སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་ཐ་མག་འཐེན་མི་ཆོག་པའི་ས་ཁུལ་དུ་བསྒྱུར་རྒྱུ་རེད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.06.2014
མདུན་ངོས། >>

 

 

སྨན་རྩིས་ཁང་ཐ་མག་འཐེན་མི་ཆོག་པའི་ས་ཁུལ་དུ་བསྒྱུར་རྒྱུ་རེད།

 

            འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་སྤྱི་ལོ་ ༡༩༨༧ ནས་བཟུང་ལོ་ལྟར་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་འཛམ་གླིང་རྡོ་ཐ་སྤོང་བའི་ཉིན་མོར་ (World No Tobacco Day) སྲུང་བརྩི་ཞུ་བཞིན་ཡོད། དེ་ཡང་འཛམ་གླིང་ཡོངས་སུ་ཉིན་ཞག་གཅིག་རིང་རྡོ་ཐ་ལས་བཟོས་པའི་རྫས་སྦྱོར་རིགས་ཚང་མ་སྤོང་རྒྱུའི་བསྐུལ་མ་གཏོང་ཆེད་དམིགས་པ་ཞིག་ཡིན་པ་དང་། ལྷག་པར་དུ་རྡོ་ཐ་ལ་ངན་པ་ལང་ཤོར་ཕྱིན་ནས་འཕྲོད་བསྟེན་ལ་ཚབས་ཆེན་གནོད་པ་ཇི་ཙམ་ཡོད་ཚུལ་སྐོར་མི་མང་གིས་ཤེས་རྟོགས་གོང་སྤེལ་གཏོང་རྒྱུར་དམིགས་ནས་སྲུང་བརྩི་ཞུ་གི་ཡོད་པ་བཞིན།   བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་དུའང་འདི་ལོའི་ཉིན་དེར་འཛམ་གླིང་རྡོ་ཐ་སྤོང་བའི་ཉིན་མོའི་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཡོད་ལ་སྐུ་ངོ་དབུ་འཛིན་མཆོག་གིས་སྨན་རྩིས་ཁང་དེ་བཞིན་ཐ་མ་ཁ་འཐེན་མི་ཆོག་པའི་ས་ཁུལ་དུ་བསྒྱུར་རྒྱུ་ཡིན་པ་གསུངས་སོང་།

         མཛད་སྒོའི་སྟེང་བོད་ཀྱི་སྨན་རྩིས་ཁང་གི་སྐུ་ངོ་དབུ་འཛིན་ཚེ་རིང་བཀྲ་ཤིས་ཕུ་རི་མཆོག་གིས་གཙོས་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་དང་། གསུང་བཤད་གནང་མཁན་བདེ་ལེགས་སྨན་ཁང་གི་ཌོཀ་ཊར་བསྟན་འཛིན་བརྩོན་འགྲུས་ལགས། སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་འགན་དགེ་བཤེས་བསྟན་པ་བཀྲིས་ལགས་བཅས་སྨན་རྩིས་ཁང་གི་ལས་བྱེད་སྐྱེས་པ་གྲངས་ལྔ་བཅུ་ལྷག་འདུ་འཛོམས་གནང་ཡོད། 

