སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ།

སྐར་རྩིས་བགྱིད་སྒོ་ཁག་གི་ངོ་སྤྲོད།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 08.04.2016
སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྟོད་ཆ། >>

 

སྐར་རྩིས་བགྱིད་སྒོ་ཁག་གི་ངོ་སྤྲོད་མདོར་བསྡུས།

 

གོ་ལའི་དཔེ་རིས།

བོད་ཀྱི་ཐུན་མོང་མ་ཡིན་པའི་དུས་འཁོར་ལུགས་ཀྱི་རྩིས་རིག་པའི་གནམ་སའི་གོ་ལའི་དཔེ་རིས་འདིས་གནམ་གྱི་རྒྱུ་སྐར་ཆགས་སྟངས་དང་ཉི་ཟླའི་བགྲོད་ཚུལ། དེ་ལ་བརྟེན་ནས་ས་ལ་དུས་བཞི་འཁོར་ཚུལ་སོགས་ཀྱི་གནས་ལུགས་རྣམས་གསལ་ཡོད།

 

དེ་ཡང་སྣོད་ཀྱི་འཇིག་རྟེན་སྟོང་བར་གནས་པའི་ཚེ་ས་ཆུ་མེ་རླུང་ནམ་མཁའ་ཁམས་ལྔའི་རྡུལ་ཕྲ་རབ་སིལ་བུར་གནས་པ་མིག་ལ་སོགས་པའི་དབང་བོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་སྟོང་པའི་རྡུལ་རྣམས་ནམ་མཁའ་སྟོང་བ་ལ་སོ་སོར་གནས་པ་ལས། འཇིག་རྟེན་ཆགས་པའི་སེམས་ཅན་སྤྱི་མཐུན་གྱི་ལས་ཀྱི་ནུས་པ་སྨིན་པའི་དུས་ཀྱི་དབང་གིས་དང་པོ་རླུང་རྡུལ་ཕྲ་རབ་རྣམས་ཕན་ཚུན་འདབ་འབྱར་དུ་གྱུར་པ་ལས་ཡང་ཞིང་གཡོ་བའི་རླུང་དཀྱིལ་སྒྲ་རེག་གི་ཡོན་ཏན་གཉིས་དང་ལྡན་པ། དེ་དང་མེ་རྡུལ་ཕྲ་རབ་རྣམས་འདབ་འབྱར་དུ་གྱུར་པ་ལས་གློག་གི་རང་བཞིན་མེའི་དཀྱིལ་འཁོར་སྒྲ་རེག་གཟུགས་ཀྱི་ཡོན་ཏན་གསུམ་དང་ལྡན་པ། དེ་དང་ཆུ་རྡུལ་འབྱར་བ་ཕྲད་ནས་འཆར་བ་སྟེ་ཆུའི་དཀྱིལ་འཁོར་སྒྲ་རེག་གཟུགས་རོ་ཡི་ཡོན་ཏན་བཞི་དང་ལྡན་པ། དེ་དང་ས་རྡུལ་ཕྲ་རབ་འབྱར་བ་ཕྲད་པས་འཇའ་ཚོན་གྱི་རྣམ་པ་ལྟ་བུའི་སའི་དཀྱིལ་འཁོར་ཡོན་ཏན་ལྔ་དང་ལྡན་པའོ། །ནམ་མཁའི་ཁམས་ནི་ཁམས་གཞན་བཞི་པོ་ཐམས་ཅད་ལ་ཁྱབ་བྱེད་དུ་གནས་པ་ཡིནནོ། །དེ་ནས་དཀྱིལ་འཁོར་བཞི་ཆགས་པའི་རྗེས་སུ་སའི་དཀྱིལ་འཁོར་གྱི་དབུས་ན་རིའི་རྒྱལ་བོ་རི་རབ་དང་།  རི་རབ་ཀྱི་འགྲམས་སྟེགས་ནས་རིམ་པ་བཞིན་རི་བདུན་དང་མཚོ་བདུན་གླིང་བདུན་བཅས་ནི་ལོངས་སྤྱོད་ས་བ་ཡིན་ཞིང་།  དེ་དག་ལ་གླིང་དྲུག་ཡོད་པའི་མཐར་གླིང་བདུན་པ་འཛམ་གླིང་ལས་ཀྱི་ས་ཞེས་བྱ་བ་དུམ་བཅུ་གཉིས་སུ་ཕྱེ་བས་ཤར་དུ་ལུས་འཕགས་ཀྱི་གླིང་གསུམ་དང་། ལྷོ་འཛམ་བུ་གླིང་།  ནུབ་བ་ལང་སྤྱོད་ཀྱི་གླིང་།  བྱང་སྒྲ་མི་སྙན་གྱི་གླིང་བཅས་ཡོད། དེ་ནས་ནང་བཅུད་ཀྱི་སེམས་ཅན་སྤྱིའི་རྣམ་གཞག་བཤད་པ་དང་སྐར་ཁྱིམ་རྣམས་དང་གཟའ་རྣམས་བྱུང་ཚུལ་བཤད་པའི་རྗེས་དེ་རྣམས་ནམ་མཁའ་ལ་འཁོར་ཚུལ་བཤད་པ་བཅས་ཡོད་དོ།།

 

