སྨན་རྩིས་དྲ་བ། - ྋགོང་ས་མཆོག་གི་བཀའ་སློབ།

སྤྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༣༠ ཉིན་ལ་དྭགས་སུ་སྩལ་བའི་བཀའ་སློབ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 01.03.2011
ྋགོང་ས་མཆོག་གི་བཀའ་སློབ། >> སྤྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༣༠ ཉིན་ལ་དྭགས་རིག་གཞུང་བསྟི་གནས་དབུ་འབྱེད་སྐབས་སྩལ་བའི་བཀའ་སློབ།
སྤྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༣༠ ཉིན་བོད་གཞུང་སྨན་རྩིས་ཁང་གི་ཡན་ལག་ལ་དྭགས་རིག་གཞུང་བསྟི་གནས་དབུ་འབྱེད་མཛད་སྒོའི་སྐབས་སྩལ་བའི་བཀའ་སློབ། བཀའ་སློབ་དངོས་གཞི་དབུ་འཛུགས་མ་གནང་གོང་ལ་དྭགས་ཀྱི་སྨན་པ་ཚོར་བཀའ་འདྲི་གནང་དོན། ལ་དྭགས་ཡུལ་མིའི་ཁོངས་བོད་སྨན་ལག་ལེན་བྱེད་མཁན་སྨན་པ་ག་ཚོད་ཡོད་དམ་གསུངས་པར། བརྒྱ་དང་གསུམ་ཡོད་ཅེས་ཞུས། དེ་སྔ་བོད་ལ་འགྲོ་མྱོང་མཁན་ག་ཚོད་ཡོད་དམ་གསུངས་པར། གཉིས་འདུག་ཅེས་ཞུས། ཡར་ལོངས་དང༌། ཞེས་བཀའ་གནང་བར་སྨན་པ་ཀེ་རི་ནོ་ནོ་ཡར་ལངས། ཁྱེད་རང་བོད་དུ་འགྲོ་མྱོང་ངམ། ལགས་ཡིན་ཞུས། འོ་ཡ་ཁྱེད་རང་གཅིག་བྱས། ད་ག་ཚོད་ཡོད། ཁྱེད་རང་གཅིག་པུ་རེད་པས། སྔ་མ་ག་དུས་བོད་ལ་ཕྱིན་པ་རེད། ཅེས་བཀའ་འདྲི་གནང་བར། དུས་མ་ལོག་གོང་ལ་ལྕགས་པོ་རི་དང་སྨན་རྩིས་ཁང་ལ་སློབ་སྦྱོང་དུ་ཕྱིན་པ་ཡིན་ཅེས་ཞུས། དུས་ཡུན་ག་ཚོད་བསྡད་པ་ཡིན། ཅེས་བཀའ་གནང་བར། ལོ་གཅིག་བསྡད་པ་ཡིན་ཅེས་ཞུས། མཁྱེན་རབ་ནོར་བུའི་སྐུ་མདུན་ནས་དཔེ་འཁྲིད་ཞུ་མྱོང་ངམ། ཞེས་བཀའ་གནང་བར། མཁྱེན་རབ་ནོར་བུའི་སྐུ་མདུན་ལ་ང་ཞབས་ཕྱི་ཞུས་ནས་བསྡད་པ་ཡིན། སྔོན་མ་ལྕགས་པོ་རི་ལ་རྒན་མཁྱེན་རབ་ཞུ་མཁན་ཞིག་འདུག ངག་དབང་ཡེ་ཤེས་སྐུ་མདུན་ལ་བསྡད་བྱས། ཁོང་གིས་ཐུགས་རྒྱུས་གནང་ནས་མཁྱེན་རབ་ནོར་བུའི་སྐུ་མདུན་ལ་ཞབས་ཕྱི་ཞུས་ནས་བསྡད་པ་ཡིན་ཞུས་པར། འོ་ཡག བཀྲ་ཤིས་བདེ་ལེགས་དང༌། རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ཡང་ཁྱེད་རང་ཚོའི་ནང་བོད་སྨན་ལག་ལེན་ཐོག་རྒྱ་སྨན་ཨེ་ལོ་པེ་ཐི་མེ་ཌི་སིན་ (Allopathy medicine) སློབ་སྦྱོང་བྱས་ཏེ་གཉིས་ཀ་ལག་ལེན་བྱེད་མཁན་ཡོད་དམ་མེད། ཅེས་བཀའ་འདྲི་གནང་བར། དཻ་འདྲ་མི་འདུག་ཅེས་ཞུས། འདི་རྗེས་བཀའ་སློབ་དངོས་གཞི་དབུ་འཛུགས་གནང༌། དེ་རིང་སྨན་རྩིས་ཁང་གི་ཡན་ལག་གསར་པ་འཛུགས་སྐྲུན་ཟིན་ནས་སྒོ་འབྱེད་བྱེད་པ་འདིའི་ཐོག་ཁྱེད་རང་ཚོ་བོད་སྨན་གྱི་སྨན་གཞུང་ལ་སྦྱངས་པ་བྱས་ནས་ལག་ལེན་བྱེད་མཁན་ས་གནས་ཡུལ་མིའི་ཁོངས་ཀྱི་ཨེམ་ཆི་མང་པོ་ཞིག་འཛོམས་ཡོད་པ་དང༌། དེ་བཞིན་སྨན་རྩིས་ཁང་ཁོངས་ཀྱི་ཁྱེད་རང་ཚོ་འདིར་རྟག་ཏུ་སྡོད་མཁན་དང༌། དེ་རིང་གློ་བུར་དུ་ཆེད་མངགས་འབྱོར་པ་ཚོ། དེ་བཞིན་སྐུ་མགྲོན་ཁག་ཚོ་བཅས་ཚང་མར་བཀྲིས་བདེ་ལེགས་ཞུ་གི་ཡིན། དེ་ནས་ཁྱེད་རང་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་པ་ལྟར་དེའི་ཐོག་ཉམས་མྱོང་བརྗེ་རེས་དང༌། ཡང་ལེགས་ཆའི་བསམ་འཆར་འདོན་རྒྱུ་སོགས་ཚོགས་འདུ་དོན་སྙིང་ལྡན་པ་ཞིག་ཡོང་བའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་ལ། ཚོགས་འདུར་ཆེད་མངགས་འབྱོར་བ་ཚང་མ་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་གི་ཡིན། ངས་བོད་སྨན་རྟག་པར་ཟ་གི་ཡོད་པ་དེའི་ཉམས་མྱོང་ཙམ་ལས་བོད་སྨན་གྱི་འགྲོ་སྟངས་གང་འདྲ་ཡིན་སློབ་སྦྱོང་བྱས་མེད་ལ། ཤེས་ཀྱི་ཡང་མེད། དེར་བརྟེན་དམིགས་བསལ་ཞུ་རྒྱུ་མེད་ཀྱང༌། སྤྱི་ཡོངས་