སྨན་རྩིས་དྲ་བ། - ཆེད་རྩོམ།

སྐྱེ་བའི་གནས་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.09.2016
ཆེད་རྩོམ། >>



མངལ་དུ་ལུས་ཆགས་རིམ་དང་རྩ་རླུང་ཐིག་ལེའི་རྣམ་གཞག

༡ སྐྱེ་བའི་གནས་བཤད་པ།

(ཀུན་བཏུས། པོད་ལྔ་པ།)

- ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་།


 

            དེ་ལ་ནང་པའི་གཞུང་དག་ཏུ་སྐྱེ་གནས་སུ་ཉིང་མཚམས་སྦྱར་ཏེ་མངལ་དུ་མིའི་ལུས་ཀྱི་ཆགས་རིམ་སྐོར་གསལ་བར་བཤད་ཡོད་ཅིང་། ནང་པ་རང་གི་ལྟ་གྲུབ་ཀྱི་ཆ་ནས་བཤད་ན། སྔོན་གྱི་འཕགས་པའི་ཡུལ་གྱི་གྲུབ་མཐའ་ཆེན་པོ་དག་དང་གཅིག་མཐུན་དུ། ཚེ་འདིའི་སྐྱེ་བ་ནི་ཐོལ་བྱུང་དུ་གསར་དུ་གྲུབ་པ་ཞིག་མིན་པར་སྐྱེ་བ་སྔ་མ་ནས་འདིར་འོངས་པར་སྒྲུབ་བྱེད་དང་བཅས་སྨྲ་བར་བརྟེན། སྲིད་པ་ལ། ༡ སྐྱེ་བའི་སྲིད་པ་ཙམ་དུ་མ་ཟད། ༢ བར་གྱི་སྲིད་པ་སྟེ་ཚེ་སྔ་ཕྱི་གཉིས་ཀྱི་བར་གྱི་གནས་སྐབས་དང་།1 ༣ སྐྱེ་བའི་སྐད་ཅིག་གཉིས་པ་ནས་མ་ཤིའི་བར་གྱི་གནས་སྐབས་ལ་སྔོན་དུས་ཀྱི་སྲིད་པ་དང་། ༤ མཐར་འཆི་བའི་སྲིད་པ་བཅས་སྲིད་པ་བཞིའི་རྣམ་གཞག་མཛད་ལ། དེ་དག་ཀྱང་སྐྱེ་བ་སྔ་ཕྱི་གཞི་ལ་བཞག་ནས་འགྲེལ་བརྗོད་བྱ་དགོས། འདིར་ནི་ནང་པའི་མདོ་རྒྱུད་དང་དེ་བཞིན་དུ་སྨན་གྱི་གཞུང་ལས་ཇི་ལྟར་བྱུང་བ་ལྟར་གྱི་མངལ་དུ་ལུས་ཆགས་པའི་རིམ་པ་རྣམས་བརྗོད་པར་བྱའོ།།


            དེ་ལ་ཐོག་མར་གང་དུ་སྐྱེ་བའི་གནས་ལ་བཞིར་གསུངས་ཏེ།། སྒོ་ང་ལས་སྐྱེ་བ། མངལ་ལས་སྐྱེ་བ། དྲོད་གཤེར་ལས་སྐྱེ་བ། རྫུས་ཏེ་སྐྱེ་བ་བཅས་སོ། །དེ་ཡང་ངང་པ་དང་། ཁྲུང་ཁྲུང་སོགས་སྒོང་སྐྱེས་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་སོགས་མངལ་སྐྱེས་དང་། སྲིན་བུ་དང་། ཕྱེ་མ་ལེབ་སོགས་དྲོད་གཤེར་སྐྱེས་དང་། ལྷ་དང་། དམྱལ་བ་དང་། སྲིད་པ་བར་མ་སོགས་རྫུས་སྐྱེས་ཡིན་པར་རྒྱུ་གདགས་པ་དང་།2 མཛོད་རྩ་འགྲེལ་སོགས་ལས་གསུངས།


