སྨན་རྩིས་དྲ་བ། - ཆེད་རྩོམ།

སྣོད་བཅུད་ཀྱི་འཇིག་རྟེན་འཇིག་པའི་ཚུལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.10.2016
ཆེད་རྩོམ། >>

 


སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་འབྱུང་འཇིག་གི་རིམ་པ་བཤད་པ།

༣ སྣོད་བཅུད་ཀྱི་འཇིག་རྟེན་འཇིག་པའི་ཚུལ།

(ཀུན་བཏུས། པོད་དང་པོ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

 

            འཇིག་རྟེན་གྱི་ཁམས་འཇིག་པའི་ཚུལ་ལ་ནང་པའི་གཞུང་རྣམས་སུ་གསུངས་ཚུལ་མི་འདྲ་བ་འགའ་ཞིག་འབྱུང་སྟེ། དཔེར་ན། ཡབ་སྲས་མཇལ་བའི་མདོ་ལས།

            གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ་ཉི་མ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཉི་མ་གཉིས་འཇིག་རྟེན་དུ་བྱུང་བས་ཆུ་མིག་དང༌། ཆུ་བྲན་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་གསུམ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་གསུམ་འཇིག་རྟེན་དུ་བྱུང་བས་ཆུ་མིག་ཆེན་པོ་དང༌། ཆུ་ཀླུང་ཆེན་པོ་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་བཞི་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་བཞི་འཇིག་རྟེན་དུ་བྱུང་བས་གང་ན་ཆུ་ཀླུང་ཆེན་པོ་བཞི་པོ་འདི་དག་འབབ་པའི་མཚོ་ཆེན་པོ་མ་དྲོས་པ་དེ་ཡང་ཡོངས་སུ་སྐམ་པར་འགྱུར་རོ། །ཐིམ་པར་འགྱུར་ཏེ་མེད་པར་འགྱུར་རོ། །དེ་ནས་ཉི་མ་ལྔ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་གཅིག་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ། །24

ཞེས་སོགས་གསུངས་ཤིང་། སློབ་དཔོན་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས་ནི།

