སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་ལྔ་པ། བྱེད་པའི་ཡན་ལག་ལྔ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་ལྔ་པ། བྱེད་པའི་ཡན་ལག་ལྔ་བཤད་པ།

༈ མེ་མཁའ་རྒྱ་མཚོ་རྣམས་ལ་ནི། །རབ་བྱུང་ལ་སོགས་འདས་པ་བསྲེ། །ལག་པ་གདེངས་ཅན་ཟླ་བས་ཕྲི། །ལྷག་མ་ཉི་མས་བསྒྱུར་བ་ལ། །ནག་པ་ལ་སོགས་འདས་ཟླ་བསྲེ། །གནས་གཉིས་འོག་མ་ཆུ་བོས་བསྒྱུར། །མཁའ་མེ་ཟླ་བས་ཐོབ་པའི་ནོར། །སྟེང་བསྲེ་ཟླ་བ་རྣམ་པར་དག །མཁའ་མེ་ཟླ་བས་རྙེད་པའི་ནོར། །དེ་ནི་ལྷག་པའི་ཟླ་གྲངས་ཏེ། །བགོས་པའི་ལྷག་མས་ཟླ་བཤོལ་མཚམས། །རྟོགས་པར་བྱེད་པའི་མན་ངག་ཡིན།། ༈ ཟླ་དག་གནས་གསུམ་དབུས་མ་དེ། །ལག་པ་མེས་བསྒྱུར་འོག་མ་ལ། །རོས་ཐོབ་ནོར་གྱིས་བར་མར་སྦྱང་། །སྟེང་འོག་མིག་དང་སུམ་ཅུ་བསྲེ། །མཁའ་རོས་བགོས་ལྷག་ཆུ་ཚོད་དེ། །རྙེད་པ་སྟེང་བྱིན་ཐུབ་པས་བགོ །ལྷག་མ་ཚེས་གཟའི་དྷྲུ་བ་ཀ།༈ ཟླ་བ་དག་པར་ཉི་ཟླ་བསྲེ། །གནས་གཉིས་འོག་མར་དུས་ཉི་ཡིས། །བགོས་ཐོབ་ནོར་ལ་འབྱུང་བ་བསྲེ། །སྟེང་མ་ལག་པས་བསྒྱུར་ལ་བྱིན། །ཀླུ་ལག་གིས་དོར་ལྷག་མ་དག །རིལ་པོ་ཆ་ཤས་དྷྲུ་ཝ་འོ།། ༈ ཟླ་བ་དག་པ་གནས་གསུམ་བཞག །དེ་ཡི་དབུས་མ་དྲག་པོས་བསྒྱུར། །འོག་མར་བུག་མེས་ཐོབ་ནོར་ལ། །མིག་བསྲེ་དེ་ཡིས་དབུས་མར་སྦྱངས། །མཁའ་རོས་བགོས་ལྷག་ཆུ་ཚོད་ཡིན། །སྟེང་མ་མིག་བསྒྱུར་རྙེད་ནོར་བྱིན། །སྐར་མས་དོར་ལྷག་ཉི་དྷྲུ་འོ།། ༈ སྔ་དྷྲཱུའི་གཟའ་དབྱུག་གཟུགས་དང་སོ། །རིལ་ཆའི་གནས་སུ་མིག་དང་ཟླ། །ཉི་མའི་སྐར་དབྱུག་མིག་དང་དྲག །བྱིན་ལ་རང་རང་འཁོར་ལོས་སྒྲིལ། །ཕྱི་མ་ཕྱི་མའི་དྷྲཱུ་ཝར་འགྱུར།། ༈ གཟའ་ཡི་གནས་སུ་གང་བརྩིའི་ཚེས། །བྱིན་ལ་ཆུ་ཚོད་གནས་ནས་སྦྱང་། །རིལ་པོར་ཚེས་བསྲེ་ཆུ་ཟླས་བགོ །ཐོབ་པ་གཟུགས་མེ་མི་མཉམ་ཞིང་། །མིག་མཚོ༌ཐིག་ལེ་མཉམ་པ་ཡིན། །ལྷག་མས་ཟླ་བའི་རྐང་པ་བཟུང་། །མདའ་དབང་འབྱུང་མཚོ་མེ་མིག་གཟུགས། །སྔ་རྐང་དེ་ཡིན་ཕྱི་རྐང་ལྡོག །སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་འདོད་པར་འབྱུང་བ་སྟེ། །མིག་དང་ཉི་མ་དག་ལ་ཕྱོགས། །མེ་དང་དྲག་པོར་ཚེས་ཞེས་བྱ། །ཕྱོགས་དང་ཆུ་གཏེར་བུ་ག་གཟུགས། །མདའ་དང་བུག་པར་ལག་པ་མིག །དུས་དང་ནོར་ལ་རྒྱལ་བ་སྟེ། །ཐུབ་པ་ལ་ནི་དེ་ཉིད་དོ། །རྐང་འཛིན་ཕྱིས་ལ་རྐང་བསྡོམས་ཕྲི། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་ཟིན་སྔུན་མས་ཆ་ཤས་བསྒྱུར། །མ་ཟིན་རྐང་པ་དང་པོ་ཡིས། །བསྒྱུར་ལ་དུས་ཉིས་ཐོབ་པའི་ནོར། །ཡང་དག་རྒྱུ་བའི་ཆུ་ཚོད་ཡིན། །ལྷག་མ་མཁའ་རོས་བསྒྱུར་ཐོབ་སྲང་། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་ཕབ་ལ་རྒྱུ་བས་སྦྱང་། །གང་དེ་གཟའ་ཡི་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཕྱེད་དག་པའོ།། ༈ ཚེས་གྲངས་གནས་གཉིས་སྟེང་མ་ཆུས། །བསྒྱུར་ལ་འོག་མར་མེས་ཐོབ་བསྲེ། །སྟེང་མར་མཁའ་རོས་རྙེད་པའི་ནོར། །ཉི་དྷྲུའི་སྐར་མའི་གནས་སུ་བྱིན། །ལྷག་མ་ཆུ་ཚོད་གནས་བསྲེ་ཞིང་། །མེ་ཡིས་བགོས་ལྷག་མཁའ་མིག་གིས། །བསྒྱུར་བ་ཆུ་སྲང་གནས་སུ་བྱིན། །ཉི་མ་ཕྱེད་ནི་དག་པ་ཡིན།། ༈ གནས་གཉིས་བཀོད་པའི་གནས་གཅིག་ལ། །སྐར་དྲུག་ཆུ་ཚོད༌ཞེ་ལྔས་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ལྷག་མའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །བགོས་ཐོབ་ནོར་གྱིས་ཉི་རྐང་བཟུང་། །དུས་མཚོ་ཟླ་བ་སྔ་རྐང་སྟེ། །ཕྱི་རྐང་དེ་ལྡོག་རྐང་གནས་དྲུག།། ༈ སྟོང་ལ་སྟོང་པ་རྣམ་པར་དག །གཟུགས་དང་དབང་པོར༌བྲོ་བ་སྟེ། །མིག་དང་ཆུ་བོ་དག་ལ་ཕྱོགས། །མེ་ལ་དྲག་པོ་བསྡམ་པར་བྱ། །སྔ་ཕྱི་ཟོས་དང་མ་ཟོས་སྡོམ། །རྐང་བཟུང་སྡུན་མས་ལྷག་རྣམས་བསྒྱུར། །མ་ཟིན་རྐང་པ་དང་པོས་བསྒྱུར། །རང་རང་འཁོར་ལོས་སྟེང་དུ་སྒྲིལ། །མདའ་ཡོན་ཟླས་ཐོབ་ཡང་དག་རྒྱུའི། །ཆུ་ཚོད་ཡིན་ཏེ་ལྷག་མཁའ་རོས། །བསྒྱུར་བཅུག་ཐོབ་པ་ཆུ་སྲང་ཡིན། །སྔ་རྐང་ཆུ་ཚོད་གཉིས་པོ་བསྲེ། །ཕྱི་རྐང་རྒྱུ་བས་སྦྱངས་ལྷག་རྣམས། །གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། །འཁོར་ཕྱེད་དོར་བསྣན་མ་དོར་ཕྲི། །དེ་ཡིས་གཟའ་ཉི་རྣམ་པར་དག།། ༈ ཉི་དག་གནས་གཉིས་གཅིག་ལ་ནི། །སྐར་མའི་གནས་སུ་ཚེས་གྲངས་བྱིན། །སླར་ཡང་ཚེས་གྲངས་ལོགས་སུ་རོས། །བསྒྱུར་ལ་གཟའ་ཡི་ལོངས་སྤྱོད་བསྲེ། །མཁའ་རོས་རྙེད་པས་སྐར་གནས་སྦྱང་། །ལྷག་མས་ཆུ་ཚོད་ལ་སོགས་སྦྱང་། །སྦྱངས་ལྷག་རེས་འགྲོགས་ཟླ་སྐར་ཡིན།། ༈ ཉི་ཟླ་གཉིས་བསྲེས་སྦྱོར་བ༌འོ།། ༈ བྱེད་པ་ཚེས་གྲངས་མིག་གིས་བསྒྱུར། །གཟུགས་ཕྲི་རིས་དོར་ཕྱི་བྱེད་དོ། །དེ་ལྟར་གཟའ་དང་ཚེས་དང་ནི། །སྐར་མ་སྦྱོར་བ་བྱེད་པ་སྟེ། །ཡན་ལག་ལྔ་ཞེས་ཡོངས་གྲགས་པ། །ཇི་ལྟར་བརྩི་ཚུལ་བསྡུས་རྒྱུད་ཀྱི། །དངོས་བསྟན་ལག་ལེན་ལེགས་བཤད་ནས། །སླར་ཡང་སྲང་དབུགས་འདོད་ཆ་སོགས། །ཞིབ་རྩིས་འདོད་ཅིང་འདས་ལོའི་གྲངས། །བསྟུངས་ཕྱིར་ངེས་པ་སྤོ་བར་བྱ། །རབ་ཉིའི་ནང་གི་རྒྱལ་བ་སོགས། །འདས་ལོ་དག་པ་ཉི་མས་བསྒྱུར། །ནག་པ་ལ་སོགས་འདས་ཟླ་བསྲེ། །གནས་གཉིས་འོག་མ་ལག་པས་བསྒྱུར། །རི་གཟུགས་བསྲེས་ལ་མདའ་རོས་བགོ །རྙེད་པ་སྟེང་བྱིན་ཟླ་དག་གོ། ༈ ཟླ་དག་གནས་གསུམ་རིམ་པ་བཞིན། །གཟུགས་དང་གཟུགས་མེ་མཁའ་མདས་བསྒྱུར། །ནམ་མཁའ་ཕྱོགས་དང་མཁའ་གཟུགས་བྱིན། །མཁའ་རོ་མཁའ་རོ་ཐུབ་པ་ཡིས། །གོང་དུ་སྒྲིལ་ལྷག་གཟའ་དྷྲུ་འོ།། ༈ ཟླ་དག་གནས་གཉིས་སྟེང་མ་མིག །འོག་མ་གཟུགས་ཀྱིས་བསྒྱུར་བ་ལ། །ཐུབ་པ་གཟུགས་དང་རྩེ་མོ་བྱིན། །དུས་ཉི་ཀླུ་ལག་གིས་སྒྲིལ་ལྷག །རིལ་པོ་དང་ནི་དེའི་ཆ་ཤས།། ༈ ཟླ་དག་གནས་ལྔ་སྟེང་རིམ་བཞིན། །མིག་ཕྱོགས་ཀླུ་དབང་མིག་ཕྱོགས་བསྒྱུར། །ཐིག་དྲག་གཟུགས་དང་མེ་རྩེ་བྱིན། །འདོད་དུས་མཁའ་རོ་མཁའ་རོ་དང་། །འཁོར་ལོས་སྒྲིལ་ལྷག་ཉི་དྷྲུ་འོ།། ༈ སྔ་དྷྲུ་ར་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་ཕྱི་མའི་དྷྲུ་བ་འཆར།། ༈ གཟའ་དྷྲུ་ར་བུག་མདའི་ཆུ་ཚོད་དང་། །སྲང་མེ་དབུགས་མཚོ་ཉི་དྷྲུ་ལ། །ཆུ་ཚོད་རིག་བྱེད་སྲང་གཟུགས་མིག །དབུགས་འབྱུང་འདོད་ཆར་བུ་ག་རྣམས། །གང་བརྩིའི་ཚེས་ཀྱིས་བསྒྱུར་ལ་བྱིན། །གཟའ་ཉི་བར་པའོ་རྣམ་དག་ཆེད། །ཟླ་རྐང་ཉི་མའི་རྐང་ཆོག་སོགས། །ཞག་རེའི་ངེས་པ་བརྩི་ཚུལ་རྣམས། །འཆད་འགྱུར་གྲུབ་མཐའ་ཇི་བཞིན་ལས། །སྒོས་ཆོས་དབུགས་ཀྱི་ཆ་ཤས་དག །འདོད་པས་བརྗེས་ཏེ་བྱ་བ་ཉིད། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །བྱེད་པའི་ཡན་ལག་ལྔ་བཤད་པའི་སྐབས་ཏེ་ལྔ་པའོ།། །།

མཐའ་མའི་འདོན་ཐེངས་།: 20.04.2024 ཉིན། 2:35 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།