            སྐྱེ་བ་ལེན་པའི་ཚེ་རྣམ་ཤེས་མངལ་དུ་ཇི་ལྟར་འཇུག་པའི་ཚུལ་ལ། བར་དོ་བ་དེ་མའི་མངལ་དུ་འཇུག་པའི་རྒྱུ་ནི། ཕ་མ་གཉིས་ཕན་ཚུན་ཆགས་ཏེ་འཁྲིག་པའི་སྦྱོར་བ་བྱས་པ་དང་། མ་ལ་དུས་ཀྱི་ཟླ་མཚན་དང་ལྡན་པ་དང་། བར་དོ་བ་ཡང་ཉེ་བར་ཡོད་པ་དང་། མའི་མངལ་དང་ཕ་མའི་ཁུ་ཁྲག་ལ་སྐྱོན་མེད་ཅིང་ཕ་མ་གཉིས་དང་བར་དོ་བ་གསུམ་གྱིས་སྔོན་བསགས་པའི་ལས་ཀྱི་རྐྱེན་ཏེ་རྒྱུ་ཚོགས་དེ་དག་ཚང་ན་མའི་མངལ་དུ་འཇུག་པར་འགྱུར་བར་མངལ་དུ་འཇུག་པའི་མདོ་ལས་གསུངས།3


            ཡང་མངལ་ཆགས་པ་ལ་ངེས་པར་དུ་ཕ་མ་གཉིས་འཁྲིག་པའི་སྦྱོར་བ་བྱེད་མི་དགོས་པ་ནི། འདུལ་བ་རྣམ་པར་འབྱེད་པ་ལས། "སྦེད་མས་དེ་ལྟར་རྣམ་པར་རྟོག་པ་ན། དེ་ཀུན་ཏུ་ཆགས་ཤིང་དྲལ་བར་གྱུར་པའི་སེམས་ཀྱིས་ཁུ་བ་དེ་རང་གི་མངལ་གྱི་སྒོར་བླུགས་སོ། །སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམ་པར་སྨིན་པ་བསམ་གྱིས་མི་ཁྱབ་པས། དེ་ལ་སེམས་ཅན་ཞུགས་པར་གྱུར་ཏོ།།"4 ཞེས་སྦེད་མ་ཞེས་པ་དེས་ཆགས་པའི་སེམས་ཀྱིས་རང་གི་སྔོན་གྱི་ཁྱོ་ག་འཆར་ཀའི་ཁུ་བ་གོས་ཀྱི་སྟེང་དུ་འབྱར་བ་བླངས་ཏེ་མངལ་དུ་བླུགས་པས་མངལ་ཆགས་ཏེ་ཕྲུ་གུ་སྐྱེས་པའི་གཏམ་རྒྱུད་འབྱུང་བ་ལྟར་རོ།།


            ཡང་བུད་མེད་གཞན་གྱི་མངལ་ནས་ཁུ་ཁྲག་འདྲེས་པའི་གོང་བུ་བུད་མེད་གཞན་གྱི་མངལ་དུ་བླུགས་ནའང་ཕྲུ་གུ་སྐྱེ་བ་ཡོད་པའི་ཚུལ་ནི། མཛོད་རང་འགྲེལ་ལས། "བུད་མེད་གཞན་ལས་ནུར་ནུར་པོ་ཟགས་ནས་བུད་མེད་གཞན་གྱི་མངལ་དུ་བླུགས་ན་གང་ཞིག་བསད་ན་མཚམས་མེད་པར་འགྱུར་བ་དེའི་མ་གང་ཡིན་ཞེ་ན། གང་གི་ཟླ་མཚན་ལས་བྱུང་མ།། སེམས་ཅན་དེ་གང་གི་ཟླ་མཚན་ལས་བྱུང་བ་དེ་ནི་དེའི་མ་ཡིན་ནོ།།"5 ཞེས་བུད་མེད་གཞན་གྱི་མངལ་ལས་ནུར་ནུར་པོ་བླངས་ནས་བུད་མེད་གཞན་གྱི་མངལ་དུ་བླུགས་ནས་སྐྱེས་པའི་ཕྲུ་གུ་དེས་བུད་མེད་སྔ་མ་དེ་བསད་ན་མ་བསད་པའི་མཚམས་མེད་ཀྱི་ལས་བསགས་པ་ཡིན་པར་གསུངས་པ་ལྟ་བུའོ།།


