སྨན་རྩིས་དྲ་བ། - སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ།

སྐར་དཔྱད་རྩིས་རིག་སྡེ་ཚན།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 13.04.2016
སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

<< བོད་གཞུང་སྨན་རྩིས་ཁང་གི་བྱུང་རབས། སྨད་ཆ། >>

 

སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འཕེལ་རིམ་དང་གནས་བབས།  

སྡེ་ཚན་འདི་བཞིན་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་བརྩེའི་ལམ་སྟོན་འོག་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་གི་གཙོ་འགན་ཐོག་རབ་རྒྱལ་ལྕགས་བྱི་ཕྱི་ལོ༌ ༡༩༦༠ ལོར་རྡ་སྟེང་དུ་གྷེ་ལེན་མོར་ཀེ་ཊེཇི་ཞེས་པའི་ཤིང་ཁང་དུ་ཐོག་མར་གསར་འཛུགས་གནང་བ་ནས་ཕྱི་ལོ ༡༩༦༧ བར་གྱི་བྱུང་བ་ཞིབ་ཕྲ་སྟོད་ཆའི་ནང་གསལ་ཞིང་། བོད་གཞུང་ཆོས་དོན་ལྷན་ཁང་གི་འཆར་འགོད་ལམ་སྟོན་གནང་བ་བཞིན། མེ་ལུག་ཕྱི་ལོ༌ ༡༩༦༧ ཟླ་ ༨ ཚེས་ ༡༧ ཉིན་སྨན་སྦྱིན་ཁང་དང་ཟླ་སྒྲིལ་གྱིས་འགྲོ་ཕན་སྨན་རྩིས་ཁང་ཞེས་མཚན་གསོལ་གནང་བ་ནས་བཟུང་རིམ་པས་འཕེལ་རྒྱས་བྱུང་ཡོད།
 
སྡེ་ཚན་འདིའི་ཞུ་སྒོའི་གཙོ་བོ་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་དགུང་ཀེག་ཀེག་རྩིས་ཀྱི་ཞབས་ཞུ་བསྒྲུབ་རྒྱུ་དང་། ྋསྐུ་སྒེར་ཡིག་ཚང་གི་གཡང་སྡེམ་དང་ཟོར་འཕེན། དེ་བཞིན་དགོན་སྡེ་ཁག་གི་ཟོར་འཕེན་ཚེས་ཆ་དང་། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་དང་ཚོགས་སྡེ་ཁག་གི་གཡང་སྡེམ་དང་། ལས་དོན་སྤེལ་ཕྱོགས་ཀྱི་ཚེས་ཆ་བལྟ་རྒྱུ། དེ་བཞིན་ལོ་སོ་སོའི་ལོ་ཐོ་རྒྱས་བསྡུས་དང༌ཤོག་རྐྱང་མ་དུས་ཐོག་འདོན་སྤེལ་ཐོག ལོ་ཐོའི་པར་རྩ་དགོས་མཁན་རྣམས་ལ་སྐབས་མཚམས་པར་རྩ་ཡང་སྤུས་ཚོང་ཞུ་བཞིན་ཡོད། རྩིས་འབྲས་ལ་མཚོན་ན། སྐྱེས་རྩིས་སམ་ཚེ་རྩིས་རྒྱས་འབྲིང་བསྡུས་གསུམ་དང་།   ཀེག་རྩིས། བག་རྩིས་རྒྱས་བསྡུས། ནད་རྩིས། རྩིས་ཕྲན། ཚེས་གྲངས་ཕབས་བསྒྱུར། གཤིན་རྩིས་བཅས་དབྱིན་བོད་གཉིས་ཐོག་རྒྱག་བཞིན་པ་དང་།  སྲུང་འཁོར་ལ་མཚོན་ན། འཇམ་དབྱངས་སེར་འཁོར་རམ་བསྐྱེད་པ་བཞི་ལྡན་དང་།  རང་ཀེག་དང་།  བདུན་ཟུར། བཞི་གཤེད་བཅས་ལ་བབས་པ་དང་།  སྲོག་ལུས་དབང་ཀླུང་གང་རུང་མི་མཐུན་པའམ་ཉམས་པ་གསོ་ཕྱིར་དམིགས་བསལ་སྲུང་འཁོར། དེ་བཞིན་ཉེས་པ་ཀུན་ཐུབ་ཀྱི་སྲུང་འཁོར་བཅས་བཟོ་སྐྲུན་ཞུ་བཞིན་པས་ཕྱི་ནང་མི་རིགས་མི་ཉུང་བ་ཞིག་ལ་ཕན་པ་བསྒྲུབས་དང་སྒྲུབ་བཞིན་ཡོད། འཕེལ་རིམ་གྱི་ལོ་རྒྱུས་ནང་བཙན་བྱོལ་དུ་འབྱོར་རྗེས་ཀྱི་གཞུང་འབྲེལ་ལོ་ཐོ་རྒྱས་པ་ཐོག་མ་དེ་རབ་རྒྱལ་ཆུ་སྟག་ཕྱི་ལོ་ ༡༩༦༢ ལོར་རྩིས་དགེ་ཆེན་མོ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་གི་ལམ་སྟོན་འོག་བྲག་གཡབ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་མཆོག་ནས་རྩིས་དཀར་ནག་དབྱངས་གསུམ་ལ་སྦྱངས་འབྲས་རྒྱུགས་འབུལ་ཚུལ་དུ་ལོ་དེའི་ལོ་ཐོ་འདོན་སྤེལ་གནང་བ་དེ་ལོ་ཐོ་འདོན་སྤེལ་ཐོག་མ་དེ་ཡིན། དེ་ནས་རིམ་བཞིན་ཆུ་ཡོས་ཕྱི་ལོ་ ༡༩༦༣ ལོའི་ལོ་ཐོ་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་མཆོག་ནས་འདོན་སྤེལ་དང་། ཤིང་འབྲུག་ཕྱི་ལོ་ ༡༩༦༤ ལོའི་ལོ་ཐོ་རྩིས་དགེ་མཆོག་ནས་འདོན་གནང་མཛད། ཤིང་སྦྲུལ་ཕྱི་ལོ་ ༡༩༦༥ ནས་མེ་ལུག་ཕྱི་ལོ་ ༡༩༦༧ བར་གྱི་ལོ་ཐོ་རྣམས་གོང་བཞིན་རྩིས་དགེ་མཆོག་གི་ལམ་སྟོན་འོག་རྣམ་གྲྭ་ཡེ་ཤེས་སྦྱིན་པ་ལགས་དང་བསྟན་འཛིན་འཕྲིན་ལས་ལགས་གཉིས་ནས་སྦྱངས་འབྲས་རྒྱུགས་འབུལ་ཚུལ་དུ་འདོན་སྤེལ་གནང་བ་མ་ཟད། ས་བྱ་ཕྱི་ལོ་ ༡༩༦༩ དང༌ལྕགས་ཕག་ཕྱི་ལོ་ ༡༩༧༡ ལོའི་ལོ་ཐོ་གཉིས་ཀྱང་འདོན་སྤེལ་གནང༌ཡོད།

