་ཡང་སྔར་རྒྱུན་བཞིན་སློབ་འཇུག་རྩ་འཛིན་གཞིར་བཞག་རྩིས་སློབ་སྐབས་བརྒྱད་པར་ཡིག་རྒྱུགས་ཀྱི་ལམ་ནས་དྲག་འདེམས་གནང་སྟེ་རྩིས་སློབ་གྲངས་དགུ་གསར་བསྡུ་གནང་བ་དང་། སློབ་སྤྱི་བསྟན་པ་ཆོས་འཕེལ་དང་། རྩིས་དགེ་དཀོན་མཆོག་བསྟན་འཛིན། རྩིས་དགེ་བསོད་ནམས་རིན་ཆེན། ནང་ཆོས་རིག་དགེ་བསྟན་པ་བཀྲ་ཤིས་བཅས་ཀྱི་ཐུགས་ཁུར་འོག་ཕྱི་ལོ་༢༠༠༨ ནས་མགོ་འཛུགས་བྱས་ཏེ་ད་ཆར་རྩིས་པ་དཀའ་བཅུ་བའི་གཞུང་ཚད་ལ་སློབ་གཉེར་བྱེད་བཞིན་ཡོད།

སྨན་སློབ་སྐབས་བཅོ་ལྔ་པར་སྨན་སློབ་གྲངས་ཉེར་དྲུག་ཡིག་རྒྱུགས་བཏང་སྟེ་དྲག་འདེམས་ཀྱིས་གསར་བསྡུ་གནང་བ་དང་། སློབ་སྤྱི་བསྟན་པ་ཆོས་འཕེལ་དང་། སློབ་སྤྱི་གཞོན་པ་དང་སྨན་དགེ་གཅིག་ལྕོགས་མཁྱེན་རབ་རྒྱ་མཚོ། སྨན་དགེ་ཚེ་རིང་ཐག་གཅོད། ནང་ཆོས་དང་རིག་དགེ་བསྟན་པ་བཀྲ་ཤིས། སྨན་དགེ་ཡེ་ཤེས་དགེ་ལེགས། སྨན་དགེ་དབང་འདུས། རྩིས་དགེ་དཀོན་མཆོག་བསྟན་འཛིན།་རྩིས་དགེ་བསོད་ནམས་རིན་ཆེན་བཅས་དགེ་རྒན་གྱི་ཐུགས་ཁུར་གསོ་སྐྱོང་འོག་ཕྱི་ལོ་༢༠༠༧ ནས་སློབ་ཁྲིད་མགོ་འཛུགས་བྱས་ཏེ་༢༠༡༡ ལོར་སྨན་པ་དཀའ་བཅུ་བའི་གཞུང་ཚད་སློབ་ཐོན་བྱུང་། དེ་ཡང་ཕྱི་ལོ་༢༠༡༡ ཟླ་༡༠ ཙམ་ནས་ཐོན་རྒྱུགས་ཆེན་པོ་བཏང་བའི་ཁོངས་སུ་སློབ་མ་ཉི་ཤུ་ཡོད་ཅིང་། དེ་དག་ནི་ཚེ་དབང་རིག་འཛིན་དང་། ཉི་མ་ཚེ་རིང་། མི་ཉག་གཡུ་སྒྲོན། ཀརྨ་བསྟན་འཛིན། ཚེ་གཡང་། བུ་མོ་མིག་དམར། ལྷག་པ་སྒྲོལ་མ། པདྨ་རྒྱལ་མཚན། ངག་དབང་དགེ་ལེགས། སྤེན་པ་དོན་འགྲུབ། སྤེན་པ་ཚེ་རིང་། པ་སངས་སྒྲོལ་མ། བསྟན་འཛིན་དཔལ་སྒྲོན། ཁུ་ནུ་ཨ་ནི་བསྟན་འཛིན་མཚོ་མོ། བསྟན་འཛིན་དབྱངས་སྒྲོན། པ་སངས་ཚེ་རིང་། བུ་མིག་དམར། སྐལ་བཟང་སྒྲོལ་མ། བློ་བཟང་དར་རྒྱས། ཚེ་རིང་གཡུ་སྒྲོན་བཅས་ཡིན་ཞིང་། དེའི་ཁོངས་ལྷག་པ་སྒྲོལ་མ་དང་ཚེ་གཡང་གཉིས་ནས་རྒྱུད་གསུམ་རྒྱུགས་འབུལ་ཞུས་ཡོད། ཁོང་ཚོས་ཐོན་རྒྱུགས་ཆེན་མོ་ཡོངས་སུ་གྲུབ་རྗེས་མཐོ་སློབ་ནས་ཕྱི་ལོ་༢༠༡༡ ཟླ་ ༡༡ ཚེས་ ༢༨ ནས་ ཟླ་ ༡༢ ཚེས་ ༣ བར་ྋསྐུའི་བླ་ཞབས་སྨན་རམས་པ་སྤེན་པ་ཚེ་རིང་གདན་ཞུས་ཀྱིས་སྨན་སྦྱོར་ལག་ལེན་དམར་ཁྲིད་སྐོར་ལ་ཟབ་སྦྱོང་གནད་སྨིན་གོ་སྒྲིག་ཞུས་ཡོད་པ་མ་ཟད། ཟླ་༡༢ ཚེས་ ༥ ནས་ ༨ བར་ཉིན་གྲངས་བཞིའི་རིང་སྨན་རམས་པདྨ་རྡོ་རྗེ་སོགས་སྨན་པ་རྒན་གྲས་ཁག་གདན་ཞུས་ཀྱིས་བརྟག་ཐབས་རིག་པའི་སྐོར་ལ་ཟབ་ཁྲིད་ཞུས་ཐུབ་ཡོད་པ་བཅས་ནི་སྨན་སློབ་སློབ་ཐོན་རིམ་པའི་ནང་གི་ཟབ་སྦྱོང་དུས་ཡུན་རིང་ཤོས་དང་གནད་སྨིན་ཤོས་ཡིན་ཞེས་བཤད་ཆོག

