སྨན་རྩིས་དྲ་བ། - ཆེད་རྩོམ།

སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྨན་རྩིས་རིག་གནས་ཐད་ཀྱི་མཛད་རྗེས་གཙོ་བོ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2017
ཆེད་རྩོམ། >>



༄༅། །ངེས་པ་དོན་གྱི་པཎྜིཏ་ཆེན་པོ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་བལྟམས་པའི་ཚུལ་དང་
གང་དེའི་སྨན་རྩིས་རིག་གནས་ཐད་ཀྱི་
མཛད་རྗེས་གཙོ་བོར་བཀོད་པ་
དད་བརྒྱའི་པད་ཀར་བཞད་པའི་རྫིང་བུ་

ཞེས་བྱ་བ་བཞུགས་སོ།།

- བྱམས་པ་འཕྲིན་ལས་ཀྱིས་བརྩམས།

 

ངེས་པ་དོན་གྱི་པཎྜིཏ་ཆེན་པོ་སྡེ་སྲིད་སངས་རྒྱ་མཚོ་མཆོག་ནི་བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་བླ་མཐོར་འཕགས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་། བཅུ་ཕྲག་རིག་པའི་གནས་་སྤྱི་དང་བྱེ་བྲག་སྨན་རྩིས་ཀྱི་བསྟན་པ་ཡར་རྒྱས་སུ་བྱེད་པའི་ཐད་ལ་མཛད་རྗེས་རླབས་པོ་ཆེ་ལྡན་པ་ཞིག་ཡིན།

གད་དེ་འཁྲུངས་པའི་ཡུལ་ནི་དགེ་བཅུ་ཚང་བའི་གནས་གནམ་འཁོར་ལོ་རྩིབས་བརྒྱད་དང་ས་གཞི་པད་མ་འདབ་བརྒྱད་སོགས་ལེགས་ཚོགས་ཀྱི་མཚན་མ་གསལ་ཞིང་། ཕ་མཐའ་མི་མངོན་པའི་ལྗོངས་ཆེན་པོའི་མུ་ཁྱུད་གངས་རིའི་ཕྲེང་བས་མཛེས་པར་བྱས་པའི་དབུས་འགྱུར་ལྷ་ལྡན་དག་པའི་ཞིང་གི་གྲུ་འཛིན་རི་བོར་གྲགས་པ་ནས་རྒྱང་གྲངས་གཅིག་དང་གཞུ་འདོམ་དྲུག་བརྒྱ་བདུན་བཅུ་ལས་མི་རིང་བར་ཉང་ཏིང་འཛིན་བཟང་པོའི་བྲན་དུ་གྱུར་བའི་ཡུལ། ནོར་བུའི་དྲ་བ་ཅན་གྱི་གདུངས་དང་། སྟོང་གསུམ་སྒྲས་ཁྱབ་པའི་དུང་དཀར། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་ཏེ་བཀྲ་ཤིས་རྟགས་བརྒྱད་ཀྱི་ནང་ཚན་གཙོ་ཆེ་བ་གསུམ་གྱི་རང་བྱོན་དུ་འབོད་པའི་མཚན་མ་སྟོན་ཟླ་ལྟར་གསལ་བའི་རྒྱབ་རི་མཐོ་ཞིང་ཆུ་བོ་གཡས་སུ་འབབ་པ། ལྗོན་ཤིང་དང་རྫིང་བུ་མེ་ཏོག་སྣ་ཚོགས་དང་ལྡན་པ་གྲོང་སྨད་ཅེས་མར་པ་ལོ་ཙཱ་བའི་བུ་ཆེན་བཞིའི་ནང་གི་མཚུར་སྟོན་དབང་གི་རྡོ་རྗེ་ལས་ཆད་པའི་རིགས་མྱུག་ཡབ་ཨ་སུག་དང་། ཡུམ་རྣམ་པར་དཀར་བ་ལ་ཆེས་ཆེར་འདུན་པ་བུ་ཁྲིད་རྒྱལ་མོ་གཉིས་རང་བཞིན་གྱི་མཛའ་བ་ལ་བརྟེན་རབ་བྱུང་ 11 ཆུ་སྦྲུལ་ (སྤྱི་ལོ་1653) ཟླ་ 7 ནང་སྐུ་འཁྲུངས། དམ་པ་དེ་སྐུ་ན་ཆུང་ངུའི་དུས་སྐུ་རྩེད་ཀྱི་སྐབས་སུའང་སྔོ་སྣ་ཚོགས་བཏུས་ཏེ་སྨན་ཡིན་ཁུལ་དང་། ས་གཞོང་ལ་རི་མོ་སྣ་ཚོགས་འབྲི་བ་སོགས་བྱིས་པ་གཞན་དང་མི་འདྲ་བའི་ངང་ཚུལ་ལྡན།

        ལྕགས་བྱི་ལོར་ (སྤྱི་ལོ་ 1660) དགུང་ལོ་བརྒྱད་ལ་ཕེབས་པའི་དུས་སུ་རྒྱལ་དབང་ལྔ་པ་ཆེན་པོའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ལོངས་སུ་སྤྱོད་པའི་ཚེ་ཞལ་ཁྱིམ་ལ་གཟིགས་ཏེ་ཕྱག་ཐལ་མོ་སྦྱར་བ་སོགས་མོས་གུས་ཀྱི་རྣམ་པ་བཅོས་མིན་མཛད་པ་དང་། པོ་ཏ་ལ་ནས་ཞལ་གྱེས་གནང་སྐབས་སྤྱན་ཆབ་བསིལ་ཞིང་། ཕྱོར་ལོག་ཕེབས་འདོད་མེད་པའི་ཐུགས་འཕྲེང་གི་རྣམ་པ་བསྟན་པས་མཚོན་རང་ཡུམ་ལས་ཀྱང་ལྔ་ཆེན་པོར་དགྱེས་མོས་ཆེ་བ་མཛད།

        དེ་རྗེས་མཁས་དབང་དཔལ་ལྡན་ཕུན་ཚོགས་དང་། རང་མེས་ས་སྐྱོང་འཕྲིན་ལས་རྒྱ་མཚོ། འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་སོགས་ལས་ཕྱག་བྲིས་དང་། རྩིས་རིགས་དཀར་ནག སྒྲ་སོགས་གསན་བཞེས་ཀྱི་དབུ་ཚུགས།

        དགུང་ལོ 16 ས་སྤྲེ་ (སྤྱི་ལོ 1668) ལ་མེས་ཁུ་ས་སྶྐྱོང་འཕྲིན་ལས་རྒྱ་མཚོ་སྐུ་གཤེགས་རྗེས་སངས་རྒྱས་རྒྱ་མཚོ་རྒྱལ་དབང་ལྔ་པའི་སྐུ་མདུན་དུ་ཕེབས་སྐབས་གྲོང་སྨད་སོགས་སུ་བཞུགས་ན་སྐུ་ཚེར་བད་གཅོད་ཀྱི་མཚན་མ་གསལ་བས་རེ་ཞིག་ཆུ་བཟང་དུ་བཞུགས་ན་ལེགས་ཞེས་ཐུགས་བརྟག་ཕེབས་པ་ལྟར་ཆུ་བཟང་དུ་བཞུགས། དེའི་རིང་སྔ་དགོང་སོགས་ལ་ཡི་དམ་གྱི་བཟླས་བསྙེན་དང་། ཞོགས་ལྟར་སྨན་གཞུང་སོགས་ཐུགས་འཛིན། དེ་མིན་སྐུ་ཡོན་གྱི་རིགས་གཞན་དག་ལ་སྦྱོར་བརྡར་མཛད་ཀྱི་ཡོད་པ་དང་། ཕྱི་དྲོ་ཉག་ཕྲན་འཕེན་པ། རི་ལ་གྱི་ལིང་གཏོང་བ། ཆུ་རྐྱལ་བཀྱོན་པ་སོགས་སྒྱུ་རྩལ་གྱི་རིགས་ལའང་དགྱེས་མོས་ཆེ་བར་གྲགས།

        དགུང་ལོ་ 18 ལྕགས་ཁྱི་ལོར་ (སྤྱི་ལོ 1670) གྲྭ་ཐང་རྒྱུད་བཞི་སོར་བཞག་གི་པར་ཕུད་ཐོག་ནས་རྒྱུད་ཆུང་བ་གསུམ་ཐུགས་འཛིན་གནང་སྐབས་རྣམ་རྟོག་ཇི་སྙེད་ཅིག་འཁྲུངས་པ་རྣམས་རྒྱལ་དབང་ལྔ་བ་ཆེན་པོར་སྙན་སེང་དང་སྦྲགས་གྲྭ་ཐང་རྒྱུད་བཞི་འདི་ལ་ཡང་བཅོས་བསྒྱུར་གྱིས་ས་བཅད་འཁྲུགས་པ། ཚིག་ཆད་པ་སོགས་མང་བས་ཧ་ཅང་ཁུངས་ཆོད་པར་མེད་ཚུལ་དང་། ད་ལམ་གྱི་པར་བྱང་བཀའ་རྩོམ་བཅད་ལྷུག་འདི་ཡང་ཅུང་ཐལ་ཚུལ་སོགས་ཞིབ་པར་ཞུ་གནང་མཛད་སྐབས་ལྔ་པ་ཆེན་པོས་དགྱེས་པའི་རྣམ་པ་དང་བཅས་བྱང་ངོས་ནས་སོགས་དེ་བཞིན་གསུངས་པ་སོར་བཞག་དུ་བགྱིས་ནའང་། ཁྱེད་ཀྱིས་ཇི་ལྟར་ཟེར་བ་བདེན་འདུག་པས་སླར་བཅད་བརྡར་ཞིག་ཏུབ་ན་ལེགས་འདུག་པས་གྱིས་ཤིག་ཅེས་བཀའི་གནང་བ་ཐོབ། དེ་རྗེས་ལྔ་པ་ཆེན་པོའི་ཞལ་སྔ་ནས་གཡུ་ཐོག་སྙིང་ཐིག་གི་དབང་གསན་དུས་རྒྱུད་བཞི་ཆ་ལག་དང་བཅས་པ་སངས་རྒྱས་རྒྱ་མཚོའི་དབུའི་སྤྱི་བོར་བཞག་པ་དང་ཕྱག་ལ་གཏད་ནས། འགྲོ་ལྔ་མ་རིག་དུག་ལྔའི་རྒྱུད་ལ་ནི། ཞེས་སོགས་ནས། རྒྱུད་ཆེན་སྡེ་བཞི་མཇུག་དོན་བཅས་པ་ལྔ། །བཅོ་བརྒྱད་ཆ་ལག་དང་བཅས་གསོ་དཔྱད་ཀྱི། །གཞུང་དང་གདམས་པ་ཀུན་གྱིས་དབང་བསྐུར་བས། །ཚིག་དོན་ཇི་བཞིན་རྟོགས་པའི་དབང་ཐོབ་ཤོག །ཅེས་གཟུངས་སྔགས་བཟླ་ཞིང་ཅང་ཏེའུ་ཡུན་རིང་བསྒྲགས་པ་གནང་སྐབས་སངས་རྒྱས་རྒྱ་མཚོའི་ཐུགས་ལ་སྔར་བཟུང་བའི་ཚིག་དོན་ངེས་དཀའ་བ་རྣམས་རང་ལམ་གྱིས་འཆར་བའི་སྣང་བ་དང། ལྷག་པར་བཤད་སྲོལ་སྐྱོངས་ཤིག་ཅེས་གསན་དུས་འཕྲལ་དུ་བྱའོ་སྙམ་པ་ཐུགས་ལ་ངུར་ངུར་ཤར་བ་སོགས་བྱིན་རླབས་ཐུགས་རྗེའི་འཇུག་པ་སྒོ་གསུམ་ལ་དངོས་སུ་ཞུགས་པ་ལྟ་བུ་དང་། དེའི་དབང་གིས་ཕྱིས་གསོ་རིག་ཐོག་མཛད་རྗེས་གཟེངས་སུ་ཐོན་པ་རྣམས་ཀྱང་ལྔ་བ་ཆེན་པོའི་བཀའི་དྲིན་ཡིན་པར་མི་ཕྱེད་པའི་དད་པ་འཁྲུངས་པའི་སྐོར་དང་། དེ་བཞིན་སྐབས་དེར་སྐུ་ན་དང་མཛད་འཕྲིན་ཟིན་མེད་ཀྱིས་རྐྱེན་པས་གྲྭ་ཐང་རྒྱུད་བཞིར་ཞུས་དག་གནང་མ་ཐུབ་པའི་སྐོར་སོགས་ཞིབ་གསལ་《དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བེཻཌྰུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན།》 ཤོག་གྲངས་བརྒྱ་དང་དགུ་བཅུ་གོ་གཅིག་གི་རྒྱབ་ཤོག་ནས་བརྒྱ་དང་དགུ་བཅུ་གོ་གཉིས་ཀྱི་མདུན་ཤོག་བར་གསལ།

        དགུང་ལོ་ 22 ཤིང་སྟག་ལོར་ (སྤྱི་ལོ 1674) རྒྱལ་དབང་ལྔ་པ་ཆེན་པོས་བསྐྱར་དུ་སངས་རྒྱས་རྒྱ་མཚོ་མཆོག་ལ་སྐུ་ཡོན་གང་ཅིར་བརྩོན་པ་དགོས་པའི་སློབ་སྟོན་དང་ཤེས་རབ་ཀྱི་ལྷའི་རྗེས་གནང་ལེ་ཚན་བཀའ་དྲིན་དུ་སྩལ་ཞིང་ཐུགས་རྗེའི་གཟིགས་པ་ཧ་ཅང་ཆེ་བར་མཛད།

        དགུང་ལོ་ 23 ཤིང་ཡོས་ (སྤྱི་ལོ་1675) ལ་གེགས་ཆ་རྣམས་སངས་པར་བརྟེན་དེ་ནས་བཟུང་རྒྱལ་དབང་ལྔ་པའི་སྐུ་གམ་དུ་རྒྱུན་བཞུགས་གནང་སྟེ་སླར་ཡང་སྡེབ་སྦྱོར་དང་། སྙན་ངག སྒྲ་ལ་སོགས་པས་མཚོན་ཕྱི་ནང་གི་རིག་པ་དུ་མ་སློབ་ཁྲིད་སྩལ། དེ་སྔ་སྐུ་ན་"ཆུང་དུས་འཁྲིད་ཀ་གསན་མྱོང་བའི་སྒྲ་རྩིས་ལ་སོགས་པའི་རི་མོ་དཀའ་བ་རང་མ་བྱུང་རུང་། ཧ་ཅང་དང་དོད་ཀྱང་བར་དེར་མ་བྱུང་བས་གོ་དོན་མ་རྙེད་རིགས་རྣམས་འདི་ལོ་ནས་བསམ་པ་རྙེད་པས་གོ་ཞིང་སྔར་གང་འཁྲིད་རྣམས་ཀྱང་གོ་དོན་རྙེད་བྱུང་"ཞེས་སྡེ་སྲིད་རང་རྣམ་ནང་གསལ། དེ་ལྟར་རྒྱལ་དབང་ལྔ་པ་ཆེན་པོས་སངས་རྒྱས་རྒྱ་ཚོའི་ཐུགས་རིག་དང་། སྐུ་ཡོན། སྙིང་སྟོབས་བཅས་གང་ཅིའི་ཐད་ནས་སྲིད་སྐྱོང་གི་ཕྱག་ལས་གནང་རྒྱུ་འོས་བབ་ཆེ་བ་དང་། ལྷག་ཏུ་《བྷྲུམ་མཚན་རྡོ་རྗེའི་རྭ་གདེངས་ཐོག་མའི་རྒྱ་ཅན།》ནང་། "མུ་ནེའི་སྤྲུལ་པ་དཀོན་ཅོག་མིང་འཛིན་པ། །དབུ་རུ་སྨད་འབྱུང་བདུད་དབང་མ་གྱུར་ན། །པུར་རྒྱལ་བོད་འདི་སྤྲིན་དབར་ཉི་མ་བཞིན་བདེ།།》ཞེས་ལུང་བསྟན་པར་གྲགས་པ་ལྟར་ལྷ་སྲས་མུ་ནེ་བཙན་པོའི་ཡང་སྲིད་ཡིན་པར་ངོས་འཛིན་གྱིས་སྲིད་སྐྱོང་གི་འགན་བཞེས་དགོས་ཚུལ་བཀའ་ཕེབས། སྐབས་དེར་སངས་རྒྱས་རྒྱ་མཚོའི་དགོངས་པར་གཙོ་བོ་བསྟན་འགྲོ་རིས་མེད་ལ་ལྷག་བསམ་མི་དམན་པའི་ཐོག་རྒྱལ་དབང་ལྔ་པ་ཆེན་པོའི་ཐུགས་དགོངས་མཉེས་ཐབས་ཁོ་ནའི་ངང་འཁོར་བ་དོང་སྤྲུག་གི་སྐུ་ལུས་ཀྱིས་ནམ་ལྕོག་བར་སྐུ་བཅར་མཛད་རྒྱུ་དང་། དེ་ནས་ཕུགས་སུ་བླ་མའི་ཞབས་ཕྱིའི་རྐང་མ་འདྲེན་ཙམ་གྱི་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་དང་། དབང་ལུང་འཁྲིད་ལ་སོགས་པ་རྒྱུན་སྤེལ་མཛད་དེ་རང་གཞན་མཐའ་དག་མཐར་ཐུག་གི་དོན་ཞིག་ཨེ་ཡོང་གི་རེད་འདོད་ཡོད་ཚུལ་སོགས་སྙན་གསེང་གནང་སྟབས་རེ་ཞིག་བཀའ་འཁྲོལ་ཏེ་རྣམ་རྒྱལ་གྲྭ་ཚང་གི་གཉེར་པ་བློ་བཟང་སྦྱིན་པར་སྲིད་སྐྱོང་བསྐོ་བཞག་སྩལ།