གང་ཅིའི་འགན་ཡོངས་རྫོགས་དགེ་ཆེ་མཆོག་ནས་གནང་བས་ཁོང་ནི་སྡེ་ཚན་འདིའི་འགན་འཛིན་ཐོག་མ་དེ་ཆགས་ཡོད། སྡེ་ཚན་ནང་རྩིས་པ་དཀོན་པའི་སྐབས་དེར་མེ་ལུག་ཕྱི་ལོ་ ༡༩༦༧ ཟླ་ ༥ ཚེས་ ༡ ཉིན་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཞུགས་རྗེས་ཁོང་གིས་གང་ཤེས་དགེ་ཆེ་དམ་པ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་ལ་རྒྱུགས་འབུལ་ཞུས་པར་ལོ་དེར་སྨན་རྩིས་སློབ་གྲྭ་གཉིས་ཟླ་སྒྲིལ་སྐབས་ཁོང་རྩིས་པ་ངོ་མར་བསྐོ་བཞག་གནང༌། དགེ་ཆེ་མཆོག་ནས་ཕྱི་ལོ་ ༡༩༦༨ ཟླ་ ༤ ཚེས་ ༢༨ ཉིན་ཕུག་ལུགས་རྩིས་ཀྱི་བསྟན་བཅོས་ལེགས་པར་བཤད་པ་རིག་ལྡན་མཆོད་པའི་འོད་སྣང་ཞེས་བྱ་བ་མཁས་གྲུབ་ཊིག་ཆེན་པད་དཀར་ཞལ་ལུང་དང་།  ཉི་སྣང་།  བཻ་དཀར། སྙིང་ཐིག འོད་ཐིག་སོགས་བསྟན་བཅོས་ཀྱི་ཁུངས་གང་དང་གང་ནས་ལེགས་ཆ་བཏུས་ཏེ་རྩིས་འགོ་སྤོ་འགོ་བརྩམས་གནང་གིས་ལོ་དེའི་ཁྲུམས་སྟོད་ཟླ་བའི་དམར་ཕྱོགས་རྫོགས་པ་གཉིས་པའི་ཉིན་རྫོགས་པར་སྦྱར་གནང་མཛད་ཅིང་། ལོ་དེའི་ལོ་མཇུག་ཏུ་སྐུ་ཁམས་བདེ་མིན་རྐྱེན་པས་སྨན་རྩིས་ཁང་གི་སྒྲིག་ཁོངས་ནས་རེ་ཞིག་དགོངས་ཞུ་གནང་དགོས་བྱུང་བས། སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་ཡོངས་རྫོགས་རྒན་བྲག་མཐོན་བྱམས་པ་རྒྱལ་མཚན་ལགས་ཁོང་མི་གཅིག་རྐང་གཅིག་ལ་ཐུག་ཅིང་། ཁོང་གིས་ལྕགས་ཁྱི་ཕྱི་ལོ་༡༩༧༠ལོའི་ལོ་ཐོ་དེ་བཞིན་རྒྱུགས་འབུལ་ཚུལ་དུ་འདོན་སྤེལ་ཞུས་གནང་ཡོད།

ལྕགས་ཕག་ཕྱི་ལོ་ ༡༩༧༡ ཟླ་ ༥ ཚེས་ ༡ ཉིན་རྒྱལ་ནང་བློ་བཟང་ནོར་བུ་ལགས་ཕྱེད་ལས་བྱེད་དང་ཕྱེད་སློབ་ཕྲུག་གི་ངོ་བོའི་ཐོག་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཞུགས་ཤིང་།  ཨར་ལས་ལྟ་རྟོགས་པ་དང༌། སྨན་རྩིས་ཁང་གི་དྲུང་ཆེ། སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་ལས་རོགས་བཅས་རིམ་པས་གནང་ཡོད། སྨན་རྩིས་ཁང་གི་འགན་འཛིན་གཉིས་པ་གོ་བོ་བློ་བཟང་བསྟན་འཛིན་མཆོག་གིས་ཆུ་གླང་ཕྱི་ལོ་ ༡༩༧༣ ལོའི་ལོ་ཐོ་ཤོག་རྐྱང་མར་ཀུན་བཟང་འཁོར་ལོའི་རི་མོ་ཅན་སྲོལ་གཏོད་ཀྱིས་ཐོག་མར་འདོན་གནང་མཛད་པ་དེ་ནས་བཟུང་ལོ་ལྟར་སྐུ་བརྙན་སྣ་ཚོགས་ཡོད་པའི་ལོ་ཐོ་ཤོག་རྐྱང་མ་དེ་འདོན་སྤེལ་ཞུ་བཞིན་ཡོད། ཆུ་གླང་ཕྱི་ལོ་ ༡༩༧༣ ནས་མེ་ཡོས་ཕྱི་ལོ་ ༡༩༨༧ བར་གྱི་ལོ་ཐོ་རྣམས་རྒན་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་སྐུ་རྐྱང་གིས་འདོན་སྤེལ་གནང༌བ་དང་། ཁྱད་པར་རབ་གནས་མེ་ཡོས་ཕྱི་ལོ་ ༡༩༨༧ ལོའི་ལོ་ཐོ་དེ་བཞིན་རྩིས་ཀྱི་བསྟན་བཅོས་བཻ་དཀར་དགོངས་དོན་ལོ་ཐོ་ཤིན་ཏུ་རྒྱས་པའི་ཕྱག་སྲོལ་མི་ཉམས་རྒྱུན་འཛིན་ལ་སྨན་ཕྱིར་འདོན་གནང་མཛད་ཡོད།


ཆུ་སྟག་ཕྱི་ལོ་ ༡༩༨༢ ཟླ་ ༤ ནང་ྋགོང་ས་མཆོག་གི་བཀའ་བཞིན་དགེ་ཆེ་བློ་གྲོས་རྒྱ་མཚོ་དམ་པ་སླར་སྨན་རྩིས་ཁང་དུ་ཕྱིར་ཕེབས་ཀྱིས་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་རིག་གཞུང་གཙོ་འཛིན་གྱི་འགན་བཞེས་གནང་མཛད་པ་དང་།  ཆུ་ཕག་ཕྱི་ལོ་ ༡༩༨༣ ཟླ་ ༩ ནས་བཟུང་ཁོང་གི་མཛད་རྗེས་དང་ཕུལ་བྱུང་གི་ལྷག་བསམ་ལ་བརྟེན་ནས་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་རིག་གཞུང་གི་འགན་འཛིན་གྱི་མཚན་གནས་རང་འཇགས་ཐོག་ལས་བྱེད་སྤྱི་མཚུངས་ལྟར་རྒྱུན་ལྡན་ལས་ཁུངས་ལ་ཕེབས་མི་དགོས་པར་བགྲེས་ཡོལ་གསོལ་སྩལ་གྱིས་ལྷོད་མུར་བཞུགས་གནང་མཛད་མཐར་ཤིང་བྱི་ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༤ ཉིན་སྐུ་ཚེའི་འཕེན་པ་རྫོགས། རྒན་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་ཆུ་སྟག་ཕྱི་ལོ་ ༡༩༨༢ ལ་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་གནང་ཞིང་།  ཁོང་གིས་ནུས་ཤུགས་ཡོངས་རྫོགས་རྩལ་འདོན་གྱིས་རྩིས་རིག་བསྟན་པ་རྒྱུད་འཛིན་ཆེད་ཆུ་ཕག་ཕྱི་ལོ་ ༡༩༨༣ ལོ་ནས་མགོ་འཛུགས་ཀྱིས་རྩིས་སློབ་སྐབས་གསུམ་པ་དང་།  བཞི་པ། ལྔ་པ་བཅས་ཀྱི་སློབ་ཁྲིད་ཀྱི་ཐུགས་འགན་ཡོངས་རྫོགས་བཞེས་པས་རྒྱུན་འཛིན་པ་མི་ཉུང་བ་ཞིག་བསྐྱེད་བསྲིངས་ཀྱིས་མཚོན་སྐར་དཔྱད་རྩིས་རིག་ཀྱི་བསྟན་པ་ལ་མཛད་རྗེས་དང་བཀའ་དྲིན་ཤིན་ཏུ་ཆེ་བ་མཛད་ཡོད། སྡེ་ཚན་འདི་ནས་རྩིས་འབྲས་ཁག་དང་ཐོག་བོད་ཡིག་ཁོ་ནའི་ནང་འདོན་སྤེལ་ཞུ་བཞིན་ཡང་།  ཤིང་གླང་ཕྱི་ལོ་ ༡༩༨༥ ཙམ་ནས་རིམ་པས་བོད་ཨིན་གཉིས་ཀའི་ཐོག་འདོན་སྤེལ་ཚུགས༌པ་དང་། འཇམ་དབྱངས་སེར་འཁོར་རམ་བསྐྱེད་པ་བཞི་ལྡན་གྱི་སྲུང་འཁོར་དེ་བཞིན་བཟོ་བའི་མགོ་ཡང་སྐབས་འདིར་ཐོག་མར་ཚུགས། སྐབས་གསུམ་པ་ནས་བཟུང་ད་བར་གྱི་སློབ་ཐོན་སློབ་མ་རྣམས་ནས་རང་གི་ལོ་ལྔའི་ཡིག་རྒྱུགས་ཐོག་གནམ་ལོ་ས་འབྲུག་ཕྱི་ལོ་ ༡༩༨༨ ནས་བཟུང་མ་འོངས་ལོ་གང་ཙམ་ཞིག་གི་ལོ་ཐོ་རྣམས་ཀྱང་སྦྱངས་འབྲས་ཚུལ་དུ་ཕུལ་འབྱོར་བྱུང་བ་རྣམས་སྡེ་ཚན་གྱི་འགན་འཛིན་གཙོས་འབྲེལ་ཡོད་རྩིས་པ་བགྲེས་པ་ནས་སྐབས་མཚམས་སོ་སོར་ཞུ་དག་དང་བཅོས་སྒྲིག་གནང་ཐོག་འདོན་སྤེལ་ཞུས་དང་ཞུ་མུས་ཡིན།