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། འགྲོ་བ་མིའི་ལུས་རྟེན་གྲུབ་ཕྱིན་ཆད་ནད་ན་ཚ་ཡོང་བ་ནི་ཆོས་ཉིད་དང༌། ནད་ན་ཚ་ནི་མི་འདོད་པའི་སྡུག་བསྔལ་ཞིག་ཡིན་སྟབས། དེ་སེལ་བའི་སྨན་བཅོས་བྱེད་ཐབས་ཀྱང་མིའི་འགྲོ་བ་ཆགས་ནས་བཟུང་རིམ་པས་དར་ཏེ་སྔོ་རིགས་དང༌། རྡོ་རིགས་འདྲ་མིན་བེད་སྤྱོད་བྱེད་པ་དང༌། དེ་བཞིན་ཐབས་སྐྱོ་པོའི་གནས་ཚུལ་ཡིན་ཀྱང་ཤ་རིགས་འདྲ་མིན་བེད་སྤྱོད་བྱེད་ཀྱི་ཡོད། དེ་འདྲ་བྱས་ནས་རིམ་པས་སྨན་གྱི་རིག་གཞུང་དར་བ་ཡིན་ཞིང༌། ཚོད་དཔག་བྱས་ན་ཕལ་ཆེར་འཛམ་བུ་གླིང་འདིའི་ཐོག་ལ་ལོ་སྟོང་ཕྲག་བཞི་ལྔ་དེ་འདྲའི་རིང་ལ་ཨི་ཇིབ་ཞོན་སི་ཝི་ལཡེ་ཛེ་ཞོན་ (Egyptian civilization) ཟེར་བ་ཞིག རྒྱ་གར་སན་ཊལ་ཨེ་ཤེ་ཡ་ (Central Asia) ཟེར་བ། དེ་འདྲ་ནས་རིག་གཞུང་དར་རྒྱས་ཕྱིན་པའི་སི་ཝི་ལཡེ་ཛེ་ཞོན་གཅིག་དང༌། རྒྱ་ནག་གི་སི་ཝི་ལཡེ་ཛེ་ཞོན་གཅིག གང་ལྟར་ཁག་གསུམ་གྱི་ནང་ལ་གསོ་བ་རིག་པའི་སྐོར་ཕལ་ཆེར་ཡོད་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལོ་ཉིས་སྟོང་ལྔ་བརྒྱའི་གོང་ལ་ནང་དོན་རིག་པའི་ཆོས་ཀྱི་འཁོར་ལོ་གཙོ་བོ་བསྐོར་གནང་བ་དང༌། དེ་དང་ཆབས་ཅིག་ནང་དོན་རིག་པའི་གཞུང་དཔེར་ན་འདུལ་བའི་ནང་ལ་སྨན་བཅོས་སྐོར་གྱི་ལག་ལེན་བྱེད་སྟངས་གསུངས་ཡོད། དེ་དང་དེ་འདྲའི་རྒྱུད་སྡེ་རིམ་པའི་ནང་ལའང་སྨན་གྱི་སྐོར་གསུངས་ཡོད། གང་ལྟར་གསོ་བ་རིག་པ་ཞེས་པ་འདི་ང་རང་ཚོའི་མི་ཚེའྀ་ནང་གི་མི་འདོད་པའི་སྡུག་བསྔལ་ཛ་དྲག་ཤོས་ནད་ཀྱི་སྡུག་བསྔལ་དེ་སེལ་བའི་ཐབས་ཤེས་འདི་མིའི་རྣམ་དཔྱོད་ཀྱིས་བཙལ་ནས་རྙེད་པ་ཞིག་རེད། དེ་ཡང་མི་རབས་ནས་མི་རབས་བརྒྱུད་ཉམས་མྱོང་གསོག་གིན་གསོག་གིན་བྱས་པའི་ཐོག་ནས་གསོ་བ་རིག་པའི་རྣམ་གྲངས་མི་འདྲ་བ་ཁག་བྱུང་བ་ཡིན། དེའི་ནང་ནས་སྐབས་སུ་བབས་པ་བྱེ་བྲག་ང་རང་ཚོ་བོད་ཀྱི་གསོ་བ་རིག་པ་ཟེར་བ་འདི་ཁྱེད་རང་ཚོས་བརྗོད་པ་ལྟར་ཆོས་རྒྱལ་ཁྲི་སོང་ལྡེའུ་བཙན་གྱི་སྐུ་དུས་ཏེ་དུས་རབས་བརྒྱད་པའི་ནང་བོད་དུ་རྒྱ་གར་གྱི་ཨ་ཡུར་ཝེ་དྷ་ཟེར་བའི་སྨན་བཅོས་ཀྱི་ལག་ལེན་དང༌། རྒྱ་ནག་གི་སྨན་བཅོས་ཀྱི་ལག་ལེན། དེ་བཞིན་ཨབ་གྷན་དང༌། པར་ཤི་ཡའམ་ཨི་རན། སྟག་གཟིག་བཅས་ཀྱི་སྨན་བཅོས་ལག་ལེན། བོད་རང་གི་ས་གནས་ཀྱི་སྨན་བཅོས་ལག་ལཻན། དེ་ཡང་ནང་ཆོས་མ་དར་གོང་བོན་ཆོས་ཀྱི་ལྟ་གྲུབ་དང་འབྲེལ་བའི་ས་གནས་རང་གི་གསོ་བ་རིག་པ་ཞིག་ཡོད་པ་ཡིན། དེ་འདྲའི་གསོ་བ་རིག་པ་མི་འདྲ་བའི་མི་སྣ་མཉམ་རུབ་བྱས་པ་དེ་འདྲའི་ཐོག་ནས་བོད་ཀྱི་སྨན་གཞུང་ནང་ལ་སྐབས་རེ་རྒྱ་སྐད་ཕྲན་བུ་བེད་སྤྱོད་བྱས་པ། དེ་ཚོ་རྩ་བ་རྒྱ་གར་གྱི་ཨ་ཡུར་ཝེ་དྷའི་སྨན་གྱི་འགྲོ་སྟངས་གཞི་ལ་བཞག་པ་མིན་ནམ། དེ་དང་དེས་མཚོན་ང་རང་ཚོའི་བོད་ས་གནས་རང་གི་གསོ་བ་རིག་པའི་གཞུང་ལུགས་ཐོག་ལ་ཁྱིམ་མཚེས་ཡུལ་ཁག་གི་གསོ་བ་རིག་པའི་ལག་ལེན་དང༌། ལྟ་གྲུབ་ཀྱི་ལེགས་ཆ་བླངས། དེ་འདྲ་བྱས་ནས་ང་རང་ཚོའི་གསོ་བ་རིག་པ་འདི་ད་ལྟའི་བར་དུ་བོད་ཀྱི་གསོ་བ་རིག་པ་ཞེས་དམིགས་བསལ་གྱིས་འབུར་དུ་ཐོན་པ་ཞིག་ཡོད། དེང་སང་དངོས་ཡོད་གནས་ཚུལ་ལ་གནའ་བོའི་སྨན་བཅོས་རིགས་འདྲ་མིན་སྐོར་ལ་ཉམས་ཞིབ་བྱེད་མཁན་ཚོས་བོད་ཀྱི་སྨན་གཞུང་འདི་དངོས་གནས་ལྟ་གྲུབ་ཆ་ཚང་བའི་གཞི་རྩ་ཆེན་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དོན་དངོས་ལག་ལེན་ཐོག་ནད་རྙིང་པ་བཅོས་ཁག་པོ་དེ་འདྲ་བོད་སྨན་གྱིས་བཅོས་ཐུབ་པ་ཡོང་གི་ཡོད། དེ་ནི་སྐབས་འཕྲལ་ལམ་འགྲོ་རྒྱུགས་མིན་ལ་མ་ལྟོས་པར་གང་ལ་གང་འཚམ་གྱི་ཕན་ཐོགས་ཡོད་པ་ཞིག་ཡིན་པ་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཡིན། དེ་འདྲ་ཡིན་དུས་ང་རང་ཚོ་བོད་ཀྱི་གསོ་བ་རིག་པའི་སྨན་གཞུང་ཁུངས་ལྡན་དང༌། རིགས་པའི་གཞུང་ལུགས་གཏིང་ཟབ་པོ་ཡོད་པ་ཞིག་ཡིན་པ་གསལ་པོ་རེད། དེ་ལྟར་ང་རང་ཚོར་མི་ལ་ཕན་ཐོགས་དགོས་མཁོ་ཆེན་པོ་ཡོད་པའི་གསོ་རིག་ལྟ་གྲུབ་ (System) ཆ་ཚང་བ་ཞིག་ཡོད་པ་འདི་འཛམ་གླིང་ཐོག་གི་གནའ་བོའི་གསོ་རིག་རྣམ་གྲངས་ཀྱི་ནང་ནས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པས། འདི་འདྲའི་གསོ་བ་རིག་པ་འདི་མི་ཉམས་རྒྱུད་འཛིན་བྱེད་ཐུབ་པ་བྱ་རྒྱུ་ནི་གསོ་བ་རིག་པ་འདིར་མྱོང་གོམས་ཡོད་མཁན་ནམ་གསོ་བ་རིག་པ་འདི་ལག་ལེན་བྱེད་མཁན་རྣམས་ཀྱི་ལས་འགན་ཡིན་ན། ཁྱེད་རང་ཚོ་དེ་རིང་འདིར་དམིགས་བསལ་ཚོགས་འདུ་འཚོགས་པ་འདིའི་ཐོག་ནས་བོད་གངས་ཅན་ལྗོངས་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་སྲོལ་རྒྱུན་འདིའི་ཐོག་ད་དུང་ལེགས་ཆ་ཁ་སྣོན་དང༌། ཡར་རྒྱས་གོང་འཕེལ་གཏོང་དགོས་པ་གང་དང་གང་འདུག་པ་གོ་བསྡུར་བྱ་རྒྱུ་གལ་ཆེ་ཡིན་ཞིང༌། དེ་ནི་ཁྱེད་རང་ཚོ་དང་ཡང་འབྲེལ་བ་ཡོད་པ་ཡིན། དེ་ནས་ང་ཚོ་བོད་མི་རིགས་ཀྱི་ཐོག་ནས་སྐད་ཆ་བཤད་པ་ཡིན་ན། ང་ཚོ་གངས་ཅན་པ་ལ་ཕལ་ཆེར་བོད་ཀྱི་སི་ཝི་ལཡེ་ཛེ་ཞོན་ཟེར་བ་འདི་ལོ་སྟོང་ཕྲག་མང་པོའི་སྔོན་ནས་ཡོད་པ་དང༌། སངས་རྒྱས་ཀྱི་ཆོས་མ་དར་གོང་ནས་བོད་ཀྱི་སི་ཝི་ལཡེ་ཛེ་ཞོན་ཟེར་བ་ཞིག་ཡོད་པ་ཡིན། དེ་རིང་ཁ་སང་ས་འོག་ནས་དངོས་པོ་ཐོན་པ་དེའི་ཐོག་ནས་བཤད་ན་ལོ་སྟོང་ཕྲག་ལྔ་དྲུག་དང༌། ཡང་ས་ཆ་ཁ་ཤས་ཀྱི་དངོས་པོ་ནས་ལོ་ཆིག་ཁྲི་ནས་ཉིས་ཁྲིའི་བར་ཕྱིན་ཡོད་པ་བཤད་ཀྱི་འདུག གང་ལྟར་ང་ཚོ་ཧི་མ་ལ་ཡའི་ས་མཐོའི་གནས་འདིའི་ཐོག་མྀའི་འགྲོ་བ་ཆགས་ནས་ལོ་སྟོང་ཕྲག་མང་པོའམ་ལོ་ཁྲི་ཁ་ཤས་ཕྱིན་པ་གསལ་པོ་རེད། དེ་འདྲའི་ཡུལ་ཁམས་འདིའི་ནང་ཡོད་པའི་མི་རིགས་འདི་ལ་རྩ་བ་རྣམ་དཔྱོད་ཡོད་པར་མ་ཟད། རྣམ་དཔྱོད་ཀྱི་ས་བོན་ཡང་ཟབ་པོ་ཞིག་ཡོད་པ་གསལ་པོ་རེད། དེ་འདྲའི་རང་བཞིན་གྱི་རྣམ་དཔྱོད་བཟང་པོ་ཡོད་པ་དེ་ལ་རྐྱེན་ཞིག་འཕྲད་དུས་ཡར་རྒྱས་གཏོང་བའི་ནུས་པ་ཧ་ཅང་ཆེན་པོ་ཞིག་ཡོང་གི་ཡོད། དཔེར་ན་ངས་གོང་དུ་བརྗོད་པ་བཞིན་འཛམ་གླིང་ཐོག་ཨི་ཇིབ་ཞོན། རྒྱ་གར་སན་ཊལ་ཨེ་ཤེ་ཡ་དང༌། དེ་བཞིན་རྒྱ་ནག་གི་སི་ཝི་ལཡེ་ཛེ་ཞོན་བཅས་དང་བསྡུར་བ་ཡིན་ན། ང་རང་ཚོའི་ཡི་གེ་འདི་ལ་རྒྱ་གར་གྱི་ཡི་གེའི་འགྲོ་སྟངས་ཡོད་པ་ཡིན། ང་རང་ཚོའི་སྔོན་གྱི་མེས་པོ་ཚོས་ཁྱིམ་མཚེས་རྒྱ་གར་དང༌། རྒྱ་ནག་གི་ཡི་གེའམ་སྒྲ་རིག་པར་ཉམས་ཞིབ་བྱེད་ཡོང་དུས་རྒྱ་གར་གྱི་ཡི་གེ་དེ་དབྱངས་དང་གསལ་བྱེད་གཉིས་ལྡན་གྱི་འགྲོ་སྟངས་བརླིང་པོ་དང་ཟབ་པོ་ཞིག་ཡོད་པར་བརྟེན་ང་རང་ཚོའི་བོད་ཀྱི་ཡི་གེ་འདི་དེ་ལ་དཔེ་བླངས་ནས་བྱུང་བ་ཞིག་ཡིན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔོན་ནས་ཡོད་པ་ཡིན་ན་ཡང་འདྲ། ཡང་ན་ཆོས་རྒྱལ་གྱི་སྐུ་དུས་གསར་དུ་བྱུང་བ་ཡིན་ནའང་འདྲ། གང་ལྟར་ང་རང་ཚོའི་བོད་ཡིག་འདི་ཟབ་པོ་ཞིག་ཡོད་ཅིང༌། ཡི་གེ་དེ་ལ་བརྟེན་ནས་ང་ཚོས་རྒྱ་གར་གྱི་རིག་གནས་ཆེན་པོ་ལྔ་སྟེ་གཙོ་བོ་ནང་དོན་རིག་པ་དང༌། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ་བཅས་དང༌། དེ་བཞིན་རིག་གནས་ཆུང་བ་ལྔ་བཅས་བོད་ཡིག་ཐོག་ཆ་ཚང་ཕབ་སྒྱུར་བྱས་པ་དང༌། དེ་འདྲའི་ཐོག་ནས་ང་ཚོ་བོད་ཀྱི་སྐད་ཡིག་འདི་རང་སྐྱ་འཕེར་བ་ཞིག་བྱུང་ཡོད། དེ་བཞིན་གསོ་བ་རིག་པར་ཆ་བཞག་ནའང་བོད་པ་རང་