            སེམས་ཅན་གཅིག་ཀྱང་མེད་པར་གྱུར་པ་དེའི་ཚེ། ཡོ་བྱད་འབྱུང་བ་ཡང་མེད་པར་འགྱུར་རོ། །གང་གི་ཚེ་ཡོ་བྱད་འབྱུང་བ་མེད་པར་གྱུར་པ་དེའི་ཚེ་ཆར་པ་ཡང་མེད་པར་འགྱུར་རོ། །ཆར་པ་མི་འབབ་པས་ས་ཆེན་པོ་འདི་ལ་རྩྭ་དང་སྨན་དང༌། ཤིང་ཅི་ཡོད་དེ་དག་སྐམ་པར་འགྱུར་རོ། །ཐན་པ་བྱུང་ནས་ཉི་མའི་དཀྱིལ་འཁོར་འདི་ཉིད་ཀྱིས་ཀྱང་རབ་ཏུ་ཤས་ཆེར་སྲེག་པར་བྱེད་དོ། །བསྲེག་པར་བྱ་བའི་དངོས་པོ་རྣམ་པ་དྲུག་ཡོད་པའི་ཕྱིར་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་འཇིག་པར་འགྱུར་བའི་ལས་ཀྱི་དབང་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་གཞན་དྲུག་འབྱུང་བར་འགྱུར་ཏེ། ཉི་མའི་དཀྱིལ་འཁོར་དེ་དག་ཀྱང༌། ཉི་མའི་དཀྱིལ་འཁོར་འདི་ལས་བཞི་འགྱུར་བཞི་འགྱུར་གྱི་མཐུས་སྲེག་པར་བྱེད་དོ། །དེ་དག་བདུན་དུ་གྱུར་ནས་བདུན་གྱུར་དུ་སྲེག་པར་བྱེད་དོ། །དངོས་པོ་རྣམ་པ་དྲུག་པོ་རྣམས་གང་ཞེ་ན། ལྟེང་ཀ་ཆུང་ངུ་དང༌། ལྟེང་ཀ་ཆེན་པོ་དེ་དག་ནི་ཉི་མའི་དཀྱིལ་འཁོར་གཉིས་པས་སྐེམས་པར་བྱེད་དོ། །ཆུ་ཀླུང་ཆུང་ངུ་དང༌། ཆུ་ཀླུང་ཆེན་པོ་དེ་དག་ནི་ཉི་མའི་དཀྱིལ་འཁོར་གསུམ་པས་སྐེམས་པར་བྱེད་དོ། །མཚོ་ཆེན་པོ་མ་དྲོས་པ་དེ་ནི་ཉི་མའི་དཀྱིལ་འཁོར་བཞི་པས་སྐེམས་པར་བྱེད་དོ། །རྒྱ་མཚོ་ཆེན་པོ་དེ་ནི་ཉི་མའི་དཀྱིལ་འཁོར་ལྔ་པ་དང༌། དྲུག་པའི་ཕྱོགས་གཅིག་གིས་སྐེམས་པར་བྱེད་དོ། །རི་རབ་དང་ས་ཆེན་པོ་དེ་ནི་གཟུགས་ཆེས་སྲ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་དྲུག་པ་ཉིད་དང༌། བདུན་པས་སྲེག་པར་བྱེད་དེ། དེ་ནས་དེ་ཉིད་ཀྱི་མེ་ལྕེ་རླུང་གིས་བདས་ནས་ཚངས་པའི་འཇིག་རྟེན་མན་ཆད་དུ་འགྲོ་ཞིང་སྲེག་པར་བྱེད་དོ། །དེ་དག་ཀྱང་དངོས་པོ་རྣམ་པ་གསུམ་དུ་གྱུར་ཏེ། ཆུ་ལས་བྱུང་བའི་དངོས་པོ་རྩྭ་ལ་སོགས་པ་དེ་དག་ནི་དང་པོ་ཉིད་ཀྱིས་སྐེམས་པར་བྱེད་དོ། །ཆུའི་དངོས་པོ་དེ་དག་ཉིད་ནི་གཞན་ལྔ་པོ་དག་གིས་སྐེམས་པར་བྱེད་དོ། །བརྟན་ཞིང་སྲ་བའི་གཟུགས་ཀྱི་དངོས་པོ་དེ་ནི་གཉིས་ཀྱིས་སྲེག་པར་བྱེད་དོ། །འཇིག་རྟེན་གནས་པ་དེ་དེ་ལྟར་བསྲེགས་ཤིང་ཚིག་པ་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རྒྱས་པར་བྱ་སྟེ། དུད་པ་མེད་ལ་ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་ཏེ། དེ་ཙམ་གྱིས་ན་འདི་ལྟ་སྟེ། སྣོད་འཇིག་པས། འཇིག་རྟེན་ཞིག་ཅེས་བྱ་སྟེ། བར་གྱི་བསྐལ་པ་ཉི་ཤུ་འདས་སོ། །དེ་བཞིན་དུ་འཇིག་རྟེན་ཞིག་པ་ཡང་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །ཆུས་འཇིག་པ་གང་ཞེ་ན། གང་ཚུན་ཆད་མེས་འཇིག་པ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ། བསམ་གཏན་གཉིས་པ་ཉིད་ལས་བྱུང་བའི་ཆུའི་ཁམས་འབྱུང་སྟེ། ཆུའི་ཁམས་ཀྱིས་སྣོད་ཀྱི་འཇིག་རྟེན་དེ་ལན་ཚྭ་བཞིན་དུ་བཞུས་ནས་ཆུའི་ཁམས་དེ་ཡང་སྣོད་ཀྱི་འཇིག་རྟེན་དེ་དང་ལྷན་ཅིག་ཏུ་མེད་པར་འགྱུར་རོ། །མེད་པར་གྱུར་ནས་ཀྱང་དེ་བཞིན་དུ་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །རླུང་གིས་འཇིག་པ་གང་ཞེ་ན། གང་ཚུན་ཆད་ཆུས་འཇིག་པ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ་ཡང་མེས་འཇིག་པ་ལན་ཅིག་འབྱུང་ངོ། །དེའི་འོག་ཏུ་བསམ་གཏན་གསུམ་པ་ཉིད་ལས་བྱུང་བའི་རླུང་གི་ཁམས་འབྱུང་སྟེ། སྣོད་ཀྱི་འཇིག་རྟེན་དེ་རླུང་གིས་ལུས་བསྐམས་པ་བཞིན་དུ་མེད་པར་བྱེད་དོ། །རླུང་དེ་ཡང་དེ་ཉིད་དང་ལྷན་ཅིག་ཏུ་མེད་པར་འགྱུར་ཏེ། འདི་ལྟར་འགའ་ཞིག་ལ་རླུང་གི་ཁམས་འཁྲུགས་པར་གྱུར་ན། རུས་པའི་བར་དུ་ཡང་འབྲི་བར་བྱེད་པ་སྣང་བ་བཞིན་ནོ། །ཞིག་ནས་ཀྱང་དེ་བཞིན་དུ་བར་གྱི་བསྐལ་པ་ཉི་ཤུར་གནས་ཏེ། འཇིག་རྟེན་འཇིག་པ་ནི་དེ་ལྟ་བུ་ཡིན་ནོ། །25 ཞེས་འབྱུང་།


            མངོན་པ་མཛོད་ལས་ཀྱང་རང་ཅག་གནས་སའི་འཇིག་རྟེན་གྱི་ཁམས་འདི་འཇིག་པའི་ཚེ་ཉི་མའི་དཀྱིལ་འཁོར་གྱི་ཚ་དྲོད་རིམ་གྱིས་ཆེ་རུ་སོང་བའི་མེས་འཇིག་པ་ཡིན་ལ། སྤྱིར་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཤིག་འཇིག་པའི་ཚེ་འབྱུང་བ་མེ་ཆུ་རླུང་གསུམ་གང་རུང་ཞིག་གིས་འཇིག་དགོས་ལ། དེ་ཡང་བསྟུད་མར་མེས་འཇིག་པ་ལན་བདུན་དང་། དེའི་འོག་ཏུ་ཆུས་འཇིག་པ་རེ་རེ་འབྱུང་ཞིང་། དེ་ལྟར་ཆུས་འཇིག་པ་ལན་བདུན་གྱི་རྗེས་སུ་ཡང་མེས་འཇིག་པ་བདུན་དང་། དེ་ནས་རླུང་གིས་འཇིག་པ་འབྱུང་བ་སྟེ། ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། “ཁ་ཅིག་ན་རེ། འཇིག་རྟེན་འཇིག་པར་འགྱུར་བའི་ཚེ། ཉི་མའི་དཀྱིལ་འཁོར་གཅིག་ལས་ཉི་མ་བདུན་དུ་ཕྱེ་སྟེ། དེ་དག་གི་མཐུས་འཇིག་རྟེན་ཞིག་པར་གྱུར་ཏོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། ཉི་མའི་དཀྱིལ་འཁོར་གཅིག་པུ་ཉིད་བསྐལ་པ་ཐ་མའི་དུས་སུ་ཚ་བ་བདུན་གྱུར་དུ་འགྱུར་ཏེ། འཇིག་རྟེན་སྲེག་པར་བྱེད་དོ་ཞེས་ཟེར་རོ། །”26 ཞེས་དང་། དེ་དང་མཐུན་པར་ཆོས་མངོན་པ་མཛོད་ལས།

མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །

མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །27

ཞེས་འབྱུང་། དེ་ལྟར་མངོན་པ་མཛོད་ལས་མེས་འཇིག་ང་དྲུག་ཆུས་འཇིག་བདུན་ཏེ་བསྡོམས་པས་མེ་ཆུས་འཇིག་པ་རེ་གསུམ་གྱི་རྗེས་སུ་རླུང་གིས་འཇིག་པ་གཅིག་འབྱུང་བར་བཤད་ལ། སའི་དངོས་གཞི་ལས་མེ་ཆུས་འཇིག་པ་ང་བདུན་གྱི་རྗེས་སུ་རླུང་གིས་འཇིག་པར་བཤད་དོ། །


            དུས་འཁོར་གྱི་གཞུང་ལས་སྣོད་ཀྱི་འཇིག་རྟེན་འཇིག་པའི་ཚུལ་བཤད་པ་ནི། སྣོད་ཀྱི་འཇིག་རྟེན་དེ་ཉིད་ཐོག་མར་བར་སྣང་ཁམས་ཀྱི་རྡུལ་གྱིས་བསྐྱེད་ལ། འཇིག་པའི་ཚེ་ཡང་གཟུགས་རགས་པ་རྣམས་ཇེ་ཕྲ་ཇེ་ཕྲར་སོང་ནས་བར་སྣང་ཁམས་ཀྱི་སྟོང་པའི་རྡུལ་ཕྲ་མོའི་ངོ་བོར་གནས་ལ། འཐོར་ཞིག་གི་གོ་རིམ་ནི་ས་ཆུ་མེ་རླུང་གི་རིམ་པ་ལྟར་ཡིན་པར་གསུངས་ཏེ། དང་པོར་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སའི་རྡུལ་ཕན་ཚུན་འབྱར་ནས་འདབས་ཆགས་སུ་གནས་པ་རྣམས་སོ་སོར་བྱེ་ནས་ཆུ་ལ་འཇུག་པ་དང་། ཆུའི་རྡུལ་རྣམས་དེ་ལྟར་བྱེ་ནས་མེ་ལ་འཇུག་པ་དང་། མེའི་རྡུལ་རྣམས་དེ་ལྟར་བྱེ་ནས་རླུང་ལ་འཇུག་པ་དང་། རླུང་གི་རྡུལ་རྣམས་དེ་ལྟར་སོ་སོར་བྱེ་ནས་ཐོག་མར་འཇིག་རྟེན་འཆགས་པའི་འགོ་རྩོམ་པའི་སྔ་རོལ་གྱི་རྡུལ་ལྟར་དབང་པོའི་ཡུལ་ལས་འདས་པའི་རྡུལ་ཕྲན་སིལ་བུའི་རྣམ་པར་གནས་ནས་ནམ་མཁའ་ལ་ཀུན་ཏུ་སྤྱོད་པར་གསུངས། དེ་ཡང་འགྲེལ་ཆེན་དྲི་མེད་འོད་ལས།

            འཇིག་རྟེན་གྱི་ཁམས་འཇིག་པའི་དུས་དེར་ས་ལས་ཞེས་པ་ནི་ས་ལས་ཆུ་ལ་སོགས་པའི་ཁམས་གྱི་རྡུལ་ཕྲ་རབ་གང་དག་ཡང་དག་པར་སྦྱོར་བར་གནས་པ་དེ་རྣམས་སའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་ཕྱེ་སྟེ་སའི་རྡུལ་ཕྲ་རབ་རྣམས་ཐ་དད་དུ་བྱས་ནས་ཆུའི་ཁམས་ལ་སྟེ་ཆུའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་འཇུག་པར་བྱེད་དོ། །དེ་བཞིན་དུ་ཆུའི་ཁམས་ལས་ཕྱེ་ནས་མེ་ལ་འཇུག་པར་བྱེད་ཅིང་མེ་ལས་ཕྱེ་ནས་རླུང་ལ་འཇུག་པར་བྱེད་དེ་རླུང་ལས་ཕྱེ་ནས་ནམ་མཁའ་ལ་སོ་སོར་ཀུན་ཏུ་སྤྱོད་དོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པ་ཡིན་གྱི་ས་འོག་ན་དུས་ཀྱི་མེ་ཞེས་བྱ་བའི་ལྷ་འགའ་ཞིག་ཡོད་པ་དེས་འཇིག་རྟེན་གྱི་ཁམས་སྲེག་པར་བྱེད་པ་དང་ཐལ་བར་བྱེད་པ་ནི་མ་ཡིན་ནོ། །28 ཞེས་སོགས་འབྱུང་བ་ལྟར་རོ། །


            མདོར་ན་ནང་པའི་གཞུང་ནས་གངྒཱའི་ཀླུང་གི་བྱེ་མའི་རྡུལ་གྱི་གྲངས་ལས་མང་བའི་འཇིག་རྟེན་གྱི་ཁམས་ཡོད་པ་དང་། དེ་དག་ཡང་ནས་ཡང་དུ་ཆགས་འཇིག་བྱེད་ཅིང་། ཞིང་ལ་ལ་ཆགས་བཞིན་པ་དང་། ཞིང་ལ་ལ་སྟོང་བཞིན་པ་དུས་མཉམ་པ། འཐོར་ཞིག་གི་ཚེ་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་ཚུལ་དང་། ས་ཆུ་མེ་རླུང་རྣམས་རིམ་པ་བཞིན་དུ་ཐིམ་སྟེ་མཐར་བར་སྣང་ཁམས་སུ་སྟོང་པའི་རྡུལ་གྱི་ངོ་བོར་གནས་པའི་ཚུལ་གསུངས་སོ། །