ལྕགས་རྟ་ཕྱི་ལོ་ ༡༩༩༠ ལོར་ད་ཡོད་ལོ་ཐོ་བསྡུས་པ་དེ་བཞིན་ཐོག་མར་འདོན་མགོ་ཚུགས། ཤིང་ཁྱི་ཕྱི་ལོ་ ༡༩༩༤ ཟླ་ ༡ ཚེས་ ༡ ཉིན་སྐར་རྩིས་གོ་འཇོ་ཚེ་དབང་རྣམ་རྒྱལ་མཆོག་སྨན་རྩིས་ཁང་གི་སྒྲིག་ཁོངས་སུ་ཞུགས་ཤིང་། ཟླ་ ༧ ཚེས་ ༡༨ ཉིན་ལས་བྱེད་ངོ་མར་བསྐོ་བཞག་གནང་།  ཤིང་ཕག་ཕྱི་ལོ་ ༡༩༩༥ ཟླ་ ༧ ཚེས་ ༡ ཉིན་རྩིས་རམས་པ་ཆུང་བའི་ཐོག་འགན་འཛིན་གཞོན་པར་བསྐོ་བཞག་གིས་མཛད་འཁུར་བཞེས། ཤིང་ཁྱི་ཕྱི་ལོ་ ༡༩༩༤ ནང་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་འགན་འཛིན་དང་རྩིས་དགེ་གཅིག་ལྕོག་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་དང་།  སྐར་རྩིས་པ་ཚེ་རིང་ཆོས་འཛོམས། རྩིས་དགེ་བྱམས་པ་སྐལ་བཟང་གསུམ་ནས་ཕྱི་མི་དོན་གཉེར་ཅན་ལ་བོད་རྩིས་རིག་པའི་སྐོར་ཨིན་སྐད་ཐོག་ཉིན་ལྔའི་ཟབ་སྦྱོང་སློབ་ཁྲིད་གནང་མགོ་ཚུགས་པ་ནས་བཟུང་ད་བར་བོད་རྩིས་རིག་པའི་སྐོར་དབྱིན་ཡིག་ཐོག་སློབ་ཁྲིད་ཉིན་ལྔ་དང་བཅུ་ཅན་གྱི་སློབ་ཁྲིད་ཐེངས་འགར་གནང་བ་མ་ཟད། སྨན་གྱི་ཟབ་སྦྱོང་ནམ་ཡོད་ལ་འདི་གའི་སྐར་རྩིས་པ་ནས་སྨན་རྩིས་འབྲེལ་བའི་སྐོར་སློབ་ཁྲིད་གནང་ཡོད། དེའི་ཕྱི་ལོ་སྟེ་ཤིང་ཕག་ཕྱི་ལོ་ ༡༩༩༥ ལོར་སྐབས་དེའི་གཏམ་བཤད་ཀྱི་ནང་དོན་རྣམས་དེབ་གཟུགས་སུ་བཀོད་དེ་བོད་རྩིས་རིག་པའི་ངོ་སྤྲོད་ཐུང་ཙམ་བརྗོད་པ་ཞེས་པའི་དེབ་ཆུང་ཞིག་གསར་དུ་འདོན་སྤེལ་ཐུབ་པ་བྱུང་ཞིང་།  ས་སྟག་ཕྱི་ལོ་༡༩༩༨ལོར་དེབ་ཆུང་དེར་རེའུ་མིག་སོགས་འགས་ཟུར་བརྒྱན་ཏེ་ཅུང་རྒྱས་སུ་བཏང་བས་ད་བར་པར་ཐེངས་བདུན་བཏབ་ཟིན་པ་ཡང་ཚོང་འགྲེམས་ཟིན་ལ་ཉེ་བ་བཅས་ཀྱི་འགྲོ་རྒྱུགས་གང་ལེགས་བྱུང་ཡོད། 


ཤིང་ཕག་ཕྱི་ལོ་ ༡༩༩༥ ལོར་དབུས་འཛིན་སྐྱོང་ཡིག་ཚང་གི་བཀའ་བཞིན་འདི་གའི་སྐར་རྩིས་པ་ཐུབ་བསྟན་ཉི་མ་བལ་ཡུལ་དང༌། ཀ་རྡོར་སྒང་གསུམ། འབུམ་སྡེ་ལ་བཅས་པར་ཕྱག་དཔེ་རྙིང་པ་མཁོ་སྒྲུབ་ཆེད་ཟླ་གཅིག་ཙམ་རིང་བསྐྱོད་པར་རྣམ་ཐར་ལོ་རྒྱུས་སྐོར་དེབ་གཟུགས་ཉེར་བདུན་དང༌། གསོ་རིག་སྐོར་དེབ་གཟུགས་བདུན། བརྒྱད་སྟོང་དང་རྩིས་དཀར་ནག་སྐོར་དེབ་བཅུ་བདུན། ཚིག་མཛོད་སྐོར་དེབ་བརྒྱད། ནག་རྩིས་ཀྱི་གཞུང་དཔེ་རྙིང་དཀོན་རིགས་བཅས་བསྡོམས་པས་དཔེ་གཟུགས་སུམ་ཅུ། ྋགོང་ས་ལྔ་པ་ཆེན་མོའི་བཀའ་འབུམ་ཆ་ཚང་བཅས་བླུ་ཡོན་དང་ཞལ་འདེབས་ཅི་རིགས་ནས་བྱུང་བས་འདི་གའི་དཔེ་མཛོད་དང་འབྲེལ་ཡོད་སོ་སོར་ཕན་འབྲས་ཆེན་པོ་ཐོབ་ཡོད། ཕྱི་ཟླ་ ༩ ནང་ཡུ་རོབ་ཁུལ་གྱི་རྒྱལ་ཁབ་བརྒྱད་དང་གྲོང་ཁྱེར་བཅུ་གཉིས་ནང་སྨན་རྩིས་ཁང་གི་འགྲོ་གྲོན་འོག་གཞི་རྒྱ་ཆེ་བའི་སྨན་དང་རྩིས་སྐོར་གྱི་འགྲེམས་སྟོན་དང༌། གཏམ་བཤད། བརྟག་དཔྱད། རྩིས་འབྲས་འདོན་སྤེལ་གྱི་ཕྱོགས་བསྐྱོད་མི་སྣའི་ཁོངས་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་སྐར་རྩིས་པ་ཚེ་རིང་ཆོས་འཛོམས་གཏོང་གནང་མཛད་ཡོད། དེ་ནི་བོད་རྩིས་རིག་པའི་དྲིལ་བསྒྲགས་ཁྱབ་སྤེལ་ཆེད་ཕྱིའི་ཡུལ་གྲུ་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་བྱས་པ་ཐོག་མ་དེ་ཆགས་ཡོད། དུས་དེ་ནས་བཟུང་སྟེ་ད་བར་རྩིས་ཀྱི་རིག་གཞུང་སྐོར་འགྲེམས་སྟོན་གསུང་བཤད་དང་།  སློབ་ཁྲིད། རྩིས་འབྲས་འདོན་སྤེལ་བཅས་ཀྱི་ཆེད་ཕྱི་ནང་ཡུལ་གྲུ་ཉི་ཧོང་དང༌། ཨ་རི། ཕི་རཱན་སི། ཨིིན་ཡུལ། སུད་སི། ཨི་ཊ་ལི། ཧོ་ལནཌ། ཇར་མ་ནི། སྭི་ཌེན། སི་པན། ཨསྟྲིཡ། ཨསྟེ་ལི་ཡ། རྒྱ་གར་བཅས་ཀྱི་གྲོང་ཁྱེར་ཁག་མང་པོའི་ནང་བསྐྱོད་ཐུབ་པས་རིག་གཞུང་སྐོར་གྱི་དྲིལ་བསྒྲགས་རྒྱ་ཆེར་སྤེལ་ཐུབ་པ་མ་ཟད་རྩིས་འབྲས་ཀྱི་ལམ་ནས་མང་པོ་ཞིག་གི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད།