དེ་དང་གཅིག་མཚུངས་སྨན་སློབ་སྐབས་བཅུ་དྲུག་པར་སྨན་སློབ་གྲངས་ཉེར་དགུ་སྔར་རྒྱུན་བཞིན་ཡིག་རྒྱུགས་ལམ་ནས་གསར་བསྡུ་གནང་བ་དང་། ཕྱི་ལོ་༢༠༠༨ ནས་གོང་གསལ་དགེ་རྒན་རྣམ་པའི་ཐུགས་ཁུར་འོག་སློབ་ཁྲིད་མགོ་འཛུགས་བྱས་ཤིང་། ཕྱི་ལོ་ ༢༠༡༡ ཙམ་ནས་སྨན་དགེ་པ་སངས་དབང་འདུས་དང་། ཉིན་མ་རྒྱལ་མཚན་རྣམ་གཉིས་སྨན་དགེར་བསྐོ་བཞག་གནང་བ་བཅས་ཀྱི་ཐུགས་ཁུར་གསོ་སྐྱོང་འོག་༢༠༡༢ ལོར་སྨན་པ་དཀའ་བཅུ་བའི་གཞུང་ཚན་སློབ་ཐོན་བྱ་རྒྱུར་འབད་བརྩོན་བྱེད་མུས་ཡིན་འདུག སྨན་སློབ་སྐབས་བཅུ་བདུན་པ་ཕྱི་ལོ་༢༠༡༡ ཟླ་༥ ནང་རྒྱུགས་བཞེས་ལམ་ནས་གསར་བསྡུ་བྱས་ཤིང་། དེ་ཡང་སློབ་གྲྭ་ཁག་སོ་སོ་ནས་འཛིན་རིམ་བཅུ་གཉིས་ཐོན་པའི་ཁོངས་ནས་འཚང་སྙན་འབུལ་མཁན་སློབ་ཕྲུག་གྲངས་༡༥༦ བྱུང་བའི་ནང་ནས་དངོས་སུ་ཡིག་རྒྱུགས་ནང་ཞུགས་མཁན་༡༡༣ བྱུང་བ་རྣམས་ལ་སུམ་རྟགས་དག་གསུམ་དང་། ་སྤྱིའི་ཤེས་བྱ། རྩོམ་ཡིག དབྱིན་ཡིག ངག་རྩལ་དྲི་བ་བཅས་ཀྱི་ཡིག་རྒྱུགས་བཏང་རྗེས་ཡིག་རྒྱུགས་འཕྲོད་མཁན་ ༡༠༩ བྱུང་ཡོད་། དེའི་ཁོངས་ནས་རྩེ་བཏོག་གིས་སློབ་ཕྲུག་ཕོ་མོ་ཉེར་བཞི་བསྡུ་བཞེས་དང་། བཀའ་འབྲེལ་སློབ་མ་ཕོ་མོ་ལྔ་བཅས་སློབ་གྲངས་ཉེར་དགུ་སློབ་འཇུག་གནང་སྟེ། ཕྱི་ལོ་༢༠༡༡ ཟླ་༧ པའི་ཚེས་ཤར་ནས་སྨན་སློབ་སྐབས་བཅོ་ལྔའི་སློབ་མཚམས་བཞག་པ་དང་ཆབས་གཅིག་སྨན་སློབ་སྐབས་བཅུ་བདུན་ལ་དམིགས་བསལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་སྐྲུན་ཆེད་ཟླ་ལྔའི་རིང་སུམ་རྟགས་དག་གསུམ་དང་། སྙན་ངག་དང་རྩོམ་ཡིག་འབྲི་ཚུལ། ཨིན་ཡིག ཡིག་གཟུགས། གསོ་བ་རིག་པའི་ལོ་རྒྱུས་དང་སྤྱི་བཤད་བཅས་ཀྱི་ཐོག་དགེ་རྒན་ཆ་བགོས་ཀྱིས་སློབ་སྦྱོང་སྤྲད་ཡོད་ཅིང་། ལས་རིམ་དེ་ནི་སྨན་རྩིས་མཐོ་སློབ་ཁང་གི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞེས་བཤད་ཆོག ཕྱི་ལོ་༢༠༠༨ ལོར་སྨན་རྩིས་མཐོ་སློབ་ཁང་འདི་ཉིད་དུས་བསྟུན་གོང་འཕེལ་གཏོང་བར་དམིགས་ཏེ་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་ནས་མཐོ་སློབ་ཁང་འདི་ལ་བསྐྱར་ཞིབ་དང་། བོད་ནང་གི་གསོ་རིག་མཐོ་སློབ་ཁག་དང་། ཕྱི་ལུགས་ཀྱི་གསོ་རིག་མཐོ་སློབ་ཁག་གི་སློབ་ཁྲིད་འགྲོ་སྟངས་ཀྱི་ལེགས་ཆ་བླངས་ཏེ་སྨན་རྩིས་མཐོ་སློབ་འདི་ཉིད་ཆེས་མཐོའི་གསོ་རིག་གཙུག་ལག་སློབ་གྲྭའི་འགྲོ་ལུགས་དང་། མཐུན་རྐྱེན། ཤེས་ཚད་བཅས་ལྡན་པའི་ངོ་བོར་བསྒྱུར་ཐབས་སུ་འབད་བརྩོན་དང་ལས་འཆར་གྲ་སྒྲིག་གནང་བ་མ་ཟད། རགས་ཟིན་ལ་བསྐྱར་ཞིབ་དང་དབྱེ་ཞིབ་གནང་སྟེ་ལག་ལེན་ཁྲོད་དོན་སྙིང་ལྡན་པ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་མུས་ཡིན་འདུག

ཕྱི་ལོ་༢༠༠༨ ལོར་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ནས་བོད་ཀྱི་གསོ་བ་རིག་པ་སློབ་སྦྱོང་བྱེད་ཡུལ་ཚད་ལྡན་ངོས་འཛིན་གྱིས་དེབ་སྐྱེལ་ 4/4/CR001/2008 བྱས། སྨན་རྩིས་དཀའ་བཅུ་བའི་གཞུང་ཚད་ལྟར་སློབ་ཡུན་ལོ་ལྔ་ཡིན་ཞིང་། ཉིན་རེར་འཛིན་ཚོགས་བཞི་ནས་ལྔ་དང་།  ཚོགས་ཐེངས་རེའི་དུས་ཡུན་སྐར་མ་ཞེ་ལྔ་ཡིན། ཟླ་རེའི་རེས་གཟའ་སྤེན་པ་གཉིས་པ་དང་བཞི་བ་ཉི་མ་གང་ཡིན་མ་གཏོགས་ཉིན་ལྟར་སློབ་ཁྲིད་འཛིན་ཚོགས་ཡོད་པས་ཟླ་གཅིག་ནང་སློབ་ཁྲིད་འཛིན་གྲྭ་རེ་རེ་ལ་ཚོགས་ཐེངས་གོ་དྲུག་རེ་ཚོགས་བཞིན་པ་དང་། ལོ་གཅིག་གི་ནང་འཛིན་གྲྭ་གསུམ་ཆར་ཚོགས་ཐེངས་ ༢༥༩༢ ཚོགས་བཞིན་ཡོད། རེས་གཟའ་ཟླ་བ་ནམ་ཡིན་ལ་གཏམ་བཤད་སྦྱོང་བརྡར་དང་པ་སངས་ནམ་ཡིན་ལ་མཁས་དབང་གསུང་བཤད། རྒྱུན་ལྡན་སྔ་དགོང་གི་ཞལ་འདོན་བཅས་སློབ་སྦྱོང་གི་བྱེད་སྒོ་དང་འབྲེལ་བའི་ཚོགས་བཅར་གཞན་ཡང་མང་པོ་ཡོད་ལ། སྨན་བཏོག་ཕྱིར་བསྐྱོད་ཀྱིས་གཙོས་དུས་ངེས་མེད་ཀྱི་སློབ་སྦྱོང་ཕྱིར་སྐྱོད་དང་ཟབ་སྦྱོང་སོགས་ལོ་རེའི་ནང་གི་བྱེད་སྒོ་ཁག་སློབ་མཐར་མ་ཕྱིན་བར་དུ་སློབ་གྲྭའི་བགྱིད་སྒོ་གལ་ཆེན་དག་སློབ་སྤྱི་བགྲེས་གཞོན་གཉིས་དང་སྒྲིག་དགེ། གཞན་ཡང་དགེ་རྒན་རྣམ་པ་བཅས་ནས་བྱ་སྤུ་ནོན་གྱི་ཚུལ་གྱིས་བཏང་འཛིན་གནང་མུས་ཡིན།
 
སྔར་ནས་སློབ་ཁྲིད་རྩ་འཛིན་གྱི་ཡིག་ཆ་ཡོད་བཞིན་པ་དེ་དག་སློབ་སྤྱི་འདིའི་སྐབས་ནས་སྣོན་ཕྲི་གནང་འོས་གནང་སྟེ་དེབ་གཟུགས་སུ་དཔར་བསྐྲུན་དང་འགྲེམས་སྤེལ་གནང་། སློབ་ཚན་རྩ་འཛིན་དེབ་ཆུང་དེའི་ནང་སྨན་པ་དཀའ་བཅུ་བའི་སློབ་སྦྱོང་བྱེད་དགོས་པའི་གཞུང་ཚད་ལེའུ་ཚན་ཁག་དང་དུས་ཚིགས་སོ་སོའི་ནང་གི་སློབ་ཁྲིད་ཀྱི་རིམ་པ་དང་ཡིག་ཚད་ཁག།ཐོབ་འབྲས་སོགས་གསལ་འཁོད་གནང་ཡོད།

