སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.04.2017
མདུན་ངོས། >>



༄༅། །སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༡ འཁོར་བའི་དུས་དྲན་མཛད་སྒོའི་སྟེང་
སྨན་རྩིས་ཁང་འགན་འཛིན་མཆོག་གི་གསུང་བཤད།

 

དེ་རིང་གི་ཉིན་མོ་ནི་རབ་བྱུང་བཅོ་ལྔ་པའི་མེ་འབྲུག  ཕྱི་ལོ་ ༡༩༡༦ ལོར་ྋརྒྱལ་མཆོག་ྋསྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ ༡༠༡ འཁོར་བ་དང་། བཞུགས་སྒར་དྷ་རམ་ས་ལར་ྋརྒྱལ་དབང་ྋསྐུ་ཕྲེང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་མི་ལོ་ ༥༦ འཁོར་བའི་རྗེས་དྲན་མཛད་སྒོའི་ཉིན་མོ་ཡིན་སྟབས། འདིར་ཆིབས་བསྒྱུར་བསྐྱངས་པའི་མགྲོན་གྱི་གཙོ་བོ་མི་རྗེ་སྐུ་ངོ་སྲིད་སྐྱོང་མཆོག་དང་། དམིགས་བསལ་སྐུ་མགྲོན་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ།  གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྒྱུན་ལས་རྣམ་པ། གསར་འགོད་པ་རྣམ་པ། དེ་བཞིན་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི། བགྲེས་ཡོལ་བ་རྣམ་པ། སྨན་རྩིས་སློབ་ཕྲུག  Vana ཁོངས་ཀྱི་ཟླ་དྲུག་འཇམ་དཔྱད་སློབ་ཕྲུག་བཅས་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
 

སྨན་རྩིས་ཁང་གི་རིག་གཞུང་དང་འཛིན་སྐྱོང་གི་སྡེ་ཚན་ཁག་གི་ལས་བསྡོམས་རྣམས་འདིར་སྙན་སྒྲོན་ཞུས་ན་དུས་ཡུན་རིང་པོ་འགོར་རྒྱུ་ཡིན་པར་བརྟེན། ལས་བསྡོམས་རྣམས་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་དང་། སྨན་པ་ཆོས་ལོ་ཐར་ལགས། འགན་འཛིན་དྲུང་ཡིག་བསོད་ནམས་དབྱངས་སྒྲོན་ལགས་བཅས་ནས་ཕྱོགས་བསྒྲིགས་ཀྱིས་དེབ་གཟུགས་སུ་བཟོས་ཏེ་འགྲེམས་སྤེལ་ཞུ་རྒྱུ་ཡིན། ལོ་མང་སྔོན་བོད་གཞུང་སྲི་ཞུ་བ་རྣམས་ལ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བཀའ་སློབ་ཕེབས་གསལ། ལས་ཀ་བྱས་ཡོད་ན། ལས་བསྡོམས་སྐྱོར་རྒྱུ་ཡོང་གི་རེད་གསུངས་པ་ལྟར། སྡེ་ཚན་སོ་སོས་བོད་ཀྱི་གསོ་བ་རིག་པ་དང་སྐར་རྩིས་རིག་པའི་བསྟན་པ་དང་། སྒྲིག་འཛུགས་ལ་ཕན་པའི་ལས་དོན་ཇི་བྱས་རིང་མིན་མཁྱེན་རྟོགས་ཡོང་ངེས་ཡིན་ཞེས་ཞུ་རྒྱུ་དང་། འདིར་སྨན་རྩིས་ཁང་གི་ངོ་སྤྲོད་དང་སྲིད་ཇུས། བྱེད་འཆར་རོབ་ཙམ་ཞིག་ངོ་སྤྲོད་ཞུ་རྒྱུ་ལ།

སྨན་རྩིས་ཁང་ནི་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བསྐྱར་འཛུགས་གནང་ཞིང་། དུས་རབས་ཉེར་གཅིག་པའི་ནང་བོད་མི་རིགས་དང་རིག་གཞུང་གི་ངོ་བོ་གསལ་སྟོན་ཐུབ་པའི་ཚོགས་སྡེ་གལ་ཆེ་ཤོས་གྲས་སུ་ཡོད་པ་ལྟར་སྒྲིག་འཛུགས་འདིའི་ཁོངས་སུ་གཏོགས་པའི་ལས་བྱེད།  ལས་མི།  སློབ་ཕྲུག་རྣམས་ནས་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལངས་ཕྱོགས་ལྟར་འབད་པ་གང་ཐུབ་ཞུ་བཞིན་ཡོད། སྒྲིག་འཛུགས་འདིའི་ལས་འགན་གལ་ཆེ་ཤོས་ཤིག་ནི་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཕྲོད་བཞེས་ཞབས་ཞུ་ལས་ལྷག་པ་མ་མཆིས་སྟབས། སྐུའི་འཕྲོད་བཞེས་ཞབས་ཞུ་བ་སྨན་པ་རྣམས་ནས་མགོན་པོ་གང་ཉིད་ཀྱི་སྐུའི་འཕྲོད་བཞེས་དང་མཐུན་པའི་ལྗགས་སྨིན་གསོལ་སྨན་ཁག རྒྱུད་གཞུང་མན་ངག་དང་མཐུན་པར་སྦྱོར་འབུལ་ཞུ་བཞིན་པ་དང་། སྐར་དཔྱད་རྩིས་རིག་སྡེ་ཚན་ནས་སྐུ་ཡི་དགུང་ཀེག་རིགས་ལ་ཀེག་རྩིས་ལྟར་ཆོ་གའི་རིགས་ཀྱང་འཚེམས་ལུས་མེད་པར་འབུལ་ལམ་ཞུ་བཞིན་པ་ཡིན།
 

ད་ལྟའི་ཆར་སྨན་རྩིས་ཁང་དུ་ངོ་བོ་དང་ལས་འགན་གྱི་ཐོག་ནས་འཛིན་སྐྱོང་ཁོངས་སྡེ་ཚན་ཁག་ ༡༡ དང་། རིག་གཞུང་ཁོངས་སྡེ་ཚན་ ༡༡ བཅས་སྡེ་ཚན་ ༢༢ དང་།  འཛིན་སྐྱོང་ཚགས་ཚུད་དང་མཉམ་རུབ་ཆེད་སྒྲིག་གསལ་ལས་ཀའི་ངོ་བོའི་ཆ་ནས་དབང་ཚད་བགོ་འགྲེམས་བྱས་པའི་ཚོགས་ཆུང་ཁག་ ༩ བཅས་ཡོད། དེའི་ནང་སྨན་པ་གཙོ་བོ་ཚོགས་གཙོ་ཡིན་པའི་ཆེས་མཐོའི་སྨན་རྩིས་ལྷན་ཚོགས་ནི་ཚོགས་ཆུང་གལ་ཆེ་ཤོས་དེ་ཡིན།
 

མི་ཤུགས་གོང་སྤེལ་སྡེ་ཚན་ཁོངས་ལས་བྱེད་དང་། ལས་མི། སློབ་ཕྲུག་བཅས་ཀྱི་རྣམ་གྲངས།

ཨང་།

རྣམ་གྲངས།

ཕོ།

མོ།

བསྡོམས།

སྨན་པ།

༦༩

༤༩

༡༡༨

ཆོད་གན་སྨན་པ།

-

སྐར་རྩིས་པ།

༡༥

སྨན་སློབ།

༤༣

༤༠

༨༣

སྐར་རྩིས་སློབ་ཕྲུག

༡༤

༢༢

འཛིན་སྐྱོང་ལས་བྱེད།

༡༧༢

༡༥༨

༣༣༠

འཛིན་སྐྱོང་ཆོད་གན་ལས་བྱེད།

༣༣

༡༦

༤༩

ལས་མི།

༣༡

༤༤

༧༥

བསྡོམས།

༣༦༩

༣༢༨

༦༩༧

 

