སྨན་རྩིས་དྲ་བ། - དྲི་མེད་ཤེལ་གོང་།

སྡེ་ཚན་བཅུ་གསུམ་པ། གདུས་པའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2015
དྲི་མེད་ཤེལ་གོང་། >>

 

སྡེ་ཚན་བཅུ་གསུམ་པ།  གདུས་པའི་སྨན་སྡེ་བཤད་པ།

 

བཅུ་གསུམ་གདུས་པའི་སྨན་གྱི་ནུས་པ་ལ། །ཚ་བ་མེས་གདུས་བསིལ་བ་ཆུས་གདུས་གཉིས།།

དང་པོ་གསེར་ཐལ་རིན་ཆེན་དབྱིག་དུག་སེལ། །དངུལ་ཐལ་ཤ་རོ་གཅོད་ཅིང་ཆུ་སེར་སྐེམ། །ཟངས་ཐལ་རྣག་དང་ཆུ་སེར་སྐེམ་པའི་མཆོག། །ལྕགས་ཐལ་མཆིན་པའི་དུག་སེལ་དམུ་རྫིང་སྐེམ། །གསེར་དངུལ་ཟངས་ལྕགས་ཐལ་བས་མཛེ་ནད་དང༌། །དུག་འཇོམས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། །མཚལ་ཐལ་འབྲས་དང་ཤ་རོ་གཅོད་པར་བྱེད། །རྡོ་ཐལ་ཕོ་བའི་བད་ཀན་ལྷེན་སྐྲན་བཤིག །དུང་དང་འགྲོན་བུའི་ཐལ་བས་སྐེམ་དང་འབིགས། །ཅོང་ཞིའི་འཕྲུལ་ཐལ་ཆུང་ངུས་མ་ཞུ་དང༌། །བད་ཀན་ལྷེན་དང་ལྕགས་དྲེག་ཆགས་པ་དང༌། །རྡོ་དུག་དབྱིག་དུག་བད་མཁྲིས་སྨུག་པོའི་སྐྲན། །ཕོ་བའི་ནད་ཀུན་ཚ་གྲང་མེད་པ་འཇོམས། །འཕྲུལ་ཐལ་འབྲིང་པོས་གོང་བཤད་མ་ཞུ་སོགས། །སྟོབས་ཆེར་རྒྱས་དང་ལྡན་འདུས་ཚ་སྐྲན་འཇོམས། །འཕྲུལ་ཐལ་ཆེན་པོས་གྲང་སྐྲན་མཐའ་དག་འཇོམས། །རྒོད་བཏུལ་ཐལ་བས་གག་པ་ཤ་རོ་གཅོད། །ལྷེན་སྐྲན་དང་ནི་ལྕགས་དྲེག་གཅོད་པར་བྱེད། །དུར་ཐོད་ཐལ་བས་རྣག་དང་ཆུ་སེར་སྐེམ། །ཚ་བསྲེགས་རིགས་ཀྱི་ཐལ་བ་རིམ་པ་བཞིན། །མ་ཞུ་ལྷེན་དང་ལྕགས་དྲེག་ཁྲག་གི་སྐྲན། །ཆེ་འབྲིང་ཆུང་སོགས་རིམ་པ་བཞིན་དུ་འཇོམས། །རྨ་བྱའི་མདོངས་ཐལ་དུག་དང་གློ་རྣག་ཕན། །འུག་སྒྲོའི་ཐལ་བས་དམུ་རྫིང་སྐེམ་པར་བྱེད། །ཟ་འོག་ཐལ་བས་ཁྲག་ཤོར་རྩ་ཁ་འཛིན། །ཕག་རིལ་ཐལ་བས་གྲང་མཁྲིས་སྣོད་སྐྲན་སེལ། །ག་བུར་ནག་པོའི་ཐལ་བའི་སྦྱོར་བ་ཡིས། །གཟེར་ཐུང་གཉན་རིམས་མིག་སེར་སེལ་བར་བྱེད། །ཁྱད་པར་ཕོ་བར་རིམས་བབ་བདུད་རྩི་ཡིན། །སྒོག་སྐྱ་སྙ་ལོ་སྲད་དཀར་ཀྱི་ལྕེ་བཞིའི། །ཐལ་བས་རླུང་རིམས་འབོག་དང་འཐིབས་པ་སེལ། །ཆང་སྦྱར་རི་ཐང་མཚམས་སུ་བདུད་རྩིར་མཚུངས། །མི་བྲུན་ཐལ་བས་སྣོད་ཀྱི་མཁྲིས་སྐྲན་བཤིག། །བཙན་དུག་ཐལ་བས་ཚ་འབྲས་བཤིག་པར་བྱེད། །འཇམ་སྦྱོར་ཐལ་བས་རླུང་ཤས་ཆེ་ལ་ཕན། །བར་མའི་ཐལ་བས་མཁྲིས་པར་ལྡན་པ་འཇོམས། །རྣོན་པོའི་ཐལ་བས་བད་ཀན་རྐྱང་པ་སེལ། །དེ་ཡང་རིམ་པས་བུ་རམ་ཀ་ར་དང༌། །སྦྲང་རྩིའི་རྟ་ལ་བསྐྱོན་ནས་གཏོང་བ་ཡིན། །ཕུར་མོང་ཡོག་མོ་གྲེས་མའི་ཐལ་བ་ཡིས། །རྨ་དང་འབྲུམ་པའི་རྣག་ཆུ་སྐེམ་པར་བྱེད། །མི་སོག་ཐལ་བས་ཚད་རྙིང་རུས་ཞེན་འདོན།།