དེ་ལྟ་ནའང་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པར། ཇི་ལྟར་ས་བོན་མཐའ་མཐོང་ཞིང༌། །དེ་ལ་ཐོག་མ་ཡོད་མིན་ལྟར། །29

ཞེས་དང་། ལེགས་ལྡན་གྱི་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། “དངོས་རྣམས་ཐམས་ཅད་ཉིད་ལ་ཡང༌། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་འོག་ནས་སྟོན་པར་འགྱུར་བའི་ཕྱིར་བུམ་པ་ལ་སོགས་པ་ཐོག་མ་མེད་པའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བ་དག་ལ་ཡང་ཐོག་མ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར།”30 ཞེས་གསུངས་པ་ལྟར་མྱུ་གུའི་ས་བོན་དང་བུམ་པ་ལྟ་བུས་མཚོན་པའི་དངོས་པོ་ཐམས་ཅད་ཐོག་མ་མེད་པ་ནས་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པས་རྒྱུའི་ཐོག་མ་ངོས་འཛིན་མི་ཐུབ་པ་ལྟར། ཐོག་མ་མེད་པ་ནས་རྒྱུ་འབྲས་རྟེན་འབྲེལ་གྱི་འཁོར་ལོ་འབའ་ཞིག་གི་དབང་གིས་འཇིག་རྟེན་གྱི་ཁམས་རྣམས་ཆགས་འཇིག་བརྒྱུད་མར་བྱུང་བ་ཡིན་ལ། ད་དུང་ཡང་ཕྱི་མའི་མཐར་ཐུག་པ་མེད་པར་ཆགས་འཇིག་བརྒྱུད་མར་འབྱུང་བ་ཡིན་པས། སངས་རྒྱས་པའི་མཁས་པ་རྣམས་སྤྱིར་འཇིག་རྟེན་ཆགས་འཇིག་གི་འགོ་འདི་ནས་བརྩམས་ཤིང་འདི་ནས་མཇུག་སྡུད་ཅེས་འཇོག་མི་ནུས་པར་འདོད།།



24 སྡེ་དགེ བཀའ། དཀོན་བརྩེགས། ང་། ལེའུ་ཉེར་དྲུག་པ། ཤོག ༡༣༠ བ། དཔེ་བསྡུར་མ། དེབ། ༤༢ ཤོག ༣༡༢

25 སྡེ་དགེ བསྟན། སེམས་ཙམ། ཚི། བམ་པོ་གཉིས་པ། ཤོག ༡༧ བ། དཔེ་བསྡུར་མ། དེབ། ༧༢ ཤོག ༧༠༩

26 བྲིས་མ། བམ་པོ་བརྒྱ་དང་སོ་གསུམ་པ། ཤོག ༢༢༥

27 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༡༠༢ ཤོག ༡༠ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༢༤

28 སྡེ་དགེ བསྟན། རྒྱུད་འགྲེལ། ད། ཡེ་ཤེས་ལེའུའི་མདོར་བསྡུར་བཞི་པ། ཤོག ༢༧༥ བ། དཔེ་བསྡུར་མ། དེབ། ༦ ཤོག ༡༣༢༤

29 སྡེ་དགེ བསྟན། དབུ་མ། ཚ། རབ་བྱེད་བརྒྱད་པ། ཤླཽཀ ༢༥ ཤོག ༡༠ ན། དཔེ་བསྡུར་མ། དེབ། ༥༧ ཤོག ༨༠༢

30 སྡེ་དགེ བསྟན། དབུ་མ། ཚ། རབ་བྱེད་བཅུ་གཅིག་པ། ཤོག ༡༣༩ བ། དཔེ་བསྡུར་མ། དེབ། ༥༧ ཤོག ༡༡༤༥


- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། གཞི་དངོས་པོའི་རྣམ་གཞག་གམ་ཚན་རིག སྟོད་ཆ། ཀུན་བཏུས་པོད། ༡ པོ་ནས་ཟུར་འདོན་ཞུས།


 

 སྐབས་ལྔ་པ། སྣོད་བཅུད་ཀྱི་འཇིག་རྟེན་ཆགས་འཇིག་གི་རིམ་པ་བཤད་པ།

༣ སྣོད་བཅུད་ཀྱི་འཇིག་རྟེན་འཇིག་པའི་ཚུལ།

(ཀུན་བཏུས། པོད་ལྔ་པ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།

 

 

            འཇིག་རྟེན་གྱི་ཁམས་འཇིག་པའི་ཚུལ་ལ་ནང་པའི་གཞུང་རྣམས་སུ་གསུངས་ཚུལ་མི་འདྲ་བ་འགའ་ཞིག་འབྱུང་སྟེ། དཔེར་ན། ཡབ་སྲས་མཇལ་བའི་མདོ་ལས།

            གང་འཇིག་རྟེན་འདི་འཇིག་པར་འགྱུར་བའི་དུས་དེ་ཡོད་དེ། འཇིག་རྟེན་གྱི་ཁམས་འཇིག་པར་འགྱུར་བའི་ཚེ་ཉི་མ་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཉི་མ་གཉིས་འཇིག་རྟེན་དུ་བྱུང་བས་ཆུ་མིག་དང༌། ཆུ་བྲན་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་གསུམ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་གསུམ་འཇིག་རྟེན་དུ་བྱུང་བས་ཆུ་མིག་ཆེན་པོ་དང༌། ཆུ་ཀླུང་ཆེན་པོ་རྣམས་སྐམ་པར་འགྱུར་རོ། །དེ་ནས་ཉི་མ་བཞི་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་བཞི་འཇིག་རྟེན་དུ་བྱུང་བས་གང་ན་ཆུ་ཀླུང་ཆེན་པོ་བཞི་པོ་འདི་དག་འབབ་པའི་མཚོ་ཆེན་པོ་མ་དྲོས་པ་དེ་ཡང་ཡོངས་སུ་སྐམ་པར་འགྱུར་རོ། །ཐིམ་པར་འགྱུར་ཏེ་མེད་པར་འགྱུར་རོ། །དེ་ནས་ཉི་མ་ལྔ་འཇིག་རྟེན་དུ་འབྱུང་སྟེ། ཉི་མ་ལྔ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོ་ཡང་དཔག་ཚད་གཅིག་ཙམ་གྱི་ཆུ་ཡོངས་སུ་ཟད་ཅིང་ཡོངས་སུ་འགྲིབ་པར་འགྱུར་རོ། །14

ཞེས་སོགས་གསུངས་ཤིང་། སློབ་དཔོན་ཐོགས་མེད་ཀྱི་རྣལ་འབྱོར་སྤྱོད་པའི་ས་ལས་ནི།

            སེམས་ཅན་གཅིག་ཀྱང་མེད་པར་གྱུར་པ་དེའི་ཚེ། ཡོ་བྱད་འབྱུང་བ་ཡང་མེད་པར་འགྱུར་རོ། །གང་གི་ཚེ་ཡོ་བྱད་འབྱུང་བ་མེད་པར་གྱུར་པ་དེའི་ཚེ་ཆར་པ་ཡང་མེད་པར་འགྱུར་རོ། །ཆར་པ་མི་འབབ་པས་ས་ཆེན་པོ་འདི་ལ་རྩྭ་དང་སྨན་དང༌། ཤིང་ཅི་ཡོད་དེ་དག་སྐམ་པར་འགྱུར་རོ། །ཐན་པ་བྱུང་ནས་ཉི་མའི་དཀྱིལ་འཁོར་འདི་ཉིད་ཀྱིས་ཀྱང་རབ་ཏུ་ཤས་ཆེར་སྲེག་པར་བྱེད་དོ། །བསྲེག་པར་བྱ་བའི་དངོས་པོ་རྣམ་པ་དྲུག་ཡོད་པའི་ཕྱིར་འདི་ལྟ་སྟེ། སེམས་ཅན་རྣམས་ཀྱི་འཇིག་པར་འགྱུར་བའི་ལས་ཀྱི་དབང་ཉིད་ཀྱིས་ཉི་མའི་དཀྱིལ་འཁོར་གཞན་དྲུག་འབྱུང་བར་འགྱུར་ཏེ། ཉི་མའི་དཀྱིལ་འཁོར་དེ་དག་ཀྱང༌། ཉི་མའི་དཀྱིལ་འཁོར་འདི་ལས་བཞི་འགྱུར་བཞི་འགྱུར་གྱི་མཐུས་སྲེག་པར་བྱེད་དོ། །དེ་དག་བདུན་དུ་གྱུར་ནས་བདུན་གྱུར་དུ་སྲེག་པར་བྱེད་དོ། །དངོས་པོ་རྣམ་པ་དྲུག་པོ་རྣམས་གང་ཞེ་ན། ལྟེང་ཀ་ཆུང་ངུ་དང༌། ལྟེང་ཀ་ཆེན་པོ་དེ་དག་ནི་ཉི་མའི་དཀྱིལ་འཁོར་གཉིས་པས་སྐེམས་པར་བྱེད་དོ། །ཆུ་ཀླུང་ཆུང་ངུ་དང༌། ཆུ་ཀླུང་ཆེན་པོ་དེ་དག་ནི་ཉི་མའི་དཀྱིལ་འཁོར་གསུམ་པས་སྐེམས་པར་བྱེད་དོ། །མཚོ་ཆེན་པོ་མ་དྲོས་པ་དེ་ནི་ཉི་མའི་དཀྱིལ་འཁོར་བཞི་པས་སྐེམས་པར་བྱེད་དོ། །རྒྱ་མཚོ་ཆེན་པོ་དེ་ནི་ཉི་མའི་དཀྱིལ་འཁོར་ལྔ་པ་དང༌། དྲུག་པའི་ཕྱོགས་གཅིག་གིས་སྐེམས་པར་བྱེད་དོ། །རི་རབ་དང་ས་ཆེན་པོ་དེ་ནི་གཟུགས་ཆེས་སྲ་བའི་ཕྱིར་ཉི་མའི་དཀྱིལ་འཁོར་དྲུག་པ་ཉིད་དང༌། བདུན་པས་སྲེག་པར་བྱེད་དེ། དེ་ནས་དེ་ཉིད་ཀྱི་མེ་ལྕེ་རླུང་གིས་བདས་ནས་ཚངས་པའི་འཇིག་རྟེན་མན་ཆད་དུ་འགྲོ་ཞིང་སྲེག་པར་བྱེད་དོ། །དེ་དག་ཀྱང་དངོས་པོ་རྣམ་པ་གསུམ་དུ་གྱུར་ཏེ། ཆུ་ལས་བྱུང་བའི་དངོས་པོ་རྩྭ་ལ་སོགས་པ་དེ་དག་ནི་དང་པོ་ཉིད་ཀྱིས་སྐེམས་པར་བྱེད་དོ། །ཆུའི་དངོས་པོ་དེ་དག་ཉིད་ནི་གཞན་ལྔ་པོ་དག་གིས་སྐེམས་པར་བྱེད་དོ། །བརྟན་ཞིང་སྲ་བའི་གཟུགས་ཀྱི་དངོས་པོ་དེ་ནི་གཉིས་ཀྱིས་སྲེག་པར་བྱེད་དོ། །འཇིག་རྟེན་གནས་པ་དེ་དེ་ལྟར་བསྲེགས་ཤིང་ཚིག་པ་ནི་མདོ་ཉིད་ལས་ཇི་སྐད་འབྱུང་བ་བཞིན་དུ་རྒྱས་པར་བྱ་སྟེ། དུད་པ་མེད་ལ་ཐལ་བའི་ལྷག་མ་ཡང་མེད་པར་འགྱུར་ཏེ། དེ་ཙམ་གྱིས་ན་འདི་ལྟ་སྟེ། སྣོད་འཇིག་པས། འཇིག་རྟེན་ཞིག་ཅེས་བྱ་སྟེ། བར་གྱི་བསྐལ་པ་ཉི་ཤུ་འདས་སོ། །དེ་བཞིན་དུ་འཇིག་རྟེན་ཞིག་པ་ཡང་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །ཆུས་འཇིག་པ་གང་ཞེ་ན། གང་ཚུན་ཆད་མེས་འཇིག་པ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ། བསམ་གཏན་གཉིས་པ་ཉིད་ལས་བྱུང་བའི་ཆུའི་ཁམས་འབྱུང་སྟེ། ཆུའི་ཁམས་ཀྱིས་སྣོད་ཀྱི་འཇིག་རྟེན་དེ་ལན་ཚྭ་བཞིན་དུ་བཞུས་ནས་ཆུའི་ཁམས་དེ་ཡང་སྣོད་ཀྱི་འཇིག་རྟེན་དེ་དང་ལྷན་ཅིག་ཏུ་མེད་པར་འགྱུར་རོ། །མེད་པར་གྱུར་ནས་ཀྱང་དེ་བཞིན་དུ་བར་གྱི་བསྐལ་པ་ཉི་ཤུར་གནས་སོ། །རླུང་གིས་འཇིག་པ་གང་ཞེ་ན། གང་ཚུན་ཆད་ཆུས་འཇིག་པ་ལན་བདུན་འདས་པར་གྱུར་པ་དེའི་འོག་ཏུ་ཡང་མེས་འཇིག་པ་ལན་ཅིག་འབྱུང་ངོ། །དེའི་འོག་ཏུ་བསམ་གཏན་གསུམ་པ་ཉིད་ལས་བྱུང་བའི་རླུང་གི་ཁམས་འབྱུང་སྟེ། སྣོད་ཀྱི་འཇིག་རྟེན་དེ་རླུང་གིས་ལུས་བསྐམས་པ་བཞིན་དུ་མེད་པར་བྱེད་དོ། །རླུང་དེ་ཡང་དེ་ཉིད་དང་ལྷན་ཅིག་ཏུ་མེད་པར་འགྱུར་ཏེ། འདི་ལྟར་འགའ་ཞིག་ལ་རླུང་གི་ཁམས་འཁྲུགས་པར་གྱུར་ན། རུས་པའི་བར་དུ་ཡང་འབྲི་བར་བྱེད་པ་སྣང་བ་བཞིན་ནོ། །ཞིག་ནས་ཀྱང་དེ་བཞིན་དུ་བར་གྱི་བསྐལ་པ་ཉི་ཤུར་གནས་ཏེ། འཇིག་རྟེན་འཇིག་པ་ནི་དེ་ལྟ་བུ་ཡིན་ནོ། །15 ཞེས་འབྱུང་།