        དགུང་ལོ་ 27 ས་ལུག་ (སྤྱི་ལོ་1679) ལ་རྒྱལ་དབང་ལྔ་པ་ཆེན་པོས་སླར་ཡང་སངས་རྒྱས་རྒྱ་མཚོ་མཆོག་ལ་སྲིད་སྐྱོང་གི་ཐུགས་འགན་བཞེས་དགོས་པའི་བཀའ་ནན་ཕེབས་དུས་རྗེ་བླ་མའི་ཐུགས་དང་འགལ་ན་མི་རུང་བར་དགོངས་ཏེ་སྲིད་སྐྱོང་གི་འགན་བཞེས་མཛད་དགོས་བྱུང་བ་ནི་གཏེར་བདག་གླིང་པའི་《རིག་འཛིན་ཐུགས་ཏིག་》ཅེས་པའི་ནང་“མུ་ནེའི་སྤྲུལ་པ་བློན་ཆེན་རྒྱལ་པོའི་ཚུལ། །བུདྡྷའི(1)མིང་ཅན་ཁྲིམས་གཉིས་ཁ་ལོ་བསྒྱུར།།”ཞེས་དང་། གཏེར་སྟོན་དྲི་མེད་ཀུན་དགའི་ལུང་བསྟན་དུའང་“སངས་རྒྱས་བློ་གྲོས་རིན་ཆེན་མཚན་མངའ་བ། །འབྲུག་སྤྲུལ་ལོ་པ་རྟའམ་ལུག་གི་ལོ། །བསྟན་བཅོས་རྩོམ་ཞིང་རང་སྐད་ཐོན་པ་བྱུང་། །བར་ཅད་བདུད་ཀྱི་མཚན་མ་བཟློག་གྱུར་ན། །སྐུ་ཚེ་མཐར་ཕྱིན་འགྲོ་བ་དཔག་མེད་འདྲེན།།”ཞེས་སོགས་ལུང་བསྟན་དུ་མར་གསལ་བར་གྲགས་པ་སྟེ་ཆོས་ལུགས་དང་འབྲེལ་བའི་དོན་བཞིན་རྒྱལ་དབང་ལྔ་པས་སྲིད་སྐྱོང་སྔ་མ་རྣམས་དང་མི་འདྲ་བར་ཆོས་སྲིད་ཡོངས་ཀྱི་རྗེ་བོར་དབང་བསྐུར་ཐོག སྐྱེ་བོ་མཆོག་དམན་ཀུན་གྱིས་ལྔ་པ་ཆེན་པོ་དང་དབྱེར་མེད་དུ་འཛིན་དགོས་པའི་བཀའ་རྟགས་ཀྱི་ཕྱག་རྒྱས་སྤྲས་པའི་བཅའ་ཁྲིམས་ལྕི་བོ་རྒྱ་ཧོར་ཀུན་ཏུ་སྩལ། སངས་རྒྱས་རྒྱ་མཚོ་རང་ཉིད་ཀྱིས་“ར་གན་གསེར་བརྫུས་ཁོ་བོ་ཅག་ནི་ན་ཚོད་ཆུང་ངུའི་དུས་བྱིས་པའི་རྩེད་མོར་སྔོ་སྣ་ཚོགས་བཏུས་ཏེ་སྨན་ཡིན་ཁུལ་དང་། ས་གཞོང་ལ་རི་མོ་ས་ཚོགས་འབྲི་བ། ཆོས་འཆད་སེར་སྦྲེང་གཏོར་རྒྱག་ལ་སོགས་པའི་བག་ཆགས་ཡོད་པ་དེ་དུས་གམ་ན་འཁོད་པ་རྣམས་ཀྱིས་གླེང་བ་ཙམ་ལས་རང་བློར་བྱང་འཕགས་ཀྱི་སྤྲུལ་པ་ལྟ་ཞོག སྐྱེ་བ་སྔ་མར་རིག་གནས་སོགས་ལ་སྦྱང་པ་ཆེ་བའི་ཡང་སྲིད་ཙམ་ཡང་ཡིན་བསམ་པ་མེད། བསམ་པ་རྙེད་ནས་བཟུང་མཆོག་གསུམ་ཚད་མར་འཛིན་ཅིང་། རིས་སུ་མ་ཆད་པའི་འགྲོ་བ་སྤྱི་བྱེ་བྲག་ཚང་མར་ལྷག་པའི་བསམ་པ་མི་དམན་པ་དང་། གཙོ་བོ་ཡབ་རྗེ་ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་མཉེས་པ་ཁོ་ན་སྒྲུབ་ཅིང་། དགོངས་བཞེད་དྲི་མ་མེད་པ་འཛིན་པའི་ལྷག་བསམ་རྣམ་པར་དག་པ་ཙམ་ལས་གཞན་མདོ་སྔགས་རིག་གནས་དང་བཅས་པར་ཐོས་བསམ་ཧ་ཅང་ཡིད་ཚིམ་པ་ཞིག་གནང་མ་ཐུབ།” ཅེས་གསུངས། དོན་དུ་སྡེ་སྲིད་རིན་པོ་ཆེ་ནི་རིག་གནས་སྤྱི་དང་ཁྱད་པར་རྩིས་རིག་དཀར་ནག་དང་། དབྱངས་འཆར། བརྡ་སྤྲོད། གསོ་དཔྱད་སོགས་ལ་རང་བྱན་ཆུབ་ཅིང་། བསྟན་བཅོས་རྩོམ་པར་གཞན་དང་མི་འདྲ་བའི་ཐུགས་རིག་ཡོད་སྟབས་སྔོནཆད་དཔྱད་བྱ་དང་གབ་དཀྲུགས་ཀྱི་རིགས་སོགས་ལ་བསྲེགས་བཅད་བརྡར་གསུམ་གྱི་སྒོ་ནས་བསྟན་བཅོས་མང་དག་ཅིག་བརྩམས་པར་མཛད།

དགུང་ལོ་ 30 རྔ་ཆེན་ཞེས་པ་ཆུ་ཁྱི་ (སྤྱི་ལོ 1682) ཟླ་ 2 ཚེས་ 25 ཉིན་རྒྱལ་དབང་ལྔ་པ་ཆེན་པོས་སྐུ་འཁོར་རྣམས་ལ་ལུགས་ཟུང་གི་སློབ་སྟོན་ཁྱད་པར་བ་དུ་མ་དང་། ལྷག་པར་སྡེ་སྲིད་སངས་རྒྱ་རྒྱ་མཚོར་རྒྱ་བོད་ཧོར་གསུམ་གྱི་ལ་རྒྱ་སྐྱོང་ལུགས། རེ་ཞིག་གསང་ཆའི་ངོས་བྱ་བ་ཆེ་ཕྲ་བློས་མ་ཆོད་པ་མཐའ་དག་ལྷ་མོར་བརྟག་སྒྲིལ་གྱིས་ཤིག་སོགས་ཞལ་ཆེམས་དང་བཅས་གཟུགས་སྐུའི་བཀོད་པ་བསྡུས།

        དགུང་ལོ་ 31 ཆུ་ཕག་ (སྤྱི་ལོ་ 1683) ལ་《བདེ་མཆོག་མཁའ་འགྲོ་རྒྱ་མཚོ》དང་《རྡོ་རྗེ་མཁའ་འགྲོ》 《གདན་བཞི་》ལ་སོགས་རྒྱུད་སྡེ་རྣམས་ནས་གསུངས་པ་ཕྱོགས་ཙམ་དང་། དཔལ་དུས་ཀྱི་འཁོར་ལོའི་ཕྱི་རོལ་རྟོག་པར་བྱེད་པ་སྐར་རྩིས་སུ་གྲགས་པ་ཡོད་དོ་ཅོག རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཙི་ནར་གསུངས་པ་རྩིས་སྒོ་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་ཅན་རྒྱ་ནག་ནས་བསྒྱུར་བའི་ནག་རྩིས་སུ་གྲགས་པ། འཕགས་པ་ཕྱག་ན་པད་མ་གང་འདུལ་གྱི་ཚུལ་བསྟན་པ་དབང་ཕྱུག་ཆེན་པོས་རང་ཡུམ་ཨུ་མ་ལ་གསུངས་པ་...གཡུལ་ལས་རྣམ་པར་རྒྱལ་བའི་སྐོརསོགས་་་མཐའ་དག་གི་སྙིང་པོར་གྱུར་བ་སྔོན་མེད་ཀྱི་བསྟན་བཅོས་《བཻ་ཌྰུར་དཀར་པོའི་ཕྲེང་བ་དཔྱོད་ལྡན་སྙིང་ནོར་》ཤོག་བུ་མདའ་ཚད་དྲུག་བརྒྱ་སུམ་ཅུ་སྐོར་དང་། དེའི་ལེ་ལག་དཀའ་གནད་ཀྱི་སྒོ་ལྕགས་དབྱེ་བའི་ལྡེ་མིག་《བུ་དཔེ་》བཅས་དཔེ་ཚན་ཁྱོན་བསྡོམས་པོད་ཚད་གསུམ་ལས་བརྒལ་བ། ལུ་འགོ་བླ་མཁྱེན་ངག་དབང་གིས་དྲིས་ལན་《གཡའ་སེལ་》དུ་གྲགས་པ་འཕྲོས་དོན་མདོ་སྔགས་རིག་གནས་མཐའ་དག་པའི་ཉིང་ཁུའི་ཁོག་ངེས་པར་ཕུག་པ་ཤོག་བུ་མདའ་ཚད་མ་ལྔ་བརྒྱར་ཉེ་བ་བཅས་གསར་རྩོམ་གནང་།

དགུང་ལོ་པ 35 མེ་ཡོས་ (སྤྱི་ལོ་ 1687) ལ་གཞན་རྗེས་སུ་འཛིན་པ་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་རྩ་བ་དཔལ་ལྡན་རྒྱུད་བཞི་ཡི་འགྲེལ་པ་གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻ་ཌྰུརསྔོན་པོ་མ་ལི་ཀ་ཞེས་བྱ་བ་ཤོག་བུ་སྟོང་ཕྲག་གཅིག་དང་ཉིས་བརྒྱ་སྐོར་ཡོད་པ་བརྩམས་པའི་དབུ་བཙུགས་ཏེ་ཕྱི་ལོ་ས་འབྲུག་ (སྤྱི་ལོ་1688) ཟླ་ 4 ཚེས་ 7 ལ་ལེགས་པར་གྲུབ། ས་སྦྲུལ་ལོར་ (སྤྱི་ལོ་1689) གཞུང་འགྲེལ་འདི་ལ་གདེང་འཁེལ་བ་བཻ་དཀར་ལྟ་བུ་མ་བྱུང་བ་དང་། གསོ་བ་རིག་པ་འདི་རོ་མགོ་མེད་ལ་འཕོ་བ་གྲོང་འཇུག་ལྟ་བུའི་བྱེད་ཐབས་དཀའ་བ་སོགས་ཀྱི་དཔེ་དོན་གསུངས་ནས་རྒྱ་ཁྱབ་གཉུག་མར་གནས་པའི་སྨན་པ་མཐའ་དག་ལ་སྐྱོན་འདོན་མང་ཙམ་ཡོང་བའི་ཐུགས་རེ་གནང་བར་སྐབས་དེར་དོགས་སློང་བཅུ་ཙམ་དང་། གཞན་མ་ཡི་གེ་བཤུ་སྐབས་དང་བྲིས་ཆ་འབྲི་དུས་ནོར་བ་སོགས་ཀྱི་དཔྱད་པ་སུམ་ཅུ་སྐོར་བཏོན་པར་བཟོ་བཅོས་དང་ཅུང་ཟད་དོགས་པ་བྱུང་བའི་སྨན་རིགས་ངོ་བོ་ལེན་མི་ཆེད་གཏོང་གིས་ཞིབ་བསྡུར་གནང་རྗེས་ཐག་གཅོད་ལེགས་པར་མཛད་པར་བརྟེན་ཕྱིས་ཀྱི་མཁས་དབང་མང་པོས་བཻ་སྔོན་འདི་ཉིད་ཤིན་ཏུ་ཚད་ཐུབ་ལ་བཟུང་ནས་རྒྱ་ཁྱབ་ཏུ་དར་རྒྱས་ཆེ། དཔེར་ན། དཔལ་མང་དཀོན་ཅོག་དཔལ་གྱིས་མཛ་པའི་<<མདོ་སྨད་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གདན་རབས་རང་བཞིན་དབྱངས་སུ་བརྗོད་པ་ལྷའི་རྔ་བོ་ཆེ་>>ཞེས་པའི་ནང་། “སྡེ་སྲིད་སངས་རྒྱས་རྒྱ་མཚོས་བྱང་ཟུར་ནས་བརྒྱུད་པའི་གསོ་དཔྱད་སྐོར་དུས་དབང་ལ་ལྟོས་པའི་གང་རྙེད་ཐམས་ཅད་རྫོགས་པར་གསན་ཏེ་<<བཻ་ཌཱུར་སྔོན་པོ།>>ཆ་ལག་དང་བཅས་པ་ཡིག་འཇོག་དང་རིན་ཆེན་རིལ་བུ་ཕྱག་བསྟར་སོགས་ཕྱག་བཞེས་ཀྱང་རླབས་ཆེ་བར་བསྐྲུན་ཏེ་གསོ་རིག་གི་གཞི་རྩ་གཅིག་པུར་གནས་པ་ཀུན་གྱིས་མཐོང་བཞིན་པ་ཁོ་ནའོ”ཞེས་དང་། དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་<<ཤེས་བྱ་ཀུན་ཁྱབ་མཛོད།>>དུའང་། “བྱང་ཟུར་གྱི་རིང་སྲོལ་འཛིན་པ་བར་མ་ཆད་པ་བྱུང་བའི་ནང་ཕྱིས་ཀྱི་དུས་སུ་གྲགས་ཆེ་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རྒྱུད་འགྲེལ<<བཻ་ཌཱུར་སྔོན་པོ།>>དང་<<ལྷན་ཐབས་དུས་མིན་འཆི་ཞག་གཅོད་པའི་རལ་གྲི།>>སོགས་མཛད། ད་ལྟའི་བར་དུ་ཡིག་ཆ་དེ་དག་འཕྲིན་ལས་ཆེ”ཞེས་གསུངས། ལྷག་པར་ལོ་ཤས་ཀྱི་སྔོན་དུ་ཁོ་བོར་པོ་ཏ་ལའི་དཔེ་མཛོད་ཁང་དུ་ཡོད་པའི་སྨན་དཔྱད་སྐོར་གྱི་དཔེ་ཆ་མི་ཉུང་བ་མཇལ་རྒྱུའི་གོ་སྐབས་བྱུང་ཞིང་། དེ་དག་ནང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ངོ་མས་གཟིགས་ཞིབ་གནང་བའི་སྨན་དཔེ་མང་པོའི་ཁ་ཤོག་སྟེང་མཚལ་ཡིག་དམར་པོ“སཱ་རས་(2)བརྟག་ཅིང་ཕྱི་མོ་རང་སོར་བཞག ལེགས་ཆ་<<བཻ་སྔོན>>མ་བུར་བཀོད”(3)ཅེས་པ་དངོས་སུ་མིག་ལམ་དུ་གྱུར་པས་<<བཻ་སྔོན>>ནི་སྔོན་མེད་ཀྱི་བསྟན་བཅོས་ཁྱད་དུ་འཕགས་པ་ཞིག་ཡིན་པར་སོམ་ཉི་བྲལ་བར་གྱུར། སྡེ་སྲིད་ཉིད་ཀྱི་གསུངས་ལས་ཀྱང་། “རྟོགས་དཀའི་ཚིག་རྣམས་རྟོགས་པར་གསལ་བཀོད་ཅིང་། །སྨན་གྱི་རིང་ལུགས་སྨན་བླས་མངོན་སུམ་དུ། །སྐལ་ལྡན་རྣམས་ལ་སྐལ་སྟེར་སྤྲུལ་ཞིང་ནས། །རིག་པའི་ཡེ་ཤེས་རིག་ཏུ་ཞུགས་མིན་ནམ།།”ཞེས་གསུངས་པ་དོན་ལ་གནས་པར་ངེས། གཞུང་འགྲེལ་<<བཻ་སྔོན་>>འདི་དག་སྔ་སོར་ལྷ་སའི་པོ་ཏ་ལའི་པར་ཁང་དུ་ཡོད་པ་དང་། དེ་རྗེས་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་ལྷག་བསམ་བཟང་པོས་ཆོས་སྦྱིན་པར་གྱི་ཕྱི་མོ་གསར་དུ་སྤེལ་སྟབས་མཁས་དབང་ཞེ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཇུག་བྱང་མཛད། དེ་མིན་སོགས་ཡུལ་གྱི་ཤིང་པར་དང་། པེ་ཅིང་ཟུང་ཅུ་ཟི་ལའང་<<བཻ་སྔོན>>ཟངས་པར་ཡོད།

        རབ་ཚེས་ཀུན་འཛིན་ས་བྱི་ལོར་ (སྤྱི་ལོ་ 1888) རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་སྲིད་སྐྱོང་ཡོངས་འཛིན་དེ་མོ་ཧོ་ཐོག་ཐུ་རྣམ་གཉིས་ཀྱི་ཐུགས་བསྐྱེད་བཟང་པོའི་མཐུ་ལས་རྒྱུད་ཆེན་རྣམ་བཞིས་གཙོས་མན་ངག་ཉམས་ཡིག་སྐོར་དང་། ཁྱད་པར་འགྲོ་མགོན་པན་ཆེན་ས་སྐྱོང་བུད་རྡའི་ཞབས་ཀྱིས་མཛད་པའི་གསོ་བ་རིག་པའི་རྒྱུད་འགྲེལ་ཐམས་ཅད་ཀྱི་རྒྱལ་པོ་རབ་དང་ཕུལ་དུ་གྱུར་པའི་བསྟན་བཅོས་<<བཻཌཱུར་སྔོན་པོ།>>འདི་ཉིད་འཕྲིན་ལས་ཤིན་ཏུ་རྒྱས་པའི་དབང་གིས་པར་གཞི་བགྲེས་ཟོམ་ཆེ་བར་བརྟེན་གཞུང་ཕྱོགས་ནས་པར་བརྐོ་གསར་སྐྲུན་མཛད་པ་མ་ཟད། ཞུས་དག་པ་ཆབ་མདོ་གཞན་ཕན་འོད་ཟེར་(ཚན་གཞན་ལ་དྷརྨ་སེང་གེ་ཞུ།)དང་དེའི་ཞལ་སློབ་ལྔ་རིག་དབང་པོ་ཐོན་རྡོ་རྗེ་རྒྱལ་མཚན་གཉིས་ཀྱིས་གནང་།