ཉིད་ཀྱི་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་ཁྱིམ་མཚེས་ཡུལ་ཁག་ཚོའི་ནང་ནས་ལེགས་ཆ་བླངས་ཏེ་རང་ཉིད་ཀྱི་ལག་ལེན་ཉམས་མྱོང་དང་ཟུང་དུ་འབྲེལ་བའི་ཐོག་ནས་རང་རྐང་ཚུགས་ཐུབ་པའི་སྲོལ་ཞིག་གཏོད་ཡོད། ནང་དོན་རིག་པར་ཆ་བཞག་ན་རྒྱ་གར་པ་ལིའི་སྐད་དང༌། ལེགས་སྦྱར་གྱི་སྐད་ནང་ལ་ཡོད་པའི་བཀའ་བསྟན་མང་པོ་བོད་སྐད་ལ་བསྒྱུར་ནས་ད་ལྟ་ཡོངས་གྲགས་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཉི་ཤུ་རྩ་གྲངས་ཤིག་དང༌། བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་ཞིག་ཡོད་པ་དང༌། དེ་ནས་རིམ་པས་ང་རང་ཚོ་བོད་གངས་ཅན་རང་གི་མཁས་པའི་དབང་པོ་མང་པོ་ཐོན་པ་དེ་དག་གིས་མཛད་པའི་རྨད་དུ་བྱུང་བའི་ལེགས་བཤད་པོ་ཏི་མང་པོ་ཡོད་པ་ཡིན། གང་ལྟར་བོད་ཀྱི་མཁས་པའི་སྐྱེས་བུ་བརྒྱ་ཕྲག་དང་སྟོང་ཕྲག་མང་པོ་ཐོན་པ་དེ་དག་གིས་རྩ་བ་བཀའ་འགྱུར་དང་བསྟན་འགྱུར་ནང་གསུངས་པའི་གཞུང་དེ་ཚོ་མ་རྩ་ལ་བཞག་ནས་འགའ་ཤས་གོ་བདེ་རུ་བཏང་བ་དང༌། མི་གསལ་བ་གསལ་དུ་བཏང་བ། རྒྱས་པ་བསྡུས་སུ་བཏང་ནས་རྟོགས་སླ་རུ་བཏང་བ། ཡང་རྒྱ་གཞུང་ནང་བསྡུས་དྲགས་པ་ལ་འགྲེལ་བཤད་ཀྱིས་རྒྱས་སུ་བཏང་བ་བཅས་ལ་བརྟེན་ནས་བོད་གངས་ཅན་གྱི་མཁས་པས་སངས་རྒྱས་ཀྱི་བསྟན་པ་ལ་མཛད་རྗེས་རྨད་དུ་བྱུང་བ་བཞག་ཡོད། དེ་ལྟར་བོད་མི་རིགས་ཀྱི་རྣམ་དཔྱོད་རྩལ་ལས་ཐོན་པའི་རིག་གཞུང་ཐད་ང་ཚོས་སྤོབས་པ་བྱེད་ཆོག་པ་དང༌། འགྲོ་བ་མིའི་རིགས་སྤྱིའི་རིག་གཞུང་ལ་ང་ཚོ་བོད་མིས་གང་ལ་གང་འཚམས་ཀྱི་ཞབས་འདེགས་བསྒྲུབས་ཡོད་ཅེས་བརྗོད་ཆོག་པ་ཡིན། ང་ཚོ་བོད་མི་རིགས་ཀྱིས་འདས་པའི་ལོ་ཆིག་སྟོང་བཞི་བརྒྱ་ལྔ་བརྒྱའི་རིང་ང་ཚོའི་ནུས་ཤུགས་ཆ་ཚང་ནང་དོན་རིག་པའི་ཐོག་ཤུགས་བསྒྲིལ་ཡོད། དེའི་འབྲས་བུར་ད་ཆ་དུས་རབས་ཉི་ཤུ་རྩ་གཅིག་པར་སླེབས་པའི་སྐབས་སུ་འཛམ་བུ་གླིང་འདིའི་ཐོག་ལ་ནང་པའི་ཆོས་འདི་ཆོས་ལུགས་ཀྱི་ནང་ནས་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དེ་དག་འགྲེལ་བཤད་བྱེད་པ་ལ་བོད་པའི་སྐད་ཡིག་འདི་ཡག་ཤོས་ཡིན་པ་གསལ་པོ་ཡིན། མཁྱེན་སོང་ངམ། འཛམ་གླིང་ཐོག་ལ་ཚན་རིག་ཧ་ཅང་ཡར་རྒྱས་ཆེན་པོ་འགྲོ་བའི་སྐབས་འདིར་ཚན་རིག་ལ་ཕར་རོགས་རམ་བྱེད་ཐུབ་མཁན་ནི་ཕལ་ཆེར་ནང་པའི་ལྟ་གྲུབ་གཅིག་པུ་ཡིན་པ་དང༌། ནང་པའི་ལྟ་གྲུབ་འདི་ཚན་རིག་ཡར་རྒྱས་ཕྱིན་པ་དང་མཉམ་དུ་འགྲོ་ཐུབ་མཁན་གྱི་ལྟ་གྲུབ་བརླིང་པོ་ཞིག་ཡིན་པ་དང་དེ་མཐའ་ཆོད་པའི་འགྲེལ་བཤད་རྒྱག་ཐུབ་མཁན་ཕལ་ཆེར་བོད་པའི་སྐད་ཡིག་འདི་ཡིན། ལེགས་སྦྱར་གྱི་སྐད་ནི་མཁས་པ་ཁ་ཤས་ཀྱིས་བེད་སྤྱོད་པ་ལས་དེ་ཙམ་ཁྱབ་ཆེན་པོ་མེད། སྔར་རྒྱ་ནག་གི་ཡི་གེ་ནང་བཀའ་འགྱུར་བསྟན་འགྱུར་གྱི་པོད་མང་པོ་བསྒྱུར་ཡོད་ཀྱང་དེ་དག་བརྡ་རྙིང་ཆགས་ཏེ་སྤྱིར་བཏང་གོ་ཁག་པོ་ཡོད་འདུག ང་རང་ཚོ་བོད་པའི་སྐད་ཡིག་ནང་གི་བཀའ་འགྱུར་བསྟན་འགྱུར་འདི་དག་རྩ་བ་གཞུང་ལ་སྦྱངས་པ་མེད་ན་གནས་ཚུལ་ཐ་དད་རེད། གཞུང་ལ་སྦྱངས་པ་ཡོད་མཁན་གྱིས་ཀློག་ན་ད་ལྟ་ཡིན་ཡང་གོ་དོན་རྟོགས་ཐུབ་པ་ཡོད། ང་རང་ཚོ་བོད་མི་རིགས་ཕྱི་དངོས་པོ་ཡར་རྒྱས་ཐོག་ཆེས་རྗེས་ལུས་ཐེབས་ཡོད། དེ་ནི་ཕྱོགས་གཅིག་ནས་བསམ་བློ་བཏང་ན་ང་རང་ཚོ་ནང་དོན་རིག་པའི་ཐོག་ཡིད་རྩེ་གཅིག་ཏུ་ཕྱོགས་ནས་ཕྱིའི་དངོས་པོ་ཡར་རྒྱས་ལ་དོ་སྣང་མ་བྱས་པར་ལྷོད་ཡེངས་ཀྱིས་འཐུས་ཤོར་ཕྱིན་པའི་བཟོ་འདུག