འབྱུང་རྩིས་ཀྱི་གབ་རྩེ་དང་པོ།

སྤྱིར་གབ་རྩེའི་དོན་ནི་ལས་དང་བསོད་ནམས་སྲོག་ལུས་ལ་གབ་པའམ་གནས་པ་དེ་དག་རྟོགས་པའི་རྩེ་ཡིན་པས་ན་གབ་རྩེ་ཞེས་སུ་གྲགས། གབ་རྩེ་དེ་དག་བསྡུས་ན་སྐུ་གསུང་ཐུགས་གསུམ་ལ་བསྡུས་པ་དང་། དེ་ཡང་ཇི་ལྟར་སྣང་བ་འབྱུང་བ་ནི། གཟུགས་དང་ཁ་དོག་དབྱིབས། འདི་ནི་སྐུ་ཡི་གབ་རྩེ་དང་།  འཇམ་དཔལ་ཞལ་ནས་གསུངས་པའི་གཙུག་ལག་རྩིས་ཀྱི་རྒྱུད་ནི་གསུང་གི་གབ་རྩེ་དང་། དེ་རྣམས་སེམས་ལ་ཤར་བ་ནི་ཐུགས་ཀྱི་གབ་རྩེའོ།།  དེ་ནང་ལོ་རྒན་དྲུག་ཅུའི་རེའུ་མིག་དང་། སྲོག་ལུས་དབང་ཀླུང་། སྨེ་ཕྲེང་གོང་འོག་བར་གསུམ། ཚེ་རྩིས་ཁོངས་སུ་གཅེས་རྡེལ་བཞི་སོགས་དང་། བརྒྱ་ཕྲག་ཁ་དམར། དེ་བཞིན་དར་གུད་རྡེལ་ཉེར་ལྔ་བཅས་པས་མི་ཚེ་གཅིག་གི་བདེ་སྡུག་བརྟག་པ་དང་། ཀེག་རྩིས་ཁོངས་སུ་རྡེལ་ཞེ་བདུན་མ་དང་བཅུ་གསུམ་འཁོར་ཞག་གིས་ལོ་གཅིག་གི་བདེ་སྡུག་བརྟག་པ། རྒྱ་བོད་སྐོར་འགོ་སུམ་ཅུས་སྐོར་འགོ་དེ་དག་གི་སྟེང་ནས་མིའི་བདེ་སྡུག་བརྟག་པར་བྱ་བ་ཡིན། ནད་རྩིས་ལས་ཐང་ཤིང་གི་རྩིས་འགོ་རྣམ་པ་བཅུ་དྲུག་གིས་ནད་པའི་བདེ་སྡུག་བརྟག་པ་ཡིན། གཤིན་རྩིས་ལས་གསོན་ཁོག་གཤིན་དབྱུང་དང་། གཤིན་གྱི་ཁོག་ནས་གསོན་འདོན་པ། གཤིན་གྱི་དུར་ཤིད་བརྟག་པ་བཅས་རྣམས་གསལ་ཡོད།

 

འབྱུང་རྩིས་ཀྱི་གབ་རྩེ་བསྡུས་པ།

འབྱུང་རྩིས་ཀྱི་གབ་རྩེ་བསྡུས་པ་འདིར། ཀེག་རྩིས་རྡེའུ་ཞེ་བདུན་མ་དང་། བཅུ་གསུམ་འཁོར་ཞག་གཉིས་ཡོད་པ་གཙོ་བོ་མི་གཅིག་གི་ལོ་གཅིག་གི་བདེ་སྡུག་བརྟག་ཆེད་དང་། རྒྱ་ནག་རྡེལ་སྐོར་ནི་ཁྱིམ་ཚང་གཅིག་གི་བདེ་སྡུག་བརྟག་ཆེད་ཡིན། ནད་པའི་ཆེད་ནད་རྩིས་ཐང་ཤིང་གི་རྩིས་འགོ་རྣམ་པ་བཅུ་དྲུག་དང་། སྤར་ཁའི་བཟང་བཞི་ངན་བཞིའི་དབྱེ་བ་བཅས་ཀྱང་གསལ་ཡོད།

 

སྐྱེ་བརྟག་འཁོར་ལོ།

ལུས་ཅན་རྣམས་སྐྱེས་པའི་གནས་སྐབས་ལ་བརྟེན་ནས་ཚེ་འདིར་དགེ་མི་དགེ་ཇི་འབྱུང་བརྟག་ཕྱིར་སྐྱེ་བརྟག་འཁོར་ལོ་འདི་བཤད་པ་ཡིན། དེ་ཡང་གང་བརྩི་ལུས་ཅན་དེའི་སྐྱེས་ཉིན་གྱི་ཉི་སྐར་གང་ཡིན་དེ་སྤྱི་བོའི་སྟེང་དུ་བཀོད་དེ་རེས་འགྲོགས་ཟླ་སྐར་གར་སླེབས་བརྟག་དགོས། དེ་ཡང་རྐང་པ་ལ་སྐྱེས་ཚེ་ཐུང་འགྱུར།། པུས་མོ་ལ་སྐྱེས་བྱེས་འཁྱམས་ཤིང་།། གསང་བ་ལ་སྐྱེས་འཁྲིག་པས་བརླག། ལྟེ་བར་སྐྱེས་པ་དབུལ་པོར་འགྱུར།། སྙིང་ག་ལ་སྐྱེས་ལོངས་སྤྱོད་ལྡན།། ལག་པར་སྐྱེས་པ་རྐུན་པོར་འགྱུར།། མཁྲིག་མར་སྐྱེས་པ་སྡུག་བསྔལ་ཅན།། དཔུང་མགོ་ལ་སྐྱེས་ཁུར་པོ་བ།། ཁ་ལ་སྐྱེས་པ་ཆོས་དང་ལྡན།། སྤྱི་བོའི་སྐར་མ་ལ་སྐྱེས་པ།། རྒྱལ་བོར་འགྱུར་བར་ཐེ་ཚོམ་མེད།། བཅས་གསལ་ཡོད།

 

 བུམ་སྟོང་འཁོར་ལོ།

འཁོར་ལོ་འདིས་འགྲོ་འདུག་སྤྱི་དང་། ཁྱད་པར་གྲལ་སར་ཁའི་ལྟ་ཕྱོགས། དེ་བཞིན་ལྟད་མོ་ལ་སོགས་པའི་དགེ་མི་དགེ་ཤེས་པར་བྱེད་པ་ཡིན། དེ་ཡང་ལུག་སེང་གཞུ་རྣམས་ཤར་གྱི་བུམ་པར་གནས་པ་དང་། གླང་དང་བུ་མོ་ཆུ་སྲིན་རྣམས་ལྷོའི་བུམ་པར་གནས། ནུབ་ཀྱི་བུམ་པར་འཁྲིག་དང་སྲང་དང་བུམ་པ་གནས། བྱང་གི་བུམ་པར་ཀརྐ་ཊ་དང་སྡིག་ཉ་གནས། དེ་ཡང་ཁྱིམ་གང་ཉི་མ་གནས་པའི་ཕྱོགས་དེར་སྟོང་པའི་བུམ་པ་ཞེས་འགྲོ་འདུག་ལ་སོགས་སྤང་དགོས་པ་ཡིན། གཞན་གསུམ་གང་བའི་ཕྱོགས་དེར་གང་བའི་བུམ་པ་ཞེས་ལས་དོན་གཉེར་ན་མི་མཐུན་ཕྱོགས་ལས་རྒྱལ་ཞིང་ཤིས་པ་ཡིན་ཞེས་བརྗོད་དོ།།

 