        ཆུ་འབྲུག་ལོ་ (སྤྱི་ལོ་ 1892) བཀའ་བསྒྱུར་དགོངས་དོན་གསར་བརྐོས་སྨན་དཔེ་རྒྱུད་བཞི་རྩ་འགྲེལ་ལེ་ལག་དང་བཅས་པར་སྐབས་དེར་རྟོག་ཞིབ་ཆུང་སྐྱོན་གྱིས་ཤློཀ་ཆད་པ་དང་། ཚིག་འབྲུར་ནོར་སྐྱོན་ཡོད་རིགས་བསྐྱར་ཞུས་ནན་ཏན་ཞུ་བའི་ཐད་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བླ་སྨན་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་དང་ལྕགས་རིིའི་དགེ་ཟུར་དཔལ་ལྡན་ཕུན་ཚོགས། དབུ་མཛད་དཀོན་མཆོག་དགེ་ལེགས་བཅས་ཀྱིས་ཞུས་དག་མཛད་པའི་<<བཻ་སྔོན>>པར་གཞི་དེ་དག་སྔོན་ཆད་ལྕགས་རི་གྲྭ་ཚང་ཁོངས་སུ་ཡོད་པ་དང་ལྟ་སྨན་རྩིས་ཁང་དུ་བཞུགས། རབ་རྒྱལ་ལྕགས་སྤྲེལ་ལོར་ (སྤྱི་ལོ་ 1980) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་<<བཻ་སྔོན>>ལྕགས་པར་དཔེ་སྐྲུན་བྱས།

དགུང་ལོ་ 38 ལྕགས་རྟ་ལོར་ (སྤྱི་ལོ 1690) <<མན་ངག་ཡོན་ཏན་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྤཱུར་དུས་མི་འཆི་ཞགས་གཅོད་པའི་རལ་གྲི་>>ཞེས་བྱ་བ་ལེའུ་བརྒྱ་དང་སོ་གསུམ་ཤོག་ལྷེ་ཉིས་བརྒྱ་བརྒྱད་ཅུ་གྱ་བདུན་གྱི་བདག་ཉིད་ཅན་བརྩམ་པའི་དབུ་བཙུགས་ཏེ་ཕྱི་ལོ་དགུང་ལོ་ 39 ལྕགས་ལུག་(སྤྱི་ལོ་ 1691) ལ་བསྟི་གནས་དགའ་བཞི་(4)འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་ལེགས་པར་གྲུབ། རྗེས་སུ་<<མན་ངག་ལྷན་ཐབས།>>འདི་ཉིད་ཆོས་སྦྱིན་རྒྱ་ཆེར་སྤེལ་སྐབས་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོ་མཆོག་གིས་སྨོན་ཚིག་ཟབ་མོ་སྩལ། དེ་ནས་མི་རིང་བར་ལྷན་ཐབས་སྡེ་དགེའི་པར་མ་དང་། སྐུ་འབུམ་པར་མ། བཀྲ་ཤིས་འཁྱིལ་པར་མ། པེ་ཅིན་ཟུང་ཅུ་ཟིའི་པར་མ། སོག་ཡུལ་གྱི་པར་མ་སོགས་ཐོན་ཏེ་འགྲོ་ཕན་ཕ་མཐར་ཁྱབ་པ་བྱུང་།

        རབ་ཚེས་ཀུན་འཛིན་ས་བྱི་ལོར་ (སྤྱི་ལོ་ 1888) མན་ངག་ལྷན་ཐབས་འདི་ཡང་འཕྲིན་ལས་ཤིན་ཏུ་རྒྱས་པའི་དབང་གིས་ཡི་གརའི་ཚོགས་རྣམས་མི་གསལ་བར་བརྟེན་གཞུང་ཕྱོགས་ནས་པར་གཞི་གསར་སྐྲུན་མཛད་པ་དང་། ཆབ་མདོ་བ་གཞན་ཕན་འོད་ཟེར་རམ་དྷརྨ་སེང་གེ་མཆོག་ནས་ཞུས་དག་དང་པར་བྱང་སྨོན་ཚིག་མཛད།

        ཆུ་འབྲུག་ལོར་ (སྤྱི་ལོ་ 1892) སླར་ཡང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བཀའ་ལྟར་གོང་གསལ་བླ་སྨན་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་སོགས་ཀྱིས་ཞུས་དག་དང་ཤོ་ལོ་ཀ་ཆད་པ་པར་ཤིང་གསར་བརྐོས། ཚིག་འབྲུར་ལྷག་ཆད་ནོར་འཁྲུལ་ཡོད་རིགས་གསར་བཅོས་གནང་བའི་པར་ཤིང་ཆ་ཚང་ལྕགས་པོ་རིར་བཞུགས་སུ་གསོལ་བ་ད་ལྟ་སྨན་རྩིས་ཁང་དུ་ཡོད།

ལྕགས་རྟ་ལོར་དེ་སྔོན་དུས་རྒྱལ་དབང་ལྔ་པས་བཀའི་གནང་བ་ཐོབ་པ་ལྟར་གྲྭ་ཐང་སོར་བཞག་གི་<<རྒྱུད་བཞི་>>ལ་ཞུས་དག་ལེགས་བཅོས་མཛད་པའི་དབུ་ཚུགས། དེའི་སྐོར་<<ཕྱི་རྒྱུད།>>མཇུག་བྱང་དུ་གསལ་བ་ལྟར་རྒྱུད་བཞི་གའི་འབྲུ་འགྲེལ་<<བཻཌཱུར་སྔོན་པོ་>>བརྩམས་པར་མཛད་པ་དང་སྦྲགས་དུས་ཀྱི་འཁོར་ལོ་དང་རྡོ་རྗེ་མཁའ་འགྲོ་སོགས་རྒྱུད་སྡེ། གསེར་འོད་དམ་པ་དང་། དཀོན་རྩེགས་སོགས་མདོ་སྡེ། ལུང་བཞི་དང་ཕྲན་ཚེགས་སོགས་འདུལ་བ། གདགས་པ་དང་མཛོད་རྩ་འགྲེལ་སོགས་མངོན་པ། ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། དེའི་རང་འགྲེལ། ཟླ་ཟེར། སྦྱོར་བ་བརྒྱད་པ། གཅེས་པ་གྲུབ་པ། འཚོ་བའི་མདོ། དངུལ་ཆུ་གྲུབ་པའི་བསྟན་བཅོས་སོགས་རྒྱ་གར་ནས་བསྒྱུར་པའི་བཀའ་བསྟན་གྱི་རིགས། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་ནས་བསྒྱུར་བའི་རིགས། འཁོར་ལོ་རྒྱལ་པོའི་བེ་བུམ་གྱིས་དབུས་ཞང་ཞུང་ནས་བསྒྱུར་བའི་རིགས། བདུད་རྩི་བམ་པོ་བདུན་པ། བདུད་རྩི་མཆོག་གི་གཞུང་ལུགས། བདུད་རྩི་བུམ་པ། སྣང་གསལ་ཤེལ་བུམ་སོགས་སྔ་འགྱུར་རྡོ་རྗེ་ཐེག་པ་ནས་གསུངས་རིགས། བི་ཇིའི་པོ་ཏི་ཁ་སེར། སྒྲོན་གསལ་གདམས་པ་སུམ་ཅུ། བདུད་རྩི་སྙིང་པོ་ཆེ་ཆུང་། རྫོང་འཕྲང་འཕྲུལ་གྱི་ལྡེ་མིག ཡན་ལག་བཞི་པ། ཅ་ལག་བཅོ་བརྒྱད་དང་བཅས་བོད་དུ་སྔ་རབས་བྱུང་བའི་གཞུང་ལུགས། གཡུ་ཐོག་པའི་གསེར་མཆན་དང་། ཕྱག་དྲེག་མ། ཟུར་མཁར་རྙིང་པའི་རྒྱུད་བཞི་སྒམ་ནང་མ། རྒྱུད་རྙིང་རྫོང་ཁ། རྟག་བརྟན། བོ་དོང་པའི་རྒྱུད་སོགས་དང་། ལྕགས་སྨྱུག་གིས་བྲིས་པའི་རྒྱུད་རྙིང་ལེ་ཚན་འདྲ་དང་བསྟུན་པ་སོགས་གངས་ཅན་ལྗོངས་སུ་གྲགས་སོ་འཚལ་གྱི་སྨན་དཔྱད་ཕྲ་མོ་དང་བཅས་པ་ཕལ་ཆེར་ལ་སླ་ཐབས་མ་ཡིན་པར་སོ་སོར་ཞིབ་བརྟག་མཛད་པ་དང་། ཁྱད་པར་གཡུ་ཐོག་པའི་ཕྱག་དྲེག་མ་དང་། ཟུར་མཁར་རྙིང་པའི་རྒྱུད་སྒམ་ནང་མ་གདན་དུ་བཏིང་། གྲྭ་ཐང་གི་རྒྱུད་བཞིར་ཚིག་ཆད་པ་སོགས་རྙིང་པ་རྣམས་མཐུན་པར་ཡོད་རིགས་གང་དེས་རིག་པས་ཀྱང་བརྟག་པར་མཛད་པ་ནི། དཔེར་ན། སྡོམ་ཚིག་ཏུ་བཤད་པ་ནང་གསེས་དུས་མ་ཚང་རིགས། ནད་རྟགས་བཤད་པར་བཅོས་ཆད་པ། ས་བཅད་འཁྲུགས་པ་སོགས་དང་། ལ་ལ་དག་འབྲུ་ནོར་གྱི་རྣམ་པ་སོགས་ཅུང་ཟད། འཁྲུལ་རིགས་འོལ་སྤྱི་རྟགས་བཟོ་མིན་པའི་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕབ་པ། བརྡ་རྙིང་གོ་དཀའ་ངེས་རྣམས་གསལ་དུ་བཏང་བར་མཛད་པ་སོགས་དགུང་གྲངས་སུམ་ཅུ་སོ་བརྒྱད་ལྕགས་རྟ་ལོར་ཞུས་དག་པར་མཛད། དེ་ཡང་གང་དེའི་ཚིགས་སུ་བཅད་པའི་གསུང་ལས“ཨ་ཧོ་རྒྱལ་བཀའ་རྒྱུད་ཆེན་ཡིད་བཞིན་ནོར། །བྱང་ཟུར་མཁས་པས་བྱི་དོར་ལེགས་མཛད་ཀྱང་། །སླར་ཡང་སྦས་བཅས་དྲི་ཡིས་སྦགས་པ་ཀུན། །སཱ་རའི་ཤེས་བརྩོན་ལུང་རིགས་དཔྱད་གསུམ་གྱིས། །ལེགས་པར་བསྐྲུན་པའི་བསམ་འཕེལ་དབང་གི་རྒྱལ། །འགྲོ་ཀུན་བསོད་ནམས་རྒྱལ་མཚན་རྩེར་བཀོད་པས། །མི་དགེ་ཟུག་རྔུའི་དབུལ་བ་དྲུང་ཕྱུང་ནས། །ཚེ་ནོར་བདེ་བའི་དངོས་གྲུབ་ཆར་དུ་བསྙིལ། །སྲིད་བཞིའི་འདྲེན་པ་ཕྱག་ན་པད་དཀར་འཆང་། །བྱམས་མགོན་སྤྲུལ་སྐུར་བྱོན་པར་བརྟག་བརྟན་ཅིང་། །དགའ་ལྡན་ཕྱོགས་ལས་རྣམ་རྒྱལ་ཕོ་བྲང་ཆེའི། །ཆོས་སྲིད་དཀར་ཆའི་ཟླ་བཞིན་གོང་འཕེལ་ཤོག།” ཅེས་བྱུང་པ་ལྟར་ལགས་སོ།།

        དེ་ནས་རབ་ཉི་ཆུ་གླང་ལོ་ (སྤྱི་ལོ་ 1733) སྡེ་དགེ་ས་སྐྱོང་བསྟན་པ་ཚེ་རིང་གིས་མཐུན་རྐྱེན་སྦྱར་ནས་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་མོར་ལྷ་སའི་པོ་ཏ་ལའི་<<རྒྱུད་བཞི་>>ཇི་ལྟ་བ་བཞིན་པར་དུ་བརྐོས། དེའི་མཇུག་བྱང་ནང་། “འོན་ཀྱང་བར་སྐབས་དུས་དབང་གིས་སྨན་པ་ཁོ་ནར་མ་ཟད་རིག་གནས་གང་ལའང་ཚུལ་བཞིན་སློབ་པ་མི་འབྱུང་ཞིང་། བསླབ་ཀྱང་ཤེས་པ་ཉུང་བས། གཞུང་འདིའང་འཆད་ཉན་གྱི་སྲོལ་ཇི་ལྟ་བ་ནུབ་པ་ལ་ཕྱོགས་པའི་ཚེ། ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་ཆོས་ཀྱི་དབོན་པོ་མཁས་དབང་བློ་གྲོས་རྒྱལ་པོས་འགྲེལ་བཤད་དང་ཞུས་ཆེན་གྱིས་གཏན་ལ་ཕབ་པ་བཞིན་ནང་སོ་ཡར་རྒྱབ་པས་པར་དུ་བརྐོ་བ་དང་། དེ་ལའང་དཔྱད་པས་མ་ཁྱབ་པའི་ནོར་ལུས་ཀྱི་རྙོག་མ་ཕྲན་བུ་བྱུང་བ་རྣམས་མི་དབང་སངས་རྒྱས་རྒྱ་མཚོའི་རྣམ་སྤྱོད་ཀྱི་ཀེ་ཏ་ཀས་བགྲུངས་པའི་ལྷ་ལྡན་པོ་ཏ་ལའི་པར་མ་འདི་ཉིད་ཀུན་གྱིས་ཡིད་རྟོན་པའི་གནས་སུ་རུང་བར་འདུག་པ་ལྟར་དེ་ཉིད་ལས་འབྲུ་ལེན་གྱིས་ཆེ་མོ་ཞུས་ཏེ”ཞེས་གསལ་བ་དང་། རིམ་པས་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་སོགས་ལའང་ལྷ་སའི་རྒྱུད་བཞི་གཞིར་བཟུང་པར་དུ་བརྐོས་ནས་རྒྱ་ཁྱབ་ཏུ་འཕེལ་རྒྱས་ཕྱིན། རྗེས་སུ་རབ་ཚེས་ས་བྱི་ལོར་ (སྤྱི་ལོ་ 1888) རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་དེ་མོ་རྒྱལ་ཐོག་སྐབས་<<རྒྱུད་བཞི་>>པར་བཞི་གསར་བསྐྲུན་དང་། སླར་ཡང་ཆུ་འབྲུག་ལོར་ (སྤྱི་ལོ་ 1892) བསྐྱར་ཞུས་མཛད་པའི་ཤིང་པར་ཆ་ཚང་ལྕགས་རི་གྲྭ་ཚང་ལ་ཡོད་པ་དེ་དག་ད་ལྟ་སྨན་རྩིས་ཁང་དུ་བཞུགས། རབ་རྒྱལ་ལྕགས་སྤྲེལ་ལོར་ (1980) བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་སྡེ་དགེའི་<<རྒྱུད་བཞི་>>པར་མ་གཞིར་བཟུང་ངོ་མཚར་འཕྲུལ་གྱི་ཕྱི་མོ་ལྕགས་པར་དཔེ་བསྐྲུན་གནང་བས་རྒྱལ་ཁབ་ཕྱི་ནང་གང་སར་སྔར་ལས་ལྷག་པའི་ཁྱབ་སྤེལ་བྱུང་།

