སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་དུ་རྒྱ་ཡིག་སྡེ་ཚན་གསར་འཛུགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.07.2014
མདུན་ངོས། >>

 

 

སྨན་རྩིས་ཁང་དུ་རྒྱ་ཡིག་སྡེ་ཚན་གསར་འཛུགས།


ཕྱི་ལོ་ ༢༠༡༤  ཟླ་༧  ཚེས་༡༣  རེས་གཟའ་ཟླ་བའི་ཉིན་རྒྱབ་ཕྱག་ཚོད་གསུམ་དང་ཕྱེད་ཀའི་ཐོག་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་གིས་རྒྱ་ཡིག་སྡེ་ཚན་གསར་དུ་བཙུགས་པའི་མཛད་སྒོ་ཞིག་འཚོགས་གནང་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་རྣམ་གཉིས་ཕེབས་ཡོད་པ་དང་། དེ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་དང་། སྨན་རྩིས་ཁང་གི་དྲུང་ཆེ། སྡེ་ཚན་ཁག་གི་འགན་འཛིན། དགེ་སློབ། ལས་བྱེད། གསར་འགོད་པ་བཅས་མི་གྲངས་ཉིས་བརྒྱ་ལྷག་ཙམ་ལྷན་འཛོམས་གནང་ཡོད།

མཛད་སྒོའི་ཐོག་མར་གཡུ་ཐོག་གསོལ་འདེབས་སྙན་འཇེབས་དབྱངས་ལ་བསྐྱོན་བཞིན་སྐུ་མགྲོན་དང་ཚོགས་བཅར་བ་རྣམས་ལ་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་གནང་བ་དང་། དེ་ནས་རིམ་བཞིན་རྒྱ་ཡིག་སྡེ་ཚན་གྱི་ངོ་སྤྲོད། དེ་གསར་འཛུགས་བྱ་དགོས་པའི་རྒྱུ་མཚན། ལས་གཞི། དམིགས་ཡུལ། མ་འོངས་བྱེད་འཆར་བཅས་གསལ་བཤད་གནང་སོང་།

དེ་ཡང་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་དོན།  "ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་གི་རྒྱ་ཡིག་སྡེ་ཚན་དུ་ལས་བྱེད་གྲངས་ལྔ་ཡོད། དེའི་ནང་ནས་ལས་བྱེད་རྒན་པ་གསུམ་ལ་དང་པོ་ཉིད་ནས་ལས་འགན་གཞན་ཡོད་པས་ལམ་སྟོན་ཙམ་གནང་རྒྱུ་རེད། དཔེར་ན། སྨན་རམས་པ་ཆོས་བློ་ཐར་ལགས་ནི་ད་ལྟ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་ཐོག་ལ་ཅོང་ཏ་རར་ཡོད་པའི་དཔེ་དེབ་ཞིབ་འཇུག་དང་པར་སྐྲུན་སྡེ་ཚན་གྱི་འགན་འཁུར་གནང་མུས་རེད། དེ་བཞིན་སྐུ་བཅར་སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་ནི་སྨན་སྦྱོར་ཁང་གི་འགན་འཛིན་ཡིན་པའི་སྒང་བསྐོར་བསྐྱོད་གནང་རྒྱུ་དང་། དེ་མཚུངས་སྨན་པ་བསོད་ནམས་རྡོ་རྗེ་ལགས་བཅས་ཁོང་གསུམ་ནས་དུས་ཚོད་ཆ་ཤས་ཤིག་རྒྱ་ཡིག་སྡེ་ཚན་དུ་གཏོང་གནང་རྒྱུ་རེད།  ད་ལྟའི་ཆར་རྒྱ་ཡིག་སྡེ་ཚན་གྱི་རྒྱུན་ལས་སྨན་པ་མགོན་པོ་ཚེ་རིང་ལགས་དང་། སྨན་པ་ཚེ་རིང་རྡོ་རྗེ་ལགས་རྣམ་གཉིས་ཡིན།