གཉིས་པ་ཆུ་ཡིས་གདུས་པའི་སྡེ་ཚན་ནི། །སྔོ་སྨན་བསིལ་གྱུར་ཚོགས་ཚད་བྲག་ཞུན་བཅས། །གདུས་པའི་ཁནྜས་ཚད་རིགས་མཐའ་དག་འཇོམས། །སྟང་ཟིལ་འཛིན་པ་གུར་ཏིག་གང་ག་ཆུང༌། །སྲོ་ལོ་ཧོང་ལེན་ཁནྜས་ཚད་རིམས་འཇོམས། །གླང་ཆེན་ཆིག་ཐུབ་ཁནྜས་གག་ལྷོག་དང༌། །ཐབ་ཉེས་སྲིན་དང་ཚ་སྐྲངས་འཇོམས་པའི་མཆོག། །རྟ་ལྤགས་གཉིས་དང་རེ་སྐོན་བྲག་སྤོས་ཀྱི༌། །ཁནྜས་རྨ་ཀུན་གསོ་ཞིང་རྨ་རྩི་བྱེད། །ཕག་གདོང་ཁནྜས་རྨ་གསོ་རྩ་ཁྲག་གཅོད། །མཁྲིས་སྣར་གུར་གུམ་བཏབ་པའི་ཁནྜ་ཡིས། །རྨ་ཁྲག་བུ་ག་ཀུན་གྱི་ཁྲག་ཟག་གཅོད། །ཕུར་ནག་ཁནྜས་སྣོད་སྲིན་ལ་སོགས་འཇོམས། །སྟག་མའི་ལོ་མའི་ཁནྜར་གླ་རྩི་དང༌། །ཤུ་དག་བཏབ་པ་བསྟེན་ལ་གཉིད་ལོག་པས། །སྲིན་དང་ཡ་མ་གཉན་ནད་ཀུན་འཇོམས་བྱེད། །གྲེས་མ་རིགས་གསུམ་ཁནྜས་སྲིན་ཀུན་དང༌། །བད་སྨུག་དུག་ཐབས་སྟོད་འཚང་ཕོ་ལྷོག་འཇོམས། །རེ་རལ་གསུམ་དང་ཆར་ཉུངས་ཁནྜ་ལ། །ཨ་རུ་གོ་བྱེ་རྒྱ་ཚྭ་སྦྱར་བ་ཡིས། །མི་དང་ཕྱུགས་ཀྱི་དུག་རིགས་འཕྲལ་དུ་འཇོམས། །དྭ་བའི་ཁནྜར་སྲིན་སྨན་གང་ཚོགས་བཏབ། །འཐུངས་པས་ནང་སྲིན་བྱུགས་པས་པགས་སྲིན་འཇོམས། །སྲད་དཀར་སྲད་སྨུག་ཁནྜས་དམུ་རྫིང་དང༌། །མཛེར་ནད་མ་ལུས་གཏིང་ནས་འདྲེན་པར་བྱེད། །ཟྭ་ཚོད་ཁནྜར་སྦྲང་རྒོད་སྦྱར་བཏང་བས། །ཚ་བ་མེད་པའི་དྲེག་ནད་རྩད་ནས་འབྱིན། །ཉུངས་མའི་ཁནྜ་ཆུ་བསྐོལ་ཕུལ་བསྟེན་པས། །ཉིན་རེའི་དུག་སྲུང་མཆིན་པའི་དུག་ཐབས་སེལ། །ཀྱི་ལྕེ་རྩ་ལོའི་ཁནྜ་ཆུ་གྲང་ཕུལ། །ཚ་བ་ཀུན་སེལ་སྣོད་ལྷུང་མཁྲིས་ནད་འཁྲུ། །ཧོང་ལེན་ཁནྜ་བསྐོལ་གྲང་ཆུས་ཕུལ་བས། །ཁྲག་འཁྲུགས་སེལ་ཞིང་སྣོད་ནད་ཐུར་དུ་འཁྲུ། །ད་ལིས་ཁནྜར་ཅོང་ཞི་སྦྱར་བ་ནི། །མ་ནུ་འུ་སུ་སྟར་བུའི་ཐང་ཕུལ་བསྟེན། །བད་སྨུག་ཕོ་ཁར་ལྷུང་དང་འགྱིངས་པ་སེལ། །བྲག་ཞུན་ཁནྜ་ཆུ་གྲང་གིས་ཕུལ་བསྟེན། །ཕོ་མཆིན