སྨན་རྩིས་དྲ་བ། - མདུན་ངོས།

སྨན་རྩིས་ཁང་གི་བརྒྱ་སྟོན་མཛད་སྒོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 31.03.2016
མདུན་ངོས། >>

 

 

སྨན་རྩིས་ཁང་གི་བརྒྱ་སྟོན་མཛད་སྒོ།


ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༣ ལྷག་དཀར་གྱི་ཉིན་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་འོག་ཁྱམས་ར་བར་ངེད་ཅག་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་དགེ་སློབ་ལས་བྱེད་ཚང་འཛོམས་ཐོག་ཕྱི་ནང་མི་རིགས་དབྱེར་མེད་ཀྱི་མང་ཚོགས་འདུ་འཛོམས་ཧ་ཅང་ཆེ་ཞིང་བློ་སེམས་དགའ་དད་སྤྲོ་གསུམ་ཁོལ་བའི་ངང་རང་གནས་སུ་འཁོད་པ་དང་། མདུན་གྱི་སྡིངས་ཆའི་དབུས་ཀྱི་ཞབས་སྟེགས་སྟེང་དུ་ཇི་ལྟར་གསོལ་བ་ཕུར་ཚུགས་འདེབས་པ་ལྟར་ཚོགས་མགོན་དུ་འཛམ་གླིང་ཞི་བདེའི་དེད་དཔོན་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་། དེ་བཞིན་སྐུ་མགྲོན་དུ་མངའ་སྡེའི་འབྲེལ་ཡོད་དཔོན་ཆེན་ཁག་ཅིག་དང་། བཙལ་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་ལྷན་རྒྱས། དེ་བཞིན་བློ་ཉེ་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མི་སྣ། གསར་འགོད་པ་བཅས་མང་ཚོགས་སུམ་སྟོང་ལས་མི་ཉུང་བ་ཤིག་ལྷན་བཞུགས་ཐོག་གཙོ་བོ་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་བརྒྱ་འཁོར་བ་དང་། དྷ་ས་བོད་ཀྱི་སྨན་རྩིས་ཁང་གསར་དུ་བཙུགས་ནས་མི་ལོ་ལྔ་ང་འཁོར་བ། ལྕགས་པོ་རི་སྨན་པའི་གྲྭ་ཚང་དབུ་བརྙེས་ནས་མི་ལོ་སུམ་བརྒྱ་ཉི་ཤུ་འཁོར་བའི་དུས་ཚིགས་གསུམ་འཛོམས་གྱི་དུས་དྲན་སྲུང་བརྩི་གཟབ་རྒྱས་ཤིག་ཞུས་གནང་ཡོད།


མཛད་སྒོའི་ཐོག་མར་བོད་དང་གནས་ཚང་རྒྱ་གར་འཕགས་པའི་ཡུལ་གྱི་རྒྱལ་གླུ་གཉིས་རྔ་རོལ་དང་བཅས་ཀྱིས་མདུན་བསུས་ནས་གསོལ་ཆ་འབྲས་སིལ་འདེགས་འབུལ་ཞུ་བཞིན་གཡུ་ཐོག་གསོལ་འདེབས་རྟ་དབྱངས་དང་བཅས་འདོན་གནང་། དེ་ནས་མཛད་སྒོ་འདིའི་སླད་དུ། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་མཆོག་གིས་བཀའ་མངགས་ལམ་སྟོན་གཞི་བཟུང་སྨན་རྩིས་མཐོ་སློབ་རིག་དགེ་ཟུར་པ་ཧོར་གཙང་འཇིགས་མེད་ལགས་དང་སྨན་རམས་པ་ཆོས་ལོ་ཐར་ལགས་གཉིས་ཀྱིས་གསར་རྩོམ་གནང་བ་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཞས་ཚིག་དེ་ཉིད་སྨན་རྩིས་ཁང་གི་ལས་བྱེད་ལས་མི་སློབ་ཕྲུག་བཅས་ནས་མཉམ་གཞས་ཀྱི་ངོ་བོར་རོལ་དབྱངས་མཆོད་འབུལ་ཞུས། དེ་གྲུབ་རྗེས་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དབྱིན་བོད་གཉིས་ཐོག་ལས་བསྡོམས་བསྡུས་པ་ཤིག་གསུང་བཤད་གནང་