ས་བདག་ལྟོ་འཕྱེའི་འཁོར་ལོ།

ས་བདག་ལྟོ་འཕྱེའི་འཁོར་ལོ་འདི་ནི། དགེ་འདུན་སྡེ་དང་གཙུག་ལག་ཁང་རྩིག་པ། དེ་བཞིན་མཆོད་རྟེན་དང་རྒྱལ་པོའི་ཕོ་བྲང་བཞེངས་པ་དང་།  གྲོང་ཁྱེར་ཁྱིམ་དང་ལྡུམ་ར་ལ་སོགས་པ་གསར་དུ་བཞེངས་པའི་སྐབས་སུ་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་ཐམས་ཅད་ཞི་བར་བྱེད་པ་ལ་ལྟོ་འཕྱེའི་འཁོར་ལོ་འདི་བརྟག་དགོས་པ་གལ་དུ་ཆེ། ལྟོ་འཕྱེ་འདི་ཡང་གདེངས་ཀ་དང་ལྡན་ལུས་སྟོད་མི་ལ་ལུས་སྨད་ལྟོ་འཕྱེའི་གཟུགས། ལག་གཡོན་རྣ་བ་གཡོན་ལ་བཀབ་ཅིང་གཡས་པས་རིན་ཆེན་ཐོགས་ཤིང་དཀུར་བཀབ། དེ་ཡང་གང་རྩིའི་ཁྱིམ་ནས་བཟུང་སྟེ་གཡས་སྐོར་དུ་ཞག་རེ་ལ་ཆ་ཆུང་རེ་བགྲངས་ནས་ལྟོ་འཕྱེའི་མཆན་མདུན་གྱི་ཕྱོགས་དེར་དངོས་གྲུབ་ཀྱི་ས་ཞེས་དེ་ནས་ཐོག་མར་ས་བརྐོ་བ་དང་། ལྟོ་འཕྱེའི་ལུས་ཀྱི་ཀླུ་བརྒྱད་ལ་ངེས་པར་དུ་འཛེམས་དགོས་པའོ།།


སྒྲ་གཅན་རཱ་ཧུ་ལའི་འཁོར་ལོ།

སྒྲ་གཅན་གྱི་འཁོར་ལོ་འདི་བཞིན་གཡུལ་དུ་འཇུག་པའི་ཚེ་ཕ་རོལ་དགྲ་རྣམས་འཇོམས་པར་བྱེད་པའི་ཆེད། དབང་ཕྱུག་ཆེན་པོས་གསུངས་པ་ཞིག་དང་། སྒྲ་གཅན་ཐེབས་ཕྱོགས་དང་བསྟུན་གཡུལ་དུ་ཞུགས་ཚེ་ཕ་རོལ་དགྲ་བོ་འཆི་རྨས་འགྱུར་བ་སོགས་གསུངས་ཀྱང་། འདི་ག་རྩིས་རིག་སྡེ་ཚན་ནས་འཁོར་ལོ་འདིས་གཙོ་བོ་སྦྱིན་སྲེག་དང་ཟོར་འཕེན། དེ་བཞིན་གཡང་སྡེམ་བཅས་ཀྱི་དུས་ཚོད་དང་སྐབས་དེའི་སློབ་དཔོན་ཞལ་ཕྱོགས་བཅས་འཁོར་ལོ་འདི་ནས་ཞིབ་བལྟ་ཞུ་བཞིན་ཡོད།

 

ལོ་ཐོ་རྒྱས་པ།

ལོ་ཐོ་ནི་བོད་ཀྱི་བཅུ་ཕྲག་རིག་པའི་གནས་ཀྱི་ཡ་གྱལ་སྐར་ནག་རྩིས་ཀྱི་རིག་པའི་གནས་ལ་བརྟེན་ནས་ཉི་ཟླ་གཟའ་སྐར་གྱི་རྒྱུ་འགྲོས་གསལ་རྟོགས་ཀྱིས་ནམ་ཟླ་དུས་བཞིའི་འགྱུར་ཚུལ། ལོ་འཁོར་མའི་ནང་གནམ་གཤིས་དང་ཆར་ཆུའི་བཟང་ངན། སོ་ནམ་འདེབས་ཚོད། འབྲོག་པའི་སྐྱས་སྤོ་སོགས་ལ་མེད་དུ་མི་རུང་བའི་ལག་ཆ་ཞིག་ཏུ་གྱུར་ཡོད། དེའི་ནང་དོན་ཐོག་མར་རྩོམ་པའི་ཡན་ལག་རྣམས་སྔོན་དུ་སོང་ནས། དངོས་གཞིར་འདས་ལོ་བརྟག་པའི་བསྟན་རྩིས། དེ་ནས་རྒྱ་གར་ནས་ལོ་འདིའི་བྱེད་གྲུབ་གཉིས་ཀྱི་ལོ་བདག་གཟའ་དང་སྐར་མའི་འབྲས་བུ། དེ་བཞིན་གཟའ་ལྔའི་འབྲས་བུ་སོགས་ལ་བརྟེན་པའི་ལོ་འཁོར་མའི་བདེ་སྡུག་འབྲས་བུ། དེ་ནས་དབྱངས་འཆར་ལས་ཡུལ་སྡེ་སོ་སོའི་བཟང་ངན་དང་རྒྱལ་བོའི་བདེ་སྡུག་སོགས། དེ་ནས་རྒྱ་ནག་གླང་རྩིས་། སོ་ནམ་འཁོར་ལོ། གཞན་ཡང་ལོ་འདིའི་ནང་གི་ཀེག་རྩིས་རྡེལ་ཁྲ་དང་འབྲས་བུ། ཉི་འཛིན་ཟླ་འཛིན། གནམ་ལོའི་ཕྱོགས་གཙང་། སྨེ་འཁོར་སོགས་དང་། དངོས་གཞི་སྐར་རྩིས་ཀྱི་ལོ་ཐོའི་ལག་ལེན་ལ་མཁོ་བ་བྱེད་པ་དང་གྲུབ་པའི་ཚེས་ཞག་ལྔ་བསྡུས་དང་།  ཉིན་ཞག་གཟའ་ལྔའི་སྤྱི་ནོར་ཁག་དང་། དེ་ནས་ཟླ་བཤད་ནང་དབུགས་སྒང་ཁྱིམ་སོགས་དུས་ཀྱི་གཟེར་ཆེན་དང་། ཉིན་ཚད་དང་མཚན་ཚད། དུས་ཆེན་ཁག བུམ་སྟོང་། དེ་ནས་ཉིན་རེའི་ཚེས་ཁོངས་ནང་གཟའ་དང་སྐར་མ། འབྱུང་འཕྲོད། འཕྲོད་ཆེན། སྦྱོར་བ། རྟེན་འབྲེལ། སྲེག་ཚེས། བི་ཊི་རྒྱུ་དུས་དང་ཕྱོགས། འབྱུང་རྩིས་ཀྱི་ཉི་མ་སྤར་སྨེ། ཞག་གི་ས་བདག གནམ་སྒོ། རྒྱ་རྩིས་ཀྱི་ཉིན་ཁམས་སྤར་སྨེ། དབྱར་དགུན་ཉི་ལྡོག རི་ཥི་ཕག་ཞག སྟོན་མཉམ་དཔྱིད་མཉམ་བཅས་གསལ་ཡོད།