དཔལ་ལྡན་གསོ་རིག་རྒྱུད་བཞི་ལས་དང་པོ་རྩ་བ་ཐུགས་ཀྱི་རྒྱུད་ལ་གཞུང་ཚད་ཤོ་ལོ་ཀ་གྲངས་༡༢༠། གཉིས་པ་བཤད་པ་སྐུ་ཡི་རྒྱུད་ལ་གཞུང་ཚད་ཤོ་ལོ་ཀ་གྲངས་༧༧༣། གསུམ་པ་མན་ངག་ཡོན་ཏན་གྱི་རྒྱུད་ལ་གཞུང་ཚད་ཤོ་ལོ་ཀ་གྲངས་༤༠༢༨། བཞི་བ་ཕྱི་མ་འཕྲིན་ལས་རྒྱུད་ལ་གཞུང་ཚད་ཤོ་ལོ་ཀ་གྲངས་༡༠༡༤། ཡོད་པ་བཅས་དཔལ་ལྡན་རྒྱུད་བཞིའི་ཆ་ལག་དང་བཅས་པ་བསླབ་བྱའི་གཞུང་ཚད་གཙོ་བོ་དེ་ཡིན་ཞིང་།

དཔལ་ལྡན་རྒྱུད་བཞིའི་འགྲེལ་བ་གྲགས་ཆེན་བཞི་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་དོན་རྒྱུད་བཞིའི་གསལ་བའི་བེེཌཱུར་སྔོན་པོ་དང་། ཟུར་མཁར་བ་བློ་གྲོས་རྒྱལ་པོས་མཛད་པའི་མེས་པོའི་ཞལ་ལུང་། སྐྱེམས་པ་ཚེ་དབང་གི་འགྲེལ་བ། མཁན་ཆེན་ཁྲོ་རུ་ཚེ་རྣམ་གྱིས་མཛད་པའི་དྲང་སྲོང་ཞལ་ལུང་བཅས་ནི་དཔྱད་གཞིའི་ཡིག་ཆ་ཁག་ཡིན།


དེ་བཞིན་བརྡ་སྤྲོད་རིག་གནས་དང་ནང་ཆོས། རྩིས་རིག་བཅས་ཀྱི་སྐོར་བཅས་བསླབ་བྱའི་གཞུང་ཚད་ཁག་ནི།

དང་པོ་བརྡ་སྤྲོད་རིག་གནས་སྐོར་ལ་རྩ་གཞུང་དཀའ་གནད་གསལ་བའི་མེ་ལོང་།

ལྷན་ཐབས་དང་དཔྱད་གཞི་སི་ཏུ་འགྲེལ་ཆེན། སྙན་ངག་སྐོར་ལ་རྩ་གཞུང་སྙན་ངག་སྤྱི་དོན། ལྷན་ཐབས་དང་དཔྱད་གཞི་ཚིག་རྒྱན་རིག་པའི་སྒོ་འབྱེད་དང་། ཚངས་སྲས་བཞད་པའི་སྒྲ་དབྱངས་བཅས་ཡིན།

གཉིས་པ་རིགས་ལམ་དང་ནང་ཆོས་སྐོར། 

རྩ་གཞུང་རིགས་ལམ་འཕྲུལ་གྱི་ལྡེ་མིག ལྷན་ཐབས་དང་དཔྱད་གཞི་བསེ་བསྡུས་གྲྭ་ཡིན། ནང་དོན་རིག་པའི་སྐོར། རྩ་གཞུང་གྲུབ་མཐའ་རིན་ཆེན་ཕྲེང་བ་དང་། བྱང་ཆུབ་ལམ་སྒྲོན། གཡུ་ཐོག་སྙིང་ཐིག་གི་བླ་སྒྲུབ་སྡུག་བསྔལ་མུན་སེལ་བཅས་དང་།  ལྷན་ཐབས་དང་དཔྱད་གཞི་ཁག་ནི། གྲུབ་མཐའ་ཆེན་མོ་དང་།   གྲུབ་མཐའ་རིན་ཆེན་ཕྲེང་བའི་མཆན་འགྲེལ། བྱང་ཆུབ་ལམ་རིམ་ཆེན་མོ་བཅས་ཡིན།

གསུམ་པ་རྩིས་རིག་པའི་སྐོར།

ནག་རྩིས་ལ་འབྱུང་རྩིས་ཟླ་བའི་འོད་ཟེར་དང་། འབྱུང་རྩིས་སྔོན་འགྲོ་གཙུག་ལག་སྒོ་འབྱེད་ལྡེའུ་མིག བེེ་དཀར་དགོངས་དོན་གཤིན་རྩིས་འཁྱེར་བདེ་གཅེས་བསྡུས། སྐར་རྩིས་ལ་རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ལས་སྐབས་ཉེར་གསུམ་པ་རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ་ལས། ནང་གསེས་ལྔ་པ་འཕྲོད་སོགས་ལེའུ་ཐོའི་ཚེས་ཁོངས་རྩིས་འབྲས་ལྟ་སྟངས་སྐོར་བཅས་ཁྲིད་དགོས་པ་ཡིན་ནོ།།