            ཕྱི་ཟླ་༥ ཚེས་ ༣༡ རེས་གཟའ་སྤེན་པའི་ཕྱི་དྲོ་ཕྱག་ཚོད་༤ ཐོག་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཐབ་ཚོགས་ཁུང་དུ་ཚང་མ་ལྷན་འཛོམས་ཐོག་ཞལ་ཏོག་དང་ཤིང་ཏོག་ཁུ་བ་འགྲེམས་སྤེལ་གནང་སོང་། དེ་ནས་ཌོཀ་ཊར་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་རྡོ་ཐ་ལས་བཟོས་པའི་རྫས་ངན་བེད་སྤྱོད་བྱས་པའི་དབང་གིས་ནད་གཞི་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་པའི་ཉམས་ཞིབ་ཀྱི་གྲུབ་འབྲས་སྐོར་དང་། འཛམ་གླིང་ཡོངས་སུ་གཙོ་བོ་ཐ་མ་ཁ་འཐེན་པ་ལས་བྱུང་བའི་ནད་གཞི་སྣ་ཚོགས་རྐྱེན་གྱིས་ལོ་རེ་བཞིན་མི་ས་ཡ་དྲུག་ཙམ་དུས་མིན་རྐྱེན་འདས་སུ་འགྲོ་བཞིན་ཡོད་པ་དང་། དེའི་ནང་ནས་མི་འབུམ་ལྔ་ཙམ་ནི་རང་གིས་དངོས་སུ་ཐ་མག་མ་འཐེན་ཀྱང་འཐེན་མཁན་ཀྱི་འཁྲིས་སུ་བསྡད་པ་ལས་ནད་གཞི་ཕོག་ནས་འདས་གྲོངས་སུ་ཕྱིན་ཡོད་པའང་ཚུད་ཡོད་པ་གསུངས་སོང་།  གནོད་སྐྱོན་དེ་འགོག་ཐབས་སུ་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གིས་བརྟག་དཔྱད་བྱས་པས་ཐབས་ལམ་ཡག་ཤོས་དེ་ཐ་མ་ཁ་ལ་དཔྱ་ཁྲལ་སྤར་རྒྱུ་དེ་ཡིན་པར་གཟིགས་ནས་ཡུལ་ལུང་ཚང་མར་རེ་བསྐུལ་ཞུས་པ་བཞིན་དེ་ལྟར་ལག་བསྟར་གནང་ནས་དངོས་སུ་ཐ་མ་ཁ་དང་བི་ཌི་འཐེན་མཁན་ཉུང་དུ་སོང་ཡོད་ཚུལ་སྐོར་གསུང་བཤད་གནང་སོང་། ཐ་མག་གིས་གློ་བ། མཁལ་མ། གྲེ་བ། མིད་པ། མགོ་སྐེ། ནུ་མ། ལྒང་པ། གཤེར་རྨེན་དང་ཕོ་བའི་འབྲས་ནད་ཀྱི་རྒྱུ་བྱེད་བཞིན་ཡོད་པ་དང་གཞན་ཡང་མིག་དབང་ལ་སྐྱོན་བཏང་བ། སྙིང་རྩ་འགགས་པ། ཁུ་བར་སྐྱོན་བཏང་བ་སོགས་དང་། བུད་མེད་ཐ་མག་འཐེན་མཁན་རྣམས་ལ་ཕྲུ་གུ་སྔོན་དུ་བཙའ་བ། མངལ་དུ་ཤི་བ། ཕྲུ་གུའི་ལྗིད་ཚད་མི་ལོང་བ་བཅས་ཀྱི་གནོད་སྐྱོན་ཡོད་ཚུལ་དང་། གལ་ཏེ་ཐ་མག་སྤངས་ཐུབ་ན་དེ་ལས་བྱུང་བའི་དགེ་མཚན་སྐོར་གསུང་བཤད་གནང་སོང་།

            དེ་བཞིན་དགེ་བཤེས་བསྟན་པ་བཀྲིས་ལགས་ཀྱིས་སྤྱིར་རྒྱ་གར་མཁས་པའི་བསྟན་བཅོས་ནང་ཤ་དང་ཆང་གི་ཉེས་དམིགས་སྐོར་རྒྱས་པར་གསུངས་ཡོད་ཀྱང་ཐ་མ་ཁའི་ཉེས་དམིགས་སྐོར་གསུངས་པ་དངོས་སུ་མཇལ་མ་སོང་། འོན་ཀྱང་སློབ་དཔོན་པདྨ་འབྱུང་གནས་དང་། མ་གཅིག་ལབ་སྒྲོན། པཎ་ཆེན་བློ་བཟང་ཆོས་རྒྱན་བཅས་ཀྱི་གཞུང་དུ། བདུད་ཀྱི་བུ་མོའི་ཟླ་མཚན་སར་འཛགས་པ་ལས་སྔོ་ཞིག་སྐྱེས་པ་དེར་བདུད་སྡེས་སྨོན་ལམ་ལོག་པ་བཏབ་པ་དང་། ཡང་དམ་སྲི་སྤུན་དགུའི་ཐ་ཆུང་གིས་སྨོན་ལམ་ལོག་པ་བཏབ་པས་དུག་ཧ་ལ་ནག་པོ་དག་ལ་སྤྱོད་པའི་ཉེས་དམིགས་སྐོར་གསུངས་སོང་།

            དེ་ནས་སྨན་རྩིས་ལས་བྱེད་བློ་བཟང་ཚེ་རིང་ལགས་ལ་སྐུ་ངོ་དབུ་འཛིན་མཆོག་གིས་སྔ་ས་ཞིག་ནས་དངོས་སུ་བསྐུལ་བར་བརྟེན། མཛད་སྒོ་འདིའི་སྟེང་ྋརྒྱལ་བའི་སྐུ་པར་མཐོང་གྲོལ་ཆེན་མོའི་མདུན་དུ་ཕྱག་འཚལ་ཞིང་ཁ་བཏགས་དཀར་པོ་ཁམས་གཙང་ཞིག་ཡར་འབུལ་ནས་ཁོང་གིས་གསུངས་པ། དེ་སྔ་མིག་མ་བདེ་བར་གྱུར་ནས་སྨན་པ་བསྟེན་དུ་ཕྱིན་པ་ཡིན། སྨན་པས་ཐ་མག་འཐེན་རྒྱུ་མེད་པའི་ལམ་སྟོན་གནང་སོང་། གཞོན་དུས་དབྱིངས་བྱས་ནས་ཐ་མག་འཐེན་པས་ད་ཆ་མིག་དང་ལུས་པོ་ལ་ཞེ་དྲག་གནོད་པོ་འདུག སོང་ཙང་དེ་རིང་མཛད་སྒོ་འདི་འཁེལ་བ་དང་དེའི་སྒང་ལ་ྋསྐྱབས་མགོན་རིན་པོ་ཆེའི་སྐུའི་དགུང་གྲངས་བརྒྱད་ཅུར་ཟིན་གྲབས་ཡོད་པས་ཉིན་མ་དེ་རིང་ནས་བཟུང་ཐ་མག་བཅད་རྒྱུ་ཡིན། ཞེས་ཆོད་སེམས་བརྟན་པོས་དམ་བཅའ་བཞག་སྐབས་ཚོགས་ཁང་ནང་དགའ་བསུའི་ཐལ་སྒྲས་ཁེངས་སོང་།