        དགུང་ལོ་ 43 ཤིང་ཕག་ལོར་ (སྤྱི་ལོ་1695) ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ཞེས་པ་གསར་འཛུགས་གནང་རྒྱུའི་དབུ་ཚུགསཔའི་སྐོར་《དུ་ཀུ་ལའི་གོས་བཟང་》ཆ་པའི་ཤོག་ལྷེ་སུམ་བརྒྱ་སུམ་ཅུ་རྩ་ལྔའི་ནང་། “རྗེ་བླ་མས་ཆུ་ལུག་ (སྤྱི་ལོ 1643) འབྲས་སྤུངས་ནུབ་མར་གསོ་རིག་འགྲོ་ཕན་གླིང་འཛུགས་གནང་བ་འཐོར་ཞིག་གིས་ལམ་རྒྱུགས་མེད་ཅིང་། རྗེ་བླ་མའི་དགོངས་པ་རྫོགས་ཐབས་སུ་ཕན་སླེབས་ཆེ་བ་དང་བཅས་ཤིང་ཕག་ལོར་ (སྤྱི་ལོ་ 1695) གསོ་རིག་གཙོ་གྱུར་གྱིས་ལྕགས་རི་བཻ་ཌཱུར་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཞེས་པ་བཙུགས་ཏེ། དེ་གར་གྲྭ་བཙུན་འོན་ཟུང་། ཟངས་རི་སོགས་དང་། ད་དུང་ཐོ་བཙུན་དང་། དད་བཙུན་མེད་ངེས་བཅས་དང་། ཁྱིམ་པའི་རིགས་བསླབ་སྦྱོང་བྱེད་མིའང་བསྡད་ཆོག་པའི་བཅའ་སྒྲིག་བཀོད་བཞིན་ཚུགས་སོ”ཞེས་གསལ་བ་དང་། ཡང་ཤོག་ལྷེ་སུམ་བརྒྱ་སུམ་ཅུ་སོ་དྲུག་ནང་། “ལྕགས་པོ་རིར་བཙུག་ལག་ཁང་རྣམས་བར་དུ་འཛིན་སྤྲས་ཧ་ཅང་ཞན་པས་ཤིན་ཏུ་གོག་ཅིང་། འདི་ཉིད་ཐང་སྟོང་ཆེན་པོར་གཉན་ཁ་ནག་གི་ཚུབ་དང་། དེ་ཉིད་དམ་བཏགས་ཀྱིས་སོགས་གཉན་པར་བྱེད་འདུག་པས་ཤིན་ཏུ་འཚེར་ཡང་། ཞིག་གསོ་མ་བྱས་ཀ་མེད་ལྟ་བུར་རྒྱ་ཆེར་མ་ཐུབ་ཀྱང་སྔར་རྙིང་ཀ་བ་བཅུ་དྲུག་གི་ས་ལ་ཤིང་རྩི་དང་། ལྡེབས་སུ་གཙོ་བོ་རྗེ་བླ་མ། ཚེ་ལྷ་བཅས་དང་། ནུབ་རྒྱུད་ལྷོ་ནས་ཤར་དཀྱིལ་བར་གསོ་རིག་གི་ལུང་དང་། གཞུང་དོན་ལག་ལེན་གཉིས་ཀའི་སྐབས་བྱང་ཟུར་སོ་སོ་ནས་ད་ལྟ་ངེད་རང་བར་བླ་རྒྱུད། ཤར་སྐྱའི་ཕྱེད་དང་བྱང་སྐྱ་བཅས་པར་གཙུག་ལག་སྤོར་ཐང་གི་བླ་རྒྱུད། ཀ་བ་བཅུ་དྲུག་ལ་གནས་བརྟན་བཅུ་དྲུག གདུང་མར་སྨན་བླའི་གཟུངས་། ཀ་གདུང་ས་གཞན་རྣམས་ལ་སྨན་བླའི་ཕྱོགས་མདོག ལྡེབས་བྲིས་ཀྱི་གཞི་མ་གསང་སྔགས་སྔ་བསྒྱུར་གྱི་ཕྱོགས་མདོག གཙུག་ལག་ཁང་ཕྱིའི་ས་རྩི་མངོན་པའི་མདོག འདུ་ཁང་གི་རྟེན་གཙོར་སྔར་གྱི་སྟོན་པའི་སྐུ་ཇོ་བོར་གྲགས་པ། རྗེ་བླ་མ། སློབ་དཔོན་ཆེན་པོ། རྗེ་བཙུན་ཙོང་ཁ་པ། སྨན་རྒྱལ་རིག་པའི་ཡེ་ཤེས་མཆེད་བཞི་གསུང་སྤྲུལ་དང་བཅས་པ། འཇམ་དབྱངས་ཚངས་པ་ལྷའི་མེ་ཏོག ལྷ་སྲས་མུ་ནེ་བཙན་པོ། གཡུ་ཐོག་ཡོན་ཏན་མགོན་པོ། ཌ་ཀིའི་གཙོ་མ་དཔལ་ལྡན་ཕྲེང་བ། ཁ་ཆེ་ཟླ་མངོན། ངེད་རང་གི་འདྲ་འབག ཞང་བློན་དང་བཅས་པ། སྦུག་ལྕོག་ཧྲིལ་དུ་སྔར་གྱི་ཐང་སྟོང་པའི་རྟེན་རྙིང་དཀར་ཆག་ཏུ་འཁོད་པའི་སྟེང་གཙོ་བོ་གྲུབ་དབང་འདི་ཉིད་དུ་བཀའ་བབས་པའི་ཚེ་དཔག་མེད་གྲུབ་རྒྱལ་མའི་འཁོར་དུ་རིགས་གསུམ་མགོན་པོ། བདེ་བར་གཤེགས་པ་མཆེད་བརྒྱད། སྣང་བ་མཐའ་ཡས། ཀླུ་དབང་། སྤྱན་རས་གཟིགས་སེང་གེ་སྒྲ། སྒྲོལ་དཀར། གྲུབ་དབང་ཐང་སྟོང་པ། རྣམ་སྲས་རྡོ་རྗེ་ཁྲབ་རིང་། རྩེ་མོར་གསེར་གྱི་གན་ཛི་ར་བཅས་སོ”ཞེས་འཁོད་པ་ལྟར་ལྕགས་རིར་གཞི་ཁྱོན་ཆེ་ཙམ་གྱི་ཉམས་གསོ་མཛད།

        དགུང་ལོ་ 44 མེ་བྱི་ལོར་ (སྤྱི་ལོ 1696) ལྕགས་རི་བཻ་ཌཱུར་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཞེས་པ་ཕྱག་བཏབ། དེའི་སྐོར་སྡེ་སྲིད་ཉིད་ཀྱིས་མཛད་པའི་<<དགའ་ལྡན་ཆོས་འབྱུང>>ངམ་<<བཻཌཱུར་སེར་པོ།>>ལས། “རྗེ་བླ་མ་མཆོག་གི་སྐུའི་བསགས་སྦྱང་དང་རང་ཉིད་ཀྱི་སྒྲིབ་སྦྱོང་དུ་དམིགས་ལྷ་ས་བར་སྐོར་ནས་ཇོ་བོ་རིན་པོ་ཆེར་སྐོར་འབུམ་གཅིག་ཆུ་བྱ་དབོ་ཟླར་གཙུགས་པ་རྫོགས་པར་ཉེ་བས་མེ་བྱི་ (སྤྱི་ལོ 1696) ནག་ཟླའི་ཉེར་ལྔའི་ཉིན་ཇོ་རགས་ཀྱི་ཚུལ་དུ་ན་མཉམ་གྱི་གྲྭ་པ་རྡོ་འཁུར་མི་དང་བཅས་གླིང་སྐོར་ལ་ཕྱིན། ཕྱི་དྲོ་ལྕགས་ཁ་རིའི་གནས་མཇལ་བགྱིས་པའི་རྩེར་སླེབས་སྐབས་བོད་ཀྱི་ས་དཔྱད་ལྟར་ན་ཕྱག་ན་རྡོ་རྗེའི་བླ་རི་ཡིན་འདུག་ཀྱང་། རི་བོ་ངོས་གསུམ་དང་བཞིའི་ཁྱད་ཙམ་ལས་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་དེ་ཡང་འདི་ལྟ་བུ་ཞིག་ཡིན་ནམ་སྙམ་པ་སོགས་སེམས་ཀྱི་འཆར་སྒོ་དང་མཐོང་ཡུལ་ཡ་མཚན་པ་འགའ་ཞིག་བྱུང་བས་རྐྱེན་བྱས་(5)ཆུ་ལུག་ (སྤྱི་ལོ་ 1643) རྗེ་བླ་མས་གསོ་རིག་འགྲོ་ཕན་གླིང་འཛུགས་པ་གནང་ཡང་འཐོར་ཞིག་གིས་ལམ་དུ་མ་རྒྱུགས། བྱང་ངོས་ནང་སོ་དར་རྒྱས་ནས་ལྷ་དབང་ལྕོག་དུ་སློབ་གྲྭ་དེ་གཉིས་འདུག་ཀྱང་ཧ་ཅང་གིས་བསྟན་འགྲོར་ཕན་སླེབས་མི་ཆེ་ཞིང་། ལར་བབས་དེང་སང་གསོ་བ་རིག་པ་འདི་རྗེ་མི་ལའི་གངས་ཏི་སིའི་དཔེ་བཞིན་སྙན་གྲགས་ས་གསུམ་གྱི་ཁོངས་ལས་བརྒལ་ཀྱང་། དོན་སྨན་ངོ་སྡོང་འགྲེམ་སོགས་ལག་ལེན་དང་གཞུང་དོན་རྒྱས་བཤད་ཀྱི་ཆར་རྒྱ་ཤིན་ཏུ་སྡུགས་པ་འདུག་གཤིས། བསྟན་འགྲོའི་ཕན་བདེ་འབའ་ཞིག་ཡིད་ལ་བརྣགས་ཏེ་བར་དུ་ནུབ་པ་དང་ལོག་ལམ་འཕྱན་པ་རྣམས་རྣམ་པར་དག་པའི་ལམ་དུ་བཅུར་བའི་རང་རྩོམ་བསྟན་བཅོས་འགའ་ཤས་ཡོད་པ་འཆད་ཉན་གྱིས་གཏན་ལ་འབེབས་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་དང་སྦྲགས་སྔགས་གྲྭ་བ་རྣམས་གཞན་མའི་སྡང་གཙེར་ལ་བརྟེན་བདག་ཐོབ་གང་ཡིན་གཞུང་དུ་ཕུལ་བའི་ཁོ་རང་ཚོ་ཟོས་བདེ་བྱས་ཆོག་པ་དགོས་ཚུལ་ནན་ཆེ་བ་བཞིན་དོན་སྨིན་བྱས་པའི་སྟེང་བསྣན་ཁ་དང་བཅས་པའི་ཆོས་གཞིས། སྤུས་རི་རྒྱུད་ནས་གྲྭ་ཁྲལ་སུམ་ཅུ་སྐོར་བསྡུས། རྟེན་དང་བརྟེན་པར་ཞིག་གསོས་དང་། གསར་བཞེངས་སོགས་བྱས་པའི་ལྕགས་རི་བཻ་ཌཱུར་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་བཙུགས” ཞེས་གསལ་བར་གཞིགས་ན་ལྕགས་པོ་རི་སྨན་གྱི་གྲྭ་ཚང་དངོས་གཞི་མེ་བྱི་ལོར་ཕྱག་བཏབ་པར་སེམས།

        དགུང་ལོ་ 45 མེ་གླང་ (སྤྱི་ལོ་1697) ཟླ་ 5 ཚེས 25 ཉིན་སླར་ཡང་སངས་རྒྱས་རྒྱ་མཚོ་སྐུ་ངོ་མ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་ཞབས་སོར་འཁོད་ནས་གྲྭ་ཚང་འདུས་ཚོགས་སུ་<<རྩ་རྒྱུད་>>ཀྱི་ལྗགས་ལུང་གནང་། དེ་དུས་དྲུང་འཚོ་དར་མོ་བ་སོགས་སློབ་འཁོར་མང་པོ་ཡོད་པའི་སྐོར་<<ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་དུ་ཀུ་ལའི་འཕྲོ་མཐུད་རབ་གསལ་གསེར་གྱི་སྙེ་མ་གླེག་བམ་དང་པོ་>>ཡི་ཤོག་ལྷེ་བརྒྱ་དང་དྲུག་ཅུ་རེ་གསུམ་གྱི་མདུན་ཤོག་ཏུ་གསལ། གཞན་ཡང་རྣམ་ཐར་དེ་ཉིད་ཀྱི་ཤོག་ལྷེ་བརྒྱ་ཉེར་བཞིའི་མདུན་ཤོག་ཏུ་“མེ་སྟག་ཟླ་ 12 ཚེས་ 8 ཉིན་ལྕགས་རི་བཻཌཱུར་རིག་བྱེད་གླིང་གི་གྲྭ་གསར་ངག་དབང་རྒྱ་མཚོས་རྒྱལ་བ་ཚངས་དབྱངས་རྒྱ་མཚོར་རྩ་རྒྱུད་ཡོངས་རྫོགས་དང་བཤད་རྒྱུད་ཀྱི་ལེའུ་བཅུ་གཉིས་པ། མན་རྒྱུད་ཀྱི་ལེའུ་དང་གཉིས་ལེའུ་བདུན་ཅུ་དོན་ལྔ། ཕྱི་མ་རྒྱུད་ཀྱི་ལེའུ་བཞི་པ་དང་། ཉེར་བདུན་པ། མཇུག་དོན་ནས་ཤོག་བུ་གཉིས་རྣམས་ཀྱི་རྒྱུགས་སྐུ་དངོས་ཀྱིས་བཞེས། དེ་འཕྲོ་རྒྱུད་བཞིའི་རྒྱུགས་ཕྱིར་སྤྲད་”ཅེས་ད་དུང་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་གི་གྲྭ་པ་སྒྲགས་རྒྱས་གྲོངས་པ་སངས་རྒྱས་སྲིད་སྒྲུབ་ཀྱིས་གསོ་རིག་<<རྒྱུད་བཞིའི་>>རྒྱུགས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོར་ཕུལ་བའི་སྐོར་འཁོད་པ་སོགས་ས་སྐྱོང་སངས་རྒྱས་རྒྱ་མཚོའི་ཐུགས་རྗེ་བཀའ་དྲིན་ལས་མགྱོགས་མྱུར་རྗེས་འཛིན་རིག་པ་འདི་ཉིད་ཡར་ཟླའི་དཔལ་ལ་འགྲན་ནུས་པ་བྱུང་བའི་ཁར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ནས་འཚོ་བྱེད་མཁས་པ་མང་པོ་སྐྱེད་སྲིང་ཐུབ་སྟེ་སྨན་དཔྱད་བསྟན་པའི་སྲོལ་ཀ་དར་རྒྱས་ཀྱི་དགེ་མཚན་རླབས་པོ་ཆེ་ཐོན་ཐུབ་པ་བྱུང་།

        དགུང་ལོ་ 51 ཆུ་ལུག་ལོར་ (སྤྱི་ལོ་1703) <<དཔལ་ལྡན་གསོ་བ་རིག་པའི་ཁོག་དབུགས་ལེགས་བཤད་བཻ་ཌཱུར་ཡའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་>>ཞེས་བྱ་བ་བརྩམས་པར་མཛད་པ་ནི་བོད་སྔ་རབས་ཀྱིས་བྱས་པའི་<<ཁོག་འབུགས་ཁྱུང་ཆེན་ལྡིང་བ་>>དང་། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱིས་མཛད་པའི་<<ཁོག་འབུགས་ཤེས་བྱ་རབ་གསལ་>>འཕན་ཡུལ་གྲོ་ས་བ་ཚོགས་གཉིས་རྒྱ་མཚོས་མཛད་པ་<<རྒྱུད་བཞིའི་ཁོག་འབུགས་བཻ་ཌཱུར་ཡའི་ཆུ་རྒྱུན་>>བྱང་པ་ལྷ་བཙུན་བཀྲ་ཤིས་དཔལ་བཟང་གིས་མཛད་པའི་<<བཀའ་སྒྲུབ་རྣམ་ངེས་དཔག་བསམ་ལྗོན་ཤིང་>>དེ་སྲས་བསོད་ནམས་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་<<གསོ་རིག་པད་ཚལ་འབྱེད་པའི་ཉི་འོད་>>མིའི་ཉི་མ་ཡབ་སྲས་ཀྱི་རྗེས་སུ་བྱུང་བའི་བྱང་ལུགས་པ་ཞིག་གིས་མཛད་པ་<<ཁོག་འབུགས་རིན་ཆེན་སྒྲོལ་མ་>>མཚོ་སྨད་མཁན་ཆེན་སྐ་བ་ཤྰཀྱ་དབང་ཕྱུག་གིས་མཛད་པ་<<ལེགས་བཤད་དངུལ་དཀར་མེ་ལོང་>>བྱར་པོ་པཎ་ཆེན་རྡོ་རྗེ་ཕ་ལམ་གྱིས་མཛད་པ་<<ཁོག་འབུགས་ལེགས་བཤད་གསེར་གྱི་སྙེ་མ་>>འབྲུག་པ་པད་མ་དཀར་པོས་མཛད་པ་<<རྒྱུད་བཞིའི་བཤད་པ་གཞན་ཕན་གྱི་གཏེར་>>ལྷ་རྗེ་མི་ཕམ་བཟང་པོས་བྱས་པ་<<ཁོག་འབུགས་ཕུན་ཚོགས་འཆི་མེད་ལྔ་ལྡན་>>དེ་དང་དོན་གཅིག་པ་ཚིག་སྦྱོར་རྒྱས་པ་བདེ་ཆེན་ཆོས་འཁོར་གྱི་སྨན་པ་ར་ཏྣའི་མིང་ཅན་གྱིས་སྦྱར་བ་<<ཁོག་འབུགས་ཤིན་ཏུ་ལེགས་བསྡུས་>>སྐྱིད་ཤོད་པའི་བླ་སྨན་སྡིངས་སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོས་མཛད་པ་<<ཆོས་འབྱུང་དྲང་སྲོང་དགོངས་རྒྱན་>>དྭགས་པོ་འཚོ་བྱེད་ཀརྨ་ཀུན་ཕན་པའི་སློབ་མ་ཞིག་གིས་བྱས་པ་<<གསོ་རིག་སྤྱིའི་རྣམ་བཤད་རིན་ཆེན་བང་མཛོད་>>བླ་རྟའམ་སྐྱེམ་པ་ཚེ་དབང་གིས་མཛད་པ་<<སྤྱི་དོན་ལེགས་བཤད་འདོད་འཇོ་>>ཟུར་མཁར་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་གྱིས་མཛད་པ་<<ཁོག་འབུགས་གཏན་པ་མེད་པའི་མཆོད་སྦྱིན་གྱི་སྒོ་འཕར་ཡངས་པོའམ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་>>ཚ་རོང་ཨྰ་ཡུའི་མིང་ཅན་གྱིས་མཛད་པའི་<<ཆོས་འབྱུང་བསྐལ་བཟང་བགྲོད་པའི་མྱུར་ལམ་>>ཟུར་མཁར་བའི་སློབ་བུ་བུད་རྡ་ཨན་དས་མཛད་པ་<<སྤྱི་དོན་ལེགས་བཤད་རྒྱ་མཚོ་དྲང་སྲོང་ཀུན་ཏུ་དགའ་བའི་ཟློས་གར་>>དེ་མིན་ཡན་ལག་བརྒྱད་པ་ཕྱོགས་ལ་ཞང་སྟོན་ཞིག་པོས་མཛད་པའི་<<ཁོག་འབུགས་རྒྱལ་མཚན་རྩེ་འབར་>>དང་། ལྷ་བཙུན་བཀྲ་ཤིས་དཔལ་བཟང་གིས་མཛད་པ་<<རྒྱལ་མཚན་རྩེ་འབར་ཆུང་བ་>>སོགས་ལ་དཔྱད་པ་རྒྱ་ཆེ་གཏིང་ཟབ་གནང་སྟེ་སྔོན་ཆད་དགུང་ལོ་ 30 སྐོར་ནས་ཁོག་འབུགས་རྩམ་འབྲི་གནང་བའི་དབུ་བཙུགས་རུང་སྲིད་སྐྱོང་གི་གནང་སྒོ་ཆེ་ཕྲ་སྣ་ཚོགས་ཀྱི་རྐྱེན་དང་བསྟན་བཅོས་གཞན་དག་མང་པོ་བརྩམས་པར་མཛད་པའི་དབང་གིས་ས་བོན་ཙམ་ལས་མེད་པ་འདི་དག་རབ་བྱུང་ 12 ཆུ་རྟ་ (སྤྱི་ལོ་ 1702) ཆུ་སྟོད་ཟླ་བའི་ཚེས་ 25 ཉིན་དབུ་བཟུང་སྔོན་ཆད་ཁོག་འབུགས་སྔ་མ་ཕལ་ཆེར་གྱིས་སྣོད་བཅུད་ཆགས་ཚུལ་དང་། སྟོན་པའི་ཐུགས་བསྐྱེད་ནས་བཟུང་བའི་མཛད་པ། རིག་གནས་ལྔའི་བཤད་པ་སོགས་གསོ་དཔྱད་ཁོག་འབུགས་སུ་བཀོད་པ་བཤད་ཆེ་ནའང་། འདིར་གསོ་བ་རིག་པ་རང་ཉིད་ཀྱི་སྐོར་རྫོགས་པ་དང་། དེ་དག་འཆད་ཉན་ནས་བརྩམས་པའི་སློབ་དཔོན་དང་། སློབ་མའི་རྣམ་གཞག དེའི་སློབ་དཔོན་གྱི་འཕྲོས་དོན་ལས་གསུམ་ལྡན་རྡོ་རྗེ་འཛིན་པའི་སྐོར་དང་། ཆོས་སྟོན་པ་པོའི་རྟེན་གྱི་ཁྱད་པར་བཅས་འཁོད་པའི་<<དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བཻ་ཌཱུར་ཡའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་>>ཞེས་པ་ཤོག་གྲངས་ཉིས་བརྒྱ་དགུ་བཅུ་གོ་གསུམ་གྱི་བདག་ཉིད་ཅན་ལོ་གཅིག་ལྷག་ཙམ་གྱི་ཡུན་ཏེ་ཆུ་ལུག་ (སྤྱི་ལོ་1703) སྟོན་ར་སྤྲེལ་ཟླ་ 5 ཚེས་ 13 ལ་ལེགས་པར་གྲུབ། དེ་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ཀྱི་ཡིག་ཆ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིང་ཁུངས་ཧ་ཅང་བཙན་པར་བརྟེན་ཀུན་གྱིས་ཚད་མར་འཛིན་པའི་ཁོག་འབུགས་ཤིན་ཏུ་ལེགས་པ་ཞིག་ཡིན།