སྨན་རྩིས་ཁང་གི་དགོས་གལ་དང་བསྟུན་ཏེ་ལས་བྱེད་དང་ལས་མི་མང་དུ་སོང་ཡོད་ཅིང་ཨར་ལས་འཛུགས་སྐྲུན་ཀྱང་དེ་བཞིན་རྒྱ་སྐྱེད་ཕྱིན་པ་མངོན་གསལ་ཡིན་ནའང་། ད་དུང་སྨན་སྦྱོར་དང་སྔོ་སྦྱོར་སྡེ་ཚན་གཉིས་ནས་ལས་མི་མ་འདང་བའི་སྙན་ཞུ་མུ་མཐུད་ཡོང་བཞིན་འདུག་ལ། དཀའ་ངལ་དེ་སེལ་བར་རིམ་པས་ལས་བྱེད་དང་ལས་མི་མང་དུ་གཏོང་རྒྱུ་ཡིན། འོན་ཀྱང་གནས་སྐབས་སྡེ་ཚན་དེ་གཉིས་ཀྱི་ད་ཡོད་ལས་བྱེད་རྣམས་ལ་སྔ་དགོང་ལས་འཕར་བྱེད་དགོས་རིགས་མུ་མཐུད་ཤུགས་སྣོན་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།      
     

སྨན་རྩིས་ཁང་གི་སྒྲིག་གསལ་གནས་རིམ་སོ་སོའི་ཤེས་ཚད་ཆ་རྐྱེན་སྟེང་། འཛིན་སྐྱོང་བཀོད་ཁྱབ་ངོ་བོར་(Executive order) བཏང་སྟེ་ཤེས་ཡོན་གྱི་གནས་ཚད་ཆ་རྐྱེན་སྤར་ཡོད་ཅིང་། དཔེར་ན། སྨན་རྩིས་ཁང་གི་ལས་བྱེད་ཀྱི་ཆ་རྐྱེན་དང་འོས་ཆོས་ཁོངས། M.A དང་ M.Com, M.Sc  ཐོན་པའི་ལག་འཁྱེར་ཡོད་མཁན་སྒྲིག་གསལ་གནས་རིམ་དྲུག་པའི་ཁོངས་བཞག་གནང་ཡོད་ཀྱང་། དེང་སྐབས་གནས་རིམ་དགུ་པ་དང་བཅུ་བའི་ཁོངས་སུ་འཛུལ་ཞུགས་བྱེད་མཁན་ཁྲོད་དུའང་གོང་གསལ་ལག་འཁྱེར་ཡོད་མཁན་ལ་ཡང་འཛུལ་བཞུགས་དགོས་པ་ལས་གནས་རིམ་ ༨།༧།༦ པར་ཐད་ཀར་ཡོང་ཐབས་མེད།  དེ་བཞིན་སྒྲིག་གསལ་ཁོངས་སྨན་རྩིས་ལས་བྱེད་པའི་ཚོད་ལྟའི་དུས་ཡུན་ཟླ་ ༦ ཡིན་པ་ལོ་གཅིག་ལ་རིང་དུ་བཏང་ཡོད། B.A. M.A. སོགས་གནས་རིམ་ ༩།༡༠ པར་ཚང་ཀ་ཤིག་ཤིག་ཡོང་བ་དེ་ནི་གཙོ་བོ་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ནས་ཆ་རྐྱེན་བསྐྲུན་པ་དང་། སྨན་རྩིས་ལས་བྱེད་དང་། ལས་མི་ཡོངས་ནས་ཧུར་བརྩོན་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་བྱུང་བ་ཡིན།
 

སྨན་རྩིས་ཁང་ནས་ཉམ་ཐག་དང་། ལོ་ན་ ༦༥ ཡན། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད། བོད་ནས་གསར་དུ་འབྱོར་བ། སྨན་རྩིས་ཁང་གི་ལས་བྱེད་དང་སྡོད་གཅིག་ནང་མི། བོད་མི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བལྟ་སྐྱོང་ཆེ་སྨན་རིན་བརྒྱ་ཆ། གྲྭ་བཙུན། སློབ་ཕྲུག་བཅས་ལ་སྨན་སྦྱིན་ཕུལ་བ་ཟླ་རེར་ཆ་སྙོམས་བྱས་ན་ཧིན་སྒོར་འབུམ་ ༣༡ གཏོང་བཞིན་ཡོད་པ་དེ་དག་གཙོ་བོ་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཡང་སྒོས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་ཡོད་པའི་སྨན་རྩིས་ཁང་ལ་བསྟེན་གཏུགས་བྱེད་མཁན་གྱི་ནད་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན། ཉམ་ཐག་གི་ཐོ་གཞུང་འདེམ་སྒྲུག་ལ་མཚོན་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ནང་ཤེས་འཕྲོད་གསུམ་གྱི་ཉམ་ཐག་འདེམ་སྒྲུག་སྲིད་ཇུས་ལས་གུ་ཡངས་པ་ཡོད་པས་སྨན་སྦྱིན་ཞུ་མཁན་གྱི་གྲངས་ཐོ་ཡང་མང་བ་ཡོད། སྨན་རྩིས་ཁང་ལ་མཚོན་ན་ས་གནས་འགོ་འཛིན་སོ་སོས་གནང་བའི་ཐོ་གཞུང་རང་ལ་སྨན་རྩིས་ཁང་ནས་རྩ་འཛིན་བྱེད་བཞིན་པ་དང་། ད་དུང་ཐོ་གཞུང་ཁོངས་མ་ཚུད་པའི་ཉམ་ཐག་ལྷག་བསྡད་རིགས་ཡོད་ཚེ་ས་གནས་འགོ་འཛིན་སོ་སོས་འཐུས་ཤོར་དང་ལྷོད་ཡངས་སུ་བཏང་པར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་ངོས་འགན་འཛིན་ས་གནས་ཁག་ལ་རྟོགས་ཞིབ་ཏུ་བསྐྱོད་སྐབས་བརྗོད་ཡོད།
 

སྨན་རྩིས་ཁང་ལ་ཁྲིམས་དང་བཟང་སྤྱོད་གཉིས་ཀྱི་འགན་ཡོད་པའི་ཐོག་མང་ཚོགས་ནས་ཡིད་ཆེས་འཕེར་བའི་ངོས་འཛིན་བྱེད་སྟངས་ཤིག་ཡོད་སྟབས། སྨན་རྒྱུ་སྤུས་ལེགས་མཁོ་སྒྲུབ་དང་།  བཟོ་སྦྱོར་ཚད་ལྡན་དགོས་པའི་བཀོད་ཁྱབ་ནན་པོ་སྨན་པ་གཙོ་བོ་དང་སྨན་སྦྱོར་འགན་འཛིན་གཉིས་ལ་བྱས་ཡོད། བླ་བྲང་དང་། གྲྭ་ཚང་ཁག་ནས་སྨན་རྩིས་ཁང་ལ་རེ་བ་དང་ཡིད་ཆེས་ཆེན་པོས་གསོལ་སྨན་དང་སྨན་པའི་མཐུན་འགྱུར་རེ་སྐུལ་ཞུ་མཁན་མང་དུ་འགྲོ་ཡོད་པའི་ནང་ནས་སྨན་དང་སྨན་པ་གཉིས་ཀ་སྨན་རྩིས་ཁང་ནས་གཏོང་གནང་ཡོང་བའི་རེ་སྐུལ་ཞུ་མཁན་ལ་ངོས་ལེན་དང་མཐུན་འགྱུར་གང་ཐུབ་ཞུ་བཞིན་ཡོད། འགའ་ཞིག་གིས་སྨན་གཞན་ནས་མཁོ་སྒྲུབ་དང་སྨན་པ་རྒན་པ་ཞིག་སྨན་རྩིས་ཁང་ནས་གཏོང་གནང་ཡོང་བ་དང་། ཡང་སྨན་དེ་སྨན་རྩིས་ཁང་དང་སྨན་པ་ང་ཚོར་ཡོད་ཞུ་མཁན་རིགས་ལ་ཁས་ལེན་ཞུས་མེད།
 

ངོས་ནས་སྨན་རྩིས་ཁང་གི་འགན་འཛིན་གྱི་ལས་ཁུར་ཞུས་ནས་ལོ་ལྔ་འཁོར་བཞིན་ཡོད་པས་ལོ་ལྔའི་རིང་གི་སྤྱིའི་གནས་བབས་ལ་དཔྱད་བསྡུར་ཅིག་ཞུ་ན།

སྨན་སྦྱོར་ཁང་གི་ཕྱི་ལོ་ ༢༠༡༡ དང་ཕྱི་ལོ་ ༢༠༡༦ལོ་གཉིས་ཀྱི་སྨན་དང་རིན་ཆེན་རིལ་བུའི་ཐོན་སྐྱེད་དཔྱད་བསྡུར་རེའུ་མིག

