སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་བཅུ་གཉིས་པ། མེའི་སྨན་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.06.2015
དྲི་མེད་ཤེལ་ཕྲེང་། >>

 


སྡེ་ཚན་བཅུ་གཉིས་པ། མེའི་སྨན་བཤད་པ།

          ད་ནི་བར་གྱི་བཅུ་གཉིས་པ་མེའི་སྨན་བཤད་པ་ལ། རིན་ཆེན་སྤུངས་པ་ལས། མེ་ཡིས་སྨན་ལ་དབྱེ་བ་བཅུ་གཅིག་སྟེ། །ཡུལ་དུས་ན་སོ་སྤྱོད་ལམ་སྨན་གྱི་མེ། །ཟས་མེ་རྒྱུ་མེ་གྲོགས་མེ་ནད་ཀྱི་མེ། །འབྱུང་བའི་མེ་དང་སྤྱི་གསོ་མེ་སྨན་ནོ། །ཞེས་གསུངས་ཀྱང་འདིར་སྨན་ནུས་ཙམ་བཤད་པ་ལས་མིན་ཕྱིར་མེས་བྱས་པའི་རྫས་སྣ་ཕྲན་བུའི་ནུས་པ་ས་བཅད་ཙམ་ལས་མི་སྤྲོ་སྟེ། འདིར་ཡང་བསྟེན་བྱ་སྨན་གྱི་མེ་དང༌། རེག་བྱ་དཔྱད་ཀྱི་མེ་གཉིས་ལས།

 

དང་པོ། བསྟེན་བྱ་སྨན་གྱི་མེ།

          དང་པོ་ལ་ནི། མེ་དང་ནུས་པ་མཚུངས་པའི་དྲོད་སྨན་རྣམས་ནི་གོང་དུ་སོང་ལ། མེས་བྱས་པའི་ཐལ་སྨན་ནི་འོག་ཏུ་འཆད་ལ། མེ་ལས་བྱུང་བའི་སྨན་གྱི་ནུས་པ་ནི།