དེ་བཞིན་སྨན་ཐང་བྲིས་ཆའི་སྐོར་ལ་གཙོ་བོར་བྲང་ཏི་ནས་བརྒྱུད་པའི་བྱང་ལུགས་ལ་གཞི་བཅོལ་ཏེ་ལྷུན་ལྡིངས་རྣམ་རྒྱལ་རྡོ་རྗེ་ཞེས་འཚོ་བྱེད་གཞོན་ནུ་དངོས་དང་མཚུངས་པ་ལས་སྨན་ངོ་དང་། རྩ་ཐིག ཡུལ་ཐིག་བཅས་རྒྱུད་འབྲེལ་ཇི་ལྟ་བར་གསན་པའི་སྟེང་དེ་མིན་གྱི་ཟུར་ལུགས་སོགས་ཀྱི་ནང་དོན་ཁ་སྐོང་དང་ལེགས་སྒྲིག་གནང་སྟེ་སྔོན་མེད་ཀྱི་སྨན་ཐང་གཞན་ལས་ཁྱད་དུ་འཕགས་པ་གསར་སྐྲུན་མཛད། དེའི་སྐོར་<<མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་ཛིངས་བྱིན་རླབས་ཀྱི་བང་མཛོད་>>(6)ཅེས་པའི་ཤོག་གྲངས་ཉིས་བརྒྱ་བརྒྱད་ཅུ་གྱ་གཅིག་གི་མདུན་ཤོག་ཏུ་“བཻ་སྔོན་དང་མཐུན་པའི་སྡོང་འགྲེམས། ལུས་ཐིག རྩ་ཐིག སྨན་གྱི་རིགས་མ་ལུས་པའི་འཁྲུངས་དཔེ་སོགས་གསོ་བ་རིག་པ་དམར་ཁྲིད་མཛུབ་ཚུགས་སུ་ངོ་སྤྲོད་སྔོན་མེད་ཀྱི་བྲིས་ཆ་ཐང་ཚད་ལྔ་བཅུ་སྐོར་”ཞེས་གསལ་བ་དང་། ཡང་<<ཕྱི་རྒྱུད་བཻ་སྔོན་>>མཇུག་བྱང་ཤོག་གྲངས་ཉིས་བརྒྱ་བཞི་བཅུ་ཞེ་བདུན་རྒྱབ་ཤོག་ཏུ། “སྟོད་ལུང་དངོས་གཞི་འབུམ་སྐྱབས་བྲིས་ཆའི་རས་གཞིའི་ཆེ་ཆུང་སོགས་མཐའ་གཅིག་ཏུ་མ་ངེས་ཀྱང་ད་ལམ་དྲུག་ཅུ་ཡོད་པའི་སྐྱ་བྲིས་སྣག་གནོན་ལྷོ་བྲག་ནོར་བུ་རྒྱ་མཚོ་དང་ཚོན་བྱུག་ལྷས་པ་དགེ་བསྙེན་གྱིས་བགྱིས་ཏེ”ཞེས་སྔ་མའི་ཁར་སྨན་ཐང་བཅུ་ཙམ་ཁ་སྐོང་གནང་།

        དེ་རྗེས་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་ཁྲི་ཕེབས་སྐབས་ (མེ་གླང་སྤྱི་ལོ་1697) སྡེ་སྲིད་ཀྱིས་མཛད་པའི་རིག་པའི་གནས་ཆེན་ལྔའི་པོད་ཆེ་ཆུང་ཉི་ཤུར་ཉེ་བ་དང་གསོ་རིག་རྒྱུད་བཞིའི་ཐང་ཚད་དྲུག་ཅུ་རེ་གཉིས་ཕྱག་ཏུ་ཕུལ་བའི་སྐོར་<<ཚངས་དབྱངས་རྒྱ་མཚོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་དུ་ཀུ་ལའི་འཕྲོ་འཐུད་རབ་གསལ་གསེར་གྱི་སྙེ་མ་གླེག་བམ་དང་པོ་>>ཞེས་པའི་ཤོག་གྲངས་ཉིས་བརྒྱ་བཅུ་མེད་གསུམ་གྱི་རྒྱབ་ཤོག་ཏུ་འཁོད། མཐའ་མར་<<དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བཻ་ཌཱུར་ཡའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་>>ཤོག་གྲངས་བརྒྱ་དང་དགུ་བཅུ་གོ་བཞིའི་རྒྱབ་ཤོག་ནང་གསལ་བའི་དོན་ལྟར་མཁས་ནས་བྱིས་པའི་བར་གྱིས་བདེ་བླག་ཏུ་རྟོགས་པར་གཏན་ལ་ཕབ་པའི་སྔོན་མེད་ཀྱི་བྲིས་ཆའི་ཐད་ལ་རྩ་བ་ཐུགས་ཀྱི་རྒྱུད་ལ་བྲིས་ཆ་བཞི། བཤད་པ་སྐུའི་རྒྱུད་ལ་བྲིས་ཆ་སུམ་ཅུ་སོ་ལྔ། མན་ངག་ཡོན་ཏན་རྒྱུད་ལ་བྲིས་ཆ་བཅུ་དྲུག ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ལ་བྲིས་ཆ་ཉེར་བཞི་བཅས་ཁྱོན་ཐང་ཚད་བཅུ་ཕྲག་བདུན་དང་ཉག་མ་དགུ་གསར་བཞེངས་གནང་།  དེ་དག་ནང་རྒྱུད་བཞིའི་འགྲེལ་པ།<<བཻ་སྔོན་>>གྱི་ནང་དོན་གཙོ་བོ་དང་། ད་དུང་<<སྨན་དཔྱད་ཟླ་བའི་རྒྱལ་པོ་>> <<ཟླ་ཟེར་>> <<སྒྲོལ་མ་>>དང་། <<འཇམ་དབྱངས་>>གཡུ་ཐོག་པའི་<<སྔོ་འབུམ་>>སོགས་ཕུལ་བྱུང་སྨན་གཞུང་གི་ཉིང་ཁུས་ཁ་སྐོང་མཛད། ལྷག་པར་གནད་དོན་འགའ་རེའི་སར་ཐུགས་སྟོབས་ཆེན་པོས་ལྟ་ཚུལ་གསར་པ་མཚམས་སྦྱོར་མཛད་པ་དཔེར་ན། <<མན་རྒྱུད་>>བྲིས་ཆ་ཨང་ལྔ་བཅུ་ང་གཅིག་པར་རྒྱུད་ཀྱི་དགོངས་པ་གཞི་ཟུང་གི་ཡུལ་ཐིག་ཡོད་ལ། དུས་རབས་བཅོ་བརྒྱད་ནང་གི་རི་མོ་མཁས་ཅན་ལྷོ་བྲག་སྐུ་སྐྱེ་བསྟན་འཛིན་ནོར་བུ་(7)ཅན་གྱིས་དངོས་སུ་ཕུང་པོ་ཁ་ཤས་ལ་བལྟས་པ་ལྟར་གྱི་མིའི་ལུས་ཀྱི་རྒྱབ་མདུན་དང་། དོན་སྣོད་ཀྱི་འདྲ་དཔེ། སྙིང་དང་། སྙིང་རྩེ། གནས་སྟངས་སྐོར་ལ་རི་མོ་ཟུར་པ་འགོད་གནང་དང་འབྲེལ་དེ་དག་གི་གསལ་བཤད་ཞིབ་པ་<<མན་རྒྱུད་བཻ་སྔོན་>>ཤོག་གྲངས་བཞི་བརྒྱ་བཅུ་མེད་བརྒྱད་ཀྱི་རྒྱབ་ཤོག་ནང་། “འདི་དག་ནི་གཞུང་ལུགས་འདི་ཉིད་ནས་གསུངས་པ་ལུང་རིགས་ཀྱིས་བསྒྲུབས་པའི་ཡུལ་ཐིག་རྣམ་པར་དག་པ་ཡིན་ལ། དངོས་སུ་ཕུང་པོ་ལ་སོགས་པར་བལྟས་པའི་ཚེ་སྤྱིར་ནད་གདོན་དབང་གིས་མི་འདྲ་མི་འདྲ་ཙམ་དང་། ནད་སྙོམས་པ་ཕལ་ཆེར་ལ་བྲིས་ཆ་ཟུར་པ་ལྟར་སྙིང་ཕོ་མོར་མ་ལྟོས་པར་གཡོན་ཕྱོགས་སུ་རྩེ་ཐུར་དུ་གཏད་པ་དང་། མཆིན་དྲི་དཀར་པོའི་སྣེ་ཐུར་དུ་གཏད་པ། ཕོ་བ་ཕལ་ཆེར་མཆིན་པས་ཁེབས་པ། དེ་འོག་མཆེར་པ་བཅས་ཕོ་བ་ཆེར་མི་མངོན་པ་དང་། ལོང་ནས་ལྒང་པའི་བར་རྒྱུ་མས་ཁེངས་པ་སོགས་བྲིས་ཆ་ཟུར་པ་ལྟར་ནད་མེད་ཕལ་ཆེར་མཐུན་པར་འབྱུང་བ”ཞེས་པ་ནས་“གཞུང་ལུགས་འདི་ཉིད་ལ་ཀླན་ཀ་མི་རུང”ཞེས་གསུངས་ཏེ་གཅིག་ནས་ལོ་རྒྱུས་ལ་བརྩི་འཇོག་དང་། གཉིས་ནས་ལྟ་ཚུལ་གསར་པ་དང་ལེན་གནང་སྟེ་རི་མོ་མཁས་ཅན་ལྷོ་བྲག་སྐུ་སྐྱེ་བསྟན་འཛིན་ནོར་བུ་ཅན་གྱིས་ཕུང་པོ་དངོས་ལ་ལྟས་པའི་དོན་དངོས་ལ་རྒྱབ་སྐྱོར་མཛད། དེ་བཞིན་སྨན་རྫས་སྐོར་ལའང་འགྲེལ་པ་མང་པོ་དང་གོ་སྡུར་ཐོགས་དོགས་གཞི་ཡོད་རིགས་སྐབས་དེའི་གཉུག་མར་གནས་པའི་སྨན་པ་དང་། རྒྱ་བལ་གྱི་སྨན་པ། ཐ་ན་སྨན་པ་རང་མིན་རུང་ལྷོ་མོན་རིགས་དང་། ལ་སྟོད་པ་སོགས་ལ་བཀའ་འདྲི་བསྐྱངས་ཏེ་ཁོང་པ་ཚོའི་རང་ཡུལ་ནས་འོང་བའི་སྨན་གྱི་སྐྱེ་སྟངས་ངག་བརྗོད་ལྟར་བྲིས་རྗེས་འདི་ག་ཡིན་ཟེར་བའི་བར་དཔྱད་པ་གནང་བས་མཚོན་ཧ་ཅང་ཞིབ་ཚགས་ཀྱིས་སྨན་ཐང་རིན་བྲལ་འདི་ལྟ་བུ་ཕྱོགས་སྒྲིག་དང་གསར་རྩོམ་གནང་བ་ནི་རང་རེ་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་གི་གསར་གཏོད་ཅིག་ཡིན་ལ་རང་རྒྱལ་གསོ་རིག་སློབ་གསོའི་བྱ་གཞག་ནང་གི་གྲུབ་འབྲས་རླབས་ཆེན་ཞིག་ཀྱང་ཡིན་ནོ།།

མཐའ་མཇུག་སྨན་ཐང་བདུན་ཅུ་དོན་དགུ་ལེགས་གྲུབ་བྱུང་མཚམས་གསོ་རིག་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་བླ་རྒྱུད་ཀྱི་ཐང་ག་གཅིག་ཁ་སྐོང་གནང་སྟེ་ཁྱོན་བསྡོམས་བྲིས་ཆ་བརྒྱད་ཅུ་ཐམ་པ་གཏན་ལ་ཕབ་པ་དང་། གཙོ་ཐང་གི་མེ་ལོང་རྒྱབ་ཏུ་ལན་ཚ་དང་། ཚིགས་བཅད་ཤོ་ལོ་ཀ་བཅུ་བཞི་ཡོད་པའི་ལྗགས་རྩོམ་བཀའ་དྲིན་སྩལ་དོན།

1.སྤངས་རྟོགས་ཡོན་ཏན་མཁའ་དབྱིངས་ལ་འཕགས་ཤིང་། །ཐུགས་རྗེའི་འཕུར་ལྡིང་གཡོ་བའི་གྲིབ་བསིལ་གྱིས། །ལས་ཉོན་ཟུག་རྔུའི་ལྟོ་འགྲོ་འཇོམས་པའི་གཉེན། །སྨན་གྱི་བླ་མ་མཁའ་ལྡིང་དབང་པོར་འདུད། (ནམ་མཁའ་ལྡིང་གིས་དུག་སྦྲུལ་ཟོས་པའི་གཏམ་དང་སྦྱར་བའི་མཐའ་གཟུགས།)

2. གང་གི་མཁྱེན་བརྩེའི་འོད་ཟེར་སྟོང་འཕྲོ་བས། །དུག་ལྔའི་མུན་པ་སེལ་དང་ལྷན་ཅིག་ཏུ། །ཚེ་རིག་རྒྱུད་ཆེན་པད་མོ་ཁ་འབྱེད་པ། །སྤྲུལ་པའི་དྲང་སྲོང་མཆེད་ལྔ་ཕྱག་གིས་གནས།། (ལྷན་ཅིག་བརྗོད་རྒྱན།)

3. ཐུགས་རྗེ་ནམ་མཁའི་ཀློང་ལས་གསོ་རིག་ཆར། །འབེབས་མཁས་ཕྱི་ནང་འཁོར་ཚོགས་དུ་མ་དང་། །ཟླ་སྔོན་བེ་རོ་དབང་ཕྱུག་འབར་ལ་སོགས། །ལོ་པཎ་གཏེར་འདོན་ཚོགས་ཀྱིས་དགེ་ལེགས་སྩོལ།། (བསྡུས་གཟུགས།)

4. རྗེས་འཛིན་རིག་པ་པད་མ་དཀར་པོའི་ཚལ། །མཁྱེན་དཔྱོད་ཉི་མའི་ཟེར་གྱིས་འབྱེད་པ་དང་། །ལུས་ཅན་ཕན་བདེའི་སྦྲང་རྩིས་ཁྱབ་མཛད་པ། །ལམ་འདིར་དྲིན་ཆེན་གུ་ཎ་ན་ཐར་འདུད།། (རིག་པའི་རྒྱུ།)

5.  གསོ་རིག་སྡོང་འགྲེམ་རྩ་ཡུལ་ལྷའི་ཆུ་བོ། །བདག་བློ་གསར་ལྡན་དགའ་མའི་ལྟོ་བ་རུ། །འདྲེན་མཁས་ཟུར་ཕུད་ལྔ་པ་དཔལ་ལྡན་ཕྲེང་། །ལ་སོགས་ལྷ་དང་བཤེས་བསྙེན་ཡོངས་ལ་འདུད།། (གང་གའི་གཏམ་རྒྱུད་དང་སྦྱར་བའི་གཟུགས་ཅན།)