            བར་དོ་བ་དེ་མངལ་དུ་འཇུག་ཚུལ་དངོས་ནི། བར་སྲིད་པ་དེས་སྐྱེ་བའི་གནས་སུ་རང་དང་རིགས་མཐུན་པའི་སེམས་ཅན་མཐོང་ནས་དེ་དག་ལ་ལྟ་བ་དང་རྩེ་བ་སོགས་བྱ་བར་འདོད་ནས་སྐྱེ་བའི་གནས་སུ་འགྲོ་འདོད་པར་འགྱུར་ལ། ཕ་མའི་ཁུ་ཁྲག་ལ་ཕྱིན་ཅི་ལོག་ཏུ་མཐོང་སྟེ། དེའི་ཚེ་ཕ་མ་གཉིས་ཉལ་པོ་བྱེད་པ་མེད་བཞིན་དུ་ཉལ་པོ་བྱེད་པ་སྒྱུ་མ་བཞིན་དུ་མཐོང་ནས་དེ་ལ་ཆགས་པར་འགྱུར་བ་དང་། ཕོར་སྐྱེ་ན་མ་ལ་ཆགས་ཤིང་ཕ་ལ་སྡང་བ་སྐྱེ་བར་འགྱུར་ལ། མོར་སྐྱེ་ན་ཕ་ལ་ཆགས་ཤིང་མ་ལ་སྡང་བ་སྐྱེ་བར་འགྱུར་བར་གསུངས།


            དེ་ཡང་གང་ལ་ཆགས་པའི་སྐྱེས་པའམ་བུད་མེད་དེ་ཁོ་ན་མཐོང་གི་ཅིག་ཤོས་མི་མཐོང་བ་དང་། དེ་ལ་འཁྱུད་པའི་བསམ་པས་ཉེ་བར་སྦྱོར་བ་ན། སྐྱེས་པའམ་བུད་མེད་དེའི་ལུས་གཞན་མི་སྣང་བར། ཕོ་མོ་གང་ཡིན་པ་དེའི་མཚན་མ་འབའ་ཞིག་སྣང་ནས་ཁོང་ཁྲོ་སྐྱེ་ཞིང་། དེའི་རྐྱེན་གྱིས་བར་དོ་བ་དེ་ཤི་ནས་དེ་མ་ཐག་རྣམ་ཤེས་ཕ་མ་གཉིས་འདུས་པའི་ཁུ་ཁྲག་དཀར་དམར་དང་མཉམ་དུ་མའི་མངལ་གྱི་དབུས་སུ་འཇུག་པར་དགའ་བོ་མངལ་ན་གནས་པའི་མདོ་དང་།6 རྣལ་འབྱོར་སྤྱོད་པའི་ས་སོགས་ལས་གསུངས།7


            བར་དོ་བ་དེ་མའི་མངལ་དུ་ཞུགས་རྗེས་ཀྱི་ལུས་ཀྱི་འདུག་སྟངས་ནི། མངལ་དུ་ཞུགས་པ་དེ་ཕོ་ཞིག་ཡིན་ན་ནི་མའི་ལྟོ་བ་གཡས་པར་ཁ་མའི་སྒལ་ཚིགས་ངོས་ལ་བསྟན་ནས་ཙོག་ཙོག་པོར་གནས་ལ། མོ་ཞིག་ཡིན་ན་ནི་མའི་ལྟོ་བ་གཡོན་པར་ཁ་མའི་མདུན་ཕྱོགས་སུ་བསྟན་ཏེ་ཙོག་ཙོག་པོར་གནས་ཤིང་། མ་ནིང་ཞིག་ཡིན་ན་ནི་མངལ་དུ་ཞུགས་པ་རང་ཉིད་ལ་ཕོ་མོའི་འདོད་ཆགས་གང་ཤས་ཆེ་བ་དེ་བཞིན་དུ་གནས་པར་མངལ་དུ་འཇུག་པའི་མདོ་སོགས་ལས་གསུངས།8


            བར་དོ་བ་དེའི་རྣམ་ཤེས་ཐོག་མར་མའི་མངལ་དུ་འཇུག་པའི་སྒོ་ལ་གསུམ་ཡོད་པར་བཤད་དེ། སློབ་དཔོན་ཀླུའི་བློའི་རྣམ་གཞག་རིམ་པ་ལས་ཕའི་སྤྱི་བོ་བརྒྱུད་ནས་མངལ་དུ་འཇུག་པ་དང་། རྒྱུད་སྡོམ་འབྱུང་དང་རྡོར་ཕྲེང་ལས་ཕའི་ཁ་བརྒྱུད་ནས་འཇུག་པ་དང་། མཛོད་ཀྱི་འགྲེལ་བཤད་མཚན་ཉིད་རྗེས་འབྲང་སོགས་ལས་མའི་མངལ་གྱི་སྒོ་ནས་འཇུག་པའི་བཤད་ཚུལ་ཀུན་བཏུས་པོད་དང་པོར་བཀོད་ཡོད།