་མཁལ་ཚད་མིག་ནད་ཀུན་ལ་ཕན། །སྨུག་པོ་དུག་ཐབས་སེལ་བའི་བདུད་རྩི་ཡིན། །ཤུག་འབྲུའི་ཁནྜ་བུ་རམ་དང་སྦྱར་བས། །རྐང་ལག་ཆུ་སེར་ཚ་བ་མ་ལུས་སེལ། །འབྲས་བུ་གསུམ་གྱིས་ལྕགས་ཕྱེ་བཞུས་པ་ཡི། །དྭངས་མའི་ཁནྜས་མཆིན་ཚད་བད་སྨུག་སེལ། །སྟར་བུའི་ཁནྜས་གློ་ནད་བད་ཀན་དང༌། །ཁྲག་ལས་གྱུར་པའི་སྐྲན་ཀུན་མ་ལུས་བཤིག། །ར་མཉེ་རྩ་བའི་ཁནྜར་བུ་རམ་སྦྱར། །མཁལ་རྐེད་སྨད་ཀྱི་ཆུ་སེར་གྲང་བ་སེལ། །འོལ་མོ་རྩ་ལོ་འབྲས་གདུས་ཁནྜ་ལ། །རྒྱ་རུ་རྒྱ་ཚྭ་གཡེར་མ་མདེ་འབྱིན་པ། །སྦྱར་བ་མ་ཆག་ཟླ་བ་གཅིག་བསྟེན་ན། །བུད་མེད་ཚབས་ནད་མངལ་སྐྱོན་མཐའ་དག་འབྱིན། །དེ་རྗེས་རྩ་བ་ལྔ་ཡི་ཁནྜ་ལ། །བུ་འཛིན་ཚི་གུ་སྦྱར་བ་བསྟེན་བྱས་ན། །མོ་གཤམ་ལ་ཡང་བུ་མང་བུ་རྩི་བྱེད། །སེང་ལྡེང་ཁནྜས་མཛེ་ལ་མཆོག་ཏུ་ཕན། །ལྡུམ་བུ་ཟངས་རྩིའི་ཁནྜས་མཁྲིས་ནད་སེལ། །སྐྱེར་པའི་ཁནྜ་བྱུགས་པས་མིག་ནད་སེལ། །འབམ་པོའི་ཁནྜས་ཁོང་སྐྲན་བཤིག་པར་བྱེད། །དྭ་བ་རྟ་སྦངས་སྤྲུ་རྩའི་ཁནྜ་ལ། །བྱི་ཏང་ག་དང་ཤིང་ཀུན་ཙི་ཏྲ་ཀ། །དུག་སྣ་སྦྱར་བས་སྲིན་ཐོར་ཤ་བཀྲ་སེལ། །བ་གསར་དམར་སེར་ཆུ་ཡི་ཁནྜ་ཡིས། །སྐྱ་རྦབ་འོར་ནད་དམུ་ཆུ་མཛེ་ནད་དང༌། །དབྱིག་དུག་ཚད་རྙོག་ཆུ་སེར་མ་ལུས་སྦྱོང༌། །དུར་བྱིད་ཐར་ནུ་སྔོན་བུ་ཁྲོན་བུ་དང༌། །ལྕུམ་རྩ་དན་ད་དོང་ག་རྩི་སྟག་མོ། །ཨ་རུ་མཆུ་སྙུང་ཤྲིའ་ཁནྜ་དང༌། །དམར་སེར་བ་ཆུ་བཅས་པའི་ཁནྜ་ཡིས། །རྣོ་འཇམ་ནད་ཀུན་སྦྱོང་ཞིང་ཁྱད་པར་དུ། །དམུ་འོར་སྐྱ་རྦབ་ཆུ་སེར་མ་ལུས་སྦྱོང༌། །ཐར་ནུ་དུར་བྱིད་ཧོང་ལེན་ཆུ་རུག་པའི། །ཁནྜས་སྐྱུགས་འགྱིངས་འབྱམས་མདེ་ཆུ་མི་གནོད། །ནམ་ཟླ་ཚ་གྲང་ན་སོ་རྒས་གཞོན་མེད། །ལམ་བགྲོད་མགྲོན་པོ་ལ་ཡང་གཏོང་བས་ཆོག། །ཁ་བསྒྱུར་གང་བྱས་ནད་ཀུན་འཇམ་པོར་སྦྱང༌། །སྲོ་མ་སེང་གེས་དབང་སྟོབས་རོ་ཙ་སྐྱེད།།