6. རྡོ་རྗེའི་ལུས་ཀྱི་རྩ་དང་ཡུལ་ཐིག་མཚོར། །སྦྱངས་པའི་མཁྱེན་རབ་ཟླ་བའི་འཁོར་ལོ་ཆེ། །བསྒྱུར་བས་འཐིབས་བུའི་མ་རིག་མུན་པའི་ཙོགས། །བྲང་ཏི་བྱར་པོ་པཎ་ཆེན་གྱིས་བསལ་ཡང་།། (གཟུགས་ཅན་འཕར་མ།)

7. དཀའ་གནད་གསུང་རྒྱུན་ཐན་པའི་སྤྲིན་བཞིན་ལས། །དགོངས་དོན་འབྱོར་པ་ཉིན་མོའི་སྐར་ཚོགས་ཀྱང་། །ཚིག་སྦྱོར་ཤེས་པ་རྟགས་བཀོད་གང་བདའི་ཚིག །སྨྲས་པའི་གཞུང་དོན་ལྟོ་འཕྱེའི་འགྲོས་ལྟར་འཁྱོག། (བོད་མཁས་པ་མི་ཕམ་དགེ་ལེགས་སོགས།)

8. དེ་ཕྱིར་དམ་པའི་དགོངས་དོན་མ་དྲོས་མཚོ། །ལེགས་པར་བཀྲལ་བའི་ཆུ་ཀླུང་ཆེན་པོ་བཞི། །ཆོས་འཁོར་རང་བློའི་རྒྱ་མཚོ་ཆེར་འབབ་པའི། །མཐོང་རྟོགས་ཡི་གེར་བཀོད་ལ་ཀླན་ཀ་སུ།།

9. རྒྱུད་ཀྱི་འཁྲུགས་སྡེབས་དགོངས་དོན་མ་ནོར་བ། །མ་ལུས་གཅིག་ཏུ་འདུས་པའི་རང་གཟུགས་ཤེལ། །ལོག་འཕྲུལ་རྙོག་པའི་ར་རི་ཕྲ་མོ་ཡང་། །ཕྱིས་སོ་དྲན་དབང་མཆིས་ན་དགའ་མགུར་སྤྱོད།། (གཉིས་གཟུགས།)

10. ཚིག་སྙན་ལོག་པའི་འདབ་མ་ཆེར་རྒྱས་པ། །རྣམ་དག་དགོངས་དོན་སྙིང་པོ་སྒྲིབ་པའི་བགེགས། །དོན་དམ་དྲན་དབང་དཔྱད་ན་ཨེ་རཎ་དྲིའི། །མཆེན་ཟླར་ལེགས་བཤད་རློམ་རྣམས་ངལ་གསོ་བྱོས།། (དཔེའི་གཟུགས།)

11. འོན་ཏེ་ཆེར་སྙིགས་སྐྱེ་དགུའི་ལེགས་བྱས་མཐུ། །དམར་ཆའི་རི་བོང་འཛིན་བཞིན་བྲི་བའི་དབང་། །ལེགས་བཤད་གསེར་ལས་འཁྲུལ་ལམ་རག་གན་ལ།... (བོད་མཁས་པ་མི་ཕམ་དགེ་ལེགས་ཀྱི་ཡིག་ཆ་དང་དེ་ལ་བརྟེན་ནས་གསར་བཟོས་ཀྱི་ཡིག་ཆ) །རིན་ཐང་ཆེ་བ་སྙིགས་མའི་དུས་ཀྱི་གཤིས།།......(གསོ་དཔྱད་སོགས་ཆེ་ཕྲ་ཚད་ལྡན་ལས་ངན་པ་ལོག་པར་དགའ་བ།)

12.ཁྱད་པར་ཁོ་བོ་གསོ་རིག་བླ་སྨན་སོགས། །ཁྱད་མིང་ལྡན་འགྲོ་དོན་དངོས་སྐྱོང་བའི། །སྐལ་བ་དམན་པས་ཆེ་སྲིད་བཙན་པོ་ཡི། །ལུང་གིས་གཅུན་པའི་དབང་མེད་བྱ་གཞག་ལ།།

13. དུས་དབང་མོས་བློས་འཐད་པར་ལེགས་བཤད་འདི། །ཀུན་ལ་ཉི་མོས་དགའ་བའི་དཔལ་སྟེར་ཡང་། །འབྱུང་བྱའི་མིག་གིས་བཟོད་པར་མི་འགྱུར་བཞིན། །ཀུན་གྱིས་ཚད་མར་འཛིན་པར་དཀའ་ན་ཡང་། །(གཉིས་པ་དང་བཞི་པར་ཡོད་པའི་ཟུང་ལྡན།)

14. ཕྱོགས་ལྷུང་འདམ་རྫབ་ར་རིང་བྲལ་ཞིང་། །ཞིབ་དཔྱོད་ཤེས་བརྩོན་དར་དྲག་ཆུ་ལས་སྐྱེས། །རྒྱ་ལ་མཆིས་ན་ཟེའུ་འབྲུ་རྒོད་སྲིད་སྙམ། །སཱ་རས་ཉེར་མཁོ་བསྡུས་ཏེ་འཚམ་པར་བཀོད། །(མཐའ་དག་གཟུགས་ཅན་)ཅེས་སོ།།

        དེ་རྗེས་རབ་ཚེས་ཆུ་ཕག་ལོར་(སྤྱི་ལོ་1923)རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་གསོ་རིག་ཡར་རྒྱས་ཡོང་བར་ཐུགས་ཁུར་ཆེ་བཞེས་ཐོག་ལྕགས་རི་འགྲོ་ཕན་གླིང་གི་སྨན་ཐང་མི་ཉུང་བ་ཐོར་གྱུར་སོང་རིགས་དེ་འཕྲལ་ཁ་བསྐོང་བྱེད་དགོས་པའི་བཀའ་ཕེབས་སྐབས་གྲྭ་ཚང་ནས་སྨན་ཐང་བརྒྱད་ཅུ་ཡོངས་སུ་རྫོགས་པ་ལེགས་པར་གྲུབ་རྗེས་གཙོ་ཐང་བླ་བརྒྱུད་ཀྱི་སྐུ་རྒྱབ་ལ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་སྨོན་ཚིག་དང་། ཉམས་ཆག་ཁ་བསྐོང་བྱེད་དགོས་པའི་དོན་སྙིང་གསལ་བཤད་ཀྱི་བཀའ་རྩོམ་ཚིགས་བཅད་དང་། ལྷུག་མ་མདོར་བསྡུས་ཤིག་(8)ཀྱང་མཛད། དེ་ལྟར་མི་དབང་པཎྜིཏ་སངས་རྒྱས་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པའི་ལྕགས་རི་བཻ་ཌཱུར་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་འདི་ཉིད་རྗེས་སུ་འཕེལ་རྒྱས་ཇི་ལྟར་བྱུང་ཚུལ་ནི་བཤད་མ་ཐག་པའི་<<དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བཻ་ཌཱུར་ཡའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་>>ཤོག་གྲངས་ཉིས་བརྒྱ་བདུན་ཅུ་དོན་དགུའི་མདུན་ཤོག་ལས། “དེ་ལྟ་བུའི་འཆད་ཉན་རིགས་ལམ་ཚུལ་བཞིན་དུ་བསྐྱངས་པ་དཀའ་ནའང་། རང་རྩོམ་གྱི་བསྟན་བཅོས་དག་འཆད་ཉན་གྱིས་གཏན་ལ་འབེབས་པ་གཙོ་གྱུར་རིག་གནས་ཆེ་ཆུང་གི་གྲྭ་ཚང་ལྕགས་རི་བཻ་ཌཱུར་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཐོག་མ་རྒན་པ་ཁ་ཤས་ལ་དཔེ་འཛིན་གྱི་བསྐུལ་མའི་དགེ་རྒན་བཅོལ་བ་ཐེ་བའི་སུམ་ཅུ་སྐོར་དང་ད་ལྟ་ཇེ་རྒྱས་ཀྱིས་གྲྭ་པ་བདན་ཅུར་ལོངས་པ་གསར་དུ་བཙུགས་པ་རྒྱུད་དང་ལྷན་ཐབས་ཀྱི་རྒྱུགས་སྤྲོད་དང་། ཚོགས་མཆོད་སྨོན་ལམ་དུ་སྨན་རམས་པ་བྱེད་མི་ཡང་མི་ཉུང་ཞིང་། སྔོ་སྨན་གྱི་རིགས་ཆིག་བརྒྱུད་ཡིན་ངེས་རྣམས་གཟའ་སྐར་དུས་ལ་སོགས་པ་དམིགས་བསལ་ངེས་མེད་དུ་རང་རང་གི་དམ་ཚིག་དང་བསྟུན་ནས་བཏུ་དགོས་པ་དང་། བྱིངས་རང་རང་གི་དུས་དམ་ཚིག་དང་བསྟུན་དགོས་ཏེ་བཏུས་པ་དང་། དཀྱུས་མ་ཕལ་ཆེ་བ་རྣམས་སྔར་ནས་རི་བྱིའི་གདོང་དུ་ཚང་ཆེ་བའི་ལོ་རྒྱུས་དང་བཅས་འཐུ་བའི་རྒྱུན་སྣང་བ་འགའ་ཆ་ཆེར་མི་འདུག་པས་ལོ་ལྟར་སྨན་ངོ་དང་སྦྲགས་ཡེར་པ། ཉང་དོགས་ཉེ་ཀོར་གྱིས་མཚོན་པ་ཚོར་བཏུ་བར་བཏང་། རང་ཉིད་ཀྱིས་རི་བྱིའི་དུས་སུ་ལོང་དང་བསྟུན་རྒྱུད་སོགས་ཀྱི་ལུང་དང་དེའི་དོན་ངོ་སྤྲོད་ངག་བཤད་བྱས་པ་སོགས་ནས་སྨན་ངོར་མཚོན་ན་སྔོན་ཆད་གཉུག་མར་གནས་པ་དང་། ཕྱོགས་ཀྱི་སྨན་པ་རྣམས་ཕལ་ཆེར་གྱིས་སྨན་ངོ་ཤེས་པ་ལས་ལྡབ་འགྱུར་གྱིས་མང་བ་སོགས་མུ་མཐུད་ན་གསོ་རིག་གི་བསྟན་པར་འཕེལ་རྒྱས་འབྱུང་ངེས་སུ་མཆིས་ཀྱང་། ལྔ་པ་ཆེན་པོའི་བཀའ་ལས། སྔོན་བྱུང་གདོན་བགེགས་ཟད་པ་མེད་པའི་སྟེང་། །གསར་སྐྱེས་དམ་སྲི་དབྱར་མཚོ་ལྟར་འཕེལ་བའི། དུས་འདིར་ཞེས་སྩལ་བ་ལྟར་རྒྱལ་འགོང་དང་སྲི་སོགས་མཐའ་དབུས་འདྲེ་ངན་གྱིས་རྒྱུད་བསྒྱུར་ཏེ་ཤེས་བྱ་སྤྱི་ལས་ཀྱང་ཚེའི་རིག་བྱེད་འདིར་བློ་མི་འཇུག་པར་ཡོན་ཏན་གཞན་ལ་མགོ་གཏོགས་ཚ་རན་ལྟ་བུའི་སློབ་སྦྱངས་སྣ་ཚོགས་བྱེད་པ་དང་། གལ་ཏེ་ལམ་འདིར་བློ་ཞུགས་ནས་ཚུལ་ལྡན་ཡོང་རིགས་རྣམས་ཀྱང་ས་པན་གྱིས། བླུན་པོའི་དྲུང་ན་མཁས་པ་བས། །སྤྲེའུ་འཛིན་པ་ཁྱད་པར་འཕགས། །སྤྲེལ་འཛིན་ཟས་དང་ནོར་གྱིས་མཆོད། །མཁས་པ་ལག་པ་སྟོང་པར་འགྲོ།  །ཞེས་མཁས་བླུན་མ་ཕྱེད་པས་འགྲོ་དོན་ཆུང་བ་སོགས་མ་འོངས་པར་ཡིད་བསམ་དང་མཐུན་པའི་བསྟན་འགྲོར་ཕན་སླེབས་མ་བྱུང་དོགས་”ཞེས་ཐུགས་ཕམ་བྱུང་བ་ནི་སྐབས་དེའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་འགལ་བ། རྒྱུ་རྐྱེན་སྣ་ཚོགས་གཟིགས་པའི་རྐྱེན་གྱིས་ཡིན། དེ་ཉིད་ཀྱི་གསུངས་ལས། “མང་མཐོས་བསྟན་འཛིན་ཆེན་པོར་གྲགས་རྣམས་ཀྱང་། །རང་བདེ་དུས་དང་སྦྱར་བའི་ཟང་ཟིང་འཁོར།  །ལྷུར་ལེན་མཁས་པའི་བྱ་གཞག་ཉི་ནུབ་ཚེ། །རྩོམ་འཆད་རྩོམ་པའི་ཟླ་དཀར་སཱ་རའི་སྐྱོན།།” ཞེས་དང་། <<ཕྱི་རྒྱུད་བཻ་སྔོན་>>མཇུག་ཏུའང་།  “བློ་གྲོས་མིག་བགྲད་གཞུང་ལ་བལྟས་བལྟས་ནས། །ཚིག་དོན་གོ་བ་ཉེར་བླངས་འདི་དང་འདི། །ངེས་ཤེས་མཛུབ་མོ་བཙུགས་ཏེ་འཐད་མིན་གྱི། །གླེང་མོ་བྱས་ཀྱང་རང་ཉིད་ངལ་རྒྱུར་སྣང་།།” ཞེས་གསུངས་པ་ལྟར་ལགས། འོན་ཀྱང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐྱེ་འགྲོར་སྨན་པའི་ཐུགས་བསྐྱེད་དམ་བཅའ་རྡོ་བར་རི་མོ་བརྐོས་པ་ལྟར་ཤིན་ཏུ་བརྟན་པས་སྔ་སོར་སྲིད་འབྱོར་མངའ་ཐང་དར་རྒྱས་བྱུང་བའི་སྐབས་སམ། ཡང་ན་ལོག་པར་འཁུ་བ་རྣམས་ཁ་རྒྱས་ཤིང་བར་ཆད་ཉེན་ཁའི་གནས་སྐབས་ཇི་ལྟར་གྱུར་ཡང་བྱང་ཆུབ་སེམས་དཔས་གཞན་དོན་ཐུགས་ཀྱིས་འདོར་བ་མི་སྲིད་པ་ནི། <<རྒྱལ་བུ་སྤྲིན་གྱི་གཞོན་པའི་རྟོགས་བརྗོད་>>ལས“མཐོ་རིས་དཔལ་འབྱོར་བརྒྱ་ཡིས་རྣམ་རྩེན་ཡང་། །གཞན་དོན་སྐད་ཅིག་ཙམ་ཡང་གཡེལ་བ་མེད། །ཆུ་གཏེར་རླུང་གི་རོལ་པ་དང་འགྲོགས་ཀྱང་། །རྦ་རླབས་དུས་ལས་འདའ་བ་སྲིད་ན་མེད།།”ཅེས་གསུངས་པ་ལྟར་འགྲོ་དོན་འཕྲིན་ལས་མུ་མཐུད་བསྐྱངས་པའི་ཁར་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་འདི་མི་ཉམས་ཡུན་གནས་ཀྱི་བཤད་སྒྲུབ་འཁོར་ལོ་ཡངས་པས་དུག་གསུམ་ནད་ཀྱི་དཔུང་ཚོགས་འཇོམས་ཏེ་དོན་གཉིས་ལྷུན་གྲུབ་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་ཤིང་། ལུས་ཅན་མཐའ་དག་དུས་མིན་འཆི་བ་ལས་རྒྱལ་བའི་ཆེད་དུ་“འདི་ཉིད་ཉམས་བསྟར་ཐོས་འཛིན་འདུས་པའི་གྲྭ། །འཆི་མེད་གྲུབ་པའི་བརྡ་ཐབས་ལྕགས་ཀྱི་རིར། །བཻ་ཌཱུར་ཡ་སྣང་སྨན་པའི་རྒྱལ་པོ་ཡི། །འགྲོ་ལ་ཕན་པའི་ཚེ་རིག་བདུད་རྩིའི་རྒྱུན། །སྤྲོ་བས་ལྟ་ན་སྡུག་གི་གྲོང་ཁྱེར་དང་། །ངོས་དང་འཁོར་གྱིས་འདུས་པའི་ཁྱད་པར་ལས། །གཞན་དུ་ཁྱད་མེད་ངོ་མཚར་གསོ་དཔྱད་ཀྱིས། །ཆོས་ཀུན་བདག་མེད་དོན་ཀྱང་རིག་བྱེད་གླིང་། །ཐོས་བསམ་མུ་ཁྱུད་རབ་ཡངས་པའི། །འཁོར་ལོ་བཤད་སྒྲུབ་ལྟེ་བ་ཅན། །དུག་གསུམ་གཏུམ་པའི་ནད་ཀྱི་དཔུང་། །མ་ལུས་ཕྱེ་མར་འཐག་བྱེད་ཅིང་། །རང་གཞན་དོན་གཉིས་ལྷུན་གྲུབ་པའི། །འཕྲིན་ལས་སྔར་གྱི་ཆུ་ཀླུང་བཞིན། །འཕེལ་བའི་མཐུ་དེས་ལུས་ཅན་ཀུན། །དུས་མིན་འཆི་ལས་རྒྱལ་གྱུར་ཅིག།” ཅེས་ཚིགས་སུ་བཅད་པའི་ལམ་ནས་དྲངས་པའི་ཐུགས་བསྐྱེད་སྨོན་ཚིག་གིས་མཚམས་སྦྱར་བ་སོགས་མདོར་ན་སྡེ་སྲིད་རིན་པོ་ཆེ་དགུང་ལོ་ལྔ་བཅུ་ལྷག་ཙམ་འཚོ་ཞིང་བཞེས་པའི་རིང་སྐྱེ་འགྲོའི་དོན་དུ་སྐུ་ངལ་ཁྱད་དུ་བསད་ནས་སྨན་རྩིས་ལ་སོགས་པའི་རིག་གནས་ཆེ་ཆུང་གི་གསུང་རྩོམ་ཉི་ཤུ་ལྷག་ཙམ་མཛད་ཡོད་པ་དེ་དག་གི་ནང་། བཟོ་རིག་པ་གཏན་ལ་འབེབས་པའི་སྐུ་གསུང་ཐུགས་རྟེན་དང་ཕྱག་མཚན་སོགས་ཀྱི་ཆ་ཚད་དང་བྲིས་དཔེ་<<དཔྱོད་ལྡན་ཡོད་གསོས།>>སྨིན་གླིང་ལོ་ཆེན་གྱི་<<དྲིས་ལན།>> <<བཻ་དཀར་བཀའ་སྲུང་གི་གསོལ་མཆོད།>>ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེའི་<<རྡོ་རིང་རྒྱལ་མཆོག་གི་ལན།>>ཚེ་རིག་འཛིན་པ་ངག་དཔལ་ལ་དོགས་གནས་ཀྱི་ལན་དང་བཅས་པའི་<<ཆབ་ཤོག>>བོད་མཁས་མི་ཕམ་དགེ་ལེགས་ལ་དགག་པ་མཛད་པའི་<<སྨན་རྩིས་འཁྲུལ་པའི་ལོག་རྟོག་དགག་པ་>>སྙན་ངག་མཁན་རྣམས་ཀྱི་གཙུག་རྒྱན་དན་ཌིའི་གཞུང་དང་མཐུན་པ་རྗེ་བླ་མ་མཆོག་གི་རྣམ་ཐར་དུ་ཀུ་ལའི་དོན་བསྡུ་<<རབ་སྙན་གཞན་གསོས་ཀྱི་གླུ།>>ནང་རིག་པ་དང་རྗེས་སུ་འབྲེལ་བ་དཔལ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་མངོན་རྟོགས་<<དཔྱད་གསུམ་དག་པ་དངུལ་དཀར་མེ་ལོང་།>>དང་ཡིག་ཆ་ཟུར་པའི་རིགས། མཆོད་སྦྱིན་ཚོགས་མཆོད་ཆེ་མོ་ལེ་ལག་དང་བཅས་པའི་བཅའ་སྒྲིག་མདོ་རྒྱུད་ཤར་རིའི་ཕྲག་པ་ནས་དྲངས་པའི་<<བྱང་ཆེན་ཉི་མའི་དཀྱིལ་འཁོར།>>བཀའ་གཉིས་པའི་དཀར་ཆག་<<ཐུགས་རྗེའི་བྱིན་རླབས་མྱུར་འབབ།>>མཆོད་སྡོང་ཆེན་པོ་འཛམ་གླིང་རྒྱན་གཅིག་རྟེན་དང་བརྟེན་པར་བཅས་པའི་དཀར་ཆག་གི་དོན་བསྡུ་<<སྒྲ་འཛིན་ཀུན་དགའ་འཁྲི་ཤིང་།>>ལོ་གསར་གྱིས་མཚོན་དགའ་སྟོན་གྱི་དུས་སུ་བྱེད་པའི་དམ་པའི་ཆོས་དང་ཐ་སྙད་རིག་གནས་ལས་བརྩམས་པའི་འབེལ་གཏམ་ལྡེ་མིག་<<སྐལ་བཟང་མགྲིན་རྒྱན་རྣ་བར་ཀུན་དགའ་སྟེར་བའི་བདུད་རྩི།>>ཕན་བདེ་ལེགས་བཤད་གླིང་པའི་གྲྭ་པ་བློ་གྲོས་ཀྱི་རྩལ་ལྡན་རྣམས་སྨོན་ལམ་དང་ཚོགས་མཆོད་ཆེན་མོས་དབུས་ཆོས་འཁོར་ཡས་མས་རྣམས་སུ་རྒྱུད་སྡེ་རྒྱ་མཚོར་རབ་འབྱམས་གྲྭ་སྐོར་བྱེད་པའི་<<སྔོན་འགྲོ་སྒྲ་འཛིན་བུ་རམ།>>མཆོད་སྡོང་ཆེན་པོའི་དོ་དམ་བཟོ་རིག་འུ་ལག་རྣམས་ལ་གྲོལ་སྟོན་གྱི་སྐབས་ཁྱད་འཕགས་བཅུ་གསུམ་ལས་སྤྲོས་པའི་འབེལ་གཏམ་དྲུང་རམས་ཆགས་ཆོས་པས་བྱེད་རྒྱུའི་རྩ་ཚིག་<<ལེགས་བཤད་གཏེར་ཆེན།>> <<གསོལ་འདེབས་རྨད་བྱུང་སྐལ་པ་མ།>> <<འདོད་གཡོལ་བདུད་བཞི་རབ་བཅོམ།>>དེ་དག་གི་འགྲེལ་པ་<<ཚིག་རྒྱན་མདུད་འགྲོལ་མུ་ཏིག་ཆུན་པོ།>> <<ཐོག་མེད་སྐལ་པ་མ།>>སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་ལ་གཡར་དམ་བསྒྲགས་པ་<<དམ་ཚིག་རྡོ་རྗེ་མ།>>རྩ་འགྲེལ། ཚོགས་ཁྲོ་ལེ་ཚན་གྱི་ཁ་བྱང་། སྙན་དར་ཞལ་ཡིག དེབ་དང་བཅའ་ཁྲིམས་ཀྱི་མགོ་བརྒྱངས་ཀྱི་རིགས། དྲུག་བརྒྱ་གྲུབ་ཆེན་གྱི་ཞལ་འདེབས། ཕུལ་དུས་ཀྱིས་མཚོན་ཚིགས་སུ་བཅད་པའི་འཕྲིན་ལས་སོགས་བརྗོད་ཀྱིས་མི་ལང་བ་དུ་མ་དང་། ད་དུང་རྒྱལ་དབང་ལྔ་བ་ཆེན་པོའི་ཐུན་མོང་ཕྱིའི་རྣམ་པར་ཐར་པ་<<དུ་ཀུ་ལའི་གོས་བཟང་གི་འཕྲོ>>གླེག་བམ་གསུམ། དཔལ་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་པ་རིན་པོ་ཆེའི་ཆོས་དང་། གང་ཟག གནས་གཞི་རྣམས་ཇི་ལྟར་བྱུང་པའི་ཚུལ་རྒྱས་པར་སྟོན་པ་<<དགའ་ལྡན་ཆོས་འབྱུང་བཻ་ཌཱུརྱ་སེར་པོ>>དཀར་ཆག་རྒྱས་པ་དེ་ཉིད་སོགས་ཕྱག་རྗེས་དུ་མ་འཇོག་གནང་ཐོག་ད་དུང་རིམ་པར་གནང་རྒྱུའི་བཞེད་དགོངས་ཡོད་མུར་རབ་ཉི་ཤིང་བྱ་ལོར་(སྤྱི་ལོ་1725)གློ་བུར་དུ་བར་ཆད་བཟློག་ཏུ་མེད་པས་སྟོད་ལུང་སྣང་རྩེ་ཞེས་པར་སྐུ་སྲོག་ཤོར།

