སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

སྡེ་ཚན་གསུམ་པ། སའི་སྨན་སྡེ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 15.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

སྡེ་ཚན་གསུམ་པ། སའི་སྨན་སྡེ་བཤད་པ།

ད་ནི་བར་གྱི་གསུམ་པ་སའི་སྨན་གྱི་སྡེ་ཚན་བཤད་པ་ལ། རང་བྱུང་དང་བཅོས་པ་གཉིས་ལས།

 

དང་པོ་རང་བྱུང་གི་ས་རྣམས་བཤད་པ་ནི།

 

༡། གསེར་གྱི་བྱེ་མ།

གསེར་གྱི་བྱེ་མས་མཁལ་ནད་ཆུ་འགགས་སེལ། །ཞེས་པར། རང་བྱུང་རྡོ་རྗེས། བྱེ་མས་མཁལ་ནད་རྩ་ནད་སེལ། །ཞེས་གསུངས་པ་ནི། མཚོ་ཕལ་ཆེར་དང༌། ཆུ་ཆེ་ཕྲན་དང༌། རྡོ་འཛེང་དཀར་གྱི་གསེབ་སོགས་ནས་འབྱུང་བས་བྱེ་མ་གཞན་དང་འདྲེས་པ། ཟུར་དུ་གསེར་ཞག་འོད་ཉིལ་ཉིལ་བྱེད་པར་ཡོད་ལ། ཆུང་ལ་ཞིབ་པ་ལེབ་མོ་སྲབ་ཐུག་ཤོག་བུ་ཙམ་པ། ཁ་དོག་གསེར་ཤོག་ལྟ་བུ་འོད་དང་བཅས་ཁར་མྱངས་ན་ཅུང་ཟད་ལན་ཚྭ་བ། སོས་བལྡད་པས་ཕྱི་ནང་མང་དུ་བྱེ་བའོ། །ཁ་དོག་སེར་པོ་དང་དཀར་སེར་བཟང༌། དུད་ཁ་དང་ཁམ་པ་ངན། རྡོ་བརྡུང་བའམ་ཆུའི་བྱེ་མ་བཅས་བླངས་ལ། ཀ་ཊོ་ར་ཡངས་པའི་ནང་དུ་སྦྱིན་ཅུང་ཟད་བསྲེས་པའི་ཆུ་བྱེ་མའི་སུམ་འགྱུར་ཙམ་བླུགས་ལ་བསིག་ཅིང་གཡེང་བས་གསེར་བྱེ་ཟུར་དུ་ཕྱེ་ནས་པིར་སོགས་ཀྱིས་བྱབས་ལ་བསགས་པས་ལེན་པ་ཡིན། འདྲ་ཡིག་དུང་གི་མིག་ལས། གསེར་གྱི་བྱེ་མ་གསེར་ཕྱེ་ཐུམ་པོ་འདྲ། །ཞེས་གསུངས་པས། ནོར་འཕྲང་ཆུང་ཡང་རྨོངས་སྲོལ་ངན་འཇགས་འགར། ཤིང་ལྡུམ་རྩ་འབྲས་ཞིབ་མོ་དང༌། གཙང་རྡེའུ་སོགས་བྱེད་པ་ནོར། འོན་ཀྱང་ནུས་པ་གོ་མ་ལོག་པ་ཙམ་ཡོད་པར་བཤད།

 