            བར་དོ་བ་དེ་རི་བྲག་དང་རྩིག་པ་སོགས་ལ་ཐོགས་པ་མེད་པས་འཇུག་པའི་སྒོ་ལ་བུ་ག་ངེས་པར་མི་དགོས་པ་ནི། བུ་ག་དང་གས་སྲུབས་གཏན་ནས་མེད་པའི་རྡོ་ཕ་བོང་གཤགས་པའི་ནང་ནས་སྲོག་ཆགས་སྡོམ་དང་སྦལ་པ་སོགས་འབྱུང་བ་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་བཞིན་ཡིན་པར་བཤད།


            མངལ་དུ་ཞུགས་པ་དེ་ཕོ་མོ་མ་ནིང་དུ་འགྱུར་ཚུལ་སྨན་གཞུང་སོགས་ནས་བཤད་ཚུལ་མི་འདྲ་བ་ཞིག་ཀྱང་འབྱུང་སྟེ། སློབ་དཔོན་ཕ་ཁོལ་གྱི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་ལྟར་ན།9 ཕ་མ་གཉིས་ཉལ་པོ་བྱེད་པའི་ཚེ་ཕ་མ་གཉིས་ཀྱི་ཁུ་ཁྲག་དཀར་དམར་གྱི་ཐིགས་པ་ཐ་མའི་ཚེ་ཕའི་ཁུ་བ་མང་ན་ཕོར་འགྱུར་བ་དང་། མའི་ཁྲག་མང་ན་མོར་འགྱུར་བ་དང་། ཁུ་ཁྲག་གཉིས་ཆ་མཉམ་ན་མ་ནིང་དུ་འགྱུར་བ་དང་། ཡང་ཕ་མའི་ཁུ་ཁྲག་དཀར་དམར་གཉིས་རླུང་གིས་སོ་སོར་ཕྱེ་བའི་ཚེ། ཕའི་ཁུ་བ་ཤས་ཆེ་ན་བུ་དང་མའི་ཁྲག་ཤས་ཆེ་ན་མོ་དང་ཁུ་ཁྲག་གཉིས་ཆ་མཉམ་ན་བུ་མཚེ་མའམ་བུ་མོ་མཚེ་མར་འགྱུར་བ་དང་། རྐྱེན་གཞན་གྱི་དབང་གིས་གཞན་དུ་འགྱུར་བ་ཡང་སྲིད་པས་ངེས་པ་མེད་པར་བཤད་དོ།།


            ཡང་གསང་སྔགས་ཀྱི་གཞུང་རྒྱུད་སྡོམ་འབྱུང་ལས་ཕའི་ཁུ་བའི་ཐིགས་པ་ཐ་མ་མའི་མངལ་དུ་ལྷུངས་པའི་ཚེ་ཕ་མ་གཉིས་ཀྱི་ཁུ་ཁྲག་དཀར་དམར་འདུས་པའི་གཡས་ནས་རླུང་རྒྱུ་ན་བུར་འགྱུར་བ་དང་། གཡོན་ནས་རླུང་རྒྱུ་ན་བུ་མོར་འགྱུར་བ་དང་། དབུས་ནས་རྒྱུ་ན་མ་ནིང་དུ་འགྱུར་བར་ཡང་བཤད་ལ།10 འདི་ཡང་རྐྱེན་གཞན་གྱི་དབང་གིས་གཞན་དུ་འགྱུར་བ་ཡང་སྲིད་པས་ངེས་པ་མེད་དོ།།


 1 ནང་པའི་གྲུབ་མཐའ་གནས་བརྟན་སྡེ་པ་ལྟ་བུ་རེ་གཉིས་ཀྱིས་བར་དོའི་སྲིད་པ་མི་བཞེད་པའང་བྱུང་སྟེ།

དཔེར་ན་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་དུ། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །ཞེས་བར་དོ་སྒྲུབ་པའི་རིགས་པ་བཀོད་པ་ལས་རྟོགས་ནུས། སྡེ་དགེ བསྟན། མངོན་པ། ཀུ གནས་གསུམ་པ། ཤླཽཀ ༡༠ ཤོག ༧ -ན། དཔེ་བསྡུར་མ། དེབ། ༧༩ ཤོག ༡༦