        སློབ་མའི་གཙོ་བོ་ཆགས་པ་ཆོས་འཕེལ་ནི། གཙང་ཕུན་ཚོགས་གླིང་བཀྲ་ཤིས་འཛོམས་ཞེས་པར་གྲོང་པ་རབ་བརྟན་གྱི་བུ། ཕ་མས་མིང་ལ་ནོར་བུ་རབ་བརྟན་ཞེས་བཏགས་པ་ལོ་བཅུ་གསུམ་ཐོག་ཕུན་ཚོགས་གླིང་དུ་ཆོས་བཞུགས་བྱས་ནས་སློབ་དཔོན་གྱིས་མིང་ཚོགས་གཉིས་རྒྱ་མཚོར་བཏགས། བྱིས་པ་རང་གི་རྨི་ལྟས་སུ་སློབ་དཔོན་པད་མས་ཁྱོད་ཀྱི་མིང་ཆགས་པ་ཆོས་འཕེལ་དུ་ཐོགས་གསུངས་པར་གྲགས་པ་དེས་ལོ་གཅིག་ཁོངས་སུ་དབུ་མ་འཇུག་པ་དང་མཛོད་རྩ་སོགས་ཤོག་གྲངས་ 664 ཕུན་ཚོགས་གླིང་དུ་རྒྱུགས་སྤྲད། དེའི་སྐོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསན་རྗེས་གཞོན་ནུ་དེ་ཆེད་མངགས་ལྷ་སར་བཀའ་འགུགས་མཛད། བློ་འཛིན་ཚོད་ལྟའི་ཆེད་དུ་རྩ་རྒྱུད་དོ་ནུབ་གནང་ནས་སང་ཉིན་ཕྱེད་ལ་རྒྱུགས་འབུལ་ཞུས་པས་སླད་བསྟན་འགྲོར་ཕན་དུ་རེ་བའི་དགོངས་པས་སྨན་དཔེ་བློ་འཛིན་དགོས་ཚུལ་བཀའ་སློབ་གནང་། དེ་རྗེས་<<དུས་འཁོར་འགྲེལ་ཆེན་>>དང་<<རྒྱུད་བཞི་>>སྣོལ་མར་ཟླ་རེ་གང་ཟིན་རྒྱུགས་ལེན་དང་། གོ་དོན་འགྲེལ་བཤད་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྐུ་ངོ་མས་གནང་མཐར་ཟླ་བ་ལྔ་ལ་རྒྱུད་བཞི་བློ་འཛིན་ཚར། དེ་དག་མི་བརྗེད་པ་ཡོང་ཕྱིར་ཟླ་རེ་རྒྱུན་སྦྱོངས་ཐེངས་རེ་བྱེད་མཁན་དམིགས་འཛུགས་སོགས་ཐུགས་རེ་ཆེ་ཤོས་ཀྱི་སློབ་མར་གྱུར། དེའི་སྐོར་<<ཕྱི་རྒྱུད་བཻ་སྔོན>>མཇུག་ཏུ། “འཛིན་ཞེས་ཤེས་རབ་མགྲིན་རྔ་ཀུན་ལས་སྙན། །གོ་དོན་གཤོག་པའི་རྩལ་ཡང་མི་དམན་ཞིང་། །རིག་བྱེད་སྦྲང་རྩིའི་ཁུར་འཛིན་བྷ་མ་ར། །བློ་གསལ་གཞོན་ནུ་ཆགས་པ་ཆོས་འཕེལ་སོགས།།”ཞེས་གསུངས་ནས་ཆགས་པ་ཆོས་འཕེལ་གྱི་ཤེས་རྩལ་དང་གོ་སྟོབས་ལ་བསྔགས་བརྗོད་མཛད། དེ་བཞིན་རབ་ཉི་ཆུ་ལུག་ལོར་(སྤྱི་ལོ 1703)རྩོམ་འབྲི་གནང་བའི་སྔོན་མེད་ཀྱི་སྨན་ཐང་བརྒྱད་ཅུའི་ནང་ཚན་<<བཤད་རྒྱུད་>>བྲིས་ཆ་ཨང་དང་པོ་བླ་བརྒྱུད་སྐབས་སྡེ་སྲིད་རིན་པོ་ཆེས་ཆགས་པ་ཆོས་འཕེལ་ལ་སྨན་དཔེ་ཞིག་གནང་བའི་ཚུལ་གྱི་སྣང་བརྙན་དང་། མཚན་བྱང་ལ། “སྐད་ཅིག་རྒྱུད་འགྲེལ་ཟུང་འཇུག་ཏུ། །ཁོང་ཆུད་དོན་རྣམས་མི་གཡེལ་བ། །ལམ་འདིའི་ཐོག་མའི་སྣོད་ལྡན་པ། །གཞོན་ནུ་ཆགས་པ་ཆོས་རྣམས་འཕེལ།།”ཞེས་མི་རྗེ་སཱ་རའི་གསོ་དཔྱད་བསྟན་པ་སྤེལ་བའི་རྒྱུད་འཛིན་འཁྲུལ་མེད་ཡིན་པར་ཞལ་གྱིས་བཞེས། དེ་བཞིན་དངོས་སློབ་ངག་དབང་སངས་རྒྱས་དཔལ་བཟང་ངམ་བྰགིནྡྲ་ཤྲྰི་བྷདྲ་ཞེས་པ་ནི་ལྷོ་ཁ་སྨིན་གྲོལ་གླིང་གི་སྨན་པ་ཡིན། དེས་<<མན་ངག་ལྷན་ཐབས་>>ཀྱི་གསང་སྨན་གབ་ཚིག་ཞལ་ཤེས་སྦྱོར་ཚད་སོགས་མ་སྦས་ལྷུག་པར་བཤད་པ་<<བདུད་རྩིའི་གཏེར་བུམ་མཁའ་འགྲོ་གཏད་རྒྱའི་རྒྱ་མདུད་བཀྲོལ་བའི་རིན་ཆེན་གསེར་གྱི་ལྡེ་མིག>>ཅེས་བྱ་བ་བརྩམས། དེའི་ལུང་རྒྱུན་ནི་མཁའ་འགྲོའི་གཙོ་མོ་དཔལ་ལྡན་ཕྲེང་བ་ཡི་ཉམས་དང་རྨི་ལམ་གྱི་ཚུལ་དུ་བྱིན་གྱིས་བརླབས་ནས་པཎྜིཏ་ཆེན་པོ་མི་དབང་སངས་རྒྱ་རྒྱ་མཚོ་ལ་སྩལ་བར་གྲགས། དེ་ལ་ཚེ་རིག་པ་ བྰགིནྡྲ་ཤྲྰི་བྷདྲས་འདི་སྐོར་གྱི་ཞལ་ཤེས་ཚིག་རྒྱུད་རྣམས་ཡོངས་སུ་རྫོགས་པར་དམར་འཁྲིད་དུ་མནོས་ཞེས་བྱུང་བས་ཤིན་ཏུ་ཉེ་རྒྱུད་དུ་བྱེད་པ་ཡིན། དེ་རྗེས་རབ་ཉི་ཆུ་འབྲུག་ལོར་(སྤྱི་ལོ 1712)ངག་དབང་སངས་རྒྱས་དཔལ་བཟང་ཞེས་པས་<<མན་ངག་ཡོན་ཏན་རྒྱུད་ཀྱི་གཅེས་བསྡུས་ཀྱི་ཟུར་རྒྱན་ཕྱི་མ་ལྡེ་མིག་སྦས་དོན་ཀུན་གསལ།>> ཞེས་པ་སྨན་བླའི་ཞིང་ཁམས་རིན་ཆེན་བཞི་པའི་རི་བོའི་རྩེར་སྨན་པའི་རྒྱལ་པོའི་སྣང་བརྙན་དམ་པའི་སྐུ་མདུན་དུ་སུག་བྲིས་སུ་བཀོད་པའི་བྲིས་མ་ཤོག་གྲངས་བཅུ་བདུན་ཡོད་པ་ཞིག་ཀྱང་མཛད། སྡེ་སྲིད་རིན་པོ་ཆེ་དུས་མིན་འཆི་བའི་འཇིགས་པས་སྐུ་ཚེ་འདས་རྗེས་ལའང་དམ་པ་དེའི་ཐུགས་སྨོན་བཟང་པོ་དུས་སུ་བདོ་བ་ལས་གསོ་རིག་འཆད་ཉན་གྱི་ལྟེ་བ་འགྲོ་ཕན་ལྕགས་རི་གྲྭ་ཚང་ཉམས་ཆགས་ཆེར་མ་བྱུང་བ་དང་། ཅུང་ཟད་བྱུང་རིགས་རྣམས་ཀྱང་རྒྱལ་དབང་སྐལ་བཟང་རྒྱ་མཚོའི་ཐུགས་རྗེའི་བཀའ་དྲིན་ལས་དག་ཐེར་ཡོ་བསྲངས་ཀྱིས་སྐྱེ་རྒུའི་གསོས་སུ་སྨིན་པ་དང་། རིམ་པས་འཚོ་བྱེད་མཁས་པ་སྐད་གྲགས་ཅན་ཡང་དུ་མ་བྱོན་པ་དཔེར་ན། གོང་གསལ་ལྕགས་རི་གྲྭ་པ་སྒྲགས་རྒྱལ་གྲོང་པ་སངས་རྒྱས་སྲིད་སྒྲུབ་ཅེས་པས་རྗེས་སུ་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོའི་བླ་སྨན་པ་གནང་བ་དང་། ཁོང་གི་སྨན་རྒྱུད་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གི་དངོས་སློབ་སྨིན་གླིང་ངག་དབང་སངས་རྒྱས་དཔལ་བཟང་ཡིན་པ་<<མན་ངག་ལྷན་ཐབས་ལྡེ་མིག>>མཇུག་ཏུ་གསལ་ཡོད། དེ་རྗེས་བླ་སྨན་ཆེན་པོ་ཐབས་མཁས་ཞེས་པའང་ལྕགས་རི་རིག་བྱེད་གླིང་དུ་བཞུགས་སྐབས་ལྷ་ས་སྨོན་ལམ་ཆེན་མོར་སྨན་རམས་པའི་དམ་བཅའ་བཞག ཕོ་ལྷ་ཐའི་ཇིའི་བླ་སྨན་དང་། པཎ་ཆེན་བློ་བཟང་ཡེ་ཤེས་ཞབས་འབམ་བསྙུང་དུས་བཅོས་ཀ་མཛད་པས་སྐུ་ཁམས་དྭངས་ཏེ་བདག་རྐྱེན་སྩལ། དམ་པ་དེ་མཚོ་སྔོན་ཁུལ་དུ་གདན་ཞུས་ལྟར་ཕེབས་ནས་མདོ་སྨད་བྱང་རྒྱུད་དུ་གསོ་རིག་བསྟན་པ་རྒྱ་ཆེར་སྤེལ། ལྕགས་པོ་རིར་བཞུགས་རིང་དཔྱད་འགོ་ཐོན་པའི་དངོས་སློབ་བཅུ་ཡོད་པའི་ནང་ནས་ཕུལ་དུ་ཕྱིན་པ་གཙང་སྨན་ཡེ་ཤེས་བཟང་པོ་ཞེས་པ་བྱུང་། རྗེས་སུ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་ངག་གི་དབང་པོས་རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་དང་ཕོ་ལྷ་ཐའི་ཇི་གཉིས་ལ་ལྕགས་པོ་རི་ནས་སྨན་པའི་དགེ་རྒན་གདན་དྲངས་རྒྱུའི་སྙན་ཞུ་གནང་བ་ལྟར་འཚོ་བྱེད་མཁས་པ་གཙང་སྨན་ཡེ་ཤེས་བཟང་པོ་བཀྲ་ཤིས་འཁྱིལ་དུ་གཏོང་གནང་མཛད། ཁོང་གིས་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་གི་སློབ་དཔོན་གནང་སྟེ་ཀན་ལྷོ་དང་། མཚོ་སྔོན་ཁུལ་གྱི་བར་སོག རོང་ཕྱོགས་སུ་བྱ་ཁྱུང་། རྨ་ལྷོ་ཁུལ་བཅས་སུ་གཙང་སྨན་པའི་སློབ་རྒྱུད་འཛིན་པ་མང་པོ་བྱུང་ངོ་། གཞན་ཡང་སོག་ཡུལ་དུའང་ལྕགས་རི་གྲྭ་ཚང་གི་འཚོ་བྱེད་དགེ་རྒན་མཁས་པ་གདན་དྲངས་ཏེ་སྨན་པ་གྲྭ་ཚང་བཙུགས་པ་དང་། དེ་རྣམས་ཀྱི་གཞུང་དང་ལག་ལེན་ཐམས་ཅད་ལྕགས་རི་འགྲོ་ཕན་གླིང་ཇི་ལྟ་བ་ཉམས་ལེན་བྱས་པ་བཅས་ཀྱིས་སོག་ཡུལ་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ལྕགས་པོ་རིར་དད་གུས་ཚད་མེད་བྱེད།

