སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་ལྔ་པ། བྱེད་པའི་ཡན་ལག་ལྔ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་ལྔ་པ། བྱེད་པའི་ཡན་ལག་ལྔ་བཤད་པ།

ད་ནི་སྐབས་ལྔ་པ་བྱེད་པའི་ཡན་ལག་ལྔ་བཤད་པ་ལ་གཉིས་ཏེ། བསྡུས་རྒྱུད་དངོས་བསྟན་ལྟར་རགས་རྩིས་ཀྱིས་ཉུང་ངུའི་རྩིས་བཤད་པ་དང༌། འགྲེལ་ཆེན་གྱི་དགོངས་པ་ཞིབ་རྩིས་ཀྱིས་ཉུང་ངུའི་རྩིས་བཤད་པའོ། དང་པོ་ལའང་བཞི་སྟེ། ལོ་དག་པ། ཟླ་བ་དག་པ། ཟླ་བའི་ངེས་པ། ཞག་གི་ངེས་པ་བཤད་པའོ། དང་པོ་ནི། མེ་མཁའ་རྒྱ་མཚོ་ནི་མ་ཁར་ཀླ་ཀློ་ཞུགས་ནས་རྒྱུད་འགྲེལ་འཕགས་ཡུལ་དུ་མ་ཕེབས་བར་གྱི་ལོའོ། །ལོ་བཞི་བརྒྱ་དང་གསུམ་པོ་དེ་རྣམས་ལ་བསྲེ་བྱའི་ལོ་ནི། རབ་བྱུང་སྟེ་མེ་ཡོས་ལ་དུས་འཁོར་འཕགས་ཡུལ་དུ་ཕེབས་པས་དེ་ལ་སོགས་པའི་ཁོངས་ཀྱི་རབ་བྱུང་དེ་ནས་བརྩམས་ཏེ། བརྩི་བྱའི་ལོ་ཡན་ཆོད་ལ་ལོ་དུ་ཙམ་ཞིག་འདས་པའི་གྲངས་བསྲེས་པས་ནི་ཀླ་ཀློ་བྱུང་ནས་རྩི་བཞིན་པའི་བར་གྱི་ལོ་གྲངས་སུ་འགྱུར་བ་ཡིན་ནོ། དེའི་སྟེང་ནས་རྒྱ་མཚོ་རྣམ་རྒྱལ་གྱི་སྐུ་ཚེའི་ཚད་ལག་པ་སྐྱོན་དང་བྲལ་ཏེ་བརྒྱ་གྱ་གཉིས་ཕྲི་བའི་ལྷག་མ་ནི་རྒྱལ་དཀའ་ཁྲིར་ཕེབས་ཏེ་ཉུང་ངུའི་བྱེད་པ་སྦྱངས་ནས་ད་ལྟའི་བར་གྱི་འདས་ལོ་དག་པའི་ཚོགས་སོ། གཉིས་པ་ནི། ལོ་དག་པའི་ཚོགས་དེ་ཉིད་ཉི་མས་བསྒྱུར་བ་ནི་ལོ་རེ་ལ་འཕོ་བའི་ཟླ་བ་བཅུ་གཉིས་རེ་ཡོད་པས་འདས་ལོ་རྣམས་ཁྱིམ་ཟླའི་ཕུང་པོར་གསིལ་བའི་དོན་ནོ། དེ་ལ་ནག་པ་སོགས་ལོར་མ་ལོངས་པའི་འདས་ཟླ་བསྲེས་པ་ནི་རྩིས་འགོ་ཟུག་པ་ཕྱིན་གྱི་ཁྱིམ་ཟླའི་གྲངས་སོ། དེ་གནས་གཉིས་སུ་འཇོག་པ་ནི། སྟེང་མ་ནི་ཟླ་ལྷག་སྟེར་བའི་གཞི་དང༌། འོག་མ་ནི་ལྷག་པོ་འཚོལ་བའི་གཞིའོ། དེ་ཡང་དབུགས་གཅིག་ཕྱེད་དང་བཅས་པའི་སོ་གཉིས་སུ་གསིལ་བའི་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབུགས་སོ་གཉིས་ཕྱེད་བཅས་ན་ཡེ་ཤེས་ཀྱི་ཆའི་དབུགས་རེ་ལོངས། དེ་བསགས་པས་ཞག་སོ་གཉིས་ཕྱེད་བཅས་ན་ཡེ་ཤེས་ཀྱི་ཆའི་ཞག་བཤོལ་གཅིག་ཏུ་ལོངས། དེ་བསགས་པས་ཟླ་བ་སོ་གཉིས་ཕྱེད་བཅས་ན་ཟླ་བཤོལ་གཅིག་ལོངས་པའི་གནད་ཀྱིས། སྤྱིར་ཚེས་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཟླ་བ་རེ་རྫོགས་པའི་གནམ་སྟོང་ལ་ཉི་མས་ཁྱིམ་རེ་རེ་རྫོགས་ནས་འཕོ་མི་ནུས་པས་ཟླ་བཤོལ་ངེས་པར་དགོས་ཏེ། འགྲེལ་ཆེན་ལས། འདིར་ཟླ་བ་ཕྱེད་དང་བཅས་པའི་སུམ་ཅུ་གཉིས་ན་ལྷག་པའི་ཟླ་བར་འགྱུར་ཏེ་གནམ་སྟོང་ལ་ནི་ཉི་མའི་འཕོ་བ་མེད་པའི་ཕྱིར་རོ། །དེས་ན་ལོངས་སྤྱོད་པར་མི་འགྱུར་རོ། །ཞེས་གསུངས་སོ། དེ་བས་ན་ཕྱེད་པ་དེ་སུམ་ཅུ་རྩ་གཉིས་ལ་གཞུག་པའི་ཐབས་སུ་སོ་གཉིས་ཕྱེད་པའི་ཕུང་པོར་བྱས་པ་ལ་ཕྱེད་པ་གཅིག་པོ་བཅུག་སྟེ་དཀྱིལ་འཁོར་རེ་ལྔར་བྱས་ནས་ཤེད་མཚུངས་ཀྱི་ཕྱིར་གནས་འོག་མ་གཉིས་ཀྱིས་བསྒྱུར་ནའང་ཟླ་བཤོལ་གྱི་ངོ་བོ་རྟོགས་མོད་ཀྱི། རྒྱུད་འགྲེལ་འདིར་གནས་འོག་མ་བཞིས་བསྒྱུར་བ་ལ་སོ་གཉིས་ཕྱེད་བཅས་བཞི་ཆའི་ཕུང་པོར་བྱས་པས་བརྒྱ་སུམ་ཅུ་འབྱུང་བ་བགོད་བྱེད་དུ་མཛད་དོ། འདི་ལ་སྔ་རབས་ཀྱི་མཁས་པ་ཕལ་ཆེ་བ་དག བཞིས་བསྒྱུར་ནས་བརྒྱ་སུམ་ཅུས་བགོད་པ་རྒྱུད་ཀྱི་སྡེབ་སྦྱོར་གྱི་དབང་གིས་ཡིན་ཟེར་བ་མི་རིགས་ཏེ། འདི་དུས་ཀྱིས་བསྒྱུར་བའི་སྐད་དོད། ཡུ་ག་ཧ་ཏི་ཞེས་པ་ཟུང་གིས་བསྒྱུར་བའི་སྐད་དོད་དུའང་འགྱུར་ལ། བགོད་བྱེད་ཀྱི་མཁའ་མེ་ཟླ་བས་རྣམ་པར་དབྱེ་ཞེས་པའི་རྒྱ་དཔེར། ཁཱགྣི་ཙནྡྲཻ་རྦི་བྷཀྟཾ་ཞེས་འབྱུང་བ་དང་མཐུན་པར། དྲུག་ཅུ་རྩ་ལྔས་རྣམ་པར་དབྱེ། ཞེས་པ་ལ། པཉྩ་ཥཥྚཻ་རྦི་བྷཀྟཾ། ཞེས་ལྕི་ཡང་སྤེལ་ཚུལ་ལ་ཁྱད་པར་མེད་དེ། འགྲེལ་པའི་སྐབས་མང་པོར། དྲུག་ཅུ་རྩ་ལྔའི་སྐད་དོད་ལ། པཉྩ་ཥཥྚ་ཞེས་སྣང་བའི་ཕྱིར་རོ། འོ་ན་གང་ཞེ་ན། སྒྱུར་བྱེད་གཉིས་དང་བཞི་སྤྲོས་པ་མཉམ་ལ། བགོད་བྱེད་ཐིག་ལེས་མ་མཐའ་བཀག་པས་རེ་ལྔ་ལས་བཅུ་གསུམ་ཚོགས་ཆུང་བས་བྱ་སླར་དགོངས་པའམ། ཡང་ན་རི་མོའི་རྣམ་འགྱུར་བསྟན་པའི་ཕྱིར་འདམ་ཁའི་ཚུལ་དུ་གསུངས་སམ་སྙམ་མོ། དེ་ལྟར་གནས་གཉིས་ཀྱི་འོག་མ་ཆུ་བོ་སྟེ་བཞིས་བསྒྱུར་བར་བྱས་པ་དེ་ལ་མཁའ་མེ་ཟླ་བས་བགོས་པས་ཐོབ་པའི་ནོར་གནས་སྟེང་མ་ལ་བསྲེས་པ་ནི་ཟླ་བ་རྣམ་པར་དག་པ་སྟེ། དེ་ཡང་འོག་མ་ལ་མཁའ་མེ་ཟླ་བས་བརྙེད་པའི་ནོར་ཇི་ཙམ་བྱུང་བ་དེ་ནི་རྩིས་གཞི་བརྩམས་ནས་དེང་སང་གི་བར་ལ་ལྷག་པའི་ཟླ་བ་དུ་སོང་གི་གྲངས་ཡིན་པས་དེ་སྟེང་མ་ལ་སྦྱིན་པ་ན་ཚེས་ཟླའི་གྲངས་སུ་འགྱུར་བའི་ཕྱིར་རོ། བགོས་པའི་ལྷག་མ་ནི་ཟླ་བཤོལ་གྱི་མཚམས་རྟོགས་པར་བྱེད་པའི་མན་ངག་ཡིན་ཏེ། དེ་ཡང་ལྷག་མ་དེ་བཞིས་བགོས་པའི་ནོར་ནི་ཟླ་བཤོལ་