 
ལོ་ཐོ་བསྡུས་པ།

ལོ་ཐོ་བསྡུས་པ་འདི་བཞིན་དེང་དུས་དང་འཚམས་པའི་མི་མང་ལ་འཁྱེར་བདེ་དང་སྤྱོད་བདེ་ཡོང་ཕྱིར་དམིགས་ཏེ་བསྐྲུན་པ་ཞིག་དང་། ནང་དོན་ལ་གཞིགས་ན་གཙོ་བོ་ལོ་གཅིག་གི་དུས་ཡུན་ནང་གནམ་གཤིས་ཀྱི་འགྱུར་ལྡོག་དང་རང་བྱུང་གནོད་འཚེ་ཇི་འབྱུང་སྐོར་སྤྱི་དང་། བྱེ་བྲག་ཟླ་བ་སོ་སོའི་གནམ་གཤིས་སྔོན་བརྡ་དང་རང་བྱུང་གནོད་འཚེ། བུམ་སྟོང་གི་ཁ་ཕྱོགས། དུས་ཆེན་ཁག བྱེ་བྲག་བབས་ཚེས་དང་། ཚེས་ཁོངས་སོ་སོའི་ནང་བོད་ཚེས་དང་ཕྱི་ཚེས། འབྱུང་འཕྲོད། གནམ་སྒོ གསོ་སྦྱོང་། འགྲུབ་སྦྱོར། སྲེག་ཚེས། དབྱར་དགུན་ཉི་ལྡོག རི་ཥི་ཕག་ཞག སྟོན་མཉམ་དུས་རྩ་རྒྱུ་ཚུལ། ཞག་ངན། ཉི་ནག དབུལ་ལག ཡན་ཀྭོང་། ཀླུ་ཐེབས་བཅས་གསལ་ཡོད།

 

ལོ་ཐོ་ཤོག་རྐྱང་མ།

ལོ་ཐོ་ཤོག་རྐྱང་མ་འདི་ནི་བོད་ཟླ་དང་པོ་ལོ་འགོར་བཏོན་པའི་ལོ་ཐོ་བསྡུས་ཤོས་ཤིག་དང་། དེར་བོད་ཟླ་བོད་ཚེས་དང་ཕྱི་ཟླ་ཕྱི་ཚེས་ཤན་སྦྱར་དུ་བཀོད་ཐོག ལ དབུལ་ལག ཞ ཞག་ངན། ཉ ཉི་ནག ཡན་ཀྭོང་། ས གསོ་སྦྱོང་དང་ཉ་སྟོང་གཉིས་མཚོན་ཕྱིར་ཚེས་སོ་སོའི་ནང་རྟགས་OOདང་།  བཅས་འཁོད་ཡོད། ཚེས་ལ་དམར་རྟགས་འཁོད་པ་རྣམས་ཀྱིས་རེས་གཟའ་ཉི་མ་དང་། སྤེན་པ་གཉིས་པ། སྤེན་པ་བཞི་བ། གཞུང་འབྲེལ་དུས་ཆེན་བཅས་གང་རུང་ཁེལ་བ་མཚོན་གྱི་ཡོད།

 

ས་གཞོང་དང་ལྕགས་སྨྱུག

ས་གཞོང་དང་ལྕགས་སྨྱུག་ཞེས་པ་བརྩི་བྱེད་འདི་ནི་སྐར་རྩིས་ཀྱི་གཞུང་ལུགས་ནམ་དར་བ་ནས་བཟུང་དེ་ཡང་དུས་དེ་ཙམ་ནས་དར་བ་ཡིན་ཞིང་།  དེ་ཡང་ས་རིས་འབྲི་གཞི་ས་གཞོང་ནི་རྒྱུ་ཆ་ཙནྡན་དང་སེང་ལྡེང་སོགས་ཀྱི་ཤིང་ལེབ་ངོས་སྙོམས་བྱད་དབྱིབས་སུ་ཆུང་མཐའ་དཀྱུས་སུ་རང་ཁྲུ་གང་དང་ཞེང་དུ་རང་ཁྲུ་ཕྱེད་ཡན་མཐའ་འཁོར་སོར་ཕྱེད་ཙམ་གྱི་རྭ་སྐྱོར་ཡོད་པ་དགོས་པ་དང་བྲི་བྱེད་ལྕགས་སྨྱུག་གི་རྩེ་མོ་ཅུང་རྣོ་ལ་རིང་ཚད་སོར་བཅུ་དང་བཅུ་གཉིས་ཀྱི་བདག་ཉིད་ཅན་རྒྱུ་ཆ་གསེར་དང་ཟངས་སོགས་ལས་བྱས་ཀྱང་ཆོག་ལ་ཕལ་ཆེར་ལྕགས་ལས་བྱས་པ་མང་། དེ་ནས་དེའི་མཚོན་དོན་ནི་མཐའི་ཡུ་བ་ནས་རིམ་བཞིན་འབྱུང་བ་རླུང་མེ་ཆུ་གསུམ་གྱིས་དཀྱིལ་འཁོར་མཚོན་པར་བྱས་ཤིང་། ངོས་གཞི་རི་མོ་འབྲི་གཞིའི་ས་གཞོང་གིས་ནི་ས་རྡུལ་གྱི་ཁམས་ཆེན་པོ་འཛམ་གླིང་ས་ཡི་དཀྱིལ་འཁོར་ཉིད་མཚོན་པ་ཡིན་ནོ།།

 