ཨང་།

ལོ་ཚིགས།

སྨན་ཐུན་གྲངས།

(གྲངས་གནས་ས་ཡ།)

རིན་ཆེན་རིལ་བུ་ཐུན་གྲངས།

(གྲངས་གནས་ས་ཡ།)

༢༠༡༡ - ༢༠༡༢

༣༧ 

༢༠༡༦ - ༢༠༡༧

༥༩ 

 

སྔོ་སྦྱོར་སྡེ་ཚན་གྱི་ཕྱི་ལོ་ ༢༠༡༡ དང་ཕྱི་ལོ་ ༢༠༡༦ ལོ་གཉིས་ཀྱི་ཐོན་སྐྱེད་དང་། དངུལ་འབོར། ཐོན་དངོས་རྣམ་གྲངས་དཔྱད་བསྡུར་རེའུ་མིག

ཨང་།

ལོ་ཚིགས།

ཐོན་སྐྱེད་གྲངས་འབོར།

དངུལ་འབབ།

(གྲངས་གནས་ས་ཡ།)

ཐོན་དངོས་རྣམ་གྲངས།

༢༠༡༡ - ༢༠༡༢

༣༠༦ ༥༧༨

༡༧.༢

༤༦

༢༠༡༦ - ༢༠༡༧

༦༥༩ ༠༤༠

༥༩.༣

༥༧

 

སྨན་རྩིས་ཁང་གི་དཔལ་འབྱོར་གནས་བབས་ཁོངས་བྱུང་སོང་འཕར་ཆག་གི་གནས་སྟངས།

ཨང་།

རྩིས་འགོ།

༢༠༡༡ - ༢༠༡༢

( གྲངས་གནས་ས་ཡ། )

༢༠༡༦ - ༢༠༡༧

( གྲངས་གནས་ས་ཡ། )

སྨན་རྩིས་ལས་བྱེད་དང་ལས་མིའི་གསོལ་ཕོགས།

༧༠.༧

༡༧༩.༢

སྨན་སྦྱིན་སོང་བ།

༡༤.༥

༣༤

སྨན་གྱི་ཡོང་འབབ།

༡༢༥.༧

༢༥༤.༧

གསོ་རིག་ཐོན་དངོས་ཡོང་འབབ།

༢༠.༦

༩༠.༦

བརྟག་དཔྱད་ཡོང་འབབ།

༡༡.༤

༢༥.༧

དངུལ་ཁང་སྐྱེད་འབབ།

༡༣.༢

༡༥

ལག་དངུལ་དང་དངུལ་ཁང་དུ་ལྷག་བསྡད།

༢༤༩.༩

༢༧༨.༦

 

ད་ལྟ་སྨན་རྩིས་ཁང་ལ་སྨན་པ་དང་སྨན་རྒྱུ་གཉིས་དགོས་མཁོ་ལྟར་མ་འདང་བའི་དཀའ་ངལ་ཕྲན་བུ་འཕྲད་བཞིན་ཡོད། ལྷག་པར་སྨན་པ་མ་འདང་བའི་དཀའ་ངལ་སེལ་སླད་རྒྱལ་བའི་བཀའ་དགོངས་གཞི་བཟུང་སྨན་རྩིས་ཁང་ནས་འདས་པའི་ལོ་ལྔའི་ནང་སྨན་རྩིས་སློབ་མ་བསྡུ་རུབ་ལོ་ལྟར་བྱེད་ཅིང་འབྱུང་འགྱུར་གྱི་གསོ་རིག་སྨན་པ་སྐྱེད་སྲིང་སྔར་ལྷག་འབད་བརྩོན་བྱེད་བཞིན་ཡོད། གཞན་ཡང་དཀའ་ངལ་དེ་སེལ་བར་རྒྱ་གར་དང་བོད་ཀྱི་ས་མཚམས་ཁག་དང་། བལ་ཡུལ་དང་བོད་ཀྱི་ས་མཚམས་ཁག་ཏུ་ཡུལ་མིའི་གནས་བབས་དང་མཐུན་པའི་ལས་གཞིའི་གསར་པ་ཁག་ཅིག་འཆར་འགོད་བྱེད་བཞིན་ཡོད་ལ། ས་ཁུལ་དེ་དག་མཐའ་འཁོབ་དང་འགྲུལ་བཞུད་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ཞན་པས་སྨན་རྩིས་ཁང་གི་སྨན་པ་རྣམས་འགྲོ་འདོད་བྱེད་ཀྱི་མ་རེད་སྙམ་པ་དང་། ཕྱིན་ཀྱང་ཡུན་རིང་སྡོད་མི་ཐུབ་པའི་དཀའ་ངལ་ལ་བརྟེན་ས་གནས་ཀྱི་འབྲེལ་ཡོད་མི་སྣ་དང་འབྲེལ་བ་བྱས་ཏེ་དཀའ་ངལ་དེ་སེལ་བའི་ཐབས་ལམ་འཚོལ་བཞིན་ཡོད།
 

ནད་རིགས་སྔོན་འགོག

སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་མཛད་སྒོའི་སྟེང་། ྋགོང་ས་མཆོག་ནས་བཀའ་ཕེབས་གསལ། འདིར་གསོ་བ་རིག་པར་ཆ་བཞག་ན། སྨན་རྩིས་ཁང་ནས་ད་བར་བྱས་རྗེས་དང་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད། ད་དུང་བོད་པའི་གཞིས་ཆགས་ཁག་ཏུ་ཕྱིན་པའི་སྐབས་ནད་པ་མང་པོ་ཞེ་དྲགས་འདུག སྔོན་འགོག་བྱེད་རྒྱུའི་ཐོག་ལ་འཐུས་ཤོར་ཕྱིན་པའི་རྟགས་གསལ་པོ་ཞེ་དྲགས་འདུག འཕྲོད་བསྟེན་ལས་ཁུངས་ནས་འཐུས་ཤོར་ཞེ་པོ་ཞིག་ཕྱིན་པའི་བཟོ་འདྲ་བོ་ཞིག་འདུག སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ཁུངས་ནས་ཀྱང་འཐུས་ཤོར་ཕྱིན་པའི་བཟོ་འདྲ་བོ་ཞིག་འདུག་ཅེས་བཀའ་ལྕི་ཕེབས་མ་ཐག་ནུས་ཤུགས་བསྒྲིལ་ཏེ་དགོས་མཁོ་དང་མཐུན་པའི་ལས་གཞི་སྣ་ཚོགས་ཤིག་བརྩམས་པའི་ཁོངས་སུ། འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྡོད་གནས་ཁག་གི་སྨན་ཞབས་པ་དང་། འཕྲོད་ལས་པ་རྣམས་ལ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ནད་རིགས་སྔོན་འགོག་གི་ཟབ་སྦྱོང་ཚོགས་འདུ་བསྐོང་འཚོགས་སྐབས། ཐུགས་འཁུར་ཆེ་བཞེས་ཀྱིས་སྨན་རྩིས་ཁང་ལ་སྨན་པ་ ༩ ཚོགས་ཞུགས་ཀྱི་ས་མིག་སྤྲད་གནང་བའི་སྟེང་། སྨན་རྩིས་ཁང་ནས་འགན་ཆེ་ཙམ་ལེན་དགོས་པའི་རེ་འདུན་དང་སྦྲགས་བསྐྱར་དུ་ཚོགས་ཞུགས་པའི་ས་མིག་འཕར་མ་ཞུས་ཏེ། བོད་མིའི་འདུས་སྡོད་ཡན་ལག་སྨན་ཁང་ཁག་ནས་སྨན་པ་གྲངས་ ༢༨ ཚོགས་ཞུགས་ཞུས་པ་དང་། ཉམས་ཞིབ་སྡེ་ཚན་ནས་འགན་གཙོ་བཞེས་ཐོག དཔེ་ཐོག་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན། ལུས་སེམས་སྲོག་གི་སྡེ་ཚན་གྱི་སྨན་པ་དང་སྐར་རྩིས་པ་རྣམས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཁྱབ་བརྡལ་ཆེ་བའི་ནད་གཞི་མཆིན་པའི་གཉན་ཚད་དང་། གློ་ནད་ཊི་བི། ཕོ་བའི་འབྲས་ནད། ཁྲག་རླུང་སྟོད་འཚངས། དབུགས་མི་བདེ་བ། གྲུམ་བུ། གཅིན་སྙི། གཞན་ཡང་སྦྲུམ་མའི་འཕྲོད་བསྟེན་བཅས་ནད་རིགས་ནད་སྔོན་གྱི་དེབ་ཕྲེང་བརྒྱད་ཡོད་པ་དེ་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་ལྡི་ལིར་ྋགོང་ས་མཆོག་ནས་དབུ་འབྱེད་ཀྱིས་འགྲེམས་སྤེལ་ཟིན་པ་དང་།  དབུགས་སྦྱོང་ཡོ་གའི་སྐོར་གྱི་ལས་གཞི་དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༣ ཉིན་དྷ་ས་ལྷ་རྒྱལ་རིར་ས་གནས་འགོ་འཛིན་དབུ་བཞུགས་ཀྱིས་མཉམ་ཞུགས་གནང་མཁན་ཡོངས་ལ་ཡོ་གའི་སྒྲིག་ཆས་འགྲེམས་སྤེལ་དང་སྦྲགས་འགོ་འཛུགས་ཟིན་པ་དང་། ཡོ་གའི་དེབ་ཆུང་དེ་རིང་གི་མཛད་སྒོའི་སྟེང་དབུ་འབྱེད་ཞུ་རྒྱུ་ཡིན། ད་དུང་མུ་མཐུད་ནད་རིགས་སྔོན་འགོག་ཚོགས་ཆུང་ནས་སྙིང་ནད་དང་། རྩ་དཀར། མགོ་ནད། པགས་ནད། ཆམ་རིམས། བཤང་འགག གཞང་འབྲུམ། མོ་ནད་བཅས་ཀྱི་བརྗོད་གཞིའི་ཐོག་གོ་བདེའི་ཚིག་གི་ལམ་ནས་རྩོམ་སྒྲིག་ཞུས་ཏེ་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་ཞུ་འཆར་ཡོད། ཡན་ལག་ཁག་གི་བརྟག་དཔྱད་སྨན་པ་རྣམས་ས་ཁུལ་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་མི་མང་དང་རྒན་གསོ་ཁང་སོགས་སུ་དུས་ཚོད་ཆ་བགོས་ཀྱིས་དུས་ནས་དུས་སུ་ཟས་སྤྱོད་སྤང་བླང་ལམ་སྟོན་དང་། ནད་རིགས་སྔོན་འགོག་གི་སློབ་གསོ་དགོས་པའི་བཀོད་ཁྱབ་བཏང་བ་བཞིན་ལག་ལེན་བསྟར་བཞིན་ཡོད། མང་ཚོགས་ཀྱི་འཕྲོད་བསྟེན་གཅེས་སྲུང་ཐོག་འབྲེལ་ཡོད་སྡེ་ཚན་དང་མང་ཚོགས་མི་རེ་ངོ་རེ་གཉིས་ཀར་འགན་འཁྲི་གཅིག་མཚུངས་ཡོད་སྟབས། ད་ནས་བཟུང་ནད་རིགས་སྔོན་འགོག་ཐོག་ལ་སྨན་རྩིས་ཁང་ངོས་ནས་གསོ་རིག་ལུགས་ཀྱི་འཕྲོད་བསྟེན་སློབ་གསོ་དང་། བལྟ་བདེའི་ཡིག་ཆ་རྩོམ་སྒྲིག་དང་འོད་སྡེར་གསར་བཟོ་བྱ་རྒྱུ་དེ་ཙམ་དཀའ་ངལ་མ་མངོན་ཡང་། གཙོ་ཆེ་བོད་རིགས་མང་ཚོགས་ཡོངས་ནས་རང་གི་འཕྲོད་བསྟེན་ཐད་ལ་རང་དོན་རང་གཅེས་དགོས་པའི་ལས་དོན་དུ་དགོངས་ཏེ་ཟས་སྤྱོད་སྤང་བླང་རིམ་པའི་གནང་ཕྱོགས་མ་ནོར་བ་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།
 

གལ་ཆེའི་ལས་དོན་མཇུག་སྐྱོང་དང་ལས་འཆར་གསར་པ།

མིའི་ནུས་ཤུགས་ནི་སྤྱི་ཚོགས་དང་ཚོགས་སྡེ་གང་ཞིག་ཚགས་ཚུད་དང་ཡར་རྒྱས་སུ་འགྲོ་བའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན། སྨན་རྩིས་ཁང་ནས་ཀྱང་མིའི་ནུས་ཤུགས་གོང་སྤེལ་སྡེ་ཚན་ཞིག་གསར་དུ་འཛུགས་ནས་སྨན་རྩིས་ཆེད་ལས་པ་དང་སྨན་རྩིས་ལས་སྣེ་རྣམས་ལ། དབུས་དང་ཅོན་ཏ་ར་གསོ་རིག་སློབ་གཉེར་ཁང་བཅས་སུ་ལོ་ལྟར་ཟབ་སྦྱོང་བཀོད་སྒྲིག་ཞུ་བཞིན་ཡོད། གཞན་ཡང་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་ལ་ཆེད་གཏོང་བྱེད་བཞིན་པ་དང་། ཉེ་བའི་ཆར་ས་ལུ་སྒར་དུ་རྒྱ་གར་བྱང་ཤར་ཁུལ་དང་བལ་ཡུལ་དུ་ཡོད་པའི་བརྟག་དཔྱད་སྨན་པ་རྣམས་ལ་ཆེད་ལས་པ་དང་ཉམས་མྱོང་ཅན་གྱི་སྨན་པ་རྒན་གྲས། འཛིན་སྐྱོང་གི་འབྲེལ་ཡོད་ལས་བྱེད་གདན་ཞུས་ཀྱིས་དུས་ཐུང་ཟབ་སྦྱོང་བཀོད་སྒྲིག་བྱས་པར་གྲུབ་འབྲས་གང་ལེགས་བྱུང་ཡོད་ལ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀ་ལ་སྦུ་ར་གི་ཡན་ལག་སྨན་ཁང་དབུ་བརྙེས་པའི་དུས་དྲན་དང་བསྟུན། སྨན་ཁང་སྦྱིན་བདག་གིས་འགྲོ་གྲོན་བཏང་སྟེ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སྨན་པ་རྣམས་ལ་དུས་ཡུན་ཉིན་གཉིས་ཀྱི་ཟབ་སྦྱོང་གནང་གཏན་འཁེལ་ཡོད།
 

སྨན་རྩིས་ཁང་དུ་མཚན་སྲུང་བ་དང་། ཁ་ལོ་བ། ལྗིད་ཁོག་ཆེ་བའི་ཅ་དངོས་འོར་འདྲེན་གྱི་ལས་ཀ་མ་གཏོགས་ལས་གནས་གཞན་གང་དུའང་ཕོ་མོ་གཉིས་ཀྱི་ནུས་པ་དང་འཇོན་ཐང་འདྲ་མཉམ་ཐོན་བཞིན་ཡོད་ལ་གོ་སྐབས་ཀྱང་གཅིག་མཚུངས་འབུལ་བཞིན་ཡོད། དེ་མ་ཟད་བཀའ་ཤག་སྐབས་སྔ་རྗེས་ཀྱི་བཀའ་སློབ་ལམ་སྟོན་དང་། ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱི་བསྐོང་འཚོགས་གནང་བའི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན་གཞི་བཅོལ་གྱིས་སྨན་རྩིས་ཁང་ངོས་ནས་མི་ཤུགས་གོང་སྤེལ་སྡེ་ཚན་གྱི་འགན་འཛིན་ཚེ་རིང་སྐྱིད་འཛོམས་ལགས་དང་། ལས་བྱེད་བདེ་དོན་ཚོགས་གཞོན་པ་སངས་ལྷ་མོ་ལགས། མི་ཤུགས་གོང་སྤེལ་སྡེ་ཚན་གྱི་ལས་བྱེད་སྒྲོལ་མ་ལྷ་ཤེ་ལགས། སྨན་རྩིས་ཁང་གི་བུད་མེད་ནུས་སྟོབས་ཚོགས་ཆེན་གྱི་ཚོགས་བཅར་བ་བློ་བཟང་སྒྲོལ་མ་ལགས། བུད་མེད་སྨན་པའི་སྐུ་ཚབ་གཅིག བུད་མེད་སྐར་རྩིས་པའི་སྐུ་ཚབ་གཅིག བུད་མེད་ལས་མིའི་སྐུ་ཚབ་གཅིག་བཅས་ལས་གྲུབ་པའི་བུད་མེད་ནུས་སྟོབས་གོང་སྤེལ་ཐོག་སྨན་རྩིས་ཁང་ནས་ཞུ་སྒོའི་ཐད་ཚོགས་ཆུང་གསར་འཛུགས་བྱས་ཡོད། ཚོགས་ཆུང་གི་སྙན་ཐོ་འབྱོར་མཚམས་འགན་འཛིན་ལྷན་ཚོགས་ལ་སྙན་སེང་དང་འབྲེལ་ལག་བསྟར་བྱེད་རྒྱུ་ཡིན།
 