            མཐར་སྐུ་ངོ་དབུ་འཛིན་མཆོག་གིས་གསུངས་པ། "འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་ལམ་སྟོན་གནང་བ་བཞིན་དེ་རིང་འདིར་འཛམ་གླིང་རྡོ་ཐ་སྤོང་བའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་རེད། ང་ཚོ་འཕྲོད་བསྟེན་གྱི་སྡེ་ཚན་ཞིག་ཆགས་ཡོད་ཙང་ལོ་ལྟར་སྲུང་བརྩི་ཞུ་དགོས་པ་ཡིན། ལྷག་པར་འདི་ལོའི་སུམ་ཅུའི་དུས་དྲན་སྐབས་སྐུ་ངོ་སྲིད་སྐྱོང་མཆོག་གིས། འདི་ལོ་བོད་ལུགས་ལྟར་ན་ྋསྐྱབས་མགོན་རིན་པོ་ཆེ་སྐུའི་དགུང་གྲངས་བརྒྱད་ཅུར་ཕེབས་ཀྱི་ཡོད་པར་བརྟེན་འདི་ལོ་དམིགས་བསལ་གྱི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་གནང་དགོས་པ་གསུངས་ཡོད་ཙང་། འདི་ལོའི་ཕྱི་ཟླ་༤ ཚེས་༡ ནས་ཕྱི་ཟླ་༡༢ ཚེས་༣༡ བར་སྨན་རྩིས་ཁང་ནས་ལས་འགུལ་ཆེ་འབྲིང་ཆུང་གསུམ་སྟེ་སྣ་ཚོགས་ཞིག་འགྲུབ་དགོས་ཀྱི་ཡོད་རེད། དེ་རིང་འདི་གཅིག་ཆགས་ཡོད།             དུས་དྲན་སྲུང་བརྩི་ཞུ་བར་ང་ཚོ་འདི་ནས་དགུང་ལོ་བགྲེས་པ་ཐ་མག་ཡང་སེ་བཞེས་མཁན། སྤྱིར་དགུང་ལོ་རྒན་པ་རྣམས་བསྒྱུར་བ་གཏོང་བར་ཏོག་ཁག་པ་ཡོད་དུས་དེ་འདྲ་ཞིག་ཡར་སྒྲུག་ནས་རེ་འདུན་ཞུས་ན་སྙམ་པ་བྱུང་། བློ་བཟང་ཚེ་རིང་ལགས་ཀྱིས་འདི་ལྟར་གནང་བ་དཔེ་མཚོན་ཡག་པོ་བྱུང་སོང་།  དེ་རིང་ནས་བཟུང་སྨན་རྩིས་ཁང་ཁོར་ཡུག་ཏུ་ཐ་མག་འཐེན་མི་ཆོག་པ་ངེས་པར་དུ་བཟོ་དགོས་ཀྱི་འདུག  ང་ཚོས་སྤྱན་དང་ཞལ་བེད་སྤྱོད་བཏང་ནས་སྨན་རྩིས་ཁང་ནང་དུ་ཐ་མག་འཐེན་ཆོག་གི་མེད་པ་གསལ་བཤད་བྱེད་དགོས།  སྨན་རྩིས་ཁང་འདི་ཡིན་གཅིག་མིན་གཅིག་ No Smoking Zone (ཐ་མག་འཐེན་མི་ཆོག་པའི་ས་ཁུལ།) བཟོ་རྒྱུ་ཡིན། དེ་ངེས་པར་ལག་ལེན་ཏུ་ཁེལ་དགོས་པ་ཡིན།"བཅས་གསུང་བཤད་གནང་བ་དང་མཛད་སྒོ་དོན་དང་ལྡན་པའི་སྒོ་ནས་མཇུག་སྒྲིལ་སོང་།།

མཐའ་མའི་འདོན་ཐེངས་།: 04.06.2014 ཉིན། 3:08 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།