བྲི་བྱེད་ལྕགས་སྨྱུག་གི་ཆ་ཚད་སོར་བཅུ་བྱས་པས་རྒྱུ་མཚན་ཉིད་ཐེག་པའི་ལུགས་ཀྱི་ས་བཅུ་མཚོན་པ་དང་། སོར་བཅུ་གཉིས་པོས་ནི་དུས་འཁོར་ལུགས་ཀྱི་ས་བཅུ་གཉིས་པའི་གྲངས་མཚོན་པར་བྱས་ཡོད། ས་གཞོང་གི་མཚོན་བྱེད་འདི་ནི་ཨེ་པ་བསོད་ནམས་རིན་ཆེན་གྱི་དཔེ་དེབ་བོད་ཀྱི་སྲོལ་རྒྱུན་རྩིས་རིག་གི་ཤེས་བྱ་ཞེས་བྱ་བ་ལས་མཁོ་འདོན་བྱས་པའོ།།


ཐུར་མ། ༼དུས་ཚོད་སྔ་ཕྱི་འཇལ་བྱེད་ཤིང་དབྱུག་སོར་ཚད་ཅན་ཞིག༽

ཐུར་མ་ནི་སྔ་མོའི་དུས་སུ་དུས་ཚོད་འཇལ་བྱེད་ཀྱི་ཆ་སྤྱད་ཅིག་ཡིན་ལ་དེའི་གྲིབ་མ་ལ་བརྟག་ནས་དུས་ཚོད་ངོས་འཛིན་གྱིན་ཡོད། དེ་ཡང་ཕྲ་བའི་དུས་སྦྱོར་བརྩི་སྐབས་ཐུར་མའི་རང་གྲིབ་བདུན་དང་བཙུགས་པའི་གྲིབ་མ་བསྣན་པ་དེས་བགོས་པས་ཐོབ་པ་ཆུ་ཚོད་དུ་བཤད་ནས་ཏྐཱལ་ངོས་བཟུང་ནས་གནས་མལ་བཅུ་གཉིས་སོགས་བརྩི་བ་ཡིན། ཐུར་ཤིང་ལ་ཆ་བདུན་དུ་བྱེད་པ་ནི་ཁྱིམ་བཅུ་གཉིས་ཉིན་གཅིག་གི་དབང་དུ་གྲིབ་མ་འཕེལ་བ་དྲུག་དང་འགྲིབ་པ་དྲུག་རྩ་བའི་གྲིབ་མ་གཅིག་བཅས་བདུན། དེ་ཡང་ཉི་མ་ལྷོ་བགྲོས་ཀྱི་ཁྱིམ་དྲུག་རྣམས་ལ་ལྷོ་ཕྱོགས་སུ་ཉི་མ་རིང་དུ་སོང་བས་གྲིབ་མ་འཕེལ་བ་དང་། བྱང་བགྲོད་ཁྱིམ་དྲུག་རྣམས་ལ་བྱང་ཕྱོགས་སུ་ཉེར་སོང་བས་གྲིབ་མ་བྲི་བར་འདོད་ལ། ཐུར་ཤིང་གི་ཆེ་ཆུང་ལ་ཚད་ངེས་ཅན་མེད་པས་ཅི་འདོད་བཞིན་ཡོད་ཆོག་ཀྱང་ཆ་བདུན་གྱི་ཚད་རྣམས་མཉམ་པར་དགོས་པ་གནད།


སྲུང་འཁོར་བསྐྱེད་པ་བཞི་ལྡན།

འཇམ་དབྱངས་གསེར་འཁོར་རང་བསྐྱེད་པ་བཞི་ལྡན་སྲུང་འཁོར་འདིས་ནད་སོགས་མི་མཐུན་འཚེ་བ་དང་བགེགས་བར་ཆད་ཐམས་ཅད་ཞི་ནུས་པའི་དམིགས་བསལ་ཕན་ནུས་ལ་བརྟེན། གང་ཟག་གི་ལུས་ལ་བཅིང་བའམ། ཁྱིམ་གྱི་སྒོ། སྣུམ་འཁོར། སྦག་སྦག་བཅས་ལ་བཏགས་པས་ཆོག


དམིགས་བསལ་སྲུང་འཁོར།

འཇམ་དབྱངས་ཀྱི་དམིགས་བསལ་སྲུང་འཁོར་འདི་བཞིན་གང་ཟག་གི་དགོས་མཁོ་དང་བསྟུན་སོ་སོའི་སྐྱེས་ལོ་ཟླ་ཚེས་ལ་གཞི་བཅོལ་ཏེ་བཟོ་སྐྲུན་ཞུ་བཞིན་ཡོད། དེ་ཡང་སྲོག་ལུས་དབང་ཀླུང་ཉམས་པའམ་མི་མཐུན་པ་གསོ་ཕྱིར་དང་།  དེ་བཞིན་དུ་རང་ཀེག བདུན་ཟུར། བཞི་གཤེད། དགུ་མིག སྨེ་བ་གཉིས་ནག་ལ་བབས་པ་བཅས་ཀྱི་ངན་དོགས་ཞི་ཕྱིར་མ་ཟད། ཉེས་པ་ཀུན་ཐུབ་ཀྱི་དམིགས་བསལ་སྲུང་འཁོར་ཡང་བཟོ་སྐྲུན་ཞུ་བཞིན་ཡོད།