གཉིས་ནས་ང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་ཕམ་བུབ་མང་པོ་ཞིག་བྱུང་ནས་འཐུས་ཤོར་ཕྱིན་སོང་བ་དང༌། དེ་འདྲའི་དབང་གིས་བོད་གཅིག་བསྒྲིལ་གྱི་ནུས་པ་དེ་ཙམ་མ་བྱུང་བ་དང་ཆོས་རྒྱལ་ཚོའི་གདུང་རྒྱུད་རིམ་པས་ཉམས་པ་བཅས་དེ་དག་ནི་བོད་སིལ་བུར་གྱུར་པའི་རྐྱེན་རྩ་ཡིན་འདུག བོད་མི་ལ་རྣམ་དཔྱོད་ཀྱི་ནུས་པ་ཧ་ཅང་ཡག་པོ་ཡོད་རེད། འོན་ཀྱང་ཆིག་སྒྲིལ་གྱི་ནུས་པ་མེད་པ་ཆགས་པ་དེ་གཙོ་བོ་འགོ་ཁྲིད་ལ་རག་ལུས་ཡོད་པ་རེད། ད་ལྟའི་སྐབས་སུ་མ་འོངས་པར་བོད་གངས་ཅན་པ་ཞེས་པ་འདི་གནས་ཡོང་དང་མི་ཡོང་ཉེན་ཁའི་མཚམས་ལ་སླེབས་ཡོད། དེ་ནི་ང་ཚོའི་མི་རབས་འདི་གཅིག་པུའི་ཐོག་འཐུས་ཤོར་ཕྱིན་པ་མ་ཡིན་པར་མི་རབས་གོང་མ་རིམ་པས་འཐུས་ཤོར་ཕྱིན་པའི་ངན་འབྲས་རེད། དངོས་རྒྱུའི་ནུས་པ་ཐོག་མར་གྲུབ་ཟིན་རྗེས་དེའི་འབྲས་བུ་སུས་ཀྱང་བཟློག་ཐུབ་ཐབས་མེད་པ་ད་ལྟའི་གནས་ཚུལ་འདི་རེད། ད་ལྟའི་སྐབས་ལ་ང་ཚོ་བཙན་བྱོལ་བ་ཆགས་ནས་ཐབས་སྐྱོ་པོ་ཞིག་གི་འོག་ཏུ་གནས་ཡོད། དེ་ཡིན་ན་ཡང་ལོ་སྟོང་ཕྲག་གི་ལོ་རྒྱུས་དང་རྣམ་དཔྱོད་ཀྱི་ནུས་པ་ཡོད་པའི་མི་རིགས་ཤིག་ཡིན་པར་བརྟེན་འདས་པའི་ལོ་བཞི་བཅུ་ཞེ་གསུམ་ཞེ་བཞིའི་རིང་ང་ཚོ་བཙན་བྱོལ་བ་འདྲ་འདྲའི་ནང་མི་འདྲ་བ་ཞིག་བྱས་ནས་གནས་ཡོད། དེ་བཞིན་བོད་གངས་ཅན་ལྗོངས་སུ་ཡོད་པའི་རྒྱ་ཆེའི་མི་མང་རྣམས་ལྷག་བསམ་སྙིང་སྟོབས་འགྱུར་བ་མེད་པར་རང་ཚུགས་བརྟན་པོ་བཟུང་ནས་གནས་ཡོད། རྒྱ་ནག་གཞུང་གིས་བོད་བཅིངས་འགྲོལ་བཏང་བའམ་དབང་བསྒྱུར་བྱས་ནས་ལོ་ལྔ་བཅུ་བརྒལ་བ་དེའི་རིང་ཐབས་ཤེས་མི་འདྲ་བ་སྣ་ཚོགས་ལག་ལེན་བསྟར་ཡོད་ཀྱང་ད་ལྟའི་བར་བོད་ཀྱི་གནས་དོན་འདི་རྒྱ་ནག་གཞུང་བྱེད་ཁག་པོ་ཞིག་དང་ག་དུས་ཡིན་ཡང་མི་བདེ་བ་ཞིག་ཡོང་གི་ཡོད་པ་རེད། དེ་ནི་གཙོ་བོ་གཞིས་ལུས་རྒྱ་ཆེའི་མི་མང་གིས་ལྷག་བསམ་རང་ཚུགས་བཟུང་ནས་བསྡད་པའི་འབྲས་བུ་རེད། དེ་ལྟར་ཡོང་བ་ཡང་ང་རང་ཚོར་ལོ་སྟོང་ཕྲག་ཁ་ཤས་རིང་སོ་སོའི་མི་རིགས་ཀྱི་སི་ཝི་ལཡེ་ཛེ་ཞོན་ཡོད་པ་དེའི་རང་བཞིན་གྱི་འདུ་ཤེས་དང་གོམས་གཤིས་བག་ཆགས་ཤིག་ཡོད་པ་ནས་བྱུང་བ་ཡིན། ལོ་སྟོང་ཕྲག་རིང་བོད་གངས་ཅན་པའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་རིག་གཞུང་དེ་དེང་དུས་རབས་ཉེར་གཅིག་པའི་འཛམ་བུ་གླིང་གི་རིག་གཞུང་ཁྲོམ་རྭའི་ཐོག་སླེབས་ཡོད། གཙོ་ཆེ་ཤོས་ནི་ནང་དོན་རིག་པ་སླེབས་ཀྱི་ཡོད། དེ་དང་འབྲེལ་ནས་གསོ་བ་རིག་པ་ཡང་སླེབས་ཡོད། ང་རང་ཚོ་བོད་མི་རིགས་ཀྱི་སྤོབས་པ་དང༌། ཞེན་ཁོག་ལ་རྒྱ་སོགས་ཀྱི་ཐོག་ནས་བསམ་བློ་བཏང་ན་བོད་ཀྱི་གསོ་བ་རིག་པ་འདི་ད་དུང་མུ་མཐུད་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ད་ལྟ་ང་ཚོ་བཙན་བྱོལ་དུ་གནས་པའི་དུས་འདིར་ཤར་མོན་ནས་ནུབ་ལ་དྭགས་བར་གྱི་་སྔོན་མ་བོད་ཀྱི་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད་པའི་ས་ཁུལ་དེ་དག་གིས་བོད་ཀྱི་ནང་དོན་རིག་པ་དང༌། དེ་བཞིན་གསོ་བ་རིག་པ་བཅས་ཀྱི་ཐོག་ཁྱེད་རང་ཚོ་ཚང་མས་ཧུར་ཐག་ངང་རྒྱུན་འཛིན་བྱེད་རྒྱུས་མཚོན་སོ་སོའི་ཕ་མེས་ཀྱི་རིག་གཞུང་ཡིན་པའི་ངོས་འཛིན་འདུ་ཤེས་ལོ་རེ་བཞིན་ཤུགས་ཆེ་རུ་ཕྱིན་བྱས་ནས་ད་ལྟའི་བར་ཡག་ཐག་ཆོད་ཡོད་པ་དང༌། ཁྱེད་རང་ཚོ་བཀའ་དྲིན་ཆེན་པོ་ཡིན། ང་ཚོ་བོད་པ་ལུང་པ་བྲལ་བ་ནས་ད་ལྟའི་ཆར་ང་ཚོའི་ལུང་པ་འདི་གང་འདྲ་ཞིག་ཆགས་གྲབས་ཡོད་མེད་ཚོད་མི་ཐིག་པའི་དུས་འདིར་ཁྱེད་རང་ཚོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་ལྡན་གངས་ཅན་པ་དང་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ས་ཁུལ་གྱི་མི་མང་སྤྱི་དང༌། ལྷག་པར་ཕྲན་བུ་ཤེས་ཡོན་ཡོད་མཁན་ཚོ་བཅས་ཚང་མས་ལྷག་བསམ་སྙིང་སྟོབས་ཆེན་པོས་འབད་བརྩོན་གང་ཡོང་བྱས་པར་རྗེས་སུ་ཡི་རང་ཡོད། ཁྱེད་རང་ཚོར་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་དང་རིག་གཞུང་རང་དབང་གི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་གོ་སྐབས་ཡོད་པ་རེད་ལ། ཁྱེད་རང་ཚོས་གོ་སྐབས་དེ་དམ་འཛིན་བྱས་ནས་ད་ལྟ་བར་དུ་ཧུར་ཐག་བྱས་ཡོད་པ་རེད་ལ་ད་དུང་ཡང་ཧུར་ཐག་བྱེད་རོགས་ཞུ་རྒྱུ་ཡིན། དེ་ནས་གོང་དུ་བརྗོད་པ་བཞིན་ངས་སྨན་ཟས་པ་ལས་སྨན་གྱི་སྐོར་ཤེས་ཀྱི་མེད། ཚོད་དཔགས་བྱས་ན། ནང་དོན་རིག་པའི་ནང་གི་དཔེར་ན་འབྲས་བུའི་ཡོན་ཏན་ས་ལམ་གྱི་ཡོན་ཏན་དེ་རིགས་སངས་རྒྱས་དང༌། དེ་བཞིན་འཕགས་པའི་དགེ་འདུན་ཏེ་རང་གི་རྟོགས་པ་མངོན་དུ་གྱུར་པའི་ཉམས་མྱོང་གི་ཐོག་ནས་གསུངས་པ་ཞིག་ཡིན་པ་ལས་ང་རང་ཚོ་སོ་སྐྱེ་ཐ་མལ་པ་ཞིག་གིས་ལམ་དང་འབྲས་བུའི་རྣམ་བཞག་མང་པོར་རིག་པས་དཔྱད་དེ་བཤད་ཐུབ་རྒྱུ་ཁག་པོ་ཡིན། ཉུང་ཤས་ལ་དཔྱད་ནས་བཤད་ཐུབ་པ་ཡོད། གསོ་བ་རིག་པ་འདི་སྨན་པའི་རྒྱལ་པོས་གསུངས་པ་བརྗོད་ཀྱི་ཡོད་པ་དེ་ལྟར་ཡིན་ཀྱང༌། མི་རང་ཉིད་ཀྱིས་བསམ་བློ་བཏང༌། ཉམས་ཞིབ་བྱས། རྩད་གཅོད་བཅས་བྱས་ཏེ་འཛམ་བུ་གླིང་གི་སྨན་རྣམས་བཟོས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གསུངས་པ་ཞིག་ཞེ་དྲག་ཡོད་པ་མ་རེད། ང་ཚོའི་བོད་སྨན་འདི་གང་འདྲ་ཡིན་ནམ། བཅོམ་ལྡན་འདས་མ་བྱོན་གོང་ནས་སྨན་ཡོད་པ་ནི་ཐག་ཆོད་པ་དང༌། དེ་དག་མིས་བསམ་བློ་གཏོང་གིན་གཏོང་གིན་ཉམས་མྱོང་བསགས་ནས་བཟོས་པ་ཞིག་རེད་བསམ་གྱི་འདུག ཁྱེད་རང་ཚོ་མོས་མཐུན་ཡོད་དམ་མེད། ཀླད་པ་ལྗང་ཁུ་ཡིན་ན་མོས་མཐུན་བྱས་ཨེ་ཡོང་སྙམ། མཚམས་འདིར་བཞད་མོ་བཞད་བཞིན་དུ་སྨན་པ་ལྷ་དབང་ལགས་སུ་བླ་མའི་དྲང་སྲོང་མོས་མཐུན་ཡོད་མེད་ཅེས་བཀའ་ཕེབས། ང་རང་ཚོའི་ནང་དོན་རིག་པའི་གཞུང་ནས་གསུངས་པ། དཔེར་ན་གླིང་བཞི་གླིང་ཕྲན་ཟེར་བ་དེ་ཚོ་དང༌། ད་ལྟ་ང་ཚོས་དངོས་སུ་མཐོང་བའི་ཉི་ཟླ་གཟའ་སྐར་མ་དེ་ཚོའི་ཚད་དང༌། དེ་དག་དང་འཛམ་བུ་གླིང་བར་གྱི་རྒྱང་ཐག་དེ་ཚོའི་གྲས་གཞུང་ནས་གསུངས་པ་དང་འགལ་ཟླ་ཡིན་པ་ང་རང་ཚོས་དངོས་སུ་མཐོང་དུས་ང་རང་ཚོའི་ཚད་མ་རིག་པའི་འགྲོ་སྟངས་ནང་ལ་ཆོས་གང་དང་གང་ཡིན་ཡང་ཡོད་དང་མེད་ཅེས་ཐག་གཅོད་དུས་ཡོད་ཀྱང་ལམ་སང་རྟོགས་མ་ཐུབ་པའི་རིགས་ཡིན་ན་མི་སྣང་བ་མི་དམིགས་པའི་གཏན་ཚིགས་ཟེར་བ་ལྟ་བུ་དང༌། ཡང་ཅིག་ཡོད་ན་སྣང་དུ་རུང་བ་ཞིག་ལ་མེད་པ་ཡིན་ན་སྣང་རུང་མི་དམིགས་པའི་གཏན་ཚིགས་ཟེར་བ་ལྟ་བུ་དེ་འདྲའི་ཐོག་ནས་མེད་པ་སྒྲུབ་སྟངས་ཤིག་བཤད་ཀྱི་ཡོད། དེ་བཞིན་མ་དམིགས་པའི་གཏན་ཚིགས་བཤད་དུས་སྣང་རུང་མ་དམིགས་པ་དང༌། མི་སྣང་བ་མ་དམིགས་པའི་ངོ་བོ་མ་དམིགས་པ་དང༌། རྒྱུ་མ་དམིགས་པ་དང༌། དངོས་འབྲས་མ་དམིགས་པ་ཟེར་བ་དེ་འདྲའི་ཐོག་ནས་དེ་ཡོད་ན་དེ་འདྲ་ཞིག་ཡོད་དགོས་པ་ལ་དེ་མི་འདུག་ཟེར་ནས་བཤད་པ་གཅིག་དང༌། ཡང་འགལ་ཟླ་དམིགས་པ་ཞེས་བརྗོད་དུས་དངོས་པོ་དེ་གལ་སྲིད་ཡོད་པ་ཡིན་ན་དེའི་འགལ་ཟླ་ཡོང་མི་ཤེས་ཀྱང༌། འགལ་ཟླ་འདུག་ཅེས་དེའི་འགལ་ཟླ་དེ་ཡོད་ཙང་དེ་ཡོང་ཤེས་ཀྱི་མ་རེད་ཅེས་སྒྲུབ་ཀྱི་ཡོད་པ་རེད། དཔེར་ན་ཟླ་བ་དང་ཉི་མ་གཉིས་བར་གྱི་ཚད་མངོན་པ་མཛོད་ནང་བཤད་པ་དང༌། ང་རང་ཚོས་དངོས་སུ་མཐོང་བ་གཉིས་ནས་མངོན་པ་མཛོད་ཀྱིས་བཤད་པ་དེ་ལ་འགལ་ཟླ་དམིགས་ཡོང་བ་ང་ཚོས་དངོས་སུ་ཉམས་སུ་མྱོང་གི་ཡོད། དེར་བརྟེན་མངོན་པ་མཛོད་ནས་བཤད་པ་དེ་ཚོ་སྒྲ་ཇི་བཞིན་པ་མ་རེད་ཅེས་བརྗོད་དགོས་ལ། དེ་ལྟར་བརྗོད་ཐུབ་པའི་སྤོབས་པའང་ཡོད་པ་ཡིན། ནང་དོན་རིག་པའི་གཞུང་ནས་དེ་འདྲ་གསུངས་ཡོད་ཀྱང་དེང་སང་འཛམ་གླིང་འདིའི་ཐོག་ཉམས་ཞིབ་ཀྱི་ནུས་པ་ཆེ་རུ་སོང་བ་དེ་འདྲའི་ཐོག་ནས་ཉམས་ཞིབ་བྱེད་དུས་དེའི་འགལ་ཟླ་དམིགས་པར་བརྟེན། འགྱུར་བ་གཏོང་དགོས་པ་ཆགས་ཡོད་པ་རེད། ནང་དོན་རིག་པའི་ནང་ས་དང་ལམ་གྱི་གནས་ཚུལ་ང་ཚོ་སོ་སྐྱེ་ཐ་མལ་པ་ལ་ཤིན་ཏུ་ལྐོག་ཏུ་གྱུར་པའི་གནས་ཚུལ་མང་པོ་ཞིག་ཡོད་པ་ཡིན། འོན་ཀྱང་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་ཡོད། དེ་ནི་ང་ཚོར་བརྟག་དཔྱད་བྱེད་རྒྱུའི་ཐོབ་ཐང་གནང་བ་ཞིག་ཡིན་པས་བརྟག་དཔྱད་བྱེད་དགོས་པ་རེད། དེར་བརྟེན་གསོ་བ་རིག་པ་ལ་ཆ་བཞག་ན་དེ་བས་ཀྱང་ད་ཕན་སྨན་གཞུང་ནང་གསུངས་པ་དེ་དག་གཞི་ལ་བཞག་པའི་ཐོག་ནས་དེང་དུས་འཛམ་གླིང་གི་གསོ་བ་རིག་པའི་ཉམས་མྱོང་དང༌། གསོ་བ་རིག་པའི་བརྟག་དཔྱད་བྱེད་སྟངས་མང་པོ་ཞིག་ཡོད་པ་དེ་ཚོ་དང་ཟུང་འབྲེལ་གྱི་ཐོག་ནས་བསམ་བློ་བཏང་ན་ཡར་རྒྱས་གཏོང་རྒྱུ་ཏན་ཏན་ཡོད་པ་ཡིན། དེ་ནས་བོད་པའི་སྨན་གཞུང་ནང་གསུངས་པའི་སྔོ་སྨན་དེ་ཚོའི་གྲས་འགའ་ཤས་ཏག་ཏག་སྡོད་ཀྱི་ཨེ་ཡོད་སྙམ་པ་དེ་རིགས་ལ་ང་ཚོས་ངེས་པར་ཉམས་ཞིབ་བྱེད་དགོས། དཔེར་ན་ངས་སྔོན་མ་ཡང་བཤད་མྱོང༌། མེ་ཏོག་ཨུཏྤལ་་ཟེར་བ་འདི་ང་ཚོས་བོད་ཀྱི་དགེ་འཕེལ་རི་ལ་སྐྱེས་པའི་ཨུ ད་པལ་་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དགེ་འཕེལ་རི་ལ་སྐྱེས་པའི་མེ་ཏོག་དེ་རྒྱ་གར་ནང་མེད་པ་ཤེས་གསལ་ཡིན། དཔེར་ན་རྗེ་བཙུན་སྒྲོལ་མའི་ཕྱག་མཚན་ལ་ཆ་བཞག་ན་ཨུཏྤལ་་སྔོན་པོ་བསྣམས་ཡོད། དེ་བཞིན་ཨུཏྤལ་དཀར་པོ་དང༌། ཨུཏྤལ་་དམར་པོ་གང་ཞིག་བསྣམས་ཡོད་ཀྱང་དེ་ནི་རྒྱ་གར་གྱི་བསྟན་བཅོས་ནང་ཡོད་པའི་རྒྱ་གར་གྱི་མེ་ཏོག་ཅིག་ཡིན་དགོས་པ་ལས་རྒྱ་གར་ལ་མེད་པའི་དགེ་འཕེལ་རི་མཐོ་པོ་ལ་སྐྱེས་པ་ཞིག་ཡོང་ཤེས་ཀྱི་མ་རེད། དེས་མཚོན་པའི་ང་རང་ཚོའི་སྨན་གཞུང་ནང་ཡོད་པའི་སྔོ་སྨན་ངོས་འཛིན་སྟངས་དེ་དག་ཏག་ཏག་བསྡད་ཡོད་མེད་དང༌། ཡང་དེ་དང་ཆབས་ཅིག་སྔོ་སྨན་དང་རྡོ་སྨན་སོ་སོའི་ནུས་པ་གཞུང་ནས་གསུངས་པ་ལ་གང་ཐུབ་ཀྱི་བརྟག་དཔྱད་བྱེད་དགོས། བྱིན་རླབས་ཀྱི་ནུས་པ་ལ་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱེད་མི་ཐུབ་ཀྱང༌། དེ་མིན་གྱི་རྫས་ཀྱི་ནུས་པ་ལ་ཚན་རིག་གི་ཐོག་ནས་བརྟག་དཔྱད་བྱེད་ཐུབ་པ་ཡིན། དེ་རིགས་ལ་ང་ཚོས་སྦས་གསང་དང་ཞུམ་པ་བྱེད་དགོས་དོན་མེད་པས་དྲང་པོ་ཨོ་པན་ (Open) རང་བྱེད་དགོས། གལ་སྲིད་ང་ཚོའི་དཔེ་ཆ་ནང་གསུངས་པ་དང༌། ང་ཚོས་ད་ལྟ་བར་དུ་ལག་ལེན་བསྟར་བ་རྣམས་ལ་བརྟག་དཔྱད་བྱེད་དུས་དངོས་ར་འཕྲོད་མ་འཕྲོད་ཀྱི་གནས་ཚུལ་ཡོང་གི་འདུག་ན་ད་དུང་དེ་རིགས་ལ་ཉམས་ཞིབ་བྱེད་རྒྱུ་མང་དུ་གཏོང་དགོས་གལ་ཆེན་པོ་རེད་བསམ་གྱིན་འདུག དོན་ཚན་གཉིས་པོ་འདི་ཤེས་སོང་ངམ། ང་རང་ཚོར་ད་བར་སྨན་གཞུང་གི་འགྲོ་སྟངས་ལམ་ཞིག་ཆགས་ཡོད་པ་དེ་ནས་བརྒལ་ཏེ་འགྲོ་ས་མེད་པ་ལྟ་བུ་མ་བྱས་པར་ད་དུང་དེ་ནས་བརྒལ་ཏེ་འགྲོ་ས་གང་འདུག་བསམ་བློ་གཏོང་དགོས། ད་བར་སྨན་གཞུང་ལག་ལེན་བྱས་དང་བྱེད་མུས་ཀྱི་འགྲོ་སྟངས་ལ་གཞིགས་ནས་ངོས་འཛིན་ཚུལ་ཞིག་ཡོད་པ་འདི་དང༌། ཡང་གཅིག་ཚན་རིག་གི་ཐོག་ནས་ཉམས་ཞིབ་བརྟག་དཔྱད་བྱེད་རྒྱུ་མེད་དམ་བསམ་གྱི་འདུག དེ་དག་ཁྱེད་རང་ཚོའི་སེམས་ལ་ཞོག དེ་ནས་མཇུག་བསྡོམས་ལྟ་བུ་བརྗོད་ན་གསོ་བ་རིག་པ་ཟེར་བ་འདི་མིའི་ཐབས་ཤེས་ཤིག་ཡིན་ལ། ཆོས་སམ་ནང་དོན་རིག་པ་ཟེར་བ་ཡང་ཐབས་ཤེས་ཤིག་ཡིན། གང་ལྟར་དེ་གཉིས་ཀྱིས་མཐར་ཐུག་ཕན་དང་མ་ཕན་ནི་བྱེད་པ་པོའི་ལྷག་བསམ་ལ་རག་ལུས་ཡོད། ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ་ཆོས་བཤད་ན་ཆོས་ཆོས་སུ་འགྲོ་བ་དང༌། ལྷག་བསམ་མེད་པར་བསམ་པ་ངན་པས་ཆོས་བཤད་པ་ཡིན་ན་ཆོས་ཆོས་སུ་འགྲོ་གི་མེད། དཔེ་དེ་བཞིན་གསོ་བ་རིག་པ་ཡང་ལྷག་བསམ་གཞན་ཕན་གྱི་བསམ་པ་རྣམ་པར་དག་པས་ལག་ལེན་བསྟར་ཏེ་མི་ལ་སྨན་སྦྱིན་ན་རང་གཞན་གཉིས་ཕན་ཡོང་རྒྱུ་དང༌། ཕན་པའི་བསམ་པ་མེད་པར་ཕོགས་ཐོབ་དང༌། ཐོབ་ཐང༌། སྡུག་ས་ནས་བཤད་ན་གཏམ་སྙན་གྲགས། རྒྱུ་དངོས་སོགས་ཚེ་འདིའི་ཁེ་ཕན་དོན་དུ་གཉེར་བའི་གཏི་ཐུག་གི་བསམ་བློ་བཏང་ནས་མི་ལ་སྨན་སྦྱིན་ན་དེ་ནི་ཚོང་ལས་དང་འདྲ་བ་ལས་ཕན་པའི་རང་བཞིན་ཅན་གྱི་རྣམ་དཀར་གྱི་བྱ་བར་མི་འགྲོ། དེར་བརྟེན་ང་རང་ཚོ་ཚང་མ་ལག་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ལོ་ཞེས་བརྗོད་མཁན་གྱི་མི་ཞིག་ཡིན་པས། གསོ་བ་རིག་པ་ལག་ལེན་བྱེད་པའི་སྐབས་སུ་དངོས་གནས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང༌། གཞན་ཕན་གྱི་བསམ་པས་ཟིན་པ་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེ་སྔ་ང་རང་ཚོའི་བཤད་རྒྱུན་ལ། སྨན་པ་དེ་མཁས་པ་ཡོད་ཀྱང་ཐུགས་སེམས་དེ་ཙམ་བཟང་པོ་མེད་སྟབས་སྨན་གྱིས་ཕན་གྱི་མི་འདུག་ཟེར་བ་དང༌། ཡང་སྨན་པ་གང་ཞིག་དེ་ཙམ་མཁས་པ་མིན་ཡང་བསམ་པ་བཟང་པོ་ཡོད་སྟབས་སྨན་ཧ་ཅང་ཕན་པོ་འདུག་ཅེས་བརྗོད་མཁན་ཡོད། དེས་ན་ནད་པའི་རེ་བ་ཇི་བཞིན་སྨན་གྱིས་ནུས་པ་ཐོན་པ་ལ་སྨན་པའི་སེམས་རྒྱུད་བཟང་པོ་དགོས་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་ཡིན་འདུག རྩ་བ་སྨན་གཞུང་འདི་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བ་ཡོད་ཀྱང༌། གསོ་བ་རིག་པ་ཞེས་སྡེ་ཚན་ཐ་དད་ཡིན། གནད་འདི་མ་ཤེས་པར་སྔོན་མ་ངའི་ངོ་ཤེས་པ་ཁ་ཤས་ཀྱིས། བོད་པའི་སྨན་ཞེས་ངྷ་རམ་ས་ལའི་འདམ་བག་རིལ་བུ་བཟོས་པ་དེའི་ནང་ལ་བླ་མའི་གསང་ཆབ་སོགས་འདྲ་མིན་ཡོད་པ་རེད་ཅེས་བརྗོད་མཁན་འདུག དེ་འདྲ་མ་རེད། ང་རང་ཚོའི་གསོ་བ་རིག་པ་འདི་སྨན་གྱི་ལྟ་གྲུབ་ཁོ་ན་གཞི་ལ་བཞག་པ་ཞིག་ཡིན་པ་ལས། དད་པ་དང་བྱིན་རླབས་ཁོ་ནའི་ཐོག་ནས་བྱུང་བ་ཞིག་རྩ་བ་ནས་མ་རེད། དེ་ནི་ས་ཡིན་སི་Science=ཚན་རིག གཞིར་བཟུང་བ་ཞིག་རེད། ཚན་རིག་གི་ཐོག་ནས་རྫས་སོ་སོའི་ནུས་པ་དང༌། རྫས་འདུས་པའི་ནུས་པ་ལ་བརྟག་དཔྱད་བྱས་ཏེ་གཟུགས་པོར་ཕན་ཐོགས་ཡོད་པའྀ་རྫས་ཀྱི་ནུས་པ་མཉམ་སྦྱར་བྱས་པ་དེའི་ཐོག་ང་ཚོ་ནང་པ་ཡིན་པས་བྱིན་རླབས་ཀྱི་ནུས་པ་བསྣན་པ་ནི་དཔལ་དང་རྒྱན་དང་ཕུན་སུམ་ཚོགས་པའི་ཡན་ལག་ཡིན། འོན་ཀྱང་སྐབས་རེ་ཁ་ཤས་ལ་བོད་པའི་སྨན་རེད་བརྗོད་དུས་དེ་ནི་བྱིན་རླབས་ཀྱིས་བཟོས་པའི་མཐོང་ཚུལ་ཡོང་གི་ཡོད་འདུག དེ་འདྲ་གཏན་ནས་མ་རེད། ཡིན་ན་ཡང་ནད་པར་སྨན་སྦྱིན་པའི་སྐབས་སུ་ཀུན་སློང་སེམས་པ་བཟང་པོས་སྨན་སྦྱིན་ན་ཕན་ཐོགས་ནུས་པ་ཆེ་བ་ཡོང་བ་དང༌། སྨན་ཐུན་གང་སྦྱིན་པའི་ནད་པ་དེ་དག་དྲག་སྐྱེད་ཐུབ་པ་བྱུང་ན་རང་ཉིད་ལ་བསོད་ནམས་དཔག་ཏུ་མེད་པ་ཡོང་རྒྱུ་དང༌། གལ་སྲིད་ནད་པ་དྲག་སྐྱཻད་མ་བྱུང་ཡང་ཕན་སེམས་ཀྱིས་སྨན་ཐུན་སྦྱིན་པའི་བསོད་ནམས་བསགས་པ་དེས་རང་ལ་ཕན་ཐོགས་ཆེན་པོ་ཡོད། དེ་དག་ཁྱེད་རང་ཚོ་ཚང་མས་མ་མཁྱེན་པ་མེད་ཀྱང་དྲན་བསྐུལ་ཞུས་ན་བསམ་པ་དྲན་བྱུང༌། ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། ཞེས་བཀའ་སྩལ།

མཐའ་མའི་འདོན་ཐེངས་།: 01.03.2011 ཉིན། 11:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།