2 སྡེ་དགེ བསྟན། མངོན་པ། ཨི། ཚིགས་བཅོ་ལྔ་པ། ཤོག ༡༥༩ བ། དཔེ་བསྡུར་མ། དེབ། ༧༨ ཤོག ༡༠༣༠

3 སྡེ་དགེ བཀའ། དཀོན་བརྩེགས། ག བམ་པོ་དང་པོ། ཤོག ༢༣༨ ན། དཔེ་བསྡུར་མ། དེབ། ༤༡ ཤོག ༧༤༠

4 སྡེ་དགེ བཀའ། འདུལ་བ། ཆ། བམ་པོ་ཉེར་བརྒྱད་པ། ཤོག ༨༣ - བ། དཔེ་བསྡུར་མ། དེབ། ༦ ཤོག ༡༩༥

5 སྡེ་དགེ བསྟན། མངོན་པ། ཀུ གནས་བཞི་པ། ཤོག ༢༡༢ དཔེ་བསྡུར་མ། དེབ། ༤༡ ཤོག ༦༥༡

6 སྡེ་དགེ བཀའ། མདོ་སྡེ། ཤོག ༢༡༢ ན། དཔེ་བསྡུར་མ། དེབ། ༤༡ ཤོག ༦༥༡

7 སྡེ་དགེ བསྟན། སེམས་ཙམ། ཚི། ཡིད་ཀྱི་ས། ཤོག ༡༡ བ། དཔེ་བསྡུར་མ། དེབ། ༧༢ ཤོག ༦༩༥

8 སྡེ་དགེ བཀའ། དཀོན་བརྩེགས། ག བམ་པོ་དང་་པོ། ཤོག ༢༤༣ ན། དཔེར་བསྡུར་མ། དེབ། ༤༡ ཤོག ༧༥༣

9 སྡེ་དགེ བསྟན། གསོ་རིག ཧེ། ལུས་ཀྱི་གནས་ཀྱི་ལེའུ་དང་པོ། ཤླཽཀ ༥-༦ ཤོག ༡༠༦ བ། དཔེ་བསྡུར་མ། དེབ། ༡༡༡ ཤོག ༢༩༤

10 རྒྱུད་སྡོམ་འབྱུང་། སྡེ་དགེ བཀའ། རྒྱུད། ཁ། རིམ་པར་དབྱེ་བ་གཉིས་པ། ཤླཽཀ ༢༧-༢༨ ཤོག ༢༦༦ བ། དཔེ་བསྡུར་མ། དེབ། ༧༨ ཤོག ༧༧༨


- སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་བཀའ་ཁྱབ་ལམ་སྟོན་འོག་ཀུན་བཏུས་རྩོམ་སྒྲིག་ཚོགས་ཆུང་ནས་རྩོམ་སྒྲིག་ཞུས་པ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། པོད་འབྲིང་བའི་སྟོད་ཆ། ཀུན་བཏུས་པོད། ༥ པ་ནས་ཟུར་འདོན་ཞུས།


ཀུན་བཏུས་པོད་ལྔ་པའི་འབྲེལ་ཡོད་རྩོམ་གཞུང་གཞན།

ནང་པའི་སྨན་གཞུང་ནས་བྱུང་བའི་ཀླད་པའི་རྣམ་གཞག

དུས་འཁོར་རྒྱུད་དང་སྨན་གཞུང་ལས་མངལ་ཆགས་རིམ་སྐོར།

མདོ་སྡེ་ལས་མངལ་དུ་ལུས་ཀྱི་ཆགས་རིམ་གསུངས་ཚུལ།

ལུས་སེམས་ཀྱི་འབྲེལ་བའི་ཚུལ་ལ་དཔྱད་པ།


ཀུན་བཏུས་པོད་དང་པོའི་རྩོམ་ཡིག་གཞན།

  1. ནང་པའི་ཚན་རིག་ལས་མངལ་དུ་ལུས་ཆགས་རིམ་གྱི་སྐོར།
  2. ནང་པའི་ཚན་རིག་ལས་ཕྲ་བའི་ལུས་རྩ་རླུང་ཐིག་ལེའི་རྣམ་གཞག
  3. ནང་པའི་སྨན་གཞུང་ལས་ཀླད་པའི་རྣམ་གཞག
  4. ལུས་སེམས་ཀྱི་འབྲེལ་བའི་ཚུལ་ལ་དཔྱད་པ།

 

 

 

མཐའ་མའི་འདོན་ཐེངས་།: 22.09.2016 ཉིན། 4:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།