            མངོན་པ་འོག་མའི་གཞུང་ལས་ཀྱང་རང་ཅག་གནས་སའི་འཇིག་རྟེན་གྱི་ཁམས་འདི་འཇིག་པའི་ཚེ་ཉི་མའི་དཀྱིལ་འཁོར་གྱི་ཚ་དྲོད་རིམ་གྱིས་ཆེ་རུ་སོང་བའི་མེས་འཇིག་པ་ཡིན་ལ། སྤྱིར་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ཤིག་འཇིག་པའི་ཚེ་འབྱུང་བ་མེ་ཆུ་རླུང་གསུམ་གང་རུང་ཞིག་གིས་འཇིག་དགོས་ལ། དེ་ཡང་བསྟུད་མར་མེས་འཇིག་པ་ལན་བདུན་དང་། དེའི་འོག་ཏུ་ཆུས་འཇིག་པ་རེ་རེ་འབྱུང་ཞིང་། དེ་ལྟར་ཆུས་འཇིག་པ་ལན་བདུན་གྱི་རྗེས་སུ་ཡང་མེས་འཇིག་པ་བདུན་དང་། དེ་ནས་རླུང་གིས་འཇིག་པ་འབྱུང་བར་གསུངས་ཏེ། ཆོས་མངོན་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ་ལས། “ཁ་ཅིག་ན་རེ། འཇིག་རྟེན་འཇིག་པར་འགྱུར་བའི་ཚེ། ཉི་མའི་དཀྱིལ་འཁོར་གཅིག་ལས་ཉི་མ་བདུན་དུ་ཕྱེ་སྟེ། དེ་དག་གི་མཐུས་འཇིག་རྟེན་ཞིག་པར་གྱུར་ཏོ་ཞེས་ཟེར་རོ། །ཁ་ཅིག་ན་རེ། ཉི་མའི་དཀྱིལ་འཁོར་གཅིག་པུ་ཉིད་བསྐལ་པ་ཐ་མའི་དུས་སུ་ཚ་བ་བདུན་གྱུར་དུ་འགྱུར་ཏེ། འཇིག་རྟེན་སྲེག་པར་བྱེད་དོ་ཞེས་ཟེར་རོ། །”16 ཞེས་དང་། དེ་དང་མཐུན་པར་ཆོས་མངོན་པ་མཛོད་ལས།