དེ་ནས་མངའ་སྡེ་འབྲེལ་ཡོད་མི་ཆེན་ལས། ཧི་མ་ཅལ་མངའ་སྡེའི་ནགས་ཚལ་བློན་ཆེན་ཤྲྰི་ཋྰཀུར་སིཾཧ་བྷརམཽརྰི་(Shri Thakur Singh Bharmouri) མཆོག་གིས་གསུང་བཤད་གནང་དོན། ྋགོང་ས་མཆོག་སོ་སོའི་ཕ་ཡུལ་བོད་ལྗོངས་བཞག་ནས་མི་ལོ་དྲུག་བཅུ་ཙམ་སོང་བ་དེ་དངོས་གནས་བློ་ཕམ་དགོས་པ་ཞིག་རེད། འོན་ཀྱང་བཙན་བྱོལ་དུ་ཕེབས་རྗེས་ྋགོང་ས་མཆོག་དང་བོད་མི་འཁྲིས་ནས་འཛམ་བུ་གླིང་སྤྱི་ལ་ཁེ་ཕན་མང་པོ་ཐོབ་ཡོད། ྋགོང་ས་མཆོག་ནས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཐུབ་པ་བྱུང་ནས་མིའི་སྐྱེ་འགྲོ་ཡོངས་ལ་ཕན་ཐོགས་ཐུབ་པ་བྱུང་ཡོད་ལ། བཙན་བྱོལ་དུ་ཞབས་སོར་འཁོད་ནས་མི་རིང་བར་སྨན་རྩིས་ཁང་གསར་བཙུགས་གནང་ཐུབ་པ་དེ་མིག་དཔེ་འོས་པ་ཞིག་ཡིན། ད་ལྟ་རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་བོད་སྨན་དེ་ཡོངས་གྲགས་ཆགས་ཡོད། དེ་རིང་མཛད་སྒོ་འདི་འདྲ་འཚོགས་ཐུབ་པ་འདི་ྋགོང་ས་མཆོག་གི་ཕུག་རྒྱང་རིང་པོའི་གཟིགས་ཕྱོགས་དང་འབད་བརྩོན་ཆེན་པོ་བྱས་པ་ལ་བརྟེན་ནས་བྱུང་བས་ངས་དེ་རིང་ྋགོང་ས་མཆོག་དང་སྨན་རྩིས་ཁང་གི་ལས་བྱེད་ཡོངས་ལ་དགའ་བསུའི་འཚམས་འདྲིས་ཞུ་གི་ཡིན། ཞེས་སོགས་གསུངས་གནང་།


དེ་ནས་ཧི་མ་ཅལ་མངའ་སྡེའི་ཨྰཡུརྦེད་བློན་ཆེན་ཤྲྰི་ཀརན་སིཾཧ་ (Shri Karan Singh) མཆོག་གིས་གསུང་བཤད་གནང་དོན། དེ་རིང་སྨན་རྩིས་ཁང་གི་དུས་དྲན་མཛད་སྒོ་འདིའི་སྒང་ལ་ྋགོང་ས་མཆོག་གི་ཉེ་འགྲམ་དུ་བསྡད་རྒྱུ་བྱུང་བ་འདི་ཡིད་ཆེས་དཀའ་བའི་ཚོར་སྣང་ཞིག་འདུག་ལ་མཐོང་ཆེན་དེ་འདྲ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ྋགོང་ས་མཆོག་ཁྱེད་ནི་ང་ཚོའི་ནང་མི་དང་གཉིས་སུ་མ་མཆིས་པ་ཞིག་ཡིན། དེ་བཞིན་ཁོང་གིས་མུ་མཐུད་གསུངས་དོན། བོད་ཀྱི་གསོ་བ་རིག་པའི་བསྟན་བཅོས་དང་སྨན་རྫས་སྐོར་ཤེས་རྒྱུ་བྱུང་བས་དེ་ཚོ་ཡིད་ལ་འཐད་པོ་བྱུང་། བོད་སྨན་ཡར་རྒྱས་གཏོང་དགོས་ཚུལ་སྐོར་སོགས་གསུངས་གནང་སོང་།