དེང་སྐབས་འཛམ་གླིང་སྤྱི་ཡོངས་སུ་རྒྱུ་རྐྱེན་ཅི་རིགས་ཀྱིས་ཁོར་ཡུག་ཉམས་ཆག་འགྲོ་བ་ལ་བརྟེན་ནས་གོ་ལའི་ཚ་དྲོད་འཕར་བའི་མྱུར་ཚད་ལ་ཚང་མས་ཐུགས་ཁྲལ་གནང་བཞིན་ཡོད། དེར་བརྟེན་འཛམ་གླིང་ཁྱོན་ཡོངས་སུ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་སྣ་ཚོགས་རྩོམ་བཞིན་ཡོད་པར་ཡི་རང་དང་དེའི་རྗེས་འབྲང་ཞུ་བར། སྨན་རྫས་གང་ཞིག་གི་རང་བཞིན་སྐྱེས་གནས་སུ་སྨན་རྩྭ་འདེབས་ལས་ཀྱི་ལས་གཞི་ལག་བསྟར་གནང་ཐུབ་པ་བྱེད་རྒྱུ་དེ་ད་ལྟའི་དུས་དང་། འབྱུང་འགྱུར་ལའང་རང་གཞན་ཚང་མར་ཕན་ཐོགས་ཡོད་པའི་ལས་གཞི་མེད་དུ་མི་རུང་བའི་གལ་གནད་ཆེན་པོ་ཞིག་ཆགས་ཡོད། དེའི་སླད་བོད་རིགས་གཞོན་སྐྱེས་འགར་སྨན་རྩྭ་འདེབས་ལས་ཀྱི་ཟབ་སྦྱོང་སྤྲད་དེ་ཅོན་ཏ་ར་ཁུལ་དུ་སྔོ་སྨན་འདེབས་ལས་འགོ་འཛུགས་ཞུས་ཟིན་པ་དང་། ཇེས་པ་ཁུལ་དུ་མངའ་སྡེ་གཞུང་ནས་ས་ཆ་ཨེ་ཀར་ ༤ གླ་མེད་བོགས་མར་གནང་བ་དང་། རྟ་དབང་ཀིབ་ཏེ་རུ་བོད་རིགས་གཏོང་ཕོད་ཅན་ཞིག་ནས་ས་ཆ་ཨེ་ཀར་ ༣ ཞལ་འདེབས་ཕུལ་བ། རྟ་བོ་ཁུལ་ནས་ས་ཁྱོན་ཨེ་ཀར་ ༣ ཞལ་འདེབས་སུ་ཕུལ་བ་བཅས་ས་ཆའི་མཐོ་ཚད་དང་སྐམ་གཤེར་གྱི་གནས་བབས་ལ་གཞིགས་ཏེ་སྨན་རྩྭ་གང་དག་འདེབས་འཛུགས་དགོས་མིན་ལས་འཆར་བསྒྲིགས་བཞིན་ཡོད་ལ། ལ་དྭགས་རང་སྐྱོང་ཁུལ་ནས་ས་ཁྱོན་ཨེ་ཀར་ ༡༠ སྨན་རྩིས་ཁང་ལ་ཕུལ་བ་དེ་ད་ལྟ་ཁ་ཆེའི་སློབ་གྲྭ་ཞིག་ནས་ཧམ་ཟོས་བྱས་པའི་རྙོག་གླེང་ཡོད་པའི་དཀའ་ངལ་སེལ་མཚམས་སྨན་རྩྭ་འདེབས་ལས་འགོ་འཛུགས་ཞུ་འཆར་ཡོད།  སྐྱེ་གནས་དང་མཐུན་པའི་སྨན་རྩྭ་འདེབས་ལས་ཀྱི་འཆར་གཞི་ལག་བསྟར་བྱེད་རྒྱུ་ནི་སྨན་རྩྭ་འདེབས་ལས་ཙམ་མིན་པར་ཁོར་ཡུག་སྲུང་སྐྱོབ་དང་། སྐྱེ་དངོས་སྨན་རྫས་རིགས་རྩ་སྟོང་དུ་མི་འགྲོ་བའི་ཆེད་གཞི་རྒྱ་ཆེ་བའི་ལས་གཞི་བཅས་ཁྱོན་ཡོངས་ལ་རྒྱ་གར་དབུས་ས་འབྲེལ་ཡོད་ལས་ཁུངས་ཁག་དང་། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚན་པ་སོ་སོ་ནས་མི་རྒྱུའི་རོགས་རམ་ཐོབ་ཕྱིར་ནུས་པ་འདོན་ཐབས་སུ་འབད་བརྩོན་ལྷོད་མེད་ཞུ་བཞིན་ཡོད།
 

སེམས་ཁམས་འཕྲོད་བསྟེན་ཐོག་དེང་སྐབས་སྔར་ལྷག་དོ་སྣང་ཇེ་ཆེར་འགྲོ་བཞིན་པ་དང་བོད་ཀྱི་སྨན་རྩིས་རིག་གཞུང་གཉིས་ནས་སེམས་ཁམས་འཕྲོད་བསྟེན་ཐོག་ནུས་པ་འདོན་ཐབས་སུ། ཆེད་བཙུགས་ལུས་སེམས་སྲོག་གི་སྡེ་ཚན་ནས་གནའ་རབས་དང་དེང་རབས་གཉིས་ཀྱི་གཞུང་དང་ལྟ་གྲུབ་མང་པོའི་ཉིང་ཁུ་བསྡུ་ལེན་མཁོ་འདོན་བྱས་ཏེ། འགྲོ་བ་མིའི་ལུས་སེམས་གཉིས་ལས་གཙོ་བོ་སེམས་ཁམས་འཕྲོད་བསྟེན་ཞབས་ཞུ་ཚད་མཐོར་ཡོང་ཐབས་ལ་ད་བར་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་བཞི་ཚོགས་ཟིན་པ་དང་། དེ་སྔོན་ཚོགས་ཆེན་ཁག་གི་ཉམས་མྱོང་དང་དགོངས་འཆར་ལ་གཞིགས་ཏེ། ད་ལོ་ནས་བཟུང་ཚོགས་ཆེན་གཉིས་རེ་གོ་སྒྲིག་ཞུ་གཏན་འཁེལ་ཡོད་པ་ནི། སྨན་རྩིས་ཁང་གི་སློབ་ཕྲུག་ ༡༠༠ ལྷག་དང་བོད་ཁྱིམ་ཚན་རིག་སྡེ་ཚན་གྱི་སློབ་མ་ ༡༠༠ ལྷག་གི་ཆེད་ལོ་འདིའི་ཕྱི་ཟླ་ ༡༠ ཚེས་ ༤ - ༦ བར་《སེམས་ནད་སྔོན་འགོག་བྱ་ཐབས་》ཞེས་པའི་བརྗོད་གཞིའི་སྟེང་ཚོགས་ཆེན་གཅིག་སྨན་རྩིས་ཁང་དུ་འཚོག་རྒྱུ་དང་། བརྗོད་གཞི་དེ་ཉིད་སྟེང་ཚོགས་ཆེན་གཅིག་ད་ལོའི་སྦྱིན་བདག་དང་བསྟུན་ཕྱི་ཟླ་ ༡༡ ཚེས་ ༢༢ ནས་ཉིན་གསུམ་རིང་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་རུ་འཚོག་གཏན་འཁེལ་ཡོད།
 