དེ་བཞིན་རྩིས་སློབ་རྣམས་ཀྱི་ལོ་ལྔའི་གཞུང་ཚད་ཁག་ནི།

དེ་སྔོན་རིག་གཞུང་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུ་བཞིན་པའི་ཕྱི་ནང་མི་རིགས་ལ་ཟབ་སྦྱོང་སྤྲོད་རྒྱུའི་རིགས་རྣམས་སྔ་ལོ་ནས་མཐོ་སློབ་ལ་འགན་འཁུར་གནང་པ་བཞིན་ཕྱི་ལོ་༢༠༡༡ ལོར་མ་ནི་སོ་ཌའི་སློབ་གཉེར་བ་ཁག་ཅིག་དང་ཌལ་མག་ནས་སྐོར་ཞིག་བཅས་སོ་སོར་སྨན་རྩིས་གཉིས་དང་ནང་ཆོས་ལས་བྱམས་སྙིང་རྗེ་སོགས་བརྗོད་གཞི་འདྲ་མིན་ཐོག་ཟབ་སྦྱོང་གནང་པས་དགེ་ཕན་གང་ལེགས་བྱུང་ཞིང་། དེ་བཞིན་དུ་ཚན་རིག་དང་ནང་ཆོས། སྨན་རྩིས་མཁས་ཅན་གང་མང་གདན་ཞུས་ཀྱིས་སློབ་ཕྲུག་ཚོའི་ཤེས་བྱ་མཐོར་གདེགས་གཏོང་ཐབས་ལ་སྔར་ལྷག་ནུས་པ་གང་ཐོན་བྱེད་བཞིན་པ་མ་ཟད། སློབ་ཕྲུག་རྣམས་ལ་འཆད་འཁྲིད་དང་ལག་ལེན་ཟུང་འབྲེལ་ཡོང་ཕྱིར། ༢༠༡༡ ལོའི་ཕྱི་ཟླ་༤ ཚེས་༡ ནས་ནད་གསོ་ཁང་དང་འཇམ་དཔྱད་ཚན་པ་གཉིས་མཐོ་སློབ་ཁོངས་སུ་བླངས་ཏེ་སྨན་པ་ཆ་བགོས་ཀྱིས་ནད་བཅོས་དང་། འཇམ་དཔྱད་བཅས་ཚན་པ་གཉིས་ཀྱི་ལས་དོན་ལག་ལེན་འགྲོ་མུས་ཡིན། ཕྱི་ལོ་༢༠༡༡ ལོར་སྨན་རྩིས་མཐོ་སློབ་ཁང་འདི་ཉིད་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཞིག་ཏུ་འཁེལ་ཡོད་པར་བརྟེན། དུས་དྲན་སྲུང་གཙིའི་ལས་དོན་ཐད་དགེ་སློབ་རྣམས་ནས་གྲ་སྒྲིག་གང་ལེགས་གནང་ཡོད་ཅིང་། དེ་ཡང་དགེ་རྒན་ཚོས་ལམ་སྟོན་ལྟར་སྨན་རྩིས་སློབ་མ་རྣམས་ནས་སོ་སོའི་འཛིན་ཁང་ཁག་ཏུ་སྨན་རྩིས་རིག་གནས་ཀྱི་འགྲེམས་སྟོན་བཀོད་སྒྲིག་ཞུས་པ་དང་། ལྷག་པར་རྩིས་དགེ་རྣམ་གཉིས་ཀྱིི་འགན་ཁུར་འོག་སྐར་དཔྱད་རྩིས་རིག་དང་འབྲེལ་བའི་འགྲེམས་སྟོན་གཞི་རྒྱ་ཅུང་ཆེ་ཙམ་གོ་སྒྲིག་ཞུས་པ། གཞན་ཡང་སློབ་སྤྱི་རྣམ་གཉིས་ཀྱིས་གཙོས་དགེ་རྒན་རྣམ་པས་ཕྱི་ནང་གི་མཁས་དབང་གདན་ཞུས་ཀྱིས་སྨན་རྩིས་རིག་གཞུང་སྐོར་ལ་གསུང་བཤད་དང་བགྲོ་གླེང་གནང་ཞིང་། མཛད་སྒོའི་དུས་དྲན་སྲུང་གཙི་དང་སྟབས་བསྟུན་སློབ་ཕྲུག་ཚོས་རྒྱ་གར་ཚེ་ཡི་རིག་བྱེད་དང་། དེང་གི་ཚན་རིག་སྨན་བཅོས་སོགས་ལས་བོད་བསྒྱུར་ཞུས་པའི་སྒྱུར་རྩོམ་ཁག་དེབ་གཟུགས་སུ་དཔར་བསྐྲུན་དང་འགྲེམ་སྤེལ་ཞུས་པ། སློབ་སྤྱི་གཞོན་པ་སྨན་དགེ་མཁྱེན་རབ་མཚོས་རྩོམ་སྒྲིག་ཞུས་པའི་སྨན་རྩིས་མཐོ་སློབ་ཁང་གི་སློབ་བརྒྱུད་ཀྱི་བྱུང་རིམ་ལོ་རྒྱུས་དྲི་མེད་གསེར་ཞུན་ཞེས་པ་དཔར་བསྐྲུན་འགྲེམ་སྤེལ་ཞུས་པ་དང་། བྱ་བྲལ་བ་ཞིག་གི་ཉམས་རྟོགས་སྐོར་དེབ་གཟུགས་སུ་དཔར་བསྐྲུན་དང་འགྲེམ་སྤེལ་ཞུས་པ་སོགས་ཀྱིས་མཚོན་ལས་དོན་གང་མང་སྤེལ་ཐུབ་ཡོད་པ་རེད། ལྷག་པར་ཕྱི་ལོ་༢༠༡༡ ཟླ་ ༦ ཚེས ༢ ཉིན་དུས་དྲན་མཛད་སྒོར་རང་གཞུང་གི་མཛད་གཙོ་རྣམ་པ་དང་ཕྱོགས་མཐའི་སྐུ་མགྲོན་དང་མཁས་དབང་། སྨན་རྩིས་ལས་སློབ་སོགས་ཚང་འཛོམས་ཐོག་མཛད་སྒོ་ཟབ་རྒྱས་ངང་སྲུང་གཙི་ཞུས་ཤིང་། དེ་ཡང་མཐོ་སློབ་ཀྱི་སློབ་སྤྱི་མཆོག་ནས་དུས་དྲན་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་རང་གཞུང་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་།  སྤྱི་འཐུས་ཚོགས་གཞོན་རྣམ་གཉིས་ནས་གསུང་བཤད་གནང་ཞིང་། ཁྱད་པར་དུ་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་ྋརྒྱལ་བ་ྋཀརྨ་པ་རིན་པོ་ཆེ་མཆོག་མཛད་སྒོའི་གཙོ་མགོན་དུ་ཞབས་ཟུང་བཀའ་དྲིན་བསྐྱངས་ཏེ། བཀའ་སློབ་ལམ་སྟོན་སྩལ་དོན།

དེ་རིང་སྨན་རྩིས་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཁྱད་པར་ཅན་འདིར་ཞབས་བཅགས་པའི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྨན་རྩིས་ཁང་གི་དབུ་འཛིན། སྨན་རྩིས་མཐོ་སློབ་འདིའི་སློབ་སྤྱིས་དབུས་པའི་དགེ་ལས་སློབ་ཕྲུག་དང་དེ་བཞིན་སྐུ་མགྲོན་རྣམ་པ་ཚོ་བཅས་ལ་གུས་པའི་ངོས་ནས་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ད་སྔོན་ལ་ངས་སྡུག་སྐད་གཅིག་རྒྱག་གི་ཡིན། དུས་རྒྱུན་ཆུ་ཚོད་བཅུ་གཉིས་ཙམ་ལ་ཁ་ལག་ཟ་བཞིན་ཡོད། ཁ་ལག་དེ་ཏོག་ཙམ་ཕྱི་དྲགས་ན་ལམ་སང་རླུང་ལངས་ཏེ་གཟུགས་པོ་ཡང་འདར་ཡོང་གི་ཡོད། བྱས་ཙང་ད་ལྟ་ན་གྲབས་བྱེད་ཀྱིན་འདུག

ཡིན་ནའང་དེ་རིང་འདར་ས་དེ་སྨན་རྩིས་ཁང་ཡིན་ཙང་བློ་བདེ་པོ་འདུག གང་ཡིན་ཟེར་ན་མར་རིལ་སོང་ན་ཡང་སྨན་པ་འཁྲིས་ལ་ཡོད་པ་བརྟེན་བློ་བདེ་པོ་ཞེ་དྲག་འདུག ད་རིང་འདིར་སྐུ་མགྲོན་གྱི་གཙོ་བོ་ཡིན་ཞེས་གསུངས་ཏེ་མགྲོན་དུ་འབོད་ཀྱང་ངའི་ངོས་ནས་སྨན་རྩིས་སྐོར་ལ་སྦྱངས་པའི་ཡོན་ཏན་དང་། ཉམས་སུ་བླངས་པའི་ཤེས་ཡོན་དེ་འདྲ་གང་ཡང་མེད། གཞི་རྩའི་བཀའ་སློབ་བཀའ་བློན་ཁྲི་པ་སྐྱབས་རྗེ་ཟམ་དོང་རིན་པོ་ཆེས་རྒྱས་ཞིང་རྒྱས་པ་གསུངས་སོང་། དེའི་རོགས་འདེགས་ལྟ་བུར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཀྱང་བཀའ་སློབ་གནང་སོང་། ཁོང་གཉིས་ཀྱིས་མ་གསུངས་པ་ཞིག་དང་དེའི་ནང་དུ་མ་འདུས་པ་ཞིག་ང་ལ་ཞུ་རྒྱུ་མི་འདུག མ་གཞི་ད་གིན་ནས་གཅིག་དྲན་བསྡད་ཡོད་ཀྱང་ད་ལྟ་ཤེས་པ་ཟ་རི་ཟི་རི་འདྲ་ཆགས་ནས་དྲན་པ་བརྗེད་ཚར་འདུག