          རྒྱ་སྣག་ཕོ་ཚད་མེ་དབལ་གཉན་རིགས་འཇོམས། །མིག་སྨན་ཡང་ཟེར། འདི་ནི་རྒྱ་ནག་ནས་འབྱུང་ལ། མཆོག་ནི་སྤས་ཇིན་ནས་ཡོང་བའི་སྣག་གདར་ཆེ་ལ་མཐུག་པ་ཞེང་སོར་གཉིས་ནས་གསུམ་ལྷག་ཙམ་དང༌། སྣ་སོར་ལྔ་དྲུག་ནས་མཁྱིད་གང་མན་ཡོང་ལ། ཐམ་གའི་བཀོད་པ་ངོ་མཚར་བ་གསེར་ཚག་ཅན་དང༌། གཞན་ནས་དེ་ལས་ཕྲ་བ་ཆུང་བ་སོགས་འབྱུང་བ་གང་ཡང་དྲི་ཕུན་སུམ་ཚོགས་པ་སྣོམ་ན་སྤྲ་བའི་དྲི་མ་འདྲ་ལ་ཞིམ་ཞིང་སྲེད་པ་སྐྱེ་བའོ།། འབྲིང་པོ་དེ་ལས་དྲི་རོ་དམན་ཡང་གསེར་ཚག་ཐམ་ག་ཅན་ནོ། །ཐ་མ་རྒྱ་ཡུང་གང་རིགས་ནས་འབྱུང་བ་བྲི་སྣག་གི་ཁ་དོག་ལ་ལེགས་ཞེར་མང་བར་སྣང་བ་ལས་སྨན་དུ་འོས་པར་ནི་མ་སེམས་སོ། །རྒྱུ་མཚན་གང་ཞེ་ན། རྩྭ་ཀུན་ཏུ་བཟང་པོའི་ཁུ་བས་དམ་རྩི་བྱས་པའི་ནུས་པ་ཡིན་པར་གསུངས། རྩྭ་དེས་ནད་སེལ་བ་ཙམ་དུ་མ་ཟད་ཁར་སོང་ཚད་ངན་སོང་སྤོང་བའི་འཇའ་ལུས་འགྲུབ་པར་བཤད་ལ། ཙ་རི་ཏྲའི་གནས་སུ་ཡོད་པ་ཁར་སོང་བའི་དུད་འགྲོའི་རྭ་ནེ་ལ་ཤ་རུས་སོགས་ལ་ལྷ་སྐུ་དང་རིང་བསྲེལ་འབྱུང་བ་ནི། ངེས་པའི་སྒོ་ནས་གནས་ཀྱི་བྱིན་རླབས་དང༌། དྲང་བའི་སྒོ་ནས་རྩྭ་དེའི་བྱིན་རླབས་ཡིན་པར་བཤད། རྩྭ་དེ་ལ་ཉིན་མོ་དུད་པ་འཐུལ་བ། མཚན་མོ་མེ་འབར་བ། ནང་ནུབ་འཇའ་འོད་འཕྲོ་བ་ཞིག་ཡོད་སྐད། རྒྱ་ནག་རི་བོ་རྩེ་ལྔའི་ལོགས་སུ་སྐྱེ་བ་ནི། ལོ་མ་ལྗང་སྐྱ་ཆེ་ལ་མཐུག་པ། མེ་ཏོག་སེར་པོ་ཤིང་བ་ཤ་ཀའི་མེ་ཏོག་འདྲ་བ་དྲི་མ་སྤྲ་བའི་དྲི་མ་འདྲ་བ་ལས་ལྷག་པར་ཞིམ་པས་སྲེད་པ་སྐྱེ་བ། ཐུམ་སྣོད་གང་གིས་ཀྱང་མི་བསྒྲིབ་པར་བསུང་ཞིམ་འཐུལ་བ་ཞིག་འདུག་གོ། ཕྲུ་དྲེག་མོ་ནད་མངལ་སྐྱོན་སྦྱོང་བར་བྱེད། །ཅེས་པ་ཕྲུ་བ་ནི་སྣོད་དེ། རྫ་མའམ་ཁོག་མ་ཟེར་བ་དང༌། གཞན་ཡང་ལྕགས་འཁར་འཁྲོ་ཟངས་སོགས་འདྲ་ལ་སྐམ་པར་མི་བསྲེག་ཅིང་ནང་དུ་ཆུ་མ་ཆད་པར་ཇ་སོགས་བསྐོལ་སྣོད་ཀྱི་མེ་དྲེག་ནག་པོ་མཁྲེགས་ཤིང་ཡར་བ་དེའོ། །སླང་དྲེག་རྨ་ལ་ཕན་ཞིང་འཁྲུ་བ་གཅོད། །ཅེས་པ་སླ་ང་སོགས་ནང་དུ་རླན་མེད་པར་མེ་ཁར་བསྲེགས་པའི་དྲེག་པ་ནག་འཐུལ་འབོལ་བ་སྣག་ཚའི་རྒྱུ་དེའོ།།

          དུད་པས་དུག་དྲེག་ལྤགས་ནད་མངལ་ནད་སེལ། །ཞེས་པ་མེ་བུས་པའི་དུད་པ་ཁང་པར་ཆགས་པ་བྲག་ཞུན་ལྟ་བུར་འབབས་པ་དེའོ།།

 

གཉིས་པ། རེག་བྱ་མེའི་དཔྱད།

          གཉིས་པ་རེག་བྱ་མེའི་དཔྱད་ལ། གསེར་དངུལ་ཟངས་ལྕགས་ཀྱི་ཏེལ་མེ་དང༌། རྡོ་རྭ་རྩུབ་ཤིང་སོགས་ཀྱི་ཚུག་གི་མེ་དང༌། ཤེལ་སོགས་རིན་པོ་ཆེའི་མེ་དང༌། རྟེན་འབྲེལ་སྔགས་སོགས་མཁའ་འགྲོའི་འཕྲུལ་མེ། ཧོར་གྱི་མེ་བཙའ།  རྒྱ་བོད་ལུགས་སྤྲ་བའི་མེ་བཙའ། བུམ་པས་གཞིབ་པའི་མེ། དུགས་ལུམས་(བདུགས་)པའི་མེ་སོགས་ཡོད་པ་ནི་ཁོ་བོའི་གཅེས་བཏུས་སུ་གསལ་ལོ། །ཞེས་མེ་སྨན་ས་བཅད་ཙམ་བཤད་ཟིན་ཏོ།།

          ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་བཅུ་གཉིས་པ་མེ་སྨན་འཕྲོས་པ་དང་རྩ་བ་བཞི་རིགས་བཅས་དྲུག་བཤད་པའི་སྐབས་ཏེ་བཅུ་གསུམ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 9:44 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།