འབྱུང་འགྱུར་རྒྱ་ནག་སྐམ་ས་ཆེན་མོར་བོད་ཀྱི་གསོ་བ་རིག་པས་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་ཐོབ་སྲིད་པ་རེད་ཅེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དོན་ལྟར། སྔོན་འགྲོའི་གྲ་སྒྲིག་ཏུ་རྒྱ་ཡིག་སྡེ་ཚན་ཆེད་འཛུགས་ཞུས་ཡོད། དེ་དང་རྒྱ་ཡིག་ཤེས་མཁན་གྱི་སྨན་པ་གཉིས་དང་རྒྱ་ཡིག་མ་ཤེས་མཁན་སྨན་པ་ ༢ བཅས་ཐའེ་ཝན་གཞུང་གི་སྨན་ཁང་དང་། སྒེར་གྱི་སྨན་ཁང་ཆེ་ཁག་ནང་ཀྲུང་དབྱིའི་ལུགས་ཀྱི་སྨན་དང་ཡང་སྒོས་སྐམ་ཁབ་སློབ་སྦྱོང་ཆེད་བཏང་བ་ཡིན། རྒྱ་ཡིག་གི་སྨན་རྩིས་དྲ་རྒྱ་གསར་བཟོ་བྱས་ཏེ་བོད་ཀྱི་སྨན་རྩིས་རིག་པ་དང་། སྨན་རྩིས་ཁང་ངོ་སྤྲོད་བྱས་པ་བརྒྱུད་རྒྱ་ནག་སྐམ་ས་ཆེན་མོ་གཙོས་པའི་ཐའེ་ཝན་དང་། སིང་གྷ་པུར། ཧོང་ཀོང་སོགས་འཛམ་གླིང་ཡུལ་གྲུར་གང་སར་གནས་པའི་རྒྱ་རིགས་རྣམས་ནས་བོད་ཀྱི་སྨན་རྩིས་རིག་པར་ཤེས་རྟོགས་དང་། དགའ་མོས་བྱེད་མཁན། སྦྱང་འདོད་ཡོད་ཟེར་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད། ཐའེ་ཝན་བྱམས་སེམས་ཚོགས་པ་དང་མཉམ་འབྲེལ་གྱིས་བཞུགས་སྒར་ཁུལ་དང་། ཅོན་ཏ་ར་དང་སྦིར་ཁུལ། བདེ་སྐྱིད་གླིང་གཞིས་ཆགས་བཅས་ཟླ་ཕྱེད་རིང་བསྐོར་བསྐྱོད་སྐབས་ནད་པ་ ༩༠༨ སྨན་བཅོས་བྱས་པར་མི་མང་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པས། མུ་མཐུད་ནས་རྒྱ་རིགས་ཚོགས་སྡེ་དང་མི་སྒེར་ལ་འབྲེལ་བ་བྱས་ཏེ་འབྲེལ་ལམ་གོང་འཕེལ་དང་རིག་གཞུང་བརྗེ་ལེན་ལས་གཞི་ཁག་སྒྲིག་བཞིན་ཡོད།
 

སྨན་རྩིས་ཁང་ནི་བོད་ཀྱི་སྨན་རྩིས་རིག་པ་རྒྱུན་འཛིན་དང་ཁྱབ་སྤེལ་བྱེད་མཁན་སྒྲིག་འཛུགས་གཙོ་བོ་ཞིག་ཡིན། དམིགས་ཡུལ་དེ་ལྷུན་གྱིས་གྲུབ་པར་ད་ཡོད་ཐབས་ལམ་རྣམས་ཀྱི་ནང་ནས་སྨན་རྩིས་རིག་པ་ལས་བྱུང་བའི་གསོ་རིག་ཐོན་དངོས་ཚོང་སྒྱུར་བྱེད་པ་དང་། དེའི་ཕྱིར་ཚོང་ཁང་གསར་འཛུགས་དང་རྒྱ་སྐྱེད་བྱ་རྒྱུ་དེ་གཅིག་ཡིན། དེལའང་མི་ཚོགས་འདུ་འཛོམས་ཆེ་སའམ། ཁྲོམ་གཞུང་ཁག་ཏུ་དེང་རབས་ཀྱི་ཆ་རྐྱེན་ལྡན་ལ་བཟོ་བཀོད་ལེགས་པའི་སྨན་རྩིས་ཚོང་ཁང་དང་ཁྲོམ་ར་མཁོ་སྒྲུབ་སྔར་ལྷག་ཞུས་ཡོད། དེ་ནི་སྨན་རྩིས་ཁང་ངོས་ནས་དཔལ་འབྱོར་བསྡུ་རུབ་ཁོ་ནར་དམིགས་པ་ཤིག་རྩ་ནས་མིན། གསོ་རིག་ཐོན་དངོས་རྣམས་ནི་དེང་རབས་ཀྱི་སྤྱིར་བཏང་དངོས་ཟོག་ཅིག་མ་ཡིན་ལ། དེ་ནི་གཞི་རྩ་བོད་ཀྱི་ཐུན་མིན་སྲོལ་རྒྱུན་གསོ་རིག་གཞུང་ལུགས་ཀྱི་ཉིང་ཁུ་ལས་བྱུང་བ་ཕན་ཡོན་ཆེ་ཞིང་ཟུར་ཕོག་དབེན་པའི་ཐོན་དངོས་ཤིག་ཡིན་སྟབས། དེའི་བརྒྱུད་ནས་བེད་སྤྱོད་གནང་མཁན་རྣམས་ཀྱིས་སྨན་རྩིས་རིག་གཞུང་ལ་ཡིད་ཆེས་ཆ་འཇོག་དང་དགའ་མོས་གནང་རྒྱུ་ཉག་གཅིག་ཏུ་ངོས་འཛིན་ཞུ་བཞིན་ཡོད། མ་ཟད་ད་ཡོད་སྨན་རྩིས་ཁང་གི་ཚོང་ཁང་ཚང་མའི་ནང་དུ་ལུས་བདེ་ཐང་ལ་མཁོ་བའི་གསོ་རིག་ཐོན་དོངས་སྣ་ཚོགས་པ་ཞིག་དང་། སེམས་བདེ་ཐང་ལ་དམིགས་པའི་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་ལྗགས་རྩོམ་མཛད་པའི་གྲགས་ཅན་གྱི་དེབ་གྲངས་ཇི་སྙེད་ཅིག་ཡོད་པ་ཉོ་སྒྲུབ་ཞུ་རྒྱུ་ཡོད། དེ་ལྟར་ཚོང་ཁང་དུ་ཕེབས་མཁན་ཡོད་དོ་ཅོག་ནས་དེབ་རིགས་དེ་ཚོ་ཤེས་རྟོགས་ཐུབ་པའི་ཕན་ཐོགས་ཆེན་པོ་འབྱུང་བཞིན་ཡོད།
 

ཕྱི་ལོ་ ༢༠༡༦ ཟླ་ ༩ པ་ནས་བཟུང་དགེ་བཤེས་བློ་བཟང་ཟླ་བ་ལགས་གདན་ཞུས་ཀྱིས་ནང་དོན་རིག་པ་ནས་གསུངས་པའི་སེམས་ཁམས་འཕྲོད་བསྟེན་དང་། བློ་རིག་རྣམ་བཞག་གི་སྐོར་ལ་གཙོ་བོ་སྨན་རྩིས་མཐོ་སློབ་སློབ་མ་དང་། ཞར་བྱུང་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི། དེ་བཞིན་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་ཀྱི་སྲི་ཞུ་ལས་བྱེད་དང་། དོན་གཉེར་ཅན་རྣམས་ལ་གསལ་བསྒྲགས་བྱས་ཏེ་འགོ་འཛུགས་ཞུས་པར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་ལ། དགེ་བཤེས་བློ་བཟང་ཟླ་བ་ལགས་ནས་ཞལ་བཞེས་ཐོབ་པ་བཞིན། འདི་ལོའི་ཕྱི་ཟླ་ ༤ པ་ནས་བཟུང་མུ་མཐུད་ནང་དོན་རིག་པ་ནས་གསུངས་པའི་ནང་པའི་ཚན་རིག་དང་ལྟ་གྲུབ། སེམས་ཁམས་འཕྲོད་བསྟེན། བློ་རིག་རྣམ་བཞག་སོགས་ཀྱི་སྐོར་ལ་འཆད་ཁྲིད་མུ་མཐུད་གོ་སྒྲིག་ཞུ་རྒྱུ་ཡིན།
 