གཙོ་བོ་ཉེ་དུས་ྋརྒྱལ་བ་རིན་པོ་ཆེས་སྨན་རྩིས་ཁང་དུ་སློབ་མ་བརྒྱ་ཕྲག་ཙམ་དུ་མ་ཟད་སྟོང་ཕྲག་མང་པོ་ཐོན་ཐུབ་པ་ཞིག་དགོས་ཞེས་དང་།  ལྷག་པར་ཁྱད་མཁས་ཀྱི་མི་སྣ་དེ་འདྲ་ཐོན་དགོས་ཞེས་པའི་བཀའ་སློབ་བཀའ་དྲིན་བསྩལ་བ་དེ་འདྲ་ངས་ཀྱང་གོ་ཐོས་བྱུང་། དེ་འདྲ་ཡིན་དུས་བཀའ་སློབ་དེ་ཚོ་གལ་ཆེན་པོ་ཞེ་དྲག་རེད། ང་ཚོ་འདིར་མཐོ་རིམ་སློབ་གྲྭ་ཞིག་བཙུགས་དགོས་པའི་རྒྱུ་མཚན་ཡང་སློབ་མ་བསྐྱེད་བསྲིང་བྱེད་རྒྱུའི་ཆེད་དུ་ཡིན་པ་རེད། འདས་པའི་མི་ལོ་ལྔ་བཅུའི་ནང་དུ་སྨན་རྩིས་གཉིས་ཀྱི་སློབ་མ་ག་ཚོད་ཙམ་ཞིག་བསྐྱེད་བསྲིང་བྱས་ཐུབ་ཡོད་དང་མེད། དེ་ཚོ་བརྒྱུད་དེ་རང་གཞན་ལ་ཕན་ཐོགས་ཇི་ཙམ་བྱུང་ཡོད་མེད། དེ་ཚོར་ང་ཚོས་ཕྱིར་མིག་གཅིག་བལྟས་ཡོང་དུས་དགའ་བ་དང་སྤོབས་པ་སྐྱེ་གཞི་ཞིག་ཆགས་ཡོང་གི་འདུག ཡིན་ནའང་ཕྱོགས་གཞན་ནས་བལྟས་ནས་དེས་འགྲིག་གི་འདུག་ཅེས་བློ་ཡིད་འདྲ་འཚིམས་ནས་བསྡད་ན་འགྲིག་ཐབས་མེད། ལྷག་པར་དུ་དུས་ཚོད་ཟེར་བ་དེ་མགྱོགས་པོ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་བོད་ཀྱི་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང་གི་གནས་སྟངས་དག་གང་འདྲ་ཞིག་ཆགས་བསྡད་ཡོད་མེད་བཅས་ལ་མནོ་བསམ་ཞིག་བཏང་ན་ཛ་དྲག་པོ་ཞིག་ཆགས་བསྡད་ཡོད་པ་རེད།


ང་ཚོ་བློ་འཚབ་ཆེ་རུ་འགྲོ་དགོས་པ་གཅིག་དང་། དེ་བཞིན་ང་ཚོའི་ལས་ཀའི་མྱུར་ཚད་དེ་ཡང་ཇེ་མགྱོགས་སུ་གཏོང་དགོས་པའི་དུས་ཚོད་གཅིག་ལ་སླེབ་ཀྱིན་མེད་དམ་བསམ་པ་ཞིག་དྲན་ཡོང་གིན་འདུག ཁ་སང་ངར་མགྲོན་འབོད་གནང་བའི་སྐབས་སུ་སྐད་ཆ་བཤད་རྒྱུ་བྱུང་སོང་། ད་ལྟ་སྨན་རྩིས་ཁང་གི་གནས་སྟངས་དེ་གང་འདྲ་ཞིག་ཆགས་ཡོད་མེད་དང་། ན་ནིང་སྨན་སློབ་དང་རྩིས་སློབ་ཁག་གཅིག་རྒྱུད་སྟོད་ལ་ངའི་སར་སླེབས་བྱུང་།  སྨན་སློབ་མང་པོ་འདུག་ཀྱང་རྩིས་སློབ་གྲངས་བཞི་ལྔ་ལས་མི་འདུག སྨན་རྩིས་མཐོ་སློབ་ཟེར་དུས་སྨན་རྩིས་གཉིས་མཉམ་དུ་འགྲོ་དུས་དེ་གང་འདྲ་ཞིག་ཡིན་ནམ་བསམ་པ་དྲན་བྱུང་། ཕར་ཚུར་སྐད་ཆ་དྲིས་དུས་རྩིས་ཟེར་བ་དེ་དངུལ་གྱི་རྩིས་རྒྱག་རྒྱུ་དང་རྒྱ་མ་འདྲ་པོ་དེ་འདྲ་རྩིས་རྒྱུ་འདྲ་པོ་བསམ་བློ་གཏོང་གི་མིན་འགྲོ།རྩིས་ལ་སྐར་རྩིས་དང་གཡུལ་རྒྱལ་རྩིས། ནག་རྩིས་སོགས་དེ་ཚོ་ཚང་མ་ཟབ་ཅིང་རྒྱ་ཆེ་བ་ཞིག་རེད། ཡིན་ནའང་སྤྱི་ཚོགས་ནང་རྩིས་ཀྱི་སྐོར་ལ་མཐོང་སྣང་དང་། གོ་རྟོགས། ཤེས་རྒྱ་སོགས་གཏིང་གཟབ་པོ་གཅིག་ཡོད་ས་མ་རེད། དེའི་ཐོག་ནས་ཡང་དེང་སང་ཕལ་ཆེར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ཡང་མ་འོངས་པར་འཚོ་ཐབས་དང་། ཡང་ན་དངུལ་འདྲ་པོ་ག་ཚོད་ཅིག་བཟོ་ཐུབ་མིན་སྐོར་ལ་བསམ་བློ་གཏོང་གིན་མེད་འགྲོ།


དེ་འདྲ་ཡིན་དུས་ཡང་རྩིས་བརྒྱབ་ནས་དངུལ་འདྲ་པོ་ག་ཚོད་ཅིག་བཟོ་ཐུབ་ཡོང་བསམ་པ་འདྲ་པོ་ཞིག་བསམ་བློ་གཏོང་གིན་མིན་འགྲོ། ངའི་ཁར་སྡོད་ཚུགས་འདྲ་པོ་མེད་ཙང་གཡས་ལ་ཕོག་གཡོན་ལ་ཕོག་བྱས་ན་ཡག་པོ་མེད། བྱས་ཙང་མང་པོ་ཞུ་གི་མིན། གང་ལྟར་ན་ཡང་སྨན་རྩིས་ཟེར་དུས་གནའ་སྔ་མོ་ནས་བོད་ལ་སྨན་རྩིས་གཉིས་ཟུང་དུ་སྤྲེལ་ནས་སློབ་སྦྱོང་བྱེད་རྒྱུའི་ལམ་སྲོལ་ཞིག་དར་ཡོད་པ་རེད། ཁྱེད་རང་ཚོ་ང་ལས་ལྷག་གི་རེད། སྨན་གྱི་སྐོར་ལ་སློབ་སྦྱོང་བྱས་ནའང་རྩིས་དེ་མེད་ཐབས་མེད་པ་ཞིག་རང་བཞིན་གྱིས་ཆགས་ཀྱི་འདུག་ཅེས་ཟེར་གྱིན་འདུག ངས་ཤེས་ཀྱི་མེད་ཀྱང་མིས་དེ་འདྲ་བཤད་ཀྱི་འདུག དཔེར་ན། རྩ་བལྟ་བའི་སྐབས་སུ་ཡང་དུས་བཞིའི་རྣམ་གཞག་ཤེས་དགོས་པ་དང་། ངོ་མཚར་རྩ་བདུན་བལྟ་བའི་སྐབས་སུ་ཡང་ནག་རྩིས་ཤེས་དགོས་ཀྱི་རེད་ཅེས་ཟེར་གྱིན་འདུག ལྷག་པར་དུ་ང་ཚོའི་སྲོལ་རྒྱུན་གྱི་གསོ་བ་རིག་པ་དེ་དེང་དུས་ཀྱི་འཚོ་བྱེད་ཀྱི་རིག་པ་དང་མི་འདྲ་བར་དེང་དུས་ཕལ་ཆེར་རྐང་ལག་ལ་རྨ་འདྲ་པོ་བྱུང་ན་མཛུབ་མོ་བཅད་པ་དང་། ཡང་ན་རྐང་པ་བཏུབ་རྒྱུས་མཚོན་གང་ཙམ་ནས་གཟུགས་པོ་ཡང་བཏུབ་ནས་ལྷག་ས་མ་རེད་བསམས་པ་འདྲ་པོ་འདུག ཞེ་སྣང་ཡང་ཚ་པོ་འདྲ་པོ་འདུག