དེ་ནས་ཧི་མ་ཅལ་མངའ་སྡེ་ས་གནས་གྲོས་ཚོགས་འཐུས་མི་ཤྲྰི་རབྰི་ཋྰཀུར་ (Shri Ravi Thakur) མཆོག་གིས་གསུང་བཤད་གནང་དོན། ངའི་བསམ་པར་ད་ལྟའི་འཛམ་བུ་གླིང་འདི་འཚེ་བའི་ལམ་དུ་ཞུགས་པ་དེ་ཉེན་ཁ་ཆེན་པོ་ཡིན་ལ་སྤྱིར་ྋགོང་ས་མཆོག་ནས་ཧི་མ་ལ་ཡའི་རི་རྒྱུད་དང་ས་ཕྱོགས་གཞན་མང་པོར་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྐོར་བཀའ་སློབ་གནང་བ་དེ་རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པའི་ཆེད་ཁོ་ན་ཙམ་མ་ཡིན་པར་ད་ལྟའི་འཛམ་གླིང་གི་སྤྱི་ཚོགས་ནང་མཐུན་འདྲིས་དང་སྙིང་རྗེ་ཡར་རྒྱས་གཏོང་བར་ཕན་ཐོགས་ཆེན་པོ་ཡོད། མུ་མཐུད་ནས་ཁོང་གི་བོད་དོན་སྐོར་དང་རང་གི་རྩ་བའི་བླ་མའི་སོགས་ཀྱི་སྐོར་གསུངས་གནང་ཡོད།


དེ་ནས་ྋགོང་ས་སྐྱབས་མགོན་ཆེན་པོའི་ཕྱག་པདྨ་འདབ་བརྒྱད་མ་དེའི་དྲུང་ནས་ཧི་མ་ཅལ་མངའ་སྡེའི་བློན་ཆེན་གསུམ་དང་རུ་སུ་གྲོས་ཚོགས་འཐུས་མི་རྣམ་པར་ཕྱག་རྟགས་གསོལ་སྩལ་གནང་བ་དང་། དེ་མཚུངས་ྋགོང་ས་མཆོག་ནས་གཞན་དབང་སྟབས་བསྟུན་འོག་ཏུ་གནས་ཡོད་ཀྱང་མི་ལོ་ང་བཅུ་ང་ལྔ་ལྷག་གི་རིང་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་རྩ་ཆེན་བོད་ཀྱི་སྨན་རྩིས་རིག་པ་གཉིས་འཛིན་སྐྱོང་སྤེལ་གསུམ་ལ་ཞུགས་པའི་གཙོ་བོ་ལྷ་ས་སྨན་རྩིས་ཁང་གི་སྨན་རྩིས་པ་ཡོངས་དང་ལས་བྱེད་ལས་ཟུར་རྣམས་ལ་ལེགས་གསོལ་འཚམས་འདྲིས་མཚོན་བྱེད་མཇལ་དར་གསོལ་སྩལ་དེ་བཞིན་ལྷ་ས་སྨན་རྩིས་ཁང་གི་སྐུ་ཚབ་ཏུ་ྋསྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་ལགས་སུ་འབུལ་གནང་ཡོད། དེ་དང་ཆབས་ཅིག་རྒྱལ་མཆོག་ྋསྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཙལ་བྱོལ་དུ་འབྱོར་ནས་མི་རིང་བར་སྨན་རྩིས་ཁང་བསྐྱར་འཛུགས་མཛད་པ་ནས་བཟུང་ལོ་མང་ཞབས་ཞུ་གནང་མཁན་ྋསྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་ལགས་སུ་ལེགས་གསོལ་ཕྱག་རྟགས་ཤིག་ཀྱང་གསོལ་སྩལ་གནང་ཡོད། དེ་བཞིན་སྨན་རྩིས་ཁང་གི་སྦེང་ལོར་ལས་གཞིའི་ཆེད་ཞལ་འདེབས་རྒྱ་ཆེ་གནང་མཁན་གསུམ་ལ་གཟེངས་བསྟོད་ཕྱག་རྟགས་དང་། སྔ་ལོ་དྷ་ས་བོད་ཀྱི་སྨན་རྩིས་ཁང་སྨན་སྦྱོར་སྡེ་ཚན་ནས་དངུལ་ཆུ་བཙོ་ཐལ་ཆེན་མོའི་བཟོ་སྐྲུན་ཐེངས་བདུན་པ་བཙོ་ཐལ་ཀི་ལོ་༡༣༨ ལེགས་གྲུབ་བྱུང་བས་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་འགན་འཁུར་རྐང་བཞེས་གནང་མཁན་སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་ལའང་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གཟེངས་བསྟོད་ཕྱག་ཁྱེར་གསོལ་སྩལ་གནང་བ་རེད།


དེ་ནས་དུས་དྲན་ཐོག་མང་ཚོགས་ལ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་བསྩལ་དོན་དུ་རྒྱ་གར་འཕགས་ཡུལ་ནས་མཆེད་པའི་བོད་ཀྱི་བཅུ་ཕྲག་རིག་གནས་སྐོར་དང་། དེ་དག་ཀྱང་ད་ལྟ་བོད་ཀྱི་སྐད་ཡིག་ཐོག་ཆ་ཚང་བཞུགས་ཡོད་པས་བོད་ཡིག་སློབ་དགོས་པ་གལ་ཆེ་ཚུལ། སྒྲིག་འཛུགས་ངོས་ནས་ནད་གཞི་སྔོན་འགོག་གི་འཕྲོད་བསྟེན་ཐོག་འཐུས་ཤོར་ཕྱིན་ཡོད་ཚུལ་དང་། དྲང་བདེན་སྒོ་ནས་ཞིབ་འཇུག་བྱེད་དགོས་ཚུལ་སོགས་ཀྱི་སྐོར་འགོ་མང་ཚང་མ་གཉིད་ལས་བླངས་པ་ལྟ་བུའི་བཀའ་སློབ་གནད་བསྡུས་ཤིག་ཕེབས་ཡོད། དེ་ཡང་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་ཤིན་ཏུ་མང་བའི་དབང་གིས་བཀའ་སློབ་གྲུབ་མཚམས་རྒྱལ་བའི་ཕོ་བྲང་དུ་སླར་ཆིབས་ཁ་བདེ་བར་བསྒྱུར་གནང་ཡོད།


འདི་སྐབས་དྷ་ས་བོད་ཀྱི་སྨན་རྩིས་ཁང་ངོས་ནས་རྒྱ་ཆེ་སེར་སྐྱ་མང་ཚོགས་ཡོངས་ལ་གུང་ཚིགས་ཐུམ་ཆག་བགོ་འགྲེམས་ལྷུག་པོར་གནང་ནས་ཟས་ལ་རོལ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཐང་ཆེན་དབུས་སུ་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི་ཐུན་མོང་ནས་ཕོ་བྲང་དམར་པོ་ཞེས་པ་དང་། བློ་རིག་བཀྲ་ཞིང་ལང་ཚོ་དར་ལ་བབ་པ་སྨན་རྩིས་མཐོ་སློབ་ཁང་གི་སློབ་མ་རྣམས་ནས་བོད་ཁ་བ་ཅན་གྱི་བླ་རི་ཡིན་ཞེས་པའི་འཁྲབ་གཞས་ཡིད་དུ་འོང་བ་གཉིས་གཟིགས་འབུལ་ཞུས།