འདས་པའི་ལོ་ཤས་ནང་། ྋསྐྱབས་རྗེ་རྫོགས་ཆེན་དགའ་ནོར་རིན་པོ་མཆོག་ནས་སྨན་རྩིས་ལས་སློབ་རྣམས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་གནང་བ་དང་། སྨན་སྦྱོར་ཁང་དུ་སྨན་སྒྲུབ་མཛད་པ་སོགས་བོད་ཀྱི་གསོ་བ་རིག་པ་དང་། སྐར་རྩིས་རིག་པར་མེད་དུ་མི་རུང་བའི་ཡན་ལག་གི་ཆ་ཤས་སྔགས་དང་། རྟེན་འབྲེལ་གྱི་ནུས་པར་དགུང་དུ་འདེགས་པར་ཕན་ནུས་རླབས་པོ་ཆེ་བྱུང་བ་བཞིན།  འདི་ལོར་ཡང་མུ་མཐུད་རིན་པོ་མཆོག་དབུས་སུ་གདན་ཞུས་གནང་སྟེ་སྨན་རྩིས་པ་དང་། སྨན་རྩིས་སློབ་ཕྲུག་རྣམས་ལ་གཡུ་ཐོག་སྙིང་ཐིག་གི་དབང་ལུང་དང་བླ་སྒྲུབ། སྨན་སྒྲུབ་སོགས་གནང་རྒྱུ་རེ་འདུན་ཞུ་རྒྱུ་ཡིན། རིན་པོ་ཆེའི་ཞལ་བཞེས་ཐོབ་པ་བཞིན། བལ་ཡུལ་དང་རྒྱ་གར་བྱང་ཤར་ཁུལ་དུ་ཡོད་པའི་ཡན་ལག་སྨན་ཁང་ཁག་གི་སྨན་པ་རྣམས་ཏི་ཛུ་གཞིས་ཆགས་སུ་ཉིན་གྲངས་ ༧ - ༡༠ རིང་རིན་པོ་ཆེའི་སྐུ་མདུན་དུ་ཆེད་བཅར་ཞུ་རྒྱུའི་ལས་འཆར་བཟོ་བཞིན་པ་ཡིན།
 

ཤར་ནུབ་རྒྱལ་ཁབ་ཁག་ལ་སྨན་སྐོར་དང་གཏམ་བཤད། འགྲེམས་སྟོན། རིག་གཞུང་སྤེལ་རེས་བྱེད་རྒྱུ་ནི་བོད་ཀྱི་གསོ་བ་རིག་པ་དང་རྩིས་ཀྱི་རིག་པ་གཉིས་ཀྱི་བསྟན་པ་འཛམ་གླིང་ཡོངས་ལ་རྒྱས་ཐབས་དང་། སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་འཚོལ་ཐབས་གལ་ཆེན་ཞིག་ཡིན་པས་ངོས་ནས་སྨན་རྩིས་ཁང་གི་འགན་འཛིན་ལས་འཁུར་ལོ་ལྔ་ཞུས་པའི་རིང་སྨན་རྩིས་པ་སྐོར་བསྐྱོད་ཀྱི་གྲངས་འབོར་དེ། ༡༩༩༧ - ༢༠༡༡ བར་འགན་འཛིན་རིམ་པ་བཞི་ཡིས་ལོ་བཅོ་ལྔ་ལས་མང་བ་བྱུང་ཡོད་ལ། དེའི་ཁྲོད་ནས་ཕི་ལི་པིན་ (Philippines) ཀྱི་སྐོར་བསྐྱོད་གཅིག་པུ་དེ་དཔལ་འབྱོར་གྱི་ཆ་ནས་ཁེ་མེད་གྱོང་མེད་བྱུང་བ་ལས་གཞན་རྣམས་ནས་གསོ་བ་རིག་པ་དང་རྩིས་རིག་པའི་བསྟན་པ་ཁྱབ་སྤེལ་དང་། སྨན་རྩིས་ཁང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་གཟེངས་སུ་ཐོན་པ་འཚོལ་སྒྲུབ་ཞུ་ཐུབ་ཡོད། ལྷག་པར་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་རིམ་ཁྲོད་ཐའེ་ཝན་དང་། སིང་གྷ་པུར། ཡོ་རོབ། ཨ་རི། ཀེ་ན་ཊའི་ཤར་ནུབ། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་བསྐོར་བསྐྱོད་ཧ་ཅང་ལེགས་གྲུབ་བྱུང་ཡོད་ལ། ཉམས་མྱོང་འདི་དག་གཞི་ལ་བཞག་སྟེ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ ༡༠༡ འཁོར་བའི་ལས་རིམ་ཁག་དེ་ལས་གྲ་རྒྱས་པ་དང་ཚགས་ཚུད་ཡོང་བའི་སྤོབས་པ་དང་གདེང་ཚོད་ཡོད།
 

ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོའི་ཚོགས་མགོན་དུ་ཞབས་སོར་བཀའ་དྲིན་བསྐྱངས་པ་བདག་ཅན་བོད་འབངས་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་གིས་བཀའ་སློབ་ཟབ་རྒྱས་གནང་བ་དང་། དེ་ནས་ཕྱི་ཟླ་ ༡༢ ཚེས་ ༩ ཉིན་སྨན་རྩིས་ཁང་དང་ལྡི་ལི་བོད་ཁང་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པའི་ [Legacy of Tibet] སྟེང་ཆིབས་བསྒྱུར་གྱིས་ནད་རིགས་སྔོན་འགོག་གི་དེབ་གྲངས་བརྒྱད་དབུ་འབྱེད་གནང་བ། དེ་རྗེས་ཕྱི་ཟླ་ ༡༢ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་གྲོང་ཁྱེར་སྦེང་ལོར་དུ་ཡོད་པའི་སྨན་རྩིས་མཐོ་སློབ་ཁང་གི་ལས་གཞི་གསར་པའི་རྨང་རྡོ་གསར་འཛུགས་གནང་བ་བཅས་ཐེངས་གསུམ་ལ་ཆིབས་བསྒྱུར་གྱིས་བཀའ་སློབ་ལམ་སྟོན་གནང་བར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཞེས་ཞུ་རྒྱུ་དང་། གཞན་ཡང་ལྡི་ལིའི་སྐུ་ཚབ་དོན་གཅོད་དང་། ཨ་རིའི་སྐུ་ཚབ་དོན་གཅོད། ལྷོ་ཨ་རིའི་དོན་གཅོད། ཨོ་སི་ཀྲི་ལེ་ཡའི་དོན་གཅོད། ཐའེ་ཝན་དོན་གཅོད། སུའེ་སི་དོན་གཅོད། རུ་སོགས་དོན་གཅོད། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་། ཆོས་ཚོགས་ཁག་ནས་མཐུན་འགྱུར་དང་རྒྱབ་སྐྱོར་གནང་བར་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

 

ཁ་ཆེ་རྒྱལ་ཁབ་ཁ་ཤས་དང་སྨན་རྩིས་ཁང་དབར་འབྲེལ་བ།

སྨན་རྩིས་ཁང་གི་སྨན་པ་རྣམས་ཕྱི་བསྐྱོད་ལག་འཁྱེར་སེར་པོའི་ཐོག་ཕྱིར་བསྐྱོད་བྱ་རྒྱུ་དཀའ་ངལ་འཕྲད་མུས་ལ་བརྟེན། ཁ་ཆེའི་རྒྱལ་ཁབ་ཁ་ཤས་ནས་སྨན་པ་དང་འཕྲོད་བསྟེན་ལས་བྱེད་ ༤༠ ཙམ་ལོ་གསུམ་རིང་རྡ་རམ་ས་ལར་སློབ་སྦྱོང་ཆེད་ཕེབས་ཐུབ་ཡོད་པ་མ་ཟད། ྋརྒྱལ་དབང་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་སློབ་ཞུ་རྒྱུའི་གོ་སྐབས་བླ་ན་མེད་པ་ཞིག་ཀྱང་ཐོབ་ཡོད།  འདི་ལོ་ཁོང་རྣམས་རྒྱ་གར་དུ་ཡོང་རྒྱུའི་གང་ཅིའི་དཀའ་ངལ་འཕྲད་པ་མ་ཟད།  ཁོང་རྣམས་ནང་ཆོས་ཆེད་དུ་བསྐྱོད་ཀྱི་ཡོད་སྐོར་འབྲེལ་ཡོད་ཚོར་སྐུ་ངལ་འཕྲད་ཀྱི་ཡོད་སྟབས།  འདི་ལོ་སྨན་རྩིས་ཁང་གི་སྨན་པ་བཞི་བསྐྱོད་ཐབས་འབད་བརྩོན་སླར་ཡང་བྱེད་རྒྱུ་དང་།  དེ་ལྟར་མ་བྱུང་ན་ཨ་རིའི་མི་སེར་ཡིན་པའི་སྨན་རྩིས་ཁང་གི་སྨན་པ་ཟུར་པ་གསུམ་མམ་བཞི་ལ་རེ་འདུན་ཞུ་རྒྱུ་ཡིན། 
 