མེ་བྱི་ཕྱི་ལོ་ ༡༩༩༦ ལོར་བོད་རྒྱལ་ཡོངས་རྩིས་པའི་ཚོགས་ཆེན་ཐེངས་དང་པོ་དེ་ཚུགས་ཤིང་། དེ་སྐབས་ཕྱི་ནང་མཁས་དབང་གང་ཙམ་གདན་ཞུས་ཀྱིས་རྩིས་ཀྱི་བསྟན་པར་ཕན་ཐོགས་ཆེ་ཙམ་བྱུང་བ་ལ་བརྟེན་ནས་ཚོགས་ཆེན་གཉིས་པ་དང་གསུམ་པ་ཡང་བསྐོང་ཚོགས་ཐུབ་པ་བྱུང་ཡོད། ལོ་དེའི་ནང་ཚོད་བལྟ་དང་སྦྲགས་སྨན་རྩའི་པར་རིས་འཁོད་པའི་ལོ་ཐོ་ཤོག་བཞི་མ་དང་། ཉིན་དེབ་བཅས་པར་འགྲེམས་ཞུས་ཀྱང་འགྲོ་རྒྱུགས་དེ་ཙམ་མ་བྱུང་བས་རྒྱུན་སྐྱོང་མ་ཐུབ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ནང་བྱ་བ་ཆེ་ཕྲའི་ལེགས་ཉེས་སྤང་བླང་ཐད་རྩིས་ཀྱི་ལམ་ལ་བརྟེན་སྲོལ་ཡོད་པ་དེ་དག་ཚུལ་བཞིན་ཡོང་སླད་མེ་གླང་ཕྱི་ལོ་ ༡༩༩༧ ཟླ་ ༡ ནས་ཟླ་གཉིས་རིང་འདི་གའི་འགན་འཛིན་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་ལྷོ་གཞིས་མོན་གྷོ་འདོད་རྒུ་གླིང་དུ་ཆེད་ཕེབས་ཀྱིས་རྩིས་ཀྱི་ཟབ་སྦྱོང་མཁོ་སྤྲོད་གནང་བ་དེས་དེ་གའི་མང་ཚོགས་ལ་ཕན་ཐོགས་གང་འཚམས་བྱུང་ཡོད།

ལོ་དཀྱིལ་ཙམ་ནས་ཁོང་སྐུ་གཟུགས་བདེ་མིན་གྱིས་སྨན་བཅོས་འདྲ་མིན་རིམ་པར་ཞུས་ཀྱང་དྭངས་བསྐྱེད་མ་བྱུང་བས་ཟླ་ ༡༡ ཚེས་ ༣༠ ཉིན་སྐུ་ཚེའི་འཕེན་པ་རྫོགས་པ་ནི་རྩིས་ཀྱི་བསྟན་པ་སྤྱི་དང་ལྷག་པར་སྐར་རྩིས་སྡེ་ཚན་དང་འདི་གའི་སྐར་རྩིས་པ་རྣམས་ཀྱི་ངོས་ནས་བརྗོད་ན་གྱོང་གུན་ཆེན་པོ་ཞིག་ཡིན། ཕྱི་ཟླ་ ༡༢ ནང་རྩིས་རིག་སློབ་དཔོན་ཚེ་རྣམ་ལགས་ཀྱིས་བརྩམས་གནང་མཛད་པའི་རྩིས་ཀྱི་ལག་ལེན་གསལ་བར་བྱེད་པའི་ལྡེའུ་མིག་ཉེར་མཁོའི་ཟ་མ་ཏོག་གི་མན་ངག་རྒྱུད་དོན་སྙིང་པོ་ལེགས་པར་བསྡུས་པའི་ཟླ་ཟེར་ཞེས་བྱ་བ་དེ་བཞིན་པར་བསྐྲུན་དང་། ཉི་ཟླ་འཛིན་ཚུལ་གྱི་ཉམས་ཡིག་ཞིག་ཀྱང་རྩོམ་སྒྲིག་མཛད། མེ་གླང་ཕྱི་ལོ་ ༡༩༩༧ ཟླ་ ༧ ཚེས་ ༡ ཉིན་ལྷ་བྲིས་བུ་ཆུང་ཚེ་རིང་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་ལྷ་བྲིས་ངོ་བོའི་ཐོག་ཞུགས་ཤིང་། ས་སྟག་ཕྱི་ལོ་ ༡༩༩༨ ཟླ་ ༡ ཚེས་ ༡ ཉིན་ལས་བྱེད་ངོ་མར་བསྐོ་བཞག་གནང་།  འདི་གའི་སྡེ་ཚན་དང་འབྲེལ་བའི་རི་མོ་འབྲི་དགོས་ཁག་ཁོང་ནས་གནང་ཡོད།


རྩིས་རིག་སྤལ་དཔོན་ཚེ་རྣམ་ལགས་ཕྱི་ལོ་ ༡༩༩༩ ཟླ་ ༡༡ ཚེས་ ༡ ནས་སྐུ་ཁམས་བདེ་མིན་རྐྱེན་པས་སྨན་རྩིས་ཁང་ནས་དགོངས་ཞུ་གནང་དགོས་བྱུང་།  ཆུ་རྟ་ཕྱི་ལོ་ ༢༠༠༢ ལོར་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་རྒྱལ་སྲིད་ཆོས་སྲིད་བཞེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་དང༌། གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༦༠ འཁོར་བའི་དུས་དྲན་སྲུང་རྩི་དང་སྦྲགས་བོད་མི་གནས་ཁུལ་གཞིས་ཆགས་ཁག་ནང་སྐར་རྩིས་པ་ཆ་བགོས་ཀྱིས་རྩིས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་བས་གོ་རྟོགས་གོང་འཕེལ་དང་ཕན་ཐོགས་མི་ཉུང་བ་ཞིག་བྱུང་ཡོད། ཤིང་སྤྲེལ་ཕྱི་ལོ་ ༢༠༠༤ ལོར་སྐར་རྩིས་པ་བསྟན་འཛིན་དཔག་བསམ་ལྷོ་གཞིས་སྦེལ་ཀོབ་ཏུ་ལོ་གཅིག་རིང་ལོ་ཐོ་བལྟ་སྟངས་སོགས་རྩིས་ཀྱི་ཟབ་སྦྱོང་མཁོ་སྤྲོད་ཕྱིར་ཆེད་མངགས་གཏོང་གནང་མཛད༌ཡོད། དེ་ནས་ཕྱི་ལོ་ ༢༠༠༤ ཟླ་ ༡༡ ནང་ནས་སྔ་རྗེས་རེ་འདུན་ཞུས་པ་བཞིན་རྒན་ཚེ་རྣམ་ལགས་ཟླ་རེའི་རེས་གཟའ་ཕུར་བུ་གཉིས་པ་དང་བཞི་པ་ནམ་ཡིན་ལ་འདི་གར་ཆེད་ཕེབས་གནང་རྒྱུར་ཞལ་བཞེས་ཐོབ་པ་བཞིན་རྩིས་ཀྱི་རྒྱུན་འཛིན་པ་རྣམས་ལ་སློབ་ཁྲིད་དང་རྩིས་ཀྱི་ཟབ་འཇུག་ཚན་པ་གསར་འཛུགས་ཀྱི་སློབ་སྟོན་པའི་འགན་བཞེས་གནང་། དེ་ཡང་རྩིས་རིག་ཟབ་འཇུག་ཅེས་ཚན་པ་དེ་འདྲ་ཞིག་གསར་འཛུགས་གནང་དགོས་དོན་ནི། ཟབ་འཇུག་ཅེས་པ་རིག་པའི་གཞུང་ལུགས་གང་དང་གང་ལའང་ཐོག་མར་སློབ་པ་ལམ་གྱི་གནས་སྐབས་རིང་དོན་གཉེར་ཐོས་བསམ་བྱས་པ་དེ་ཙམ་མིན་པར། བསླབ་པའི་རྨང་གཞི་དེ་ཉིད་ལ་བརྟེན་ཏེ་གབ་སྦས་དཀྲུགས་སོགས་གཞུང་དོན་ཟབ་མོའི་དགོངས་པ་དཔྱིས་ཕྱིན་རྟོགས་ཐབས་ཀྱི་འཇུག་ལམ་བར་པ་ཞིག་ཡིན།