དེ་ནས་སྲོལ་རྒྱུན་གྱི་གསོ་བ་རིག་པ་དེ་རྟེན་འབྲེལ་དང་། ཕྱི་ནང་གི་རྒྱུ་རྐྱེན་སོགས་ལ་བརྟག་ཅིང་དཔྱད་པའི་སྒོ་ནས་ཕན་ཚུན་གཅིག་གིས་གཅིག་ལ་རོགས་པ་འདྲ་པོ་བྱས་ནས་ཕྱི་ནང་སྣོད་བཅུད་ཀྱི་འབྱུང་བ་སོགས་གཅིག་གིས་གཅིག་ལ་གྲོགས་བྱས་ནས་ལུས་འཚོ་བར་བྱེད་པའི་དམིགས་བསལ་གྱི་བསམ་བློ་དང་གཏིང་གཟབ་པ་འདྲ་པོ་ཞིག་མེད་འགྲོ་བསམས་པ་ཞིག་འདུག དེ་འདྲ་ཡིན་དུས་ཕྱི་ནང་གི་རྟེན་འབྱུང་དང་། ཕྱི་ནང་གི་རྒྱུན་རྐྱེན་ཆ་ཚང་བ་ཞིག་རྟོགས་པ་བྱེད་པ་ལའང་སྐབས་གཅིག་རིང་ལ་སྨན་རྩིས་གཉིས་ཟུང་དུ་སྤྲེལ་དགོས་པ་དེ་འདྲ་འདུག ངས་ཞེ་དྲགས་ཤེས་ཀྱི་མེད་ཀྱང་དེང་སང་ནམ་མཁའི་རྒྱུ་སྐར་དེ་ཚོར་དོ་སྣང་ཆེན་པོ་སླེབས་བཞིན་ཡོད། ན་ནིང་ཐེངས་གཅིག་རྡོ་རྗེ་གདན་དུ་འདུལ་བའི་སྐོར་ལ་བགྲོ་གླེང་ཞིག་ཚོགས་པ་རེད། དེ་དུས་གསོ་སྦྱོང་ག་དུས་ཚུགས། དབྱར་གནས་ག་དུས་བྱས། དགག་དབྱེ་ག་དུས་བྱས་ཟེར་བའི་སྐད་ཆ་ཞིག་ཡོད་རེད། མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་མང་པོ་ཡོད་རེད། མཁས་པ་ཁ་ཤས་ཀྱིས་རྩིས་དེ་འདྲ་མཁྱེན་གྱི་ཡོད་ས་མ་རེད། གནམ་རིག་སྐར་དཔྱད་གཞིར་བཟུང་སྟེ་བརྟག་དཔྱད་བྱས་ན་ཡག་པོ་མེད་འགྲོ། ང་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་སྐར་རྩིས་དེ་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད། ཡིན་ནའང་ཡང་དེང་སང་ཚན་རིག་དང་འཕྲུལ་ཆས་ཀྱི་ལམ་ནས་དཀའ་གནད་ཀྱི་སྐོར་ལ་རིག་པས་བརྟག་དཔྱད་འདྲ་པོ་བཏང་བ་རེད། དེ་ནས་བཟུང་སྟེ་ང་རང་ཡང་དབྱིངས་འདྲ་པོ་འཕར། ངའི་ངོ་ཤེས་དེ་འདྲ་ཁོང་ཚོ་ཡང་དབྱིངས་འདྲ་པོ་འཕར་བྱས་མཚན་གང་པོ་མ་ཉལ་བར་གློག་ཀླད་འཁྲིས་སུ་བཞག་ནས་ཞོག་པའི་ཆུ་ཚོད་གསུམ་པ་བར་དེ་འདྲ་ཐེངས་ཁ་ཤས་ཤིག་བསྡད་སོང་། དེ་འདྲ་བྱས་ན་སྨྱོ་ཡང་སྨྱོ་ཡོང་ཞེས་བཤད་རྒྱུ་བྱུང་། གྲུབ་འབྲས་མ་ཐོན་སྔོན་ནས་སོ་སོ་སྔོན་ལ་སྨྱོ་ཡས་ཀྱི་ཉེན་ཁ་ཡོད་རེད་ཅེས་དེ་འདྲ་བཤད་རྒྱུ་བྱུང་སོང་།  བྱས་ཙང་ཚན་རིག་གི་འགྲོ་སྟངས་ཐོག་ནས་བྱས་ན་ང་ཚོའི་འཛམ་བུ་གླིང་འདི་དང་། ཉི་མའི་ཁྱིམ་བརྒྱུད། ཉི་མ་དེ་ནུས་པའི་འབྱུང་ཁུངས་ཡིན་པ། དེའི་མཐའ་སྐོར་དུ་ཡོད་པའི་གཟའ་སྐར་དེ་ཚོ་ཡང་དེ་ལ་བརྟེན་ནས་ཡོང་དགོས་པ། དེ་ཡང་རྒྱ་ཆེ་ས་ནས་བཤད་ན་འཇིག་རྟེན་གྱི་ཁམས་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་བསྡད་པ། དེ་དག་གི་ནང་ནས་རྒྱ་ཆུང་ས་ང་ཚོའི་འཛམ་བུ་གླིང་འདི་ཐོག་གི་སྐྱེ་དངོས་ཀྱི་དངོས་པོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་དགོས་པ། གཅིག་ལ་གཅིག་བལྟོས་ནས་ཡོད་དགོས་པ། དེར་བརྟེན་ནང་པ་སངས་རྒྱས་ཀྱི་རྟེན་འབྱུང་གི་རིག་པ་ཟེར་བ་དེ་ཧ་ཅང་གི་གཏིང་ཟབ་ལ་རྒྱ་ཆེ་བའི་ཤེས་བྱའི་གནས་གང་འདྲ་ཞིག་གི་སྟེང་ལ་ཡང་འབྲེལ་བ་ཆགས་ནས་གཏིང་གཟབ་པོ་ཞེ་དྲགས་གཅིག་འདུག་བསམ་པ་དེ་འདྲ་དྲན་ཀྱི་འདུག དེ་རིང་ངས་སྙིང་པོ་འདྲ་པོ་དེ་གང་བཤད་སྙིང་འདོད་བྱུང་ཞེ་ན་ནི་ད་ལྟ་ང་རང་ཚོས་འདས་པའི་མི་ལོ་ལྔ་བཅུ་སོང་བའི་སྨན་རྩིས་ཀྱི་དུས་དྲན་མཛད་སྒོ་འདི་འཚོགས་རྒྱུ་བྱུང་བ་རེད།