༢། སིནྡྷུ་ར།

སིནྡྷུ་ར་ཡིས་རྩ་ཚད་དོན་རྨ་གསོ། །རྣག་ཁྲག་སྐེམ་ཞིང་མེས་ཚིག་རྨ་ལ་ཕན། ཞེས་པ། སིནྡྷུ་ར་ཞེས་པ་བོད་སྐད་དུ། རྒྱ་མཚོའི་དྲེག་པ་དང༌། ར་ཆགས་པ་དང༌། ཁྲག་ལའང་འཇུག སྐད་དོད་ཕལ་ཆེར་དང༌། མཁྱེན་བརྩེ་ལོ་ཙཱ་བའི་སྡེ་ཚན་བདུན་པ་སོགས་སུ་ལི་ཁྲི་དང་སྐད་དོད་གཅིག་པར་མཛད་ཀྱང༌། སྒྲ་གཅིག་དོན་མང་དུ་ངོ་བོ་སོ་སོར་གསུངས་པ་བཞིན་ཐ་དད་དོ། །དོན་ལ་ཆུའི་དྲེག་པ་ཡིན། རྒྱ་བལ་སོགས་ནས་རྒྱ་མཚོའི་འགྲམ་དུ་ཆགས་པ་དང༌། ཙ་རི་གཡུ་མཚོའི་ཕོ་བྲང་སྐྱོག་མོ་སོགས་ནས་འབྱུང༌། གནས་བཟང་སོགས་ཀྱི་བྲག་ཕུག་རླན་དང་མ་བྲལ་བའི་འགྲམ་དུ་ཁྲག་ཆགས་པ་ལྟ་བུ། རོ་མངར་ལ་སོ་ཐམ་ཐམ་འབྱར་པ་ཡོད་པ་སོགས་བཟང༌། གང་ཞེ་ན། གསང་སྔགས་འགའ་ཞིག་ཏུ། རྡོ་རྗེ་རྣལ་འབྱོར་མའི་ཟླ་མཚན་ཡིན་པར་བཤད་པས་གནས་བཟང་ནས་ལེན་པ་བཟང་མ་གཏོགས་གཞན་ཀོ་མོག་དང་ཆུ་ཚན་སོགས་ལ་ཆགས་པའི་ཀོ་བཙག་དམར་སེར་དང་ཁྱད་མེད། ཆུ་ལས་བྱུང་ཕྱིར་མེས་ཚིག་རྨ་ལ་གཉེན་པོར་གྱུར་པའོ།།

 

༣། ལི་ཁྲི།

ལི་ཁྲིས་རུལ་གཅོད་ཤ་ཚད་རྩ་ཆད་སེལ། །ཞེས་པ། སའི་དྭངས་མ་ཡིན་པར་བཤད་ལ། ལྷ་མོ་བརྟན་མས་བཀྲ་ཤིས་པའི་རྫས་སུ་བཅོམ་ལྡན་འདས་ལ་ཕུལ་བ་ཡིན། རིགས་ནི་རྒྱ་གར་ནག་བལ་པོ་སོགས་ནས་མང་དུ་འབྱུང་ཡང༌། ཁ་དོག་ངུར་སྨྲིག་དྭངས་པ་བཟང༌། དམར་ཤས་ཆེ་ལ་ལན་ཚྭ་བྲོ་བ་དང༌། ཤིང་ཕྱེ་ཁ་དོག་བསྒྱུར་བ་རྣམས་རྒྱ་ནག་གི་བཟོ་མ་ཞན། བལ་པོས་ཞ་ཉེ་ལས་བཟོས་པར་གྲགས་པ་ཚོན་དུ་བྱུགས་པ།ཡུན་ལོན་ནས་ནག་པོར་འགྲོ་བ་ཡང་ངན། རྒྱ་གར་ནག་བལ་པོ་སོགས་ནས་རང་བྱུང་ཁ་དོག་ཤིན་ཏུ་གསལ་ལ་བྱེ་མ་འདྲེས་པ། སྤྱིན་ཆུས་བསིངས་ལ་བཙགས་པས་དྭངས་འབབ་ཆེ་བ་བཟང༌། བྱེ་མ་ཉུང་བ་བཟང་འབབ་ཆེ་ཆུང་ནི་ཕྱེ་མ་སྐམ་པོར་གྲི་ཁབ་སོགས་ལྕགས་པྱང་མ་སྣུམ་མེད་པ་བཅུག་པས་ལྕགས་ལ་མཐུག་པོར་འགོས་པ་འབབ་རུ་ཆེ། མི་འགོས་པ་ཕྱེ་མ་ཆེ་བ་ཡིན། ཁར་བྲོ་བ་མེད་པ་བཟང༌། བཟོ་མ་དང་རང་བྱུང་བརྟག་པ་ནི། སྤྱིན་ཤས་ཆུང་བ་རེ་བྱས་ནས་ཚོན་དུ་བྱུགས་པར། དགོངས་མོ་མུན་རུབ་སྐབས་རྒྱང་མ་ནས་བལྟས་པས་ངམ་ནག་པོར་མཐོང་ན་བཟོ་མ་ཡིན། སྐྱ་བོར་མཐོང་ན་རང་བྱུང་ཡིན་ནོ།།

 