མེ་ཡིས་བདུན་ནོ་ཆུ་ཡིས་གཅིག །དེ་ལྟར་ཆུ་བདུན་ཐལ་ནས་ཀྱང་། །

མེ་ཡིས་བདུན་ནོ་དེ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པ་ཡིན། །17

ཞེས་འབྱུང་།


            དེ་ལྟར་མངོན་པ་མཛོད་ལས་མེས་འཇིག་ང་དྲུག་ཆུས་འཇིག་བདུན་ཏེ་བསྡོམས་པས་མེ་ཆུས་འཇིག་པ་རེ་གསུམ་གྱི་རྗེས་སུ་རླུང་གིས་འཇིག་པ་གཅིག་འབྱུང་བར་བཤད་ལ། སའི་དངོས་གཞི་ལས་མེ་ཆུས་འཇིག་པ་ང་བདུན་གྱི་རྗེས་སུ་རླུང་གིས་འཇིག་པར་བཤད་དོ། །


            དུས་འཁོར་གྱི་གཞུང་ལས་སྣོད་ཀྱི་འཇིག་རྟེན་འཇིག་པའི་ཚུལ་བཤད་པ་ནི། སྣོད་ཀྱི་འཇིག་རྟེན་དེ་ཉིད་ཐོག་མར་བར་སྣང་ཁམས་ཀྱི་རྡུལ་གྱིས་བསྐྱེད་ལ། འཇིག་པའི་ཚེ་ཡང་གཟུགས་རགས་པ་རྣམས་ཇེ་ཕྲ་ཇེ་ཕྲར་སོང་ནས་བར་སྣང་ཁམས་ཀྱི་སྟོང་པའི་རྡུལ་ཕྲ་མོའི་ངོ་བོར་གནས་ལ། འཐོར་ཞིག་གི་གོ་རིམ་ནི་ས་ཆུ་མེ་རླུང་གི་རིམ་པ་ལྟར་ཡིན་པར་གསུངས་ཏེ། དང་པོར་སྣོད་ཀྱི་འཇིག་རྟེན་གྱི་ཁམས་སའི་རྡུལ་ཕན་ཚུན་འབྱར་ནས་འདབས་ཆགས་སུ་གནས་པ་རྣམས་སོ་སོར་བྱེ་ནས་ཆུ་ལ་འཇུག་པ་དང་། ཆུའི་རྡུལ་རྣམས་དེ་ལྟར་བྱེ་ནས་མེ་ལ་འཇུག་པ་དང་། མེའི་རྡུལ་རྣམས་དེ་ལྟར་བྱེ་ནས་རླུང་ལ་འཇུག་པ་དང་། རླུང་གི་རྡུལ་རྣམས་དེ་ལྟར་སོ་སོར་བྱེ་ནས་ཐོག་མར་འཇིག་རྟེན་འཆགས་པའི་འགོ་རྩོམ་པའི་སྔ་རོལ་གྱི་རྡུལ་ལྟར་དབང་པོའི་ཡུལ་ལས་འདས་པའི་རྡུལ་ཕྲན་སིལ་བུའི་རྣམ་པར་གནས་ནས་ནམ་མཁའ་ལ་ཀུན་ཏུ་སྤྱོད་པར་གསུངས། དེ་ཡང་འགྲེལ་ཆེན་དྲི་མེད་འོད་ལས།

            འཇིག་རྟེན་གྱི་ཁམས་འཇིག་པའི་དུས་དེར་ས་ལས་ཞེས་པ་ནི་ས་ལས་ཆུ་ལ་སོགས་པའི་ཁམས་གྱི་རྡུལ་ཕྲ་རབ་གང་དག་ཡང་དག་པར་སྦྱོར་བར་གནས་པ་དེ་རྣམས་སའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་ཕྱེ་སྟེ་སའི་རྡུལ་ཕྲ་རབ་རྣམས་ཐ་དད་དུ་བྱས་ནས་ཆུའི་ཁམས་ལ་སྟེ་ཆུའི་རྡུལ་ཕྲ་རབ་ཀྱི་ཚོགས་ལས་འཇུག་པར་བྱེད་དོ། །དེ་བཞིན་དུ་ཆུའི་ཁམས་ལས་ཕྱེ་ནས་མེ་ལ་འཇུག་པར་བྱེད་ཅིང་མེ་ལས་ཕྱེ་ནས་རླུང་ལ་འཇུག་པར་བྱེད་དེ་རླུང་ལས་ཕྱེ་ནས་ནམ་མཁའ་ལ་སོ་སོར་ཀུན་ཏུ་སྤྱོད་དོ། །དེ་ལྟར་འཇིག་རྟེན་གྱི་ཁམས་ཉེ་བར་སྡུད་པ་ཡིན་གྱི་ས་འོག་ན་དུས་ཀྱི་མེ་ཞེས་བྱ་བའི་ལྷ་འགའ་ཞིག་ཡོད་པ་དེས་འཇིག་རྟེན་གྱི་ཁམས་སྲེག་པར་བྱེད་པ་དང་ཐལ་བར་བྱེད་པ་ནི་མ་ཡིན་ནོ། །18 ཞེས་སོགས་འབྱུང་བ་ལྟར་རོ། །