དེའི་རིང་ལ་ལེགས་པའི་ཆ་དང་ཡང་སྐྱོན་གྱི་ཆ་ཡང་གཉིས་སུ་བྱུང་ཡོད་པ་རེད། ཉམས་ཆག་བྱུང་བའི་ཆ་དེ་དག་ལ་ཡང་དོ་སྣང་བྱེད་དགོས་པ་དང་ལྷག་པར་བརྟག་དཔྱད་གཏོང་རྒྱུ་དེ་ནི་ཞེ་དྲགས་ཀྱིས་གལ་ཆེན་པོ་ཞིག་རེད་བསམ་གྱིན་འདུག ངས་སོ་སོའི་བོད་པར་སྨད་ར་བཏང་བ་མ་ཡིན་པར་མིས་ངར་བོད་པ་ཚོས་སོ་སོའི་ལས་ཀ་གྲ་འགྲིག་པོ་དང་ཚགས་ཚུད་པོ་འདྲ་བྱུང་ཚེ་དེས་བློ་ཡིད་འདྲ་འཚིམས་ནས་སྡོད་པ་ལས་གཞན་འཛམ་བུ་གླིང་སྤྱིའི་འགྲོ་སྟངས་དང་གནས་སྟངས་སོགས་ལ་བརྟག་དཔྱད་བྱེད་ཀྱི་མི་འདུག་ཅེས་བཤད་ཀྱི་འདུག དཔེར་ན། ཤིང་ཏོག་སོགས་ཉིན་ཤས་བདག་པོ་མ་བརྒྱབ་པར་བཞག་ན་སྣོད་ནང་དུ་རུལ་འགྲོ་བ་ལྟར་བོད་པ་ཚོར་ཡང་འཕུང་བྱེད་གཞན་མི་དགོས་པར་ཁོ་རང་ཚོའི་ངོས་ནས་རུལ་འགྲོ་བ་ལྟར་གཅིག་མཚུངས་རེད་ཟེར། ཁོར་ཡུག་དེ་འདྲ་གཅིག་གི་ནང་དུ་བསྡད་ནས་མགོ་བོ་འདྲ་འཁོར་ནས་བསྡད་ན་ཉེན་ཁ་ཞིག་མིན་འགྲོ་བསམས་པ་རེད། ང་མ་གཞི་ནས་དུས་རྒྱུན་དུ་བསམ་རྒྱུ་དང་དྲན་རྒྱུ་སྐྱེན་པོ་རེད། ལག་ལེན་ཞེ་དྲགས་བཀལ་མ་ཐུབ་མཁན་གྱི་མི་ཞིག་རེད། ང་འདྲ་ལྟ་བུའི་མི་ཞིག་གི་ངོར་བལྟས་ཡོང་དུས་སྤྱིར་ང་ཚོའི་རིག་གནས་དང་སྒོས་སུ་སྨན་རྩིས་གཉིས་ཀྱི་གཞུང་ལུགས་དེ་ཟབ་ཅིང་རྒྱ་ཆེ་བའི་སྐོར་ད་གིན་ཟམ་དོང་རིན་པོ་ཆེས་གསུངས་པ་བཞིན་གཏེར་མཛོད་ལྟ་བུ་ཞིག་ཡོད་ན་ཡང་ང་ཚོས་ཆ་ཚང་བ་ལྟ་བུ་ཞིག་ལག་ལེན་དུ་བསྟར་མ་ཐུབ། ཚད་མཐོ་རུ་གཏོང་བ་དང་། ཡང་གསར་གཏོད་བྱེད་པ། ཡར་རྒྱས་གཏོང་དགོས་པ་སོགས་ཀྱི་ཐད་ལ་ང་ཚོས་དོ་སྣང་བྱེད་རྒྱུ་ཉུང་དྲགས་པ་དང་མ་འདང་བའི་ཆ་ཡོད་པ་རེད། རྒྱ་གར་གཞུང་གིས་ངོས་ནས་བོད་སྨན་དེ་ཁྲིམས་མཐུན་ངོས་ལེན་བྱས་པར་བརྟེན་བོད་ཀྱི་གསོ་རིག་ལོ་རྒྱུས་ཀྱི་བརྒྱུད་རིམ་ཐོག་ང་ཚོར་རྒྱལ་ཁ་ཆེན་པོ་ཐོབ་པ་ལྟ་བུར་ངོས་འཛིན་ཞུ་བཞིན་ཡོད།