༤། རམས།

རམས་ཀྱིས་མིག་དང་མེས་ཚིག་རྨ་ལ་ཕན། །ཞེས་པར། རང་བྱུང་པས། རམས་ནི་གདོན་གྱི་ནད་ལ་ཕན། །གསུངས། རིགས་གསུམ་སྟེ། ཚོན་རམས་དང༌། ཚོས་རམས་དང༌། རྐྱགས་རམས་སོ། །ཚོན་རམས་ཡང་ཞིང་མཁྲེགས་ལ་མཐིང་ནག་དམར་འོད་ཆགས་པ་བཟང༌། ཚོས་རམས་དེ་ལས་ཅུང་ཙམ་སྔོ་ནག་དམར་འོད་ཆུང་བ་འབྲིང༌། རྐྱགས་རམས་སྔོ་སྐྱ་འོད་མེད་ལྕི་བ་ངན། འདི་འགའ་ཞིག་གིས་སེང་གེའི་བྲུན་ཡིན་སྨྲ་ཡང་མི་འཐད་དེ། སེང་གེ་མཐོང་མཁན་མེད་པར་དཀོན་ལ། རམས་རབ་ཏུ་མོད་པས་སོ། །ཁ་ཅིག་ཤིང་གི་ཁནྜར་བཤད་ཀྱང་ཁནྜའི་ཉམས་དབྱིབས་མེད་ལ། ཚོན་གྱི་རྣམ་དབྱེ་ལས་ས་ཡིན་པར་བཤད་པ་དང༌། དངོས་ཀྱང་ས་ཡིན་པར་མངོན།།

 

༥། རྒྱ་མཚོའི་ལྦུ་བ།

རྒྱ་མཚོའི་ལྦུ་བས་མཁལ་ཚད་ཀླད་ནད་སེལ། །ཞེས་པ། མཐའི་རྒྱ་མཚོའི་རླབས་ཀྱི་ལྦུ་དྲེག་བྲག་ལ་ཆགས་པ་སྲབ་ལེབ་དཀར་པོ་ཉ་ཕྱིས་ཀྱི་རྒྱུ་འདྲ་ལ་དཀར་ཤས་ཆེ་ཞིང་གཉེར་རིས་ཞིབ་མོ་ཅན་མཁྲེགས་པ་དང་དམན་པ་དེ་ལས་གསོབ་པའོ།།  འདི་གཉིས་ཀྱིས་མཁལ་ནད་དང་མགོ་ཀླད་མིག་གིས་གཙོས་པའི་ཚད་པ་ལ་ཕན། ཁྱད་པར་ཀླུ་སྨན་ཏེ་ཀླུའི་ཀླད་པ་ཉམས་པ་གསོ་བར་བྱེད་དོ། །འགའ་ཞིག་ཤིང་གི་རྐང་དཀར་གསོ་བ་ཞིག་ལ་བྱེད་པ་ནོར་བ་ཡིན་ནོ།།

 

༦། ཕུག་པའི་བགྲུངས་ཆུ།

ཕུག་པའི་བགྲུངས་ཆུས་སྦྱར་བའི་དུག་ལ་ཕན། །ཞེས་པས། བྲག་ཕུག་ཁ་བྱང་བལྟས་ཀྱི་ནང་ཆར་མི་ཕོག་ས་ནས་ས་ཁྲུ་གང་བརྐོས་པའི་ས་ཆུས་བགྲུངས་པའི་དྭངས་ཀྱིས་སྨན་དབུལ་བར་བྱ།

 

༧། ཝ་ས།

ཝ་སས་རྨ་འབྲས་ཤ་རོ་གཅོད་པར་བྱེད། །ཅེས་པ། འདི་ཆུ་བོ་རྒྱུན་འབབ་ཀྱི་ཝ་དང༌། གཅིན་ཝ་གཉིས་ཀྱི་ཝ་ཞབས་ཆུ་ཤེད་ཕོག་ས་འདོམ་གང་བརྐོས་ས་ནས་བླངས་པའི་ས་སྔ་མ་ལྟར་བྱས་པའི་ཆུ་བསྡུས་པའོ།།

 

༨། ཐབ་ཀྱི་ས་ཚིག

ཐབ་ཀྱི་ས་ཚིག་རྒྱུ་མའི་སྲིན་ནད་སེལ། །ཞེས་པ། རབ་དགེ་འདུན་པའི་ཐབ་ཆེན་འོག མིན་ཀྱང་ལོ་མང་དུ་མེ་ཆེར་བུས་པའི་ཐབ་འོག་གི་ས་ཚིག་ལན་ཚྭ་ཅུང་ཟད་བྲོ་བའོ།།

 