རྒྱ་ཡིག་སྡེ་ཚན་འདི་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དང་འབྲེལ་བ་ཡོད་པ་ཞིག་ཡིན།  དེ་ཡང་ལོ་མང་པོའི་སྔོན་དང་། ཉེ་བའི་ཆར་ཡང་བཀའ་སློབ་རིམ་པ་ཕེབས་ཡོད་པ་ནི། རྒྱ་ནག་སྨན་གཞུང་དང་དཔྱད་བསྡུར་བྱེད་ཡག ཐཡེ་ཝན་དུ་བསྐོར་བསྐྱོད། རིམ་པས་རྒྱ་ནག་སྐམ་ས་ཆེན་པོར་འགྲོ་རྒྱུའི་གོ་སྐབས་ཤར་རྒྱུ་ཡིན་པའི་བཀའ་སློབ་སྔ་ཕྱི་ཕེབས་པ་དག་གཞི་ལ་བཞག་ནས་རྒྱ་ཡིག་སྡེ་ཚན་འདི་ད་ལྟ་གསར་བཙུགས་བྱས་ཟིན་པ་རེད། རྒྱ་ཡིག་སྡེ་ཚན་གྱི་ལས་གཞི་རྒྱ་ཆེ་རུ་ཕྱིན་སྐབས་སྡེ་ཚན་གྱི་ལས་བསྡོམས་ནས་རྟོགས་ཐུབ་པ་འབྱུང་རྒྱུ་རེད། ཡང་ལས་དོན་འགའ་ཞིག་ལ་རྒྱ་ཡིག་སྡེ་ཚན་ནས་སྨན་རྩིས་ཁང་གི་མིང་མ་ཁྱེར་བའི་དུས་ཤར་བའི་སྐབས་སུ་ང་ཚོས་གནས་ཚུལ་མ་རྟོགས་པའི་རྐྱེན་གྱིས་ལོག་བཤད་བྱེད་མི་རུང་བ་རེད།" ཅེས་གསུངས་པ་དང་གཞན་ཡང་ྋགོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རིམ་པ་ཕེབས་པ་རྣམས་འཕྲལ་མར་སྒྲུབ་དགོས་པ་དང་། རྒྱ་སྐད། སྐམ་ཁབ་སོགས་སློབ་སྦྱོང་གི་གོ་སྐབས་འཛིན་སྐྱོང་ནས་བསྐྲུན་ཡོད་པའི་སྐོར་རྒྱས་པར་བཀའ་གནང་སོང་།