སྲོལ་རྒྱུན་རྩིས་རིག་ལ་ཟབ་འཇུག་དགོས་པའི་དམིགས་ཡུལ་གཙོ་བོ་ནི་སྲོལ་རྒྱུན་རིག་གཞུང་འདི་ཉིད་ལ་ཐོས་བསམ་གཏིང་ཟབ་ཀྱིས་གཞུང་ལུགས་ལག་ལེན་ཟུང་དུ་འཇུག་པའི་རང་རྐང་བརྟན་པོར་ཚུགས་ཐུབ་པའི་ཐོག ཀུན་ཁྱབ་བོད་རྩིས་རིག་པའི་ཟབ་བརླིངས་ཀྱི་ལམ་ལ་བརྟེན་ཏེ་རིག་པའི་གཞུང་ལུགས་གཞན་དང་གཞན་གྱི་བློ་གྲོས་ཀྱི་སྒོ་མོ་འབྱེད་ཐུབ་པ་དང༌། ལྷག་པར་འཇིག་རྟེན་འཚོ་བ་དངོས་ཀྱི་རྒྱུད་རིམ་ནང་བླང་དོར་གྱི་གནད་གང་ཟབ་སྟོན་ཐུབ་པར་འབད་བརྩོན་བྱ་རྒྱུ་དེ་ཡིན་པར་འཁོད་ཅིང་། དམིགས་ཡུལ་དེ་གཞི་ལ་བཞག་སྟེ་ལས་འཆར་ཁག་གསུམ་ཡོད་པ་ནི། ༡། ད་ཡོད་རྩིས་རིག་སློབ་ཁྲིད་རྩ་འཛིན་ལ་བསྐྱར་ཞིབ་དང་བཅོས་སྒྲིག ༢། སྲོལ་རྒྱུན་བོད་རྩིས་རིག་པར་ཉམས་ཞིབ་བྱ་ཕྱོགས། ༣། འདི་ག་སྨན་རྩིས་ཁང་གི་སྐར་རྩིས་པ་ཚོར་ལག་ལེན་ནང་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་ཞུ་རྒྱུ་བཅས་ཡིན། རྩིས་རིག་ཟབ་འཇུག་ཚན་པ་བཙུགས་ནས་དུས་ཐུང་ནང་ཐོག་མའི་ལས་འཆར་དམིགས་ཡུལ་གསུམ་གྱི་ཁྲོད་ནས་རྩིས་རིག་སློབ་ཁྲིད་རྩ་འཛིན་ཡིག་ཆ་དང༌། སློབ་ཁྲིད་རྩ་འཛིན་གཞུང་ལུགས་དང་སློབ་ཁྲིད་རྩ་འཛིན་གྱི་འཇུག་རིམ། སློབ་ཁྲིད་རྩ་འཛིན་གྱི་ཚད་ལེན་ནམ་རྒྱུགས་ལེན་བཅས་གསལ་བར་འཁོད་པའི་འཆར་འགོད་ཡོངས་སུ་ལེགས་སྒྲིག་གནང་ཡོད་པ་དང་།  མ་འོངས་རྩིས་ཀྱི་མཐོ་སློབ་ཆེད་སློབ་ཚན་ཁག་གཏན་འབེབས་ཀྱིས་རྩིས་རིག་པའི་སྔོན་འགྲོའི་ཤེས་བྱ་དང་།  བསྟན་རྩིས་རིག་པ་གཉིས་ཕྱོགས་བསྒྲིགས། ཨོ་སི་ཀྲི་རི་ཡའི་བོད་སྨན་མཐོ་སློབ་ཆེད་བོད་ཀྱི་སྨན་རྩིས་གཉིས་ཀྱི་སློབ་ཚན་རྣམས་ཆ་ཚང་དང༌། གཡུ་ཐོག་སྙིང་ཐིག་གི་ཆོ་ག་ལེགས་བསྒྲིགས། ལོ་ནག་གི་གཏོ་བཅོས་ཛ་བུམ་ཆེ་ཆུང་གྲངས་བདུན་ཅུ་ཐམ་པ་རྩིས་གཞུང་ལྟར་བཟོ་བསྒྲུབས་དང༌། ཐོག་མའི་འཆར་གཞི་ལྟར་འདི་གའི་སྐར་རྩིས་པའི་ལག་ལེན་ནང་འཕྲད་བཞིན་པའི་དཀའ་ངལ་སེལ་ཐབས་སུ་དངོས་སུ་རྒན་ཚེ་དབང་རྣམ་རྒྱལ་ལགས་ནས་སློབ་ཁྲིད་གནང་མགོ་བཙུགས་པ་བཅས་ཡིན། 


ཕྱི་ལོ་ ༢༠༠༧ ལོར་འདི་ག་ཟབ་འཇུག་ཚན་པའི་རྒྱུན་ལས་སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་ནས་གངས་སྐྱིད་ཁུལ་གྱི་ལས་བྱེད་དང་མང་ཚོགས་ལ་ཟླ་གཅིག་རིང་སྲོལ་རྒྱུན་བོད་ཀྱི་ལོ་ཐོ་ལྟ་སྟངས་ཀྱི་ཟབ་སྦྱོང་སྤྲད་པར་གང་ལེགས་བྱུང་ཡོད་པ་རེད།


ཟབ་འཇུག་ཚན་པའི་ནང་སློབ་སྟོན་པ་གཅིག་དང་།  རྒྱུན་ཞུགས་ཚོགས་གཙོ་གཅིག ཚོགས་གཞོན་གཅིག རྒྱུན་ལས་གཅིག་བཅས་ཡོད་པ་རེད། ཤིང་བྱ་ཕྱི་ལོ་ ༢༠༠༥ ལོར་འདི་གའི་འགན་འཛིན་རྩིས་རམས་པ་རྒྱལ་ནང་བློ་བཟང་ནོར་བུ་ལགས་རྒས་ཡོལ་ཐོན་པས་འཛིན་སྐྱོང་གི་དགོས་དབང་གིས་ལོ་གཉིས་རྒས་ཡོལ་ཕྱིར་འགྱངས་ཀྱིས་སྐར་རྩིས་སྡེ་ཚན་གྱི་སློབ་སྟོན་པ་དང་།  རྩིས་རམས་པ་རྡོ་རྗེ་དབང་རྒྱལ་ལགས་འགན་འཛིན་དུ་བསྐོ་བཞག་གནང་། མེ་ཁྱི་ཕྱི་ལོ་ ༢༠༠༦ ལོ་ནས་དུས་ཀྱི་འགྱུར་འགྲོས་དང་བསྟུན་ལོ་ཐོ་བསྡུས་པ་དེ་བཞིན་ཕྱི་ནང་མི་རིགས་གཉིས་ཀས་ལོངས་སྤྱོད་ཐུབ་ཕྱིར་ཨིིན་བོད་ཤན་སྦྱར་ཐོག་འབྱུང་འཕྲོད་དང་གནམ་སྒོ་ཁག་ཁ་སྣོན་དང་བཅས་ལོ་ལྟར་གྲངས་ཚད་སུམ་ཁྲིར་ཉེ་བ་པར་སྐྲུན་ཞུ་བཞིན་ཡོད།


ཕྱི་ལོ་ ༡༩༩༤ ཙམ་ནས་ཨིིན་སྐད་ཐོག་བོད་རྩིས་རིག་པའི་ངོ་སྤྲོད་སྐོར་གྱི་གཏམ་བཤད་ཁག་ཕྱོགས་བསྡུས་ཀྱིས་དཔར་བསྐྲུན་དང་འགྲེམ་སྤེལ་བྱེད་མུས་དེ་ལྟར་ཡང་སྔར་ལྷག་ཡར་རྒྱས་གཏོང་ཐབས་ལ་དམིགས་ཏེ་ཕྱི་ལོ་ ༢༠༠༩ ལོ་ནས་སྐར་རྩིས་པ་གཉིས་ཆེད་འཛུགས་ཀྱིས་བོད་རྩིས་རིག་པ་ངོ་སྤྲོད་སྔར་ལས་རྒྱས་པ་ཞིག་དཔར་བསྐྲུན་བྱ་འཆར་ཡོད།