༩། མཚེར་སྐྱོང༌།

མཚེར་སྐྱོང་གྱུར་དུག་ཆུ་དུག་གྲེ་འགགས་སེལ། །ཞེས་པ། ཕྱུགས་ལྷས་ཀྱི་རྫིང་ཆུ་འཁྱིལ་བའི་འོག་ཁྲུ་གང་བརྐོས་པའི་ས་སྔ་མ་ལྟར་བགྲུངས་པའི་ཆུའོ། འདིས་ཕྱུགས་རིགས་ཆུ་དུག་ན་བ་ལ་ཕན་ནོ།།

 

༡༠། དཀར་རྩི།

དཀར་རྩིས་ཤ་རུས་ཞེན་པའི་ནད་འགོག་བྱེད། །ཅེས་པ། ཚོན་དུ་འགྲོ་བའི་ལྷོ་བུན་བྱུང་ན་བཟང༌། མ་རྙེད་ན་རས་ཞི་འདུལ་རྩི་ཉན་པའི་ས་དཀར་ཏེ། གང་ཡང་ཞག་རྩི་ཆགས་པ་བཟང༌། འདི་ལ་མཆོད་རྟེན་ན་བཟའ་ཡང་ཟེར།

 

༡༡། ས་སྨྱགས།

སྨྱག་ཚ་སྐྲངས་འཇོམས་ཤིང་རྒྱུ་རྩི་སྲུང༌། །ཞེས་པ། སའི་རྐེད་པའམ། བྲག་གི་གསེང་སོགས་སུ་རིམ་པས་ཆགས་པའི་ས་འདམ་རྡོ་མེད་པ་མར་ལྟར་སྣག་ལ་དམ་རྩི་དང་ས་ཞག་ཁ་རྩི་ཆགས་པ་མྱངས་ན་ཞིམ་ཞིང་ཟ་སྤྲོ་བ། ཁ་དོག་དཀར་དམར་སེར་སོགས་ཡོང་བ་དེས་ཚ་བ་ལས་གྱུར་པའི་སྐྲངས་འཇོམས་ཤིང༌། བྱིས་པ་སོགས་ཀྱི་རྒྱུ་མའི་རྩི་སྲུང་བར་བྱེད་པས་དམར་བཤལ་ལ་ཕན། །སྔགས་པས་འདི་ལས་ས་སྔགས་བྱས་ན་སྐྲངས་འཇོམས་པར་སྔགས་ལས་ས་ནུས་པ་མི་ཆུང་ངོ༌། །མ་རྙེད་ན་དབྱར་མཚོ་ཆུང་སྐམ་རྗེས་ཀྱིས་འདམ་གྱི་ཁར་ས་ཞག་ཆགས་པས་ཚབ་རུང་བར་བཤད།


༡༢། སེ་རུལ།

སེ་རུལ་འཁྲུགས་ཚད་དུག་ནད་སེལ་བར་བྱེད། །ཅེས་པ། རོ་སྐོར་ལྕགས་ཀྱི་ཕྲེང་བ་ལས། ལོ་སྟོང་ལོན་པའི་སེ་རུལ་ནི། བསིལ་ལ་འཇམ་པས་རིམས་ལ་ཕན། ཞེས་པ། གྱང་རྙིང་ས་རལ་བྲག་རྩ་སོགས་ལས་འབྱུང་བའི་བ་ཚྭ་ལྟར་ཆགས་པའི་ས་ཁ་དོག་སེར་སྐྱ་རོ་ཁ་བ་དེའོ།།

 

༡༣། བྱི་ས།

བྱི་སའི་དུགས་ཀྱིས་གྲང་རླུང་ཚབ་ནད་སེལ། །ཞེས་པ། བྱི་ཁུང་ཁ་ཤར་དུ་ལྟ་བའི་སྒོའི་ས་ཕུང་འགོམ་ལམ་མ་བྱས་པ་བསྲོས་པའི་ཚ་དུགས་བྱེད་པའོ།།

 

༡༤། གྲོག་ཤིང༌།

གྲོག་ཤིང་རྨ་དང་གཟེར་སྐྲངས་ཆུ་སྲི་སེལ། །ཞེས་པ་རབ་མཆོད་རྟེན་དང་ལྷ་ཁང༌། མིན་ཀྱང་གྱང་རྙིང་གད་རལ་སོགས་ཀྱི་ངོས་ལ་ཆར་ཡུན་དུ་ཕོག་པས་སའི་འཇམ་ཆགས་པ་ལས་རྩྭའི་རྣམ་པ་མེ་ཏོག་གི་ཟེའུ་འབྲུ་འདྲ་བ་ཡམ་ཙམ་སྐྱེས་པས་ཅུང་ཟད་སྤང་གི་རྣམ་པར་གྱུར་པའི་ཁ་ས་དེ་བསྲོས་པའི་ཚ་དུགས་བྱེད་པ་ཡིན།