སྲིད་པ་ཧོ།

སྲིད་པ་ཧོ་ནི་འབྱུང་རྩིས་སམ་ནག་རྩིས་ལུགས་ལས་གཟའ་སྐར་ས་བདག་ངན་པ་འཁེལ་བའི་སྐབས་བཅོས་ཐབས་གཙོ་བོ་ཞིག་ཡིན། འདིའི་དོན་ཡང་སྲིད་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་གོ་དགོས། སྲིད་པ་འདི་དག་ལ་དབང་ཞིང་མཐུ་ཆེ་བའི་ལྷ་སྲིན་སྡེ་བརྒྱད་རྣམས་ཕྱག་རྒྱ་འདི་དག་མཇལ་བའི་ཚེ་འཕགས་པའི་ཐུགས་རྗེའི་བྱིན་རླབས་ཀྱིས་སེམས་ཅན་ལ་འཚེ་བ་མི་བྱེད་པར་སྤོང་བ་ཡིན། དེའི་དགོས་པ་དང་ཕན་ཡོན་ནི། རྩིས་རིག་ལ་བརྟེན་པའི་གཟའ་སྐར་ས་བདག་ངན་པ་རྣམས་ཀྱི་ལས་དང་བྱ་བ་གང་ལ་ཡང་གནོད་ཅིང་འཚེ་བར་བྱེད་པ་དེ་དག་འཇམ་དཔལ་བཀའ་ཡི་བདེན་པས་སྲིད་པ་ཧོ་འདི་ཉིད་འཆང་པས་གནས་སྐབས་དེ་དག་གི་གདུག་རྩུབ་ངན་འབྲས་རྣམས་ཞི་ནས་བདེ་འབྲས་སྦྱིན་པ་དང་། བེད་སྤྱོད་ལ་རྒྱབ་ཡིག་ནང་གསལ་དཔོན་གསར་གྱི་གོ་ས་འཛིན་དུས་དང་། བླ་དཔོན་ཆེན་པོ་རྣམས་ཀྱི་གལ་ཆེའི་ཆིབས་བསྒྱུར། བག་མ་གཏོང་ལེན། ཁྱད་པར་ཕུང་བོ་གཏོང་བའི་དུས་སོགས་གལ་ཆེའི་བྱ་ལས་སྒྲུབ་པའི་སྐབས་སྲིད་པ་ཧོའི་སྐུ་ཐང་གདན་འདྲེན་ཅིང་རྒྱབ་ཡིག་དཀྱུས་གཉིས་སུ་འཁོད་པ་རྣམས་ཀློག་འདོན་བྱེད་པའོ། །དེ་ཡང་སྐུ་ཐང་གི་མདུན་ངོས་དབུས་སུ་སྲིད་པ་ཐམས་ཅད་ཀྱི་ཕྱག་རྒྱ་དངོས་གཞི་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྤྲུལ་བ་མ་ཧཱ་གསེར་གྱི་རུས་སྦལ་སྐུ་མདོག་སེར་པོ་གན་རྐྱལ་དུ་གནས་པའི་ལྟེ་བར་སྨེ་བ་གླིང་དགུ་དང་། དེའི་ཕྱིར་ལོ་འཁོར་བཅུ་གཉིས་ཀྱི་གཟུགས་རིས། དེའི་ཕྱིར་ཕྱོགས་བཞི་མཚམས་བརྒྱད་ལ་སྤར་ཁའི་ཕྱག་རྒྱ་དང་དེའི་བཟང་བཞི་ངན་བཞིའི་མཚོན་རྟགས་ལས་མེ་ལོང་གནམ་སྨན། རྡོ་རྗེ་སྲོག་འཚོ། དཔལ་བེའུ་དཔལ་བསྐྱེད། གཡུང་དྲུང་ཕྱྭ་ལོན་བཅས་བཟང་བཞི་དང་། གྲུ་གསུམ་གནོད་པ། ཟླུམ་པོ་ལྔ་འདྲེ་ལྔ། ཕུར་བུ་བདུད་གཅོད། ལུས་ཀྱི་དུམ་བུ་ལུས་ཆད་བཅས་ངན་བཞི་ཡིན།

 

མ་ཧཱ་གསེར་གྱི་རུས་སྦལ་ཆེན་པོའི་དབུའི་རྭ་གཡས་དུང་གི་རྡོ་རྗེ་ལ་ཀླུ་རྒྱལ་རིགས་ཀྱི་སྦྲུལ་དཀར་ཁྲས་དཀྲིས་པ། རྭ་གཡོན་གསེར་གྱི་རྡོ་རྗེ་ལ་ཀླུ་རྗེ་རིགས་ཀྱི་སྦྲུལ་སེར་ཁྲས་དཀྲིས་པ། ལྗགས་ཟངས་ཀྱི་རྡོ་རྗེ་ལ་ཀླུ་དམངས་རིགས་ཀྱི་སྦྲུལ་དམར་ཁྲས་དཀྲིས་པ། མཇུག་མའི་འོག་ཏུ་གཟའ་ཆེན་པོ་བརྒྱད་ཙར་རེ་གནས་པ། ཉི་མ་ཟླུམ་པོ། ཟླ་བ་ཟླུམ་ཕྱེད། མིག་དམར་མིག ལྷག་པ་ལག་པ། ཕུར་བུ་ཕུར་པ། པ་སངས་ལྕགས་ཀྱི་མདུང་རྩེ། སྤེན་པ་སྤེན་ཕྱགས། སྒྲ་གཅན་བྱ་རོག་མགོ སྨིན་མཚམས་ཀྱི་སྟེང་ཐད་དུ་འཕགས་པ་རིགས་གསུམ་མགོན་པོ་དང་། གཡས་ནས་མར་ལོ་འཁོར་བཅུ་གཉིས་ཀྱི་ཕྱག་རྒྱ་དང་། དེའི་འོག་ས་བདག་རྗེ་བློན་གྱི་ཕྱག་རྒྱ་དང་། གཡོན་ནས་མར་ས་བདག་ཀླུ་གཉན་གྱི་ཕྱག་རྒྱ་དང་། གཟའ་དང་རྒྱུ་སྐར་གྱི་ཕྱག་རྒྱ། སྲིད་པ་སྤྱིའི་ཕྱག་རྒྱ། དེའི་སྟེང་གཡས་ཀྱི་སྟེང་ཟུར་དུ་དུས་འཁོར་ཕྱི་ནང་གཞན་གསུམ་དག་པ་མཉམ་སྦྱོར་གྱི་སྐུ་གསུང་ཐུགས་ཡོངས་རྫོགས་པ་མཚོན་བྱེད་ཀྱི་ས་བོན་རྣམ་བཅུའི་དབང་ལྡན། གཡོན་ཟུར་དུ་སློབ་དཔོན་ཆེན་པོ་པདྨས་མཛད་པའི་སྨེ་བ་དགུ་ལ་བརྟེན་པའི་ངན་པ་དགུ་ཐུབ་ཀྱི་འཁོར་ལོ། འོག་གི་གཡས་ཟུར་དུ་གཙུག་ལག་སྤོར་ཐང་ལུགས་ཀྱི་སྤར་ཁ་བརྒྱད་ལ་བརྟེན་པའི་ངན་པ་ཀུན་ཐུབ་ཀྱི་འཁོར་ལོ་དང་། གཡོན་ཟུར་དུ་སྨོན་འགྲོ་པཎ་ཆེན་ལུགས་ཀྱི་སྨེ་བ་དགུ་ལ་བརྟེན་པའི་ངན་པ་ཀུན་ཐུབ་ཀྱི་འཁོར་ལོ་བཅས་སྲིད་པ་ཧོའི་ངོ་སྤྲོད་རགས་ཙམ་བཀོད་པ་ལགས་སོ།།

 