        རང་ཅག་སྨན་རྩིས་ཁང་གི་ངོས་ནས་བཤད་ཀྱང་ཐོག་མར་རྒྱལ་དབང་སྐུ་ཕྲེང་བཅུ་སུམ་པས་སྨན་རྩིས་ཁང་འདི་འཛུགས་གཉེར་མཛད་སྐབས་དེའི་འགོ་འཛིན་དུ་ལྕགས་རི་གྲྭ་ཚང་གི་ཚེ་རིག་འཛིན་པ་དུ་མའི་དབུས་ནས་བདམས་གསེས་ཀྱིས་མཁས་དབང་མཁྱེན་རབ་ནོར་བུ་བསྐོ་བཞག་སྩལ་བར་བརྟེན་སྨན་རྩིས་ཁང་གི་འཆད་ཉན་མཐའ་དག་ཆུ་འགོ་གངས་ལ་ཐུག་པ་ལྟར་ལྕགས་པོ་རིའི་ཕྱག་བཞེས་རྒྱུད་འཛིན་ཐུབ་པའི་དགེ་ཚན་རྨད་དུ་བྱུང་བ་དང་ལྡན་ཞིང་། དེང་གི་ཆར་བོད་ལྗོངས་དང་དེ་མིན་བོད་རིགས་ཡོད་པའི་ཞིང་ཆེན་གཞན་དག ཐ་ན་འབྲུག་ཡུལ། འབྲས་ལྗོངས། ལ་དྭགས་སོགས་ཀྱི་ཚེ་རིག་འཛིན་པ་ཚོས་ཀྱང་སྡེ་སྲིད་རིན་པོ་ཆེས་མཛད་པའི་སྨན་གཞུང་རྣམས་ལ་ཐོས་བསམ་ལྷུར་ལེན་གྱིས་འགྲོ་ཕན་རྣམས་དག་ཡོང་རྒྱུར་འབད་བརྩོན་གནང་བཞིན་པ་ཡིན། དེ་ལྟར་ངེས་པ་དོན་གྱི་པཎྜིཏ་ཆེན་པོ་སྡེ་སྲིད་སངས་རྒྱ་མཚོ་སྐུ་བལྟམས་པའི་ཚུལ་དང་སྨན་རྩིས་རིག་གནས་ཀྱི་མཛད་རྗེས་གཙོ་བོར་དྲངས་པ་འདི་ནི་སྔོན་དུ་<<བཻ་སྔོན།>>ལྕགས་པར་དཔེ་སྐྲུན་སྐབས་སུ་སྡེ་སྲིད་རིན་པོ་ཆེའི་མཛད་རྗེས་ངོ་སྤྲོད་བྱས་པའི་རྨང་གཞིའི་སྟེང་ད་ལམ་སྨན་རྩིས་ཁང་དུ་མི་རྗེ་སཱ་རའི་སྐུ་བརྙན་གསར་བཞེངས་བྱུང་བར་བརྟེན་ཡང་བསྐྱར་འབྲེལ་ཡོད་ཡིག་ཆ་ཁག་ལ་ལྟ་ཞིབ་ཀྱི་ཁ་སྐོང་འགའ་ཤས་བྱས་ཏེ་ཕྱོགས་སྒྲིག་ཞུས་པར་འགལ་འཁྲུལ་ཅི་མཆིས་ཟུར་གནས་མཁས་པའི་སྤྱན་སྔར་འཆགས་ཤིང་། རིས་སུ་མ་ཆད་པའི་སྐྱེ་བོ་ཀུན་ལ་ཐུགས་རྗེ་ནམ་མཁའ་ལྟར་མཉམ་པའི་མི་རྗེ་སཱ་རའི་མཛད་རྗེས་རྒྱ་མཚོའི་ཀློང་ནས་ཆུ་ཐིག་ཙམ་ཞིག་དད་བརྩོན་ཀུ་ཤའི་རྩེ་མོས་བླངས་ཏེ་ཁ་སྒྱུར་མཚོན་གྱིས་མ་བསླད་པར་རི་མོའི་ལམ་དུ་སྤེལ་བའི་དགེ་བས་ཚེ་རིག་འདི་ཉིད་མི་ཉམས་ཡུན་གནས་ཀྱིས་འགྲོ་ཀུན་ནད་ཀྱི་སྡུག་བསྔལ་མཐའ་དག་ལས་གྲོལ་ཏེ་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་ཚོགས་ཀྱི་དཔལ་ལ་ལོངས་སུ་སྤྱོད་པར་གྱུར་ཅིག་ཅེས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་སྨན་པ་བྱམས་པའི་མིང་ཅན་གྱིས་རབ་རྒྱལ་ཤིང་གླང་ཟླ་བདུན་པའི་ཚེས་བཅུ་བདུན་དང་སྤྱི་ལོ་ 1985 ཟླ་དགུ་པའི་ཚེས་གཅིག་ལ་ལེགས་པར་གྲུབ།།

བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན།

 

 

 

འཆན་འགྲེལ། 

1)      བུདྡྷ་ཞེས་པ་ལེགས་སྦྱར་སྐད་དེ་སངས་རྒྱས་ཞེས་པའི་དོན་ཡིན།

2)      སཱར་ཞེས་པ་ལེགས་སྦྱར་སྐད་དེ་རྒྱ་མཚོའི་དོན།

3)      <<བཻ་ཌཱུར་སྔོན་པོ་>>ལ་མ་དང་བུ་ཞེས་པ་<<མན་ངག་ལྷན་ཐབས>>ཡིན་ནམ། ཡང་ན་<<ཁོག་འབུགས་དྲད་སྲོང་དགྱེས་པའི་དགའ་སྟོན་>>གང་ཡིན་དཔྱད་པར་འཚལ།

4)      དགའ་བཞི་ཞེས་པ་ནི། སྒོ་བཞི་དཀྱིལ་འཁོར་རིས་སུ་བྱས་པས་བླ་མ་རྣམས་དགའ། ཀ་བ་ཕུར་པ་རིས་སུ་བྱས་པས་སྔགས་པ་རྣམས་དགའ། ཟུར་བཞི་གཡུང་དྲུང་རིས་སུ་བྱས་པས་བོན་རྣམས་དགའ། རང་རང་གི་གཟུགས་རྣམས་བྱས་པས་ཆོས་སྐྱོང་རྣམས་དགའ་བས་དགའ་བཞི། ཡང་ན་ལྷ་ཀླུ་མི་གནོད་སྦྱིན་རྣམས་དགའ་བས་དགའ་བཞི་ཞེས་རྒྱལ་མཆོག་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་<<དུ་ཀུ་ལའི་འཕྲོ་མཐུད་ངོ་མཚར་གསེར་གྱི་སྙེ་མ>>ནང་གསལ།

5)      <<དཔལ་ལྡན་གསོ་བ་རིག་པའི་ཁོག་འབུགས་ལེགས་བཤད་བཻ་ཌཱུརྱའི་མེ་ལོང་དྲང་སྲོང་དགྱེས་པའི་དགའ་སྟོན་>>ཤོག་གྲངས་བརྒྱ་དང་དགུ་བཅུ་གོ་དགུའི་མདུན་ཤོག་ནང་"དྲིན་ཅན་རྩ་བའི་བླ་མ་རྒྱལ་བ་ལྔ་པའི་སྐུའི་བསགས་སྦྱངས་ལ་དམིགས་ལྷ་ས་བར་སྐོར་ནས་ཇོ་བོ་ཤྰཀྱ་མུ་ནིར་སྐོར་འབུམ་གཅིག་བསགས་པ་རྫོགས་ཏེ་ཇོ་རགས་སྐོར་རྡོའི་ཚུལ་དུ་གླིང་སྐོར་ལ་ཕྱིན། ཕྱི་དྲོ་ལྕགས་ཁ་རིའི་གནས་མཇལ་བྱས་པའི་རྩེར་སླེབས་སྐབས་སྔོན་གྱི་ཡིག་ཆ་ལྟར་ན་ཕྱག་རྡོར་བླ་རི་སེང་གེ་གནམ་མཆོངས་ཀྱི་དབྱིབས་སུ་བཞེད་ཀྱང་། རང་གི་ཡིད་ངོར་རི་བོའི་ངོས་གསུམ་དང་བཞིའི་ཁྱད་པར་ལས་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་དེ་ཡང་འདི་ལྟ་བུ་ཡིན་ནམ་སྙམ་པ་སོགས་འཆར་སྒོ་དང་མཐོང་སྣང་ཡ་མཚན་པ་འགའ་ཞིག་བྱུང་བ་དང་། ལྷུན་སྡིང་དགའ་ལྡན་སྨན་བླ་རི་བོའི་ངོས་རྣམས་སུ་བལྟ་རྟོགས་ལ་བཏང་བར་ཆར་བསིལ་གྱི་ནུས་སྟོབས་གདགས་སྲིབས་དང་མ་འཛོལ་ཞིང་དེ་འདྲ་བའི་སྨན་རི་དེར་སྐྱེ་གི་ཡོད་བསམ་པ་སུ་ལའང་མེད་པ་སོགས་ཀྱི་རྐེན་བྱས། རྗེ་བླ་མ་ལྔ་ཆེན་པོས་ནུབ་མར་གསོ་རིག་འགྲོ་ཕན་གླིང་འཛུགས་པ་གནང་ཡང་འཐོར་ཞིག་གིས་ལམ་དུ་མ་རྒྱུགས་པའི་དགོངས་པ་སྐོང་སླད་དང་།" ཞེས་འདུག་པས་དོན་དུ་ལྕགས་པོ་རི་འདི་གྲོང་ཁྱེར་ལྟ་ན་སྡུག་དང་གཉིས་སུ་མེད་པའི་གཟིགས་སྣང་ཁྱད་པར་ཅན་བྱུང་བར་གྲགས།

6)      <<མཆོད་སྡོང་འཛམ་གླིང་རྒྱན་གཅིག་རྟེན་གཙུག་ལག་ཁང་དང་བཅས་པའི་དཀར་ཆག་ཐར་གླིང་རྒྱ་མཚོར་བགྲོད་པའི་གྲུ་རྫིང་བྱིན་རླབས་ཀྱི་བང་མཛོད་>>ཤོག་གྲངས་བརྒྱ་དང་དགུ་བཅུ་གོ་གསུམ་གྱི་མདུན་ཤོག་ནང་། ལྷ་བྲིས་སྨན་ལུགས་དབུ་ཆེན་ལྷོ་བྲག་བསྟན་འཛིན་ནོར་བུ་"ཞེས་འཁོད་པ་དང་། ཡང་དེ་ཉིད་ཀྱི་ཤོག་གྲངས་ཉིས་བརྒྱ་བཅུ་མེད་བདུན་གྱི་རྒྱབ་ཏུ་"བྲིས་པ་སྨན་ལུགས་དབུ་ཆེན་ལྷོ་བྲག་བསྟན་འཛིན་ནོར་བུ་ལ་གོན་པ་ཆ་འགྲིག་གིས་གཙོས་དགུ་ཚན་དངོས་དག་གཅིག་ལ་ཁ་བཏགས་དཀོན་ཅོག་རིན་ཆེན་མ་ཆེ་ལེགས། སྨན་རྙིང་ཡུག་བཅས་གསོལ་རས་སྩལ་"ཞེས་གསལ།

7)      ཨོཾ་སྭ་སྟི། རྒྱལ་བའི་ཡེ་ཤེས་སྨན་བླ་རིགས་ལྔ་ཡི། །ཐུགས་རྗེའི་རང་བཞིན་རྒྱུད་རྒྱལ་མ་དྲོས་མཚོར། །འཕྲིན་ལས་རིན་ཆེན་ཆབ་བཞི་ཆོས་སྐོར་གྱིས། །ཕན་བདེའི་རྒྱ་མཚོར་འཇུག་འདི་ངོ་མཚར་རྨད། །གང་དེའི་དགོངས་དོན་འབུམ་ཕྲག་ཟླ་བའི་གཟུགས། །སྐལ་བཟང་ཡིད་མཁར་མ་འདྲེས་འཆར་བའི་འཕྲུལ། །བྲིས་ཐང་སྔོན་མེད་ངོ་མཚར་སྐྱེས་ཆེན་པོ། །སླར་ཡང་གསར་དུ་བསྐྲུན་པའི་བསོད་ནམས་མཐུས། །ཐུབ་པའི་བསྟན་དར་དེ་འཛིན་ཞབས་བརྟན་ངོས། །མདད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བ་དང་། །ཁྱད་པར་རྒྱུད་བཞིའི་འཆད་ཉན་དར་རྒྱས་ཀྱིས། །འགྲོ་ཀུན་དུས་མིན་འཇིགས་ལས་མྱུར་གྲོལ་ཤོག །ཅེས་པའང་གསོ་རིག་འགྲོ་ཕན་གྲྭ་ཚང་འདི་ཉིད་ཀྱི་སྔ་ཁུངས་སྨན་ཐང་ཁྱོན་བརྒྱད་ཅུ་ཚང་ངེས་ཡོད་འདུག་རུང་ཕྱོགས་འགྲོའི་སྨན་སྦྱིན་སོགས་ནས་གཡར་ངན་གྱིས་ཕྱིར་སྤྲོད་མ་བྱུང་བ་ད་ཆར་ངོ་ཡོད་སུམ་ཅུ་སོ་གཅིག་ལས་མ་བསྡད་སྟབས་ལྷར་བཅས་འགྲོ་བའི་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ནས་རྩད་གཅོད་ཁ་གསལ་ཞིང་། བློ་གསལ་རྣམས་ཀྱི་ཡིད་གཡོ་བར། །བྱེད་པས་སྔོན་གྱི་དམ་དང་། །མཚུངས་པ་ཉིད་དུ་གང་གྱུར་བ། །སྡོམ་བརྩོན་སྐད་གཉིས་སྨྲ་བ་ཁྱོད། །ཡུན་རིང་གནས་ཤིང་རྒྱལ་གྱུར་ཅིག །འགྲོ་བ་ཀུན་གྱི་ཡིད་ལ་འཇམ་པའི་དཔལ། །ཞུགས་ཤིང་ངག་ལ་རྡོ་རྗེ་དབྱངས་ཅན་མ། །ཉེ་བར་ཞུགས་ནས་བློ་དང་ངག་གི་དཔལ། །ཕུན་དུམ་ཚོགས་པའི་འབྱོར་པས་འབྱོར་གྱུར་ཅིག །མ་ལུས་ཕྱོགས་བཅུའི་རྒྱལ་བའི་ཞིང་ཀུན་སྨན་དང་འབྲས་བཅུད་ཕུན་ཚོགས་ཤིང་། སྐྱེ་དགུའི་ཚོགས་རྣམས་འཚེ་བ་མེད་ལ་བདེ་བ་ཀུན་ལ་ལོངས་སྤྱོད་པ། བདེ་བའི་འབྱུང་གནས་རྒྱལ་བའི་བསྟན་པའང་ཕྱོགས་རྣམས་ཀུན་ཏུ་རབ་རྒྱས་ཏེ། འགྲོ་བའི་ཆོས་ཚུལ་དྲི་མེད་སྤྱད་ནས་ཀུན་ཀྱང་སངས་རྒྱས་ཉིད་གྱུར་ཅིག་ཤོང་སྟོན་ལའོ།།

- འདི་ནི་བོད་ལྗོངས་ཞིབ་འཇུག་དུས་དེབ་16 ནས་ཟུར་འདོན་ཞུས།




མཐའ་མའི་འདོན་ཐེངས་།: 19.04.2017 ཉིན། 11:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།