དེ་ལྟར་ས་སྨན་རང་བྱུང་རྩ་བ་བཅུ་བཞི་ནང་ཚན་བཅས་ཉི་ཤུ་རྩ་གཉིས་རྒྱས་པར་བཤད་ཟིན་ཏོ།།

གཉིས་པ། ལས་ཀྱི་བཅོས་པས་གཙང་བར་བྱས་པའི་ས་སྨན་བཤད་པ།ད་ནི་གཉིས་པ་ལས་ཀྱིས་བཅོས་པས་གཙང་བར་བྱས་པའི་ས་སྨན་བཤད་པ་ནི།

 

༡། མུ་ཟི་དཀར་པོ། མུ་ཟི་སེར་པོ།

མུ་ཟི་དཀར་སེར་གདོན་འཇོམས་རྣག་ཁྲག་སྐེམ། །ཞེས་པར། རང་བྱུང་པས། མུ་ཟིས་མཛེ་དང་ཆུ་སེར་སྐེམ། །ཞེས་གསུངས་པར། མིང༌། སོ་ལ་ཧི། ག་སྲི་ཏ། གནྡྷ་ཀ་ཏེ། དྲི་ཅན། དུརྒནྡྷ། དྲི་ངན། མ་ཡཱུ་ར་ཤི་ཥ། རྨ་བྱའི་གཙུག་ཕུད། པ་ཏྲ་ལ་ཧི། པ་ཌ་ཧྲི་ལ། ཀནྡྷ་ཀ སྟོབས་ལྡན་ཞགས། གབ་མིང་དུ། ཚ་བའི་དབུགས་ཅན། ས་བཅུད། གསེར་ལྡན། སའི་ཁྲོ་ཆུ། ཟ་བྱེད། བཙུན་མོ་དམར་ཆ། ར་ཙ་མེ་འབར་ཟེར། རྒྱ་ནག་སྐད་དུ། གྷོ་གིར་ཟེར། འདི་ལ་རིགས་དཀར་སེར་ལྗང་ནག་བཞི་ཡོད།

དཀར་སེར་གཉིས་ཆུ་ཚན་དང་ཉེ་བའི་ས་སོགས་ལས་འབྱུང་བ་ཤས་ཆེ། དཀར་སེར་གཉིས་ཁ་དོག་གི་ཁྱད་ཅུང་ཟད་ཙམ་མ་གཏོགས་འདྲ། འདི་ལེགས་ཤོས་དྭངས་པ་སླད་མེད་པ། སྤོས་ཤེལ་དྭངས་མ་འདྲ་བ་དང༌། སླད་ཅན་ས་རྡོ་དང་བ་བླ་སོགས་འདྲེས་པ་འབྱུང་ལ་གང་ཡང་མེ་ལ་བསྲེགས་ན་འབར་བ་དང༌། དུད་པ་དང༌། དྲི་མ་དུགས་ལ་སྣོད་དུ་བཞུས་ན་མར་ལྟར་འཇུ་བ་འབྱུང་བས། བཞུ་བཏུལ་ལེགས་པས་གྲུངས་པར་བྱས་པ་དང༌། ངན་རྫས་དང་ཤ་རོ་གཅོད་པ་སོགས་འདེབས་སྨན་མ་གཏོགས་ཁོང་སྨན་ལ་གཏོང་ཚེ་དུག་འདོན་པ་གལ་ཆེའོ།།

 

༢། མུ་ལྗང༌།

མུ་ལྗང་ནི། རང་བྱུང་ཞབས་ཀྱི་ས། མུ་ལྗང་གཉན་ཚད་སེལ་བར་བྱེད། ཅེས་པ། རྒྱུ་དབྱིབས་སྔ་མ་འདྲ་ནའང༌། ཁ་དོག་ལྗང་གུ་སྟེ་མཆོག་དམན་གཉིས། མཆོག་ནི་ཤིན་ཏུ་ལྗང་གུ་གསལ་བས་སྔ་རབས་རྣམས་ཀྱིས་ལྷ་ཚོན་མཛད་པས། སྤང་མ་མེད་པ་འདི་རང་བལ་རིས་རྙིང་པ་དག་ཚོན་ལྗང་མཛད་པས། སྤང་མཐིང་མེད་པ་སྐྱུ་རུའི་ལུགས་ཞེས་སྐྱུ་ར་ལྷ་ཆེན་པོའི་ཚོན་སྡེབ་ལས་མུ་ལྗང་བཤད་པ་ཁོ་ནའོ།། དམན་པ་ནི་ལྗང་ཡང་ཚོན་མི་བཏུབ་ཙམ་མོ།།