ཨ་རི་ཨེ་མོ་རི་མཐོ་སློབ་ Emory University, USA དང་སྨན་རྩིས་ཁང་གི་འབྲེལ་བའི་སྐོར།

སྙན་གྲགས་ཅན་གྱི་ཨེ་མོ་རི་མཐོ་སློབ་དང་སྨན་རྩིས་ཁང་གཉིས་དབར་ Emory Tibet Medical Sciences Program ཞེས་པ་དང་ཐོག་ལོ་གཉིས་ཀྱི་རོགས་རམ་ཐོག་འགོ་འཛུགས་ཞུས་ཡོད་ན་ཡང་།  སྨན་རྩིས་ཁང་ལ་ཕན་ཐོགས་ཇི་བྱུང་དང་།  སྨན་རྩིས་སློབ་ཕྲུག་རྣམས་ནས་དོ་སྣང་བྱ་ཕྱོགས་ཐོག་བསྐྱར་ཞིབ་ཀྱིས་ལོ་གཉིས་རྗེས་ལ་རོགས་རམ་མཚམས་འཇོག་གནང་རྒྱུའི་ཚབ་ཏུ་ལོ་གསུམ་པ་དེ་གཞི་རྒྱ་ཆེ་རུ་བཏང་སྟེ་སློབ་ཁྲིད་ཆེད་སྨན་པ་བཞིའི་ཚབ་ཏུ་སྨན་པ་དྲུག་བཏང་པ་དང་།  ཨེ་མོ་རིའི་སྨན་གྱི་སློབ་གྲྭའི་གཙོ་འཛིན་རང་ཉིད་བཞུགས་སྒར་དུ་བཅར་ཏེ་བོད་སྨན་ཐོག་ཉིན་ཤས་མྱོང་ཚོར་བྱུང་པ། དེའི་རྗེས་ཨེ་མོ་རི་སློབ་ཕྲུག་ཡང་བོད་སྨན་སྦྱོང་དུ་བཏང་བ་སོགས་རྒྱལ་སྤྱིའི་སྙན་གྲགས་ཅན་གྱི་སྨན་གྱི་སྡེ་ཚན་ཞིག་གི་གཙོ་འཛིན་རང་ཉིད་བོད་སྨན་ཐོག་ཐུགས་ཁུར་གནང་བ་བོད་ཀྱི་གསོ་བ་རིག་པའི་ཐོག་རྒྱལ་ཁ་ཆེན་པོ་ཞིག་ཡིན་སྙམ་པ་ཡོད། 

འདི་ལོའི་ཉམས་གསོག་སྨན་པ་རྣམས་ལ་གོ་སྐབས་དམིགས་བསལ་བ་ཞིག་འབུལ་ཡོད་པ་ནི། འདི་ལོ་ནས་བཟུང་ཉམས་གསོག་སྨན་པ་རྣམས་ཉམས་གསོག་དུས་ཡུན་ལོ་གཅིག་འཁོར་རྗེས་སྨན་རྩིས་ཁང་དུ་ཉུང་མཐའ་ལོ་གསུམ་རིང་ཞབས་འདེགས་འགྲུབ་དགོས་པ་ཡིན། འདི་ལོའི་ཉམས་གསོག་ཟིན་པའི་སྨན་པ་གསར་པ་དྲུག་ལ་ཨེ་མོ་རི་མཐོ་སློབ་ཏུ་ཆེས་མཐོའི་སློབ་སྦྱོང་ཆེད་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་སྔོན་སོང་ལྟར་སྨན་པ་གྲངས་ ༡༡ ཕེབས་འདོད་ཡོད་པའི་ཞུ་སྙན་འབྱོར་བྱུང་། ཁོང་ཚོར་རྒྱུགས་བཞེས་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན།

 

ཨ་རི་མི་ནེ་སོ་ཊའི་མཐོ་སློབ་ University of Minnesota དང་སྨན་རྩིས་ཁང་དབར་འབྲེལ་བའི་སྐོར།

ཕྱི་ལོ་ ༢༠༠༨ ནས་བཟུང་ལོ་ལྟར་ཁོང་ཚོའི་སྨན་སློབ་གྲངས་ ༡༥ - ༢༠ ཙམ་སྨན་རྩིས་ཁང་དུ་ཕེབས་ཀྱི་ཡོད་པ་དང་།  མཐོ་སློབ་དེའི་དཔལ་འབྱོར་ཆ་རྐྱེན་འགྲིག་ངེས་བྱུང་ན་བརྒྱ་བསྐྱེད་གཏོང་རྒྱུར་སྨན་རྩིས་ཁང་ནས་གྲ་སྒྲིག་ཨང་སར་ཡོད་སྐོར་བརྗོད་པ་ད་ལྟ་མཐོ་སློབ་ནས་དཔལ་འབྱོར་རྒྱབ་རྟེན་གོ་སྒྲིག་མ་ཐུབ་སྟབས་མུ་མཐུད་མཇུག་སྐྱོང་བྱ་རྒྱུ་ཡིན།
 

ནད་རིགས་བྱེ་བྲག་ཐོག་འོད་སྡེར་བཟོ་རྒྱུའི་སྐོར།

སྨན་པ་གཙོ་བོ་མཆོག་གི་གཙོས་སྨན་པ་གྲངས་གསུམ་མམ་བཞི་ཡིས་ནད་རིགས་བྱེ་བྲག་སོ་སོའི་ཐོག་དོན་གནད་ལྡན་པའི་གཏམ་བཤད་གནང་ཏེ་འོད་སྡེར་བཟོ་འཆར་ཡོད། དེ་ནི་གཙོ་བོ་སྨན་པ་དང་།  སྨན་སློབ།  མང་ཚོགས་རྣམས་ལ་ཕན་ཐོགས་ཡོང་རྒྱུར་དམིགས་པ་ཞིག་ཡིན།  སྒྲ་བསྡུ་འཇུག་བྱེད་ས་དེ་ཡང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲ་འཇུག་ཁང་བེད་སྤྱོད་གཏོང་འཐུས་ཆོག་པའི་སྐོར་ཉེ་སྔོན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་འདིར་ཕེབས་སྐབས་ཐུགས་གཏན་འཁེལ་ཡོད་པ་དེ་མཇུག་སྐྱོང་བྱ་རྒྱུ་ཡིན།
 

སྨན་པ་དང་སྐར་རྩིས་བ་གསུམ་མམ་བཞི་ཡོད་པའི་ཚོགས་ཆུང་འདྲ་མིན་ནས་ཨིན་ཡིག་ཐོག་སྨན་དང་རྩིས་ཀྱི་དེབ་རིགས་དང་། འོད་སྡེར་བཟོ་རྒྱའི་ལས་འགུལ་བརྩམས་ཡོད་པ་སྡེ་ཚན་སོ་སོའི་ལས་ཞོར་ཐོག་སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ ༡༠༡ གི་དུས་དྲན་མ་རྫོགས་གོང་པར་སྐྲུན་འདོན་སྤེལ་ཐུབ་པ་བྱ་རྒྱུ་ཡིན།།

སྨན་རྩིས་ཁང་གི་འགན་འཛིན་གྱིས་ ༢༠༡༧ ཟླ་ ༣ ཚེས་ ༢༩ ལ།

ཐུགས་རྗེ་ཆེ།


འདིར་ནོན། འབྲེལ་ཡོད་གནས་ཚུལ་སྐོར་གཟིགས།


 

མཐའ་མའི་འདོན་ཐེངས་།: 10.04.2017 ཉིན། 10:46 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།