མེ་ཕག་ཕྱི་ལོ་ ༢༠༠༧ ལོར་རྒྱལ་ནང་བློ་བཟང་ནོར་བུ་ལགས་སློབ་སྟོན་པའི་མཚན་གནས་ཐོག་སླར་ལོ་གཉིས་རིང་རྒས་ཡོལ་ཕྱིར་འགྱངས་གནང་།  སྡེ་ཚན་འདི་ནས་མང་ཚོགས་ཀྱི་རེ་འདུན་བཞིན་ལྕགས་སྟག་ཕྱི་ལོ་ ༢༠༡༠ ནས་སྐབས་འཕྲལ་སོ་སོར་རྩིས་འབྲས་བཤད་རྒྱུའི་མགོ་འཛུགས་ཟིན་པ་དེས་རྩིས་ལ་ཡིད་ཆེས་དང་དོ་སྣང་ཡོད་མཁན་གྱི་སྐྱེ་བོ་མང་དག་ཅིག་ལ་ཕན་པ་བསྐྲུན་དང་སྐྲུན་མུས་ཡིན། ཀེག་བཟློག་སྲུང་འཁོར་གསར་དུ་བཟོ་སྐྲུན་གྱིས་འགྲེམས་སྤེལ་ཞུས་པས་ཕན་ཐོགས་གང་འཚམས་བྱུང་ཡོད། དེ་བཞིན་ལོ་འདིའི་ནང་རྒྱ་གར་ཁུལ་དུ་ཡོད་པའི་མཚོ་སྣ་རིན་པོ་ཆེའི་ཤེས་རབ་བཟང་པོ་ལྷན་ཚོགས་ཀྱིས་ཧི་མ་ལ་ཡའི་རི་བརྒྱུད་གཙོས་ཕྱི་མི་དོན་གཉེར་ཅན་རྣམས་ལ་སྨན་སླད་སདྷ་ན་བརྙན་འཕྲིན་ (Sadhna T.V. Channel) བརྒྱུད་བོད་རྩིས་རིག་པ་ནས་ཉིན་རེའི་ཚེས་ཆ་བཟང་ངན་གྱི་རྩིས་འབྲས་དབྱིན་སྐད་ཐོག་བཤད་རྒྱུའི་རེ་འདུན་གནང་བ་བཞིན་ལོ་འདིའི་ཕྱི་ཟླ་ ༦ ནས་མགོ་འཛུགས་དང་།  ལྕགས་ཡོས་ཕྱི་ལོ་ ༢༠༡༡ ཟླ་ ༤ ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་དྲ་རྒྱ་བརྒྱུད་བོད་སྐད་ཐོག་ཉིན་རེའི་ཚེས་ཆ་བཟང་ངན་གྱི་སྤང་བླང་རྩིས་འབྲས་རྒྱང་སྲིང་ཞུ་སྒོ་བཙུགས་ཏེ་བསྐྱོད་མུས་ཡིན། གཞན་ཡང་ལོ་འདིའི་ནང་སྦེལ་ཀོབ་བོད་མིའི་གཞིས་སྒར་དང་བདེ་སྐྱིད་གླིང་གཉིས་སུ་མང་ཚོགས་ཀྱི་ཞབས་ཞུར་སྨན་སླད་སྐར་རྩིས་པ་གཉིས་སྔ་རྗེས་སུ་བསྐོ་གཏོང་ཐུབ་ཡོད།


རྩིས་འབྲས་འདོན་སྤེལ་གྱི་གྲངས་འབོར་ཐད་ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༡༠ བར་ལོ་བཅུའི་རིང་ཚེ་རྩིས་སོགས་བསྡོམས་ ༩༣༨༠ འདོན་སྤེལ་ཐུབ་པ་བྱུང་ཡོད། དམིགས་གསལ་སྲུང་འཁོར་ལ་ཆ་མཚོན་ན། སྲོག་བསྐྱེད་དང༌། ལུས་བསྐྱེད། དབང་བསྐྱེད། ཀླུང་བསྐྱེད། བདུན་ཟུར། ཀེག་བཟློག ཉེས་པ་ཀུན་ཐུབ་བཅས་ཁག་བདུན་ཙམ་བཟོ་སྐྲུན་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༠ ནས་ཕྱི་ལོ་ ༢༠༡༠ བར་སྲུང་འཁོར་བསྡོམས་ ༧༥༤༣༢ བཟོ་སྐྲུན་ཐུབ་པ་བྱུང་ཡོད་པ་བཅས་ཀྱིས་རིས་མེད་ཕྱི་ནང་མི་རིགས་ཁག་གི་དགོས་མཁོ་བསྐང་ཐུབ་པ་བྱུང་ཡོད། ལྕགས་ཡོས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་རང་གཞུང་སྨན་རྩིས་ཁང་འདི་བཞིན་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙིའི་ཁོངས་འགྲེམས་སྟོན་ཟབ་རྒྱས་ཤིག་གྲ་སྒྲིག་ཞུས་པའི་ཐོག་དམིགས་བསལ་མཁས་དབང་གདན་ཞུས་ཀྱིས་རྩིས་ཀྱི་སྐོར་བགྲོ་གླེང་ཚོགས་འདུའི་བྱེད་སྒོ་ཞིག་ཀྱང་སྤེལ་ཐུབ་པ་བྱུང་བ་མ་ཟད། ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་སྨན་རྩིས་རིག་གཞུང་དང་འབྲེལ་བའི་སྐོར་འགྲེམས་སྟོན་གྱི་བྱ་སྒོ་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ནས་མགོ་བཙུགས་ཏེ་རྒྱ་གར་བྱང་ཤར་ཁུལ་དང་།  བྱང་ཕྱོགས། ལྷོ་ཕྱོགས། གནས་ཆོག་རྡོར་གདན། དིལླིི་བཅས་ཀྱི་ནང་འདི་གའི་སྐར་རྩིས་རིག་པའི་སྐོར་གཏམ་བཤད་དང་།  རྩིས་འབྲས་བཤད་རྒྱུ་བཅས་ཀྱི་ལམ་ནས་ཞབས་འདེགས་གང་ལེགས་ཞུ་ཐུབ་པ་བྱུང་ཡོད།


མདོར་ན་སྡེ་ཚན་འདིའི་རྩིས་ཀྱི་ཞུ་སྒོ་མཐའ་དག་དང་པོ་མགོ་བཙུགས་པ་ནས་ད་བར་འཕེལ་རྒྱས་གང་ལེགས་བྱུང་བ་ནི་གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་གནང་བ་བཞིན་དུ་དགེ་རྒན་ཆེན་མོ་དུས་འཁོར་བ་བློ་གྲོས་རྒྱ་མཚོ་མཆོག་དང་། སློབ་དཔོན་ཆེན་མོ་བྲག་མཐོན་བྱམས་པ་རྒྱལ་མཚན་མཆོག་རྣམ་གཉིས་ཀྱི་གཙོས་རྩིས་པ་ལས་བྱེད་རྣམས་ཀྱིས་ྋགོང་ས་བཅུ་བཞི་པ་ཆེན་པོའི་བཀའ་དགོངས་བཞིན་ཕྱག་ལས་གནང་བས་སྡེ་ཚན་འདི་བཞིན་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་དང་བསྐྱོད་བཞིན་ཡོད། ད་ལམ་ྋགོང་ས་མཆོག་དབུ་བཞུགས་ལྔ་བཅུའི་དུས་དྲན་སྲུང་གཙིའི་སྐབས་རྩིས་དགེ་དམ་པ་རྒན་བློ་གྲོས་རྒྱ་མཚོ་མཆོག་དང་།  རྒན་བྲག་མཐོན་བྱམས་པ་རྒྱལ་མཚན། རྒྱལ་ནང་བློ་བཟང་ནོར་བུ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ལོ་མང་ཞབས་ཞུ་གནང་བར་ཆེ་བསྟོད་དང་སྦྲགས་གཟེངས་རྟགས་ཀྱང་གནང་ཡོད་པ་བཅས་སོ།།།


སྡེ་ཚན་འདིའི་ལས་བྱེད་འཕོ་འགྱུར། 

སྡེ་ཚན་འདི་ཉིད་ཕྱི་ལོ་ ༡༩༦༠ ལོར་གསར་དུ་བཙུགས་པ་ནས་ད་ལྟའི་བར་རྩིས་ལས་གསར་ཞུགས་དང་དགོངས་ཞུ་སོགས་ཀྱི་སྐོར། ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༦༨ རྩིས་རིག་སློབ་དཔོན་ཆེན་མོ་དུས་འཁོར་བ་བློ་གྲོས་རྒྱ་མཆོག་ནས་རྩིས་ཀྱི་འགན་བཞེས་གནང༌། ཕྱི་ལོ་ ༡༩༦༨ ལོར་སྨན་རྩིས་ཁང་ནས་དགོངས་པ་ཞུས། ཕྱི་ལོ་ ༡༩༦༡ བྲག་གཡབ་ཆེ་ཚང་ཧོ་ཐོག་ཐུ་བློ་ལྡན་ཤེས་རབ་རིན་པོ་ཆེ་དང༌། འབྲས་བློ་གླིང་ཤག་འཁོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་རིན་པོ་ཆེ་ལས་སློབ་ཟུང་འབྲེལ་ཐོག་འཛུལ་བཞུགས་གནང༌། ཕྱི་ལོ་ ༡༩༦༤ ལོར་བློ་ལྡན་ཤེས་རབ་རིན་པོ་ཆེས་རྩིས་རིག་སློབ་ཁང་ནས་དགོངས་པ་ཞུས། ཕྱི་ལོ་ ༡༩༦༦ ལོར་མཁན་སྤྲུལ་ཡེ་ཤེས་དཔལ་ལྡན་དགོངས་པ་ཞུས། ཕྱི་ལོ་ ༡༩༦༧ ལོར་སྐར་རྩིས་པ་ཡེ་ཤེས་སྦྱིན་པ་ལགས་དང༌། བསྟན་འཛིན་འཕྲིན་ལས། རྒན་བྲག་མཐོན་བྱམས་པ་རྒྱལ་མཚན་བཅས་འཛུལ་བཞུགས་གནང༌།