དེ་ནས་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་སྨན་རམས་པ་ཆོས་བློ་ཐར་ལགས་ཀྱིས་གསར་འགོད་པ་ཕེབས་པ་རྣམས་ལ་རྒྱ་སྐད་ཐོག་ནས་ཁོང་རང་གི་གསུང་བཤད་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་རྗེས། ཁོང་གིས་བོད་ཀྱི་ཐུན་མོང་མིན་པའི་སྨན་རྩིས་གཉིས་ཀྱི་རིག་གཞུང་དེ་རྒྱ་མི་རིགས་ལ་རྒྱ་སྐད་ཐོག་ནས་ངོ་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཡང་སྒོས་ྋགོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་ཐའེ་ཝན་གཙོ་བྱས་པའི་རྒྱ་མི་རིགས་ལ་བོད་ཀྱི་རིག་གནས་ཐོག་ནས་འབྲེལ་བ་བྱེད་སྐོར་དང་། དེ་བཞིན་དུ་ང་ཚོར་ཕན་ཐོགས་ཡོད་པའི་རྒྱའི་སྨན་གཞུང་གི་ལེགས་ཆ་ཁག་ཚུར་ནང་འདྲེན་བྱེད་རྒྱུའི་དམིགས་ཡུལ་དུ་བཟུང་ཡོད་པ་མ་ཟད་ཁོང་གིས་མུ་མཐུད་གསུངས་གསལ། "སྨན་རྩིས་ཁང་ལ་ཆ་མཚོན་ན་ལོ་ལྟར་ལས་གཞི་རྣམ་གྲངས་མང་པོ་ཞིག་གསར་གཏོད་བྱེད་བཞིན་ཡོད་པ་དང་། སྨན་རྩིས་ཁང་ནས་བཟོ་བཞིན་པའི་སྨན་རིགས་བརྒྱ་དང་བདུན་ཅུ་ལྷག་ཙམ་ཡོད་པ་དང་། རིན་ཆེན་རིལ་བུ་རིགས་བརྒྱད། སྔོ་སྦྱོར་ཉམས་ཞིབ་སྡེ་ཚན་ནས་གསོ་རིག་ཐོན་དངོས་མང་པོ་ཞིག་བཟོས་ཡོད་པ་རྣམས་ཀྱི་ཕན་ཡོན་རྒྱ་ཡིག་ཏུ་བསྒྱུར་ཟིན་པ་དང་། སྨན་རྩིས་ཁང་གི་རིག་གཞུང་གི་ཁྱད་ཆོས་ངོ་སྤྲོད་དང་། ཞོར་ལ་གསོ་རིག་ཐོན་རྫས་ཀྱི་ཚོང་འགྲེམས་རྒྱ་ཆེན་པོ་བཏང་ནས་སྨན་རྩིས་ཁང་གི་དཔལ་འབྱོར་འདུ་འགོད་ལ་ཕན་ཐོགས་ཆེད་དུ། ད་ལྟ་ང་ཚོས་རྒྱ་ཡིག་གི་དྲ་རྒྱ་ཞིག་གསར་བཟོ་བྱེད་བཞིན་ཡོད། དྲ་རྒྱ་དེར། སྤྱིར་རྒྱ་ནག་ནང་ཡིག་གཟུགས་སྣ་ཁ་གཉིས་ཡོད་པ་གཉིས་ཀའི་སྟེང་བཟོ་བཞིན་ཡོད་པ་དང་། མ་འགྱངས་བར་ཟླ་གཉིས་གསུམ་གྱི་ནང་དུ་དྲ་རྒྱ་གསར་དུ་བཟོས་ནས་ཁྱབ་བསྒྲགས་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་བྱེད་བཞིན་པ་ཡིན། དེ་ལ་མཁོ་བའི་ཡིག་ཆའི་རིགས་མང་ཆེ་བ་རྒྱ་ཡིག་སྟེང་བཟོས་ཟིན་པ་དང་། བོད་ཀྱི་སྨན་རྩིས་གཉིས་ཀྱི་འབྲེལ་བ་ཐག་ཉེ་ཤོས་དང་འདྲ་མཚུངས་ཆེ་ཤོས་དེ་རྒྱ་གར་དང་རྒྱ་ནག་གཉིས་ཆགས་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད། ང་ཚོའི་སྡེ་ཚན་འདི་བརྒྱུད་ནས་བོད་སྨན་ལ་མཁོ་བའི་རྒྱ་ནག་གི་རྩོམ་རིག་དང་། དཔྱད་གཞི་ཡིག་རིགས་བོད་སྐད་དུ་བསྒྱུར་མེད་པ་དེ་དག་བསྒྱུར་རྒྱུ་ཡིན། སྐར་ནག་རྩིས་ལ་མཚོན་པ་ཡིན་ན། སྤར་ཁ། སྨེ་བ་ལ་སོགས་པ་ནག་རྩིས་རིགས་ང་ཚོས་བེད་སྤྱོད་གཏོང་བཞིན་པ་རྒྱ་ནག་ནང་དུ་དེ་དག་གི་འགྲེལ་བཤད་ལ་སོགས་པ་མ་འདྲ་བ་མང་པོ་ཡོད་པ་རྣམས་ཚུར་བོད་སྐད་དུ་བསྒྱུར་ཐུབ་པ་ཡིན་ན་སྟོང་ཆ་དེ་ཁ་གསབ་བྱེད་ཐུབ་ཀྱི་རེད་སེམས། དེ་མཚུངས་ཉེ་བའི་ཆར་རྒྱ་ནག་ཏུ་བོད་ཀྱི་སྨན་རྫས་མང་པོ་ཞིག་ལ་ཚན་རིག་ཐོག་ནས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཚན་རིག་དུས་དེབ་ནང་ཐོན་བཞིན་ཡོད། དཔེར་ན། གསེར་རྟ་ནས་བཟོས་པའི་རིན་ཆེན་བཙོ་ཐལ་ལ་རྒྱ་ནག་ཏུ་ཚན་རིག་ཞིབ་འཇུག་ཁང་གིས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ངོ་མཚར་ཅན་ཐོན་པ་རྣམས་ཚན་རིག་དུས་དེབ་ནང་རྒྱ་ཡིག་གཅིག་པོའི་སྟེང་ཡོད་པ་དེ་ཁྱབ་བསྒྲགས་དེ་ཙམ་འགྲོ་ཐུབ་ཀྱི་མེད་དུས། དེ་དག་ང་ཚོས་དབྱིན་ཡིག་ཏུ་བསྒྱུར་ཐུབ་པ་ཡིན་ན་བོད་སྨན་གྱི་ཁྱད་ཆོས་ཁྱབ་བསྒྲགས་ལ་ཕན་ཐོགས་འབྱུང་ངེས་སེམས།  ཕྱི་ལོ་༢༠༡༥ ལོ་མཇུག་དང་ ༢༠༡༦ ལོ་མགོ་ཙམ་ལ་རྒྱ་ནག་གི་སྨན་པ་མཁས་པ་བཅོ་ལྔ་ཉི་ཤུ་ཙམ་ཐའེ་ཝེན་རྒྱལ་ས་ཐཡེ་པེའམ། དྷ་རམ་ས་ལ། ཡང་ན་སིང་ག་པུར་གང་རུང་ཞིག་ཏུ་བོད་སྨན་དང་རྒྱ་སྨན་ཐོག་མཁས་པའི་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། དྷ་རམ་ས་ལར་རྒྱ་ནག་ནས་ཐད་ཀར་མཁས་པ་རྣམས་ཕེབས་བདེ་པོ་མེད་དུས་ཐཡེ་པེ་འམ་སིང་ག་པུར་དུ་གོ་སྒྲིག་ཞུ་ན་རྒྱ་ནག་ནས་མཁས་པ་རྣམས་ཕེབས་ཐུབ་ཀྱི་ཡོད།" ཅེས་མ་འོངས་བྱེད་འཆར་རྣམས་འགྲེལ་བརྗོད་གནང་སོང་།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་ཀྱི་སྨན་རྩིས་ཁང་ནས་རྒྱ་ཡིག་སྡེ་ཚན་གསར་འཛུགས་བྱས་པ་འདིས་རྒྱ་མི་རིགས་ལ་ཐུགས་ཕན་གསོ་ཕྱིར་དམིགས་པ་ཞིག་ཡིན་པ་གསལ་པོ་ཞེ་དྲག་རེད། འདི་གཟི་བརྗིད་ཅིག་ཡིན་པ་དང་། ཁོང་གིས་སྡེ་ཚན་འདི་ནས་གསོ་བ་རིག་པའི་ཁྱད་ཆོས་རྣམས་སྤུས་ཀ་དག་པོ་ཁྱབ་སྤེལ་གནང་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་གནང་བ་དང་རྒྱ་ཡིག་སྡེ་ཚན་གྱི་སྨན་པ་རྣམས་ལ་སྐུ་མགྲོན་གཙོ་བོ་མཆོག་གིས་ཁ་བཏགས་དཀར་གཙང་རེ་རྟེན་འབྲེལ་གྱི་ཚུལ་དུ་ཕུལ་གནང་བའི་ཐོག་མཛད་སྒོ་ལེགས་གྲུབ་བྱུང་བ་རེད།།

མཐའ་མའི་འདོན་ཐེངས་།: 24.07.2014 ཉིན། 10:18 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།