            མདོར་ན་ནང་པའི་གཞུང་ནས་གངྒཱའི་ཀླུང་གི་བྱེ་མའི་རྡུལ་གྱི་གྲངས་ལས་མང་བའི་འཇིག་རྟེན་གྱི་ཁམས་ཡོད་པ་དང་། དེ་དག་ཡང་ནས་ཡང་དུ་ཆགས་འཇིག་བྱེད་ཅིང་། ཞིང་ལ་ལ་ཆགས་བཞིན་པ་དང་། ཞིང་ལ་ལ་སྟོང་བཞིན་པ་དུས་མཉམ་པ། འཐོར་ཞིག་གི་ཚེ་མེ་ཆུ་རླུང་གསུམ་གྱིས་འཇིག་པའི་ཚུལ་དང་། ས་ཆུ་མེ་རླུང་རྣམས་རིམ་པ་བཞིན་དུ་ཐིམ་སྟེ་མཐར་བར་སྣང་ཁམས་སུ་སྟོང་པའི་རྡུལ་གྱི་ངོ་བོར་གནས་པའི་ཚུལ་གསུངས་སོ། །


དེ་ལྟ་ནའང་འཕགས་པ་ལྷའི་དབུ་མ་བཞི་བརྒྱ་པར། ཇི་ལྟར་ས་བོན་མཐའ་མཐོང་ཞིང༌། །དེ་ལ་ཐོག་མ་ཡོད་མིན་ལྟར། །19

ཞེས་དང་། ལེགས་ལྡན་གྱི་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། “དངོས་རྣམས་ཐམས་ཅད་ཉིད་ལ་ཡང༌། །སྔོན་གྱི་མཐའ་ནི་ཡོད་མ་ཡིན། །ཞེས་འོག་ནས་སྟོན་པར་འགྱུར་བའི་ཕྱིར་བུམ་པ་ལ་སོགས་པ་ཐོག་མ་མེད་པའི་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ལས་བྱུང་བ་དག་ལ་ཡང་ཐོག་མ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར།”20 ཞེས་གསུངས་པ་ལྟར། མྱུ་གུའི་ས་བོན་དང་བུམ་པ་ལྟ་བུས་མཚོན་པའི་དངོས་པོ་ཐམས་ཅད་ཐོག་མ་མེད་པ་ནས་རྒྱུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོངས་པས་རྒྱུའི་ཐོག་མ་ངོས་འཛིན་མི་ཐུབ་པ་ལྟར། ཐོག་མ་མེད་པ་ནས་རྒྱུ་འབྲས་རྟེན་འབྲེལ་གྱི་འཁོར་ལོ་འབའ་ཞིག་གི་དབང་གིས་འཇིག་རྟེན་གྱི་ཁམས་རྣམས་ཆགས་འཇིག་བརྒྱུད་མར་བྱུང་བ་ཡིན་ལ། ད་དུང་ཡང་ཕྱི་མའི་མཐར་ཐུག་པ་མེད་པར་ཆགས་འཇིག་བརྒྱུད་མར་འབྱུང་བ་ཡིན་པས། སངས་རྒྱས་པའི་མཁས་པ་རྣམས་སྤྱིར་འཇིག་རྟེན་ཆགས་འཇིག་གི་འགོ་འདི་ནས་བརྩམས་ཤིང་འདི་ནས་མཇུག་སྡུད་ཅེས་འཇོག་མི་ནུས་པར་འདོད།།


 

14 སྡེ་དགེ བཀའ། དཀོན་བརྩེགས། ང་། ལེའུ་ཉེར་དྲུག་པ། ཤོག ༡༣༠ བ། དཔེ་བསྡུར་མ། དེབ། ༤༢ ཤོག ༣༡༢

15 སྡེ་དགེ བསྟན། སེམས་ཙམ། ཚི། བམ་པོ་གཉིས་པ། ཤོག ༡༧ བ། དཔེ་བསྡུར་མ། དེབ། ༧༢ ཤོག ༧༠༩

16 བྲིས་མ། བམ་པོ་བརྒྱ་དང་སོ་གསུམ་པ། ཤོག ༢༢༥

17 སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༡༠༢ ཤོག ༡༠ བ། དཔེ་བསྡུར་མ། དེབ། ༧༩ ཤོག ༢༤

18 སྡེ་དགེ བསྟན། རྒྱུད་འགྲེལ། ད། ཡེ་ཤེས་ལེའུའི་མདོར་བསྡུར་བཞི་པ། ཤོག ༢༧༥ བ། དཔེ་བསྡུར་མ། དེབ། ༦ ཤོག ༡༣༢༤

19 སྡེ་དགེ བསྟན། དབུ་མ། ཚ། རབ་བྱེད་བརྒྱད་པ། ཤླཽཀ ༢༥ ཤོག ༡༠ ན། དཔེ་བསྡུར་མ། དེབ། ༥༧ ཤོག ༨༠༢

20 སྡེ་དགེ བསྟན། དབུ་མ། ཚ། རབ་བྱེད་བཅུ་གཅིག་པ། ཤོག ༡༣༩ བ། དཔེ་བསྡུར་མ། དེབ། ༥༧ ཤོག ༡༡༤༥


- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ། ཀུན་བཏུས་པོད། ༥ པ་ནས་ཟུར་འདོན་ཞུས།




མཐའ་མའི་འདོན་ཐེངས་།: 03.10.2016 ཉིན། 12:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།