ཕྱི་ལོ་ ༡༩༧༡ ལོར་སྐར་རྩིས་པ་ཡེ་ཤེས་སྦྱིན་པ་ལགས་སྨན་རྩིས་ཁང་ནས་དགོངས་ཞུ། ཕྱི་ལོ་ ༡༩༧༢ ལོར་དུས་འཁོར་པ་བསྟན་འཛིན་འཕྲིན་ལས་དགོངས་ཞུ། ཕྱི་ལོ་ ༡༩༩༧ ལོར་རྩིས་རིག་སློབ་དཔོན་བྲག་མཐོན་བྱམས་པ་རྒྱལ་མཚན་དགོངས་པ་རྫོགས། ཕྱི་ལོ་ ༡༩༧༡ ལོར་རྒྱལ་ནང་བློ་བཟང་ནོར་བུ་ལགས་ལས་སློབ་ཟུང་འབྲེལ་ཐོག་འཛུལ་ཞུགས་གནང༌། ཕྱི་ལོ་ ༡༩༧༨ ལོར་སྨན་རྩིས་པ་བསོད་ནམས་ཚེ་རིང་ལགས་སྐར་རྩིས་སྡེ་ཚན་དུ་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༨༥ ལོར་འདས་གྲོངས། ཕྱི་ལོ་ ༡༩༨༢ ལོར་བསོད་ནམས་སྤེན་པ་འདི་གའི་ཡིག་འབྲི་བར་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༨༩ ལོར་སྐབས་གསུམ་པའི་རྩིས་སློབ་རྡོ་རྗེ་དབང་རྒྱལ་དང༌། ཚེ་རིང་ཆོས་འཛོམས། དཀོན་མཆོག་བསྟན་འཛིན། ལྷ་དབང་ཚེ་རིང་བཅས་སློབ་ཐོན་གྱིས་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་སྐར་རྩིས་པར་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༩༥ ལོར་སྐར་རྩིས་པ་ལྷ་དབང་ཚེ་རིང་དཔར་བསྐྲུན་སྡེ་ཚན་དུ་གནས་སྤོ་གནང༌། ཕྱི་ལོ་ ༡༩༩༩ ལོར་སྐར་རྩིས་པ་ཚེ་རིང་ཆོས་འཛོམས་མཐོ་སློབ་ཏུ་རྩིས་དགེར་བསྐོ་བཞག་གིས་ལས་འཁུར་ཞུས། ཕྱི་ལོ་༢༠༠༥ ལོར་སླར་ཡང་སྐར་དཔྱད་རྩིས་རིག་སྡེ་ཚན་དུ་གནས་སྤོས་ཀྱིས་ཕྱི་ལོ་ ༢༠༡༠ ལོར་འགན་འཛིན་གཞོན་པར་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༩༡ ལོར་སྐབས་བཞི་པའི་རྩིས་སློབ་ངག་དབང་དོན་གྲུབ་དང༌། བསྟན་འཛིན་ཆོས་རྒྱལ། བྱམས་པ་སྐལ་བཟང༌། བསོད་ནམས་དོན་གྲུབ། བཀྲ་ཤིས་ཚེ་རིང་སློབ་ཐོན་གྱིས་སྐར་དཔྱད་

རྩིས་རིག་སྡེ་ཚན་གྱི་སྐར་རྩིས་པར་བསྐོ་བཞག་གནང༌།

ཕྱི་ལོ་ ༡༩༩༢ ལོར་སྐར་རྩིས་པ་ངག་དབང་དོན་གྲུབ་དང༌། བསྟན་འཛིན་ཆོས་རྒྱལ། བསོད་ནམས་དོན་གྲུབ་བཅས་ནས་རིམ་པས་རྩ་དགོངས་ཞུས། ཕྱི་ལོ་ ༡༩༩༣ ལོར་སྐར་རྩིས་པ་བྱམས་པ་སྐལ་བཟང་སྨན་རྩིས་མཐོ་སློབ་ཁང་དུ་རྩིས་དགེར་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༢༡ ཉིན་སྐར་རྩིས་པ་ཐུབ་བསྟན་ཉི་མ་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་སྐར་རྩིས་པར་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༩༤ ཟླ་ ༡ ཚེས་ ༡ ཉིན་སྐར་རྩིས་པ་ལེགས་བཤད་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་སྐར་རྩིས་པར་བསྐོ་བཞག་གནང༌།
ཕྱི་ལོ་ ༡༩༩༤ ལོར་སྐར་རྩིས་པ་བཀྲ་ཤིས་ཚེ་རིང་སྨན་རྩིས་ཁང་ནས་རྩ་དགོངས། ཕྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༡ ཉིན་སྐར་རྩིས་པ་ཆོས་ཉིད་གཡུ་སྒྲོན་སྐར་རྩིས་སྡེ་ཚན་གྱི་ལས་དྲུང་དུ་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༩༦ ཟླ་ ༡༢ ཚེས་ ༩ ཉིན་སྐལ་བཟང་བདེ་སྐྱིད་དེ་གའི་ལས་དྲུང་དུ་བསྐོ་བཞག་གནང༌། ཕྱི་ལོ་ ༡༩༩༨ ཟླ་ ༡ ཚེས་ ༡ ཉིན་བུ་ཆུང་ཚེ་རིང་སྐར་རྩིས་སྡེ་ཚན་གྱི་ལྷ་བྲིས་པར་བསྐོ་བཞག ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༡༥ ཉིན་སྐར་རྩིས་པ་ལེགས་བཤད་སྨན་རྩིས་ཁང་ནས་རྩ་དགོངས་ཞུས། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༣༡ ཉིན་སྐར་རྩིས་པ་ཐུབ་བསྟན་ཉི་མ་སྨན་རྩིས་ཁང་ནས་རྩ་དགོངས་ཞུས། ཕྱི་ལོ་ ༡༩༩༩ ལོར་སྐབས་ལྔ་པའི་རྩིས་པ་བསྟན་འཛིན་སྙན་གྲགས་དང༌། བསོད་ནམས་རྡོ་རྗེ། བསོད་ནམས་དཔལ་མོ། ཆོས་ཉིད་བཟང་མོ། ཚེ་རིང་སྒྲོལ་མ། ཕུན་ཚོགས་སྙན་གྲགས། ཕུར་བུ་ཚེ་རིང༌། བསྟན་འཛིན་དཔག་བསམ་བཅས་ནས་བསོད་ནམས་རྡོ་རྗེ་མཐོ་སློབ་རྩིས་དགེར་བསྐོ་བཞག་སོང་བ་ནས་ཕྱི་ལོ་ ༢༠༠༧ ལོར་དགོངས་པ་རྫོགས། གཞན་རྣམས་སྐར་རྩིས་སྡེ་ཚན་དུ་སྐར་རྩིས་པར་བསྐོ་བཞག་གནང༌། ཕྱི་ལོ་ ༢༠༠༠ ལོར་སྐར་རྩིས་པ་ཕུན་ཚོགས་སྙན་གྲགས་དང༌། ཚེ་རིང་སྒྲོལ་མ་གཉིས་སྨན་རྩིས་ཁང་ནས་རྩ་དགོངས་ཞུས། ཕྱི་ལོ་ ༢༠༠༡ ལོར་སྐར་རྩིས་པ་བསྟན་འཛིན་སྙན་གྲགས་དཔར་བསྐྲུན་སྡེ་ཚན་དུ་གནས་སྤོ་གནང༌། 