གཞུང་ལུགས་ཀྱི་རིག་པ་དེ་དེབ་སྐྱེལ་བྱས་པ་ཙམ་གྱིས་མ་འགྲིག་པར་ལག་ལེན་དུ་བསྟར་ནས་མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ཡིན་དུས་རིན་པོ་ཆེས་གསུངས་པ་བཞིན་སློབ་ཐོན་གྱི་ལག་འཁྱེར་ཡང་ཚད་ལྡན་ཡོད་དགོས་པ་དང་། དེ་ཡང་རྒྱ་གར་གྱི་མཐོ་སློབ་དང་ཚད་ལྡན་གྱི་ངོས་ལེན་ཡོད་པའི་ལག་འཁྱེར་གཅིག་མཚུངས་སུ་ཐོབ་ཐུབ་ན་ཡག་པོ་ཞེ་དྲགས་ཡོད་པ་རེད། མདོར་ན་དེ་ཚོའི་ཐོག་ལ་ཐུགས་སྣང་གནང་དགོས་པ་གལ་ཆེན་པོ་རེད་བསམས་བྱུང་། མ་གཞི་སྔོན་མ་བླ་སྨན་དམ་པ་བསྟན་འཛིན་ཆོས་གྲགས་དང་བླ་སྨན་བློ་བཟང་དབང་རྒྱལ་ལགས་ཕལ་ཆེར་དགོངས་པ་མ་རྫོགས་པའི་སྔོན་དེར་ངར་ཡང་འགན་ཆེ་ཐག་ཆོད་གཅིག་སྤྲད་སོང་། ཀརྨ་པ་སྐུ་འཕྲེང་རིམ་བྱོན་དེ་དག་སྨན་རྩིས་གཉིས་ཀྱི་ཐོག་ལ་ཕྱག་རྗེས་ཆེན་པོ་ཞེ་དྲགས་ཡོད་རེད་ལ་འབྲེལ་བ་ཆེན་པོ་ཡོད་ཅེས་གསུངས་བྱུང་། བྱས་ཙང་ཁྱེད་རང་ཡང་སྨན་རྩིས་སྦྱང་དགོས་རེད། ད་དུང་ཁོང་དགོངས་པ་མ་རྫོགས་པའི་སྔོན་དེར་དེབ་ཁ་ཤས་ཤིག་ཀྱང་བསྐུར་བྱུང་། སྐྱེམ་པ་ཚེ་དབང་གི་རྒྱུད་བཞིའི་འགྲེལ་པ་སོགས་དེབ་ཁ་ཤས་ཤིག་འདུག དེ་དུས་སེམས་འགུལ་ཆེན་པོ་འདྲ་ཞིག་ཐེབས་བྱུང་ལ་ཁས་ལེན་བྱས་པ་ཡིན་ཡང་ད་བར་སྦྱོང་ཐུབ་མ་སོང་། མཚམས་མཚམས་ལ་གོ་སྐབས་འདྲ་བྱུང་ན་བལྟ་ཀློག་བྱེད་ཀྱི་ཡོད། ད་གིན་ཟམ་དོང་རིན་པོ་ཆེས་རྒྱུད་བཞི་དེ་སུས་མཛད་མ་མཛད་ཀྱི་སྐོར་ལ་བསམ་ཚུལ་ཡོང་དུས་ཙ་ན་ཟུར་མཁར་བློ་གྲོས་རྒྱལ་པོས་དེ་ལ་ཡང་དཔྱད་རྩོམ་གཅིག་མཛད་དེ་ཕྱི་ནང་གསང་གསུམ་གྱི་གནད་ལུགས་མང་པོ་ཞིག་འདུག གང་འཚམས་ནས་དེའི་ནང་དུ་ཕྱི་ལྟར་ན་སྟོན་པ་སངས་རྒྱས་སྨན་བླ་དང་གསང་བ་ལྟར་ན་བོད་ཀྱིས་མཛད་པའི་སྐོར་ཐོན་བཞིན་འདུག དེ་དུས་མ་གཏོགས་མཐོང་མ་མྱོང་། དེའི་སྐོར་ལ་ཕྲན་བུ་ཙམ་བལྟ་ཀློག་བྱས་པའི་ཁུལ་རེད། དེ་བཞིན་ཀརྨ་པའི་སྐུ་འཕྲེང་རིམ་བྱོན་དེ་ཚོའི་ནང་དུ་སྨན་རྩིས་གཉིས་ལ་མཁྱེན་པ་ཡོད་མཁན་དཔེར་ན། ཀརྨ་པ་རང་བྱུང་རྡོ་རྗེ་ལྟ་བུས་མཚོན་མང་པོ་ཡོང་བསྡད་ཀྱི་འདུག དེ་ཚོའི་མཛད་པ་འཕྲིན་ལས་ཁག་ལ་ཐོས་བསམ་དང་སློབ་གཉེར་བྱེད་དུས་རང་ཉིད་ཡིན་ནའང་ངོ་ཚ་དགོས་པ་དེ་འདྲ་ཡོང་གི་འདུག དེ་འདྲ་སོང་ཙང་ངའི་ངོས་ནས་ཡང་མ་འོངས་པར་མི་ཚེ་རིང་པོ་འདྲ་བྱུང་ན་སོ་སོའི་ངོས་ནས་བོད་ཀྱི་སྨན་རྩིས་གཉིས་ཀྱི་རིག་གནས་སྐོར་ལ་ཡང་བག་ཆགས་མི་དམན་ཙམ་ཞིག་འཇོག་ཐུབ་པའི་ཆེད་དུ་འབད་བརྩོན་ཞུ་གི་ཡིན་ཞེས་ཞུ་འདོད་བྱུང་། མཚམས་འདིར་སྨན་རྩིས་མཐོ་སློབ་ཀྱི་དུས་དྲན་ཉིན་མོར་འདུ་མཛོམས་བྱུང་བའི་སྨན་རྩིས་དགེ་སློབ་སོགས་ཚོགས་བཅར་བ་ཡོངས་ཀྱིས་དགའ་བསུའི་ཐལ་སྒྲ་ཚད་མེད་ཅིག་བསྒྲགས། མུ་མཐུད་དེ་བཀའ་སློབ་གནང་བ་སྟེ། བོད་ཀྱི་སྨན་རྩིས་གཉིས་སྦྱངས་ནས་སྨན་པ་མཁས་པ་ཞིག་དང་རྩིས་པ་མཁས་པ་ཞིག་ཆགས་ཀྱི་རེད་དྲན་གྱི་མེད་ནའང་དེས་བོད་ཀྱི་སྨན་རྩིས་གཉིས་ཀྱི་བསྟན་པར་ཕྲན་བུའི་ཞབས་འདེགས་འགྲོ་བ་ཞིག་དང་ལྷག་དོན་སྨན་རྩིས་གཉིས་ཀྱི་བསྟན་པར་ཕྱར་གྲུ་མཉམ་འདེགས་གནང་དང་གནང་བཞིན་ཡོད་པ་སྤྱི་དང་དམིགས་བསལ་དེ་རིང་འདིར་ཕེབས་པའི་སྨན་རྩིས་དགེ་སློབ་ཡོངས་ལ་སེམས་འགུལ་ཐེབས་ཐུབ་པ་ཞིག་ཡོང་གི་རེད་དྲན་བྱུང་། སྨན་རྩིས་མཐོ་སློབ་ཁང་དབུ་བསྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འདིར་ངའི་ངོས་ནས་སྐད་ཆ་གྲ་འགྲིག་པོ་ཞིག་དང་རྒྱ་ཆེ་བ་དེ་འདྲ་བཤད་རྒྱུ་མི་འདུག་ཀྱང་ངས་གོང་དུ་ཞུས་པ་ལྟར་སོ་སོས་སྨན་རྩིས་གཉིས་ལ་སྦྱང་བརྩོན་བྱ་རྒྱུའི་དམ་བཅའ་ལྟ་བུ་ཞིག་འབུལ་འདོད་བྱུང་། དེ་མིན་ཞུ་རྒྱུ་གང་ཡང་མེད། ཐུགས་རྗེ་ཆེ། ཞེས་གསུངས། དེ་ལྟར་བཀའ་སློབ་གསུང་གྲུབ་རྗེས་སྨན་རྩིས་སློབ་མས་གོ་སྒྲིག་ཞུས་པའི་འགྲེམས་སྟོན་ཁག་ལ་ཐུགས་སྣང་ཆེན་པོས་གཟིགས་ཞིབ་བཀའ་འདྲི་གནང་ཞིང་། དེ་ནས་ཉིན་གུང་གསོལ་ཚིགས་མཐོ་སློབ་དཔེ་མཛོད་དུ་གོ་སྒྲིག་ཞུས་པ་བཞིན་སྐུ་འཁོར་ལྷན་རྒྱས་ནས་གསོལ་ཚིགས་བཞེས་རྗེས་ཕེབས་བསྐྱེལ་ཞུས་ཏེ་མཛད་སྒོ་དངོས་གཞི་ཡོངས་སུ་མཇུག་བསྒྲིལ། ཉིན་དེ་ནས་བཟུང་ཉིན་གྲངས་བདུན་ཙམ་རིང་འགྲེམས་སྟོན་ལ་གཟིགས་ཞིབ་གནང་མཁན་གང་མང་བྱུང་བ་སོགས་སྨན་རྩིས་མཐོ་སློབ་ཁང་གི་དུས་དྲན་མཛད་སྒོ་དང་སྐབས་བསྟུན་བགྱིད་སྒོ་གང་མང་སྤེལ་བས་ཕན་བདེ་གང་ལེགས་བྱུང་།

སྨན་རྩིས་མཐོ་རིམ་སློབ་གཉེར་ཁང་འདི་དངོས་སུ་དབུ་བརྙེས་ནས་ད་བར་མི་ལོ་ལྔ་བཅུ་སོང་བ་དང་། ལོ་ངོ་འདི་དག་གི་རིང་ལ་ཆེས་གལ་ཆེ་བའི་གྲུབ་འབྲས་སུ་བརྩིས་ཆོག་པ་ནི། ཁྱོན་བསྡོམས་སྨན་སློབ་སྐབས་བཅུ་དྲུག་དང་རྩིས་སློབ་སྐབས་བརྒྱད་པ་བར་གསོ་སྐྱོང་ཐུབ་ཡོད། དེའི་ནང་སྨན་པ་ཚད་ལྡན་གྲངས་༢༦༣ དང་རྩིས་པ་གྲངས་༤༧ ཙམ་སྐྱེད་སྲིང་བྱས་ཡོད། དེ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་མེད་ཐུགས་རྗེའི་འོད་སྣང་ཕྱོགས་བཅུར་འཕྲོ་བཞིན་པའི་བྱིན་མཐུ་དང་སྨན་རྩིས་ཁང་གི་དགེ་སློབ་ཡོངས་ཀྱི་ལྷག་བསམ་དག་པའི་སྙིང་སྟོབས་ཐང་མར་བརྡལ་བའི་དན་རྟགས་འཁྲུལ་མེད་ཀྱི་རང་གཟུགས་མངོན་པར་གསལ་བ་ཞིག་ཡིན་ནོ།།
 

སླར་སྨྲས་པ།

གནས་ལུགས་བཞིན་རིས་ལྷ་ལམ་ཡངས་པོ་ལ།།

སྒྲིབ་བྱེད་ཆུ་འཛིན་སྨག་རུམ་རབ་འཁྲུགས་པའི།།

དུག་གསུམ་ལས་མཆེད་ནད་གདོན་བུད་ཤིང་ཚོགས།།

ཡོངས་སུ་སྲེག་པའི་སྣང་གསལ་འདི་ན་དགེ།

ཞེས་བར་སྐབས་ཀྱི་ཚིག་གིས་དོན་བསྡུས་ཏེ་ངལ་གསོ་བའོ།། །།

 

མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 12:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།