དེ་ནས་རྒྱ་གར་བྱང་ཕྱོགས་ཁུལ་སྨན་རྩིས་ཁང་གི་མཐུན་ཚོགས་ཀྱི་ཚོགས་གཙོ་ Dr. P.K. Sandell, Chairman, Friends of Men-Tsee-Khang, (Northern Chapter) ལགས་དང་། སྨན་རྩིས་ཁང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དཔལ་ལྡན་མི་རྗེ་འཕྲོད་བསྟེན་བཀའ་བློན་མཆོག་གིས་དུས་སྐབས་དང་མཐུན་པའི་གསུང་བཤད་གནང་། དེ་ཡང་དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་འདི་ལོ་དྷ་ས་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་སུམ་ཅུ་སོན་པ་གཉིས་དང་། ཞབས་ལོ་ཉི་ཤུ་སོན་པ་བདུན་བྱུངཡོད་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་གསོལ་སྩལ་གནང་བ་རེད། དེ་བཞིན་མཛད་སྒོ་འདིའི་ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་སྨན་སློབ་སྐབས་ ༡༧ ། ༡༨ ། ༡༩ དང་རྩིས་སློབ་སྐབས་ ༩ ། ༡༠ རྣམས་ཀྱི་ལོ་འཁོར་རྒྱུགས་འབྲས་རྩེ་ཐོན་སོན་པ་གསུམ་དང་།  སྤྱི་ཡོངས་རྒྱ་ཆ་མཐོ་ཤོས་ཀྱི་སློབ་མ།  བུ་དང་བུ་མོའི་རྒན་བདག་བཅས་ལ་ཕྱག་འཁྱེར་གསོལ་སྩལ་གནང་ཡོད་པའི་མཚན་ཐོ་སྨན་རྩིས་ཟླ་གསར་སྤྱིའི་འདོན་ཐེངས་༢༤ནང་འཁོད་ཡོད། དེ་དང་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་ནས་མཛད་སྒོ་འདིའི་ཆེད་དུ་བརྩམས་པའི་ྋརྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་གཞས་ཚིག་དེ་ལ་གླུ་དབྱངས་འགྲན་བསྡུར་བྱས་པས་ཨང་རིམ་དང་པོའི་རྒྱལ་ཁ་ཐོབ་པའི་གླུ་དབྱངས་རྩོམ་མཁན་བོད་ཀྱི་སྨན་རྩིས་ཁང་གི་ལས་བྱེད་གཞས་པ་གྲགས་ཅན་བསྟན་འཛིན་ནོར་བུ་ལགས་ལ་ལེགས་གསོལ་བྱ་དགའ་གསོལ་སྩལ་གནང་བ་རེད།


དྷ་ས་བོད་ཀྱི་སྨན་རྩིས་ཁང་ནས་བོད་དབྱིན་གཉིས་ཐོག་དེབ་རིགས་གྲངས་བཅུ་གསར་དུ་དཔར་བསྐྲུན་ཞུས་པ་ལས་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་དཔེ་དེབ་གྲངས་ ༥ རེ་དབུ་འབྱེད་གནང་། དེའི་ཁོངས་ནས་གསེར་འོད་འབར་བའི་དུས་རབས་གཅིག་གི་བཤུལ་ལམ། སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་བརྒྱ་འཁོར་བའི་དྲན་དེབ་ ཅེས་པ་དེ་དང་། དབྱིན་ཨིག་ཐོག་ནད་པ་ལྔ་བརྒྱ་དྲག་སྐྱེད་ཕྱིན་པའི་དཔང་ཡིག་ Testimonials: My Experience with Tibetan Medicine ཞེས་པ་དང་།  སྨན་སློབ་ཆབ་ལྷོ་གཡུ་སྒྲོན་གྱིས་བརྩམས་པའི་མ་ཡུམ་གྱི་ལས་དབང་དང་སེམས་ནད་ཀྱི་འགན་འཁུར་ཞེས་པའི་དེབ་རིགས་གསུམ་པོ་དེ་རིན་མེད་ཐོག་འགྲེམས་སྤེལ་ཞུས་གནང་ཡོད།


དེ་ནས་ཕྱི་ཚེས་ ༢༤ ཉིན་གྱི་རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་མཁས་པ་ལྔའི་ངོ་སྤྲོད་དང་འབྲེལ་སྨན་པ་གཙོ་བོ་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ནས་དགའ་བསུའི་མཇལ་དར་འབུལ། དུས་དྲན་མཛད་སྒོའི་ཐ་མ་སྨན་པ་གཙོ་བོ་སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ནས་མཛད་སྒོར་ཕེབས་མཁན་སྐུ་མགྲོན་རྣམ་པ་དང་། འགོ་མང་ཡོངས་ལ་ཐུགས་རྗེ་ཆེའི་གསུང་བཤད་གནང་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་རྟ་དབྱངས་དང་བཅས་འདོན་ནས་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་བརྒྱ་ཕྲག་གཅིག་འཁོར་བའི་དུས་དྲན་གྱི་མཛད་སྒོ་གཟབ་རྒྱས་འདི་ལེགས་གྲུབ་ངང་མཇུག་འཁྱོངས་པ་བྱུང་ཡོད།། 
 


མཐའ་མའི་འདོན་ཐེངས་།: 01.04.2016 ཉིན། 12:19 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།