སྤྱི་ལ་གཅེས་པའི་སྨན་རྟ་གསུམ་པོ་ནི། །བུ་རམ་དཀར་སྨུག་གྲང་རླུང་སེལ་བའི་རྟ། །ཀ་ར་ཁྲག་མཁྲིས་ཚ་བ་སེལ་བའི་རྟ། །སྦྲང་རྩི་བད་ཀན་ཆུ་སེར་སེལ་བའི་རྟ། །སྦྲང་སྨྱོན་དུག་ཅན་རྩ་འབྱེད་སྣང་བ་བསྒྱུར། །གྲོག་མས་བསགས་སྦྲང་ཅུང་སྐྱུར་བཅུད་ལེན་མཆོག། །དུག་རིགས་ཀུན་གྱི་གཉེན་པོ་བླ་ན་མེད། །སྤྲ་ཚིལ་བྱུགས་པས་རྨེན་བུ་པགས་ནད་སེལ། །བདུད་རྩི་ཆོས་སྨན་གདོན་འཇོམས་སྨན་རྟས་བྱེད། །སྤྱིན་གྱིས་འབྱར་བག་འགོག་པས་རྩི་སྲུང་བརྟས།།


 

དེ་ལྟར་སྡེ་ཚན་བཅུ་གསུམ་སོ་སོ་ལ། །ངོ་བོ་གཅིག་ཀྱང་ནང་དབྱེ་ཐ་དད་བཅས། །རགས་པར་སྨན་སྣ་དགུ་བརྒྱ་བཅོ་ལྔ་ཡི། །ནུས་པ་བསྟན་འདི་ངེས་པར་བློར་ལོན་ཅིང༌། །ངོས་འཕྲོད་མིང་གི་མངོན་བརྗོད་མང་ངེས་ཤིང༌། །འགལ་འཁྲུལ་དོགས་སེལ་བཅས་པ་གསལ་འདོད་རྣམས། །དྲི་མེད་ཤེལ་གོང་འདི་ནི་རྩ་བར་བཟུང༌། །དྲི་མེད་ཤེལ་ཕྲེང་འགྲེལ་པས་དོན་ལོང་མཛོད། །དེ་ལས་འཚོ་མཛད་འབྲིང་དུ་གཏོགས་ཙམ་འབྱུང༌། །སླར་ཡང་རོ་ནུས་ཞུ་རྗེས་ཡོན་ཏན་མཐུ། །རྟོགས་པས་སྐྱེས་ཚད་སྨན་དུ་སྦྱར་བཏུབ་ན། །འཚོ་མཛད་མཁས་པའི་གྲལ་དུ་ཆུད་པར་འགྱུར། །འདི་ལྟར་ཅུང་ཟད་རྒྱས་པར་སྤྲོས་པ་ཡི། །དགེ་བ་གང་དེས་འདི་དང་ཕྱི་མ་རུ། །མ་རིག་དྲུངས་ཕྱུང་རིག་པའི་ཡེ་ཤེས་ཀྱི། །སྣང་བ་ཕུན་སུམ་ཚོགས་པས་སྐྱོང་གྱུར་ཅིག།


ཅེས་བདུད་ནད་གཞོམ་པའི་གཉེན་པོ་རྩི་སྨན་གྱི་ནུས་པ་རྐྱང་སེལ་རྒྱས་པར་བཤད་པ་གསལ་སྟོན་དྲི་མེད་ཤེལ་གོང་ཞེས་བྱ་བ་འདི་ནི་སྔ་ནས་རྒྱས་བཤད་དྲི་མེད་ཤེལ་ཕྲེང་བགྱིས་པའི་རྩ་ཚིག་ཕྱོགས་གཅིག་ཏུ་བསྒྲིགས་པ་བློར་འཛིན་བདེ་དགོས་ཞེས་རང་སློབ་འགའ་རེས་བསྐུལ་ངོར་དུས་མཐའི་སྨན་འབངས་ཐ་མ་འཚོ་མཛད་བསྟན་འཛིན་ཕུན་ཚོགས་ཀྱིས་དེའུ་དམར་ཟབ་རྒྱས་ཆོས་གླིང་གི་བསྟི་གནས་སུ་སྦྱར་བ་འགྲོ་བ་ཀུན་གྱི་གསོས་སུ་དགེ་བར་གྱུར་ཅིག ། 

མངྒལཾ།། །།

 

མཐའ་མའི་འདོན་ཐེངས་།: 20.04.2015 ཉིན། 9:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།