 

༣། མུ་ཟི་ནག་པོ།

ནག་པོ་ནི། རང་བྱུང་པས། ནག་པོས་ལྷོག་པའི་ནད་ལ་ཕན། །ཞེས་པ། རིགས་གསུམ་སྟེ། ས་ནང་ནས་བྱུང་བའི་རྡོ་སྔོན་དངུལ་རྡོ་འདྲ་ལ། དེ་ལས་སྣ་རིང་བ་དང༌། ས་རལ་བྲལ་ལྕིབས་དང༌། རྡོ་བཅག་པའི་ནང་སོགས་ནས་འོང་བའི་སྔོ་ཉོབ་ཐལ་བ་ལྟ་བུ་དང༌། སའི་སྐེད་གསེང་སོགས་སུ་ཆགས་པའི་ལེབ་མོ་ཤོག་བུ་བརྩེགས་པ་འདྲ་བ་རྣམས་སོ། །གང་ཡང་མེ་ལ་བསྲེགས་ཚེ་མུ་ཟི་བྲོ་བ་དང༌། ཉི་མས་དྲོས་ཚེ་ཡང་དེ་བཞིན་བྲོ་བ་ཡིན། བཟང་བ་མཚན་མོ་མེ་ཉོབ་ལ་བཏབ་པས་མེ་སྔོ་བུན་ནེ་བ་འབར་བ་དང༌། འབྲིང་བ་ཉིན་མོ་གྲིབ་མའི་ནང་དུ་མེར་བཏབ་པ་དུད་པ་འཐུལ་ཙམ་མོ། །ཐ་མ་བསྲེགས་པས་མུ་ཟི་བྲོ་ཙམ་མོ། །འདི་བཟང་ཡང་བཞུ་བཏུབ་པ་མ་མཐོང་ངོ༌།།

 

༤། སོ་ཕག་ཁུ་བ།

སོ་ཕག་ཁུ་བས་གྲེ་བ་སྐམ་པ་སེལ། །ཞེས་རང་བྱུང་ཞབས་ཀྱིས་གསུངས་པ་དང༌། དཔག་བསམ་ལྗོན་ཤིང་ལས། སོ་ཕག་མཆིན་པའི་དུག་ནད་སེལ། །གྲེ་བ་སྐམ་པ་རློན་པར་བྱེད། །ཅེས་པ། ལྷ་ཁང་གི་ཆུ་ལེན་རྫ་གྱོ་བྱས་པ་གཡུ་རྩི་ཡོད་མེད་གང་རུང་དང༌། མ་རྙེད་ན་རྫ་གསར་ལོངས་མ་སྤྱད་པས་རུང་བའོ། །ཐང་དུ་བཏང་བས་ཁ་ལྕེ་གྲེ་བ་སྐམ་པ་ལ་ཕན། བསྲོས་པའི་དུགས་ཀྱིས་མ་ཞུ་འཇུ་བར་བྱེད་པ་ཡིན།

 

༥། ཕེའུ།

ཕེའུ་དུགས་ཀྱིས་ཚད་པ་རླུང་ལྡན་འཇོམས། །ཞེས་པ། ས་སྦྱོར་རྫ་མ་ལྟར་བྱས་ལ་སོ་མ་བཏང་བའི་ས་ཕག་གྱོ་མོ་ལས་མཐུག་ཙམ་བཅོས་ལ་བསྐམས་པ་དང༌། མེ་ལ་བསྲོས་པའི་དུགས་ཀྱིས་རླུང་ཚད་འཐབ་དུས་རླུང་གསང་བདུགས་ན་ཕན་པ་ཡིན།

དེ་ལྟར་བཅོས་པའི་ས་སྨན་རྩ་བ་གསུམ་ནང་ཚན་བཅས་དགུར་བཤད་ཟིན་ཏོ།།

ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་བར་གྱི་གསུམ་པ་བྱས་བྱུང་གཉིས་ཀྱིས་བསྡུས་པའི་ས་སྨན་རྩ་བ་བཅུ་བདུན་ནང་ཚན་བཅས་སོ་གཅིག་ངོ་བོ་ནུས་མིང་རྒྱས་པར་བཤད་པའི་སྐབས་ཏེ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 12:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།