ཚེ་རྩིས་རྒྱས་པ།

ཚེ་རབས་ལས་རྩིས་རྒྱས་པ་ནི་ཚེ་གང་གི་རྐྱེན་ངན་བར་ཆད་རིགས་རྣམས་སྔོན་ཚུད་ནས་རྟོགས་ནས་དེའི་ཟློག་ཐབས་ལ་འབད་རྒྱུའིི་གོ་སྐབས་སྦྱིན་པ་ཞིག་ཡིན། དེ་ཡང་སྐྱེས་ཆེན་དམ་པ་བསམ་བཞིན་དུ་འགྲོ་བ་སེམས་ཅན་གྱི་དོན་དུ་བྱོན་པ་རྣམས་དང་། ཡང་ལོག་སྨོན་གྱི་འབྲས་བུ་སྨིན་པའི་བདུད་སྡིག་ཏོ་ཅན་མ་རུང་བ་བསམ་བཞིན་དུ་མིར་སྐྱེས་ནས་འགྲོ་བར་གནོད་འཚེ་བྱེད་པ་དག་ནི་བརྩི་བྱའི་ཡུལ་དུ་འདས། རང་རེ་བསམ་བཞིན་སྐྱེ་བ་བླངས་པ་མིན་པར་ལས་དབང་གི་སྐྱེ་བ་བླངས་པ་ཐ་མལ་བ་རྣམས་ནས་ངེས་པར་བརྩི་དགོས་ཤིང་། དེ་ཡང་གཞི་ཚེ་རབས་དུ་མ་ནས་བསགས་པའི་ལས་དགེ་མི་དགེའི་རྒྱུ་རང་དང་ལྷན་ཅིག་ཏུ་ཡོད་བཞིན་པའི་ཁར་འཕྲལ་རྐྱེན་གཟའ་སྐར་སོགས་གདུག་པ་ཅན་དག་དང་འཕྲད་དུས་མི་དགེ་བའི་རྒྱུ་ལ་མཐུན་པའི་རྐྱེན་འཕྲད་པའི་ལུས་ཅན་དག་ལ་མི་འདོད་པ་སྣ་ཚོགས་ཀྱི་འབྲས་བུ་སྨིན་ཡོང་གི་ཡོད་ཅིང་། དེའི་སྐབས་སུ་ཚེ་རབས་ལས་རྩིས་ལས་བསྟན་པ་ལྟར་ངོ་ལོན་ཆོ་ག་དང་། རྐྱེན་སེལ་རིམ་གྲོ། ཐབས་གཏོ་བཅོས་དག་མཛད་ན་ཟློག་པར་བྱ་ཞིང་། ལས་དགེ་སྡིག་གི་ས་བོན་ལ་གཞོམ་རྒྱུ་ཡོད་པ་། ཁོང་ཁྲོས་དགེ་རྩ་གཞོམ་པ་དང་། བཤགས་པས་སྡིག་པ་འདག་པ་བཞིན་ཡིན་ལ། གཏམ་དཔེར་ཡང་། ཆུ་མ་ཤོར་གོང་ནས་རགས་དང་། རྐྱེན་མ་བྱུང་གོང་ནས་བཟློག་པ་ཞེས་པ་ལྟར་རོ། །དེ་ནས་ཚེ་རྩིས་དངོས་ནི་དུས་དབྱངས་འབྱུང་གསུམ་གྱི་སྒོ་ནས་བརྩི་ཞིང་། དེ་ཡང་རང་ཉིད་བཙས་པ་ནས་ནམ་འཚོའི་བར་བདེ་བ་དང་སྡུག་བསྔལ་ཇི་ཡོང་དང་། ལས་ཀ་ལམ་དུ་འགྲོ་མིན། ལུས་ལ་ན་ཚ་ཡོང་མིན། ཕ་སྤུན་གཉེན་འཁོར་ལ་བདེ་དོག་ཇི་ཡོང་། གཞན་ཡང་རང་ལོ་གང་ནས་གང་བར་ཡུན་ཇི་ཙམ་བདེའམ་མི་བདེ་ཡོང་ཚུལ་སོགས་རང་ཉིད་སྐྱེས་དུས་ཀྱི་སྐྱེས་སྐར་བདག་གཟའ་ཐོག་མར་བྱས་ཏེ་བརྩི་དགོས།

 

ཀེག་རྩིས།

 ཀེག་རྩིས་ཀྱིས་ལོ་གཅིག་གི་བདེ་སྡུག་བརྟག་པར་བྱ་ཞིང་། དེ་ཡང་བརྩི་བྱའི་སྲོག་ལུས་དབང་ཀླུང་གིས་གནམ་ལོར་འཐབ་པས་སྲོག་གི་གཙོ་བོ་ཚེ་ལ་བགེགས་བར་ཆད་ཡོད་མེད་བརྟག་པ་དང་། ལུས་ཀྱིས་ནད་དགྲ་སོགས་ཀྱི་ལྡང་ཆེ་ཆུང་ལ་བརྟག་པ་དང་། དབང་ཐང་གིས་ཟ་ཐང་དབང་ཐང་ཆེ་ཆུང་ལ་བརྟག་པ་དང་། ཀླུང་རྟས་བསོད་ནམས་ལས་དབང་ཆེ་ཆུང་བརྟག་པའོ།། དེ་ལྟ་བུའི་རྩིས་འབྲས་ཉམས་པ་ལ་རིམ་གྲོ་དང་ཐབས་གཏོ་བཅོས་སོགས་བྱས་རྗེས་ཆག་སྒོ་ཆེན་པོ་མི་ཡོང་བ་སོགས་རྟ་ཁ་གཡང་ས་ནས་གཅུས་པ་བཞིན་ཕན་པ་བསམ་གྱིས་མི་ཁྱབ་པ་གསུངས་ཡོད།

 

བག་རྩིས།

འཇིག་རྟེན་འདིར་ཆོས་པ་ཕུད་ཕོ་མོ་སུ་འདྲ་ཞིག་ཡིན་རུང་བཟའ་ཟླ་རེ་དགོས་པ་དང་། ཁྱིམ་ཐམས་ཀྱི་ལས་ལ་འཇུག་པའི་རྗེས་སྐྱིད་པོ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པོ་འབྱུང་འདོད་ཀྱི་བསམ་པ་ཀུན་ལ་ཡོད་ཀྱང་། སོ་སོའི་ལས་དགེ་མི་དགེའི་དབང་གིས་འབྲས་བུ་ཅི་འདོད་བཞིན་མི་འབྱུང་བ་ནི་ཆོས་ཉིད་ཡིན། འོན་ཀྱང་གཙུག་ལག་རྩིས་ཀྱི་ཐབས་ལ་བརྟེན་ནས་བག་རྩིས་ཀྱི་གཞུང་ནས་བསྟན་པ་བཞིན་བག་མ་གཏོང་ལེན་ལ་འཇུག་ཚེ་འདོད་དོན་བདེ་སྐྱིད་འགྲུབ་པ་དང་། མི་འདོད་པའི་བར་ཆད་ངན་པ་སེལ་ཐུབ་པ་ཞིག་ཡིན། དེ་ཡང་གཙོ་བོ་ཕོ་མོའི་སྲོག་ལུས་དབང་ཀླུང་མ་མཐུན་པ་དང་།  ལོ་ངན་སོགས་ལ་བབས་པ། གཟའ་སྐར་འཕྲོད་སྦྱོར་མ་མཐུན་བའི་རྐྱེན་གྱིས་འགྲོགས་ཡུན་ཐུང་བ་དང་། ལུས་ལ་ན་ཚ་མང་བ། དཔལ་འབྱོར་ལ་དར་གུད། དེ་བཞིན་ལས་དོན་ལམ་འགྲོ་ཞན་པ་སོགས་འབྱུང་བ་ཡིན། དེས་ན་བག་རྩིས་ཀྱི་ལམ་སྲོལ་དང་མཐུན་པའི་སྒོ་ནས་གཉེན་སྒྲིག་བྱེད་རྒྱུ་ནི་ཤུན་ཏུ་གལ་ཆེ། རྩིས་འབྲས་ཉམས་ན་བཅོས་པའི་ཐབས་རིམ་གྲོ་ལ་འབད་དགོས་པ་དང་། དེ་བཞིན་སྲུང་འཁོར་འདོགས་པ་སོགས་བཅོས་ཐབས་མང་བས་ཚོགས་ཚོས་དགོས་པ་རྒྱུ་མཚན་ལ་གཟིགས་ཏེ་བླང་དོར་གྱི་གནད་མ་འཛོལ་བ་བྱུང་ན་དུས་ཐམས་ཅད་དུ་ཕུན་སུམ་ཚོགས་པ་ཡོང་རྒྱུ་ཐེ་ཚོམ་མི་དགོས་པ་ལགས་སོ།།

 

ནད་རྩིས།

ནད་རྩིས་འདི་བཞིན་འབྱུང་བ་ཆ་མ་མཉམ་པར་འཁྲུགས་པ་དང་། རྣམ་རྟོག་སྟེ་སེམས་ཀྱི་འཆར་སྒོ་ལས་བསྐྱེད་པའི་ནད་ཀྱི་ཤུགས་དང་འདྲེས་པའི་ལུས་སེམས་ཀྱི་གདུང་བ་དག་ལ་བརྩི་དགོས་ཤིང་། རྩིས་འབྲས་ལས་ནད་ཀྱི་རྒྱུ་རྐྱེན་དང་། ནད་ཡུན་རིང་ཐུང་། སྲོག་ཕྱྭ་བརྟན་མི་བརྟན། སྨན་བཅོས་འཕྲོད་ལམ་སོགས་ཁ་གསལ་བརྗོད་པས་འགྲོ་བ་ནད་ཀྱི་སྡུག་བསྔལ་གྱི་འདམ་དུ་བྱིང་བ་ལས་སྐྱོབ་ནུས་པའི་ཕན་ཡོན་དུ་མ་མཆིས་སོ།།

 

གཤིན་རྩིས།

གཤིན་པོའི་རྩིས་ནི་ང་ཚོའི་བོད་མི་རིགས་ཀྱི་ཡུལ་སྲོལ་ཇི་བཞིན་དང་སྔོན་བྱོན་མཁས་དབང་རྣམས་ཀྱིས་གསུངས་པའི་རྩིས་གཞུང་ནང་འཁོད་པའི་གཤིན་རྩིས་ཇི་བཞིན་བསྟེན་དགོས་པ་ཡིན། དེ་ཡང་གཤིན་རྩིས་ཤར་བའི་དགོས་པ་ནི་ཚེ་འདས་དེ་ཉིད་ཕུང་འདོན་ཚེས་ཆ་ཇི་ལེགས་དང༌། སླར་རྗེས་འཇུག་ལ་འཚུབ་ཆའི་སྐར་ཉེས་སོགས་མི་འབྱུང་བའི་ཆེད་དུ་ཡིན། དེ་ནས་རྩིས་ཤར་བའི་ཆ་རྐྱེན་ལ་འདས་པོའི་ལོ་རྟགས་དང་འཆི་དུས་ཀྱི་ཚེས་གྲངས་དང་དུས་ཚོད་སྔ་ཕྱི། ནང་མི་ཕོ་མོ་རྒན་གཞོན་ཚང་མའི་ལོ་རྟགས་བཅས་དགོས་པ་ཡིན། དེ་ནས་རྩིས་ཤར་བའི་རིམ་པ་དང་པོ་མཆོད་བརྗོད་དང་དེ་ནས་ཕུང་པོར་བལྟ་རེག་མི་རུང་བའི་ལོ་རྟགས། ཚེ་ལྷག་ཡོད་མིན། ལས་ལན་གང་ཡིན་བསྟན་པ། སྲོག་ལུས་བཅད་མིན། སེམས་གང་ལ་ཆགས་མིན། གཤེད་གང་དུ་སོང་མིན། བླ་ཕྱོགས་གང་དུ་འཁྱེར་མིན། གཏོ་རིམ། མདུན་ཆོས། ངོ་རས། དུར་རྫོངས། གཤིན་པོའི་དུར་ཤུལ་འཕྱག་པ། ཕུང་པོ་ཕྱིར་འདོན་ཚེས་གྲངས། རྒྱབ་ཆོས། འཁྲུངས་རྟགས་ག་རེ་བཞེངས་དགོས་མིན་སོགས་གསལ་བ་ཡིན། གཤིན་རྩིས་བསྟེན་ན་གཤིན་པོ་དེ་ཉིད་ཕྱི་མ་སྐྱེ་བ་བཟང་པོ་ཐོབ་པ་དང་ཤུལ་ལུས་ནང་མི་རྣམས་ལ་བར་ཆད་མི་འབྱུང་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་པ་བཤད་ཡོད།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:03 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།