ཕྱི་ལོ་ ༢༠༠༡ ཟླ་ ༡༢ ཚེས་ ༢༠ ཉིན་ལས་དྲུང་ཆོས་ཉིད་གཡུ་སྒྲོན་སློབ་ཡོན་འབྲེལ་མཐུད་པར་གནས་སྤོ་གནང༌། ཕྱི་ལོ་ ༢༠༠༤ ཟླ་ ༥ ཚེས་ ༡ ཉིན་ལྷ་བྲིས་བུ་ཆུང་ཚེ་རིང་སྨན་རྫས་ཉམས་ཞིབ་སྡེ་ཚན་དུ་གནས་སྤོ་གནང་།  ཕྱི་ལོ་ ༢༠༠༤ ཟླ་ ༦ ཚེས་ ༡ ཉིན་བསོད་ནམས་ལྷ་མོ་འདི་གའི་ལས་དྲུང་དུ་བསྐོ་བཞག་གནང༌། ཕྱི་ལོ་ ༢༠༠༤ ལོར་སྐར་རྩིས་པ་ལྷ་དབང་ཚེ་རིང་དང༌། བསྟན་འཛིན་སྙན་གྲགས་གཉིས་སྐར་རྩིས་སྡེ་ཚན་དུ་ཟླ་སྒྲིལ་གནང༌།


ཕྱི་ལོ་ ༢༠༠༤ ལོར་སྐབས་དྲུག་པའི་སྐར་རྩིས་པ་བསྟན་འཛིན་ཤེས་རབ་དང༌། བསྟན་ཛིན་སྦྱིན་པ། བཀྲ་ཤིས་ནོར་བུ། ཀུན་དགའ་དོན་གྲུབ། ངག་དབང་སྒྲོལ་དཀར། ཚེ་དབང་རྡོ་རྗེ་བཅས་སྐར་རྩིས་སྡེ་ཚན་དུ་སྐར་རྩིས་པར་བསྐོ་བཞག་གནང༌། ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༢༥ ཉིན་སྐར་རྩིས་པ་བསྟན་འཛིན་ཤེས་རབ་ཟབ་འཇུག་ཚོགས་ཆུང་གི་རྒྱུན་ལས་པར་བསྐོ་བཞག་གནང༌། ཕྱི་ལོ་ ༢༠༠༥ ལོར་རྩིས་དགེ་མདུན་ཆུ་བསོད་ནམས་རྡོ་རྡེ་མཐོ་སློབ་རྩིས་དགེའི་ལས་གནས་ནས་ཟབ་འཇུག་ཚན་པའི་ནང་ལོ་གཅིག་རིང་གནས་སྤོ་ཞུས་པར་བརྟེན་སྐར་རྩིས་པ་བསྟན་འཛིན་དཔག་བསམ་དགེ་རྒན་ལས་ཚབ་ཏུ་བསྐོ་བཞག་གནང༌། ཕྱི་ལོ་ ༢༠༠༦ ལོར་སྐར་རྩིས་པ་བསྟན་འཛིན་དཔག་བསམ་དང་།  ཕུར་བུ་ཚེ་རིང་གཉིས་སྨན་རྩིས་ཁང་ནས་རྩ་དགོངས་ཞུས། ཕྱི་ལོ་ ༢༠༠༦ ལོར་སྨན་རྩིས་པ་ཨེ་པ་བསོད་ནམས་རིན་ཆེན་ཟབ་འཇུག་ཚན་པར་བསྐོ་བཞག་གནང༌། ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༡༨ ཉིན་ལས་དྲུང་སྐལ་བཟང་བདེ་སྐྱིད་སྨན་རྩིས་ཁང་སྒྲིག་ཁོངས་ནས་རྩ་དགོངས་ཞུས། ཕྱི་ལོ་ ༢༠༠༦ ཟླ་ ༡༠ ཚེས་ ༥ ཉིན་ཚེ་རིང་ཆོས་འཛོམས་འདི་གའི་ལས་དྲུང་དུ་བསྐོ་བཞག་གནང༌།

ཕྱི་ལོ་ ༢༠༠༨ ལོར་སྨན་རྩིས་མཐོ་སློབ་ཁང་དུ་གནས་སྤོ་གནང༌། ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༡ ཉིན་སྨན་རྩིས་ཁང་སྒྲིག་ཁོངས་ནས་རྩ་དགོངས་ཞུས། ཕྱི་ལོ་ ༢༠༠༩ ལོར་སྐར་རྩིས་པ་ངག་དབང་སྒྲོལ་དཀར་སྨན་རྩིས་ཁང་ནས་རྩ་དགོངས་དང༌། ཕྱི་ལོ་ ༢༠༠༩ ལོར་སྐབས་བདུན་པའི་སྐར་རྩིས་པ་བསྟན་འཛིན་ཚེ་དབང་དང༌། གྲགས་པ་རྒྱ་མཚོ། སྨོན་ལམ་ཡེ་ཤེས། བཀྲ་ཤིས་རྒྱལ་མཚན། ཟེའུ་དབང་འཕྲིན་ལས། བསྟན་འཛིན་ལྷ་མོ། བསྟན་འཛིན་དབྱངས་སྐྱིད། ལྷ་མོ་དབྱངས་ཅན། པ་སངས་ལྷ་མོ། ཚེ་རིང་ཆོས་འཛོམས་བཅས་སྐར་རྩིས་སྡེ་ཚན་དུ་སྐར་རྩིས་པར་བསྐོ་བཞག་གནང༌། ལོ་དེར་སྐར་རྩིས་པ་ཟེའུ་དབང་འཕྲིན་ལས་ཀྱིས་རྩིས་རིག་ཚིག་མཛོད་ ༼འབྱུང་རྩིས་ཚིག་འགྲེལ་གཙུག་ལག་ཀུན་གསལ་སྒྲོན་མེ༽ ཞེས་པ་རྩོམ་སྒྲིག་པར་སྐྲུན་ཞུས་རྗེས་སྨན་རྩིས་ཁང་ནས་རྩ་དགོངས་ཞུས།

ཕྱི་ལོ་ ༢༠༡༠ ལོར་སྐབས་བདུན་པའི་སྐར་རྩིས་པ་ཚེ་རིང་ཆོས་འཛོམས་སྨན་རྩིས་ཁང་ནས་རྩ་དགོངས་ཞུས། ཕྱི་ལོ་ ༢༠༡༠ ལོར་སྐར་རྩིས་པ་ཆོས་ཉིད་བཟང་མོ་སྨན་རྩིས་ཁང་ནས་རྩ་དགོངས་ཞུས། ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༡༥ ཉིན་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་ལས་དྲུང་བསོད་ནམས་ལྷ་མོ་སྨན་རྩིས་མཐོ་སློབ་ཁང་དུ་གནས་སྤོ་དང་།  དེ་གའི་ལས་དྲུང་སྐལ་བཟང་ཆོས་སྒྲོན་འདི་ག་སྐར་དཔྱད་རྩིས་རིག་སྡེ་ཚན་གྱི་ལས་དྲུང་དུ་བསྐོ་བཞག་གནང་། 


ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༥ ནས་སྐར་རྩིས་པ་བཀྲ་ཤིས་ནོར་བུ་བྷེེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་ཡན་ལག་སྨན་རྩིས་ཁང་དང༌། ཟླ་ ༨ ཚེས་ ༡ ནས་སྐར་རྩིས་པ་བསྟན་འཛིན་སྦྱིན་པ་བདེ་སྐྱིད་གླིང་ཡན་ལག་སྨན་རྩིས་ཁང་དུ་གནས་སྤོ་གནང༌། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡ ནས་སྐར་རྩིས་པ་ལྷ་དབང་ཚེ་རིང་དང་བསྟན་འཛིན་ཚེ་དབང་གཉིས་སྨན་རྩིས་ཞིབ་འཇུག་སྡེ་ཚན་དུ་གནས་སྤོ་གནང་བ་བཅས་ནི་སྐར་རྩིས་སྡེ་ཚན་ནང་ད་བར་སྐར་རྩིས་པ་དང་ལས་དྲུང་འཕོ་འགྱུར་ཇི་བྱུང་གི་གནས་སྟངས་རིམ་པར་བཀོད་པ་བཅས་སྡེ་ཚན་གྱི་བྱུང་བ་མདོ་ཙམ་བཀོད་པ་ལགས་སོ།། 


སླར་སྨྲས་པ།

མཐོ་རིས་མི་བཟད་གོ་ལའི་ཁྱོན་ཡངས་སུ།།
བཅུ་གཉིས་ཁྱིམ་གྱི་དུས་ཀྱི་སྦྱོར་བ་ཡིས།།
འགྲོ་ཀུན་གནས་སྐབས་རྒྱུ་འབྲས་བླང་དོར་མིག།།
གསལ་སྟོན་རིག་པའི་སྒྱུ་འཕྲུལ་འདི་ན་འཁྱིལ།། །།


མཐའ་མའི་འདོན་ཐེངས་།: 16.04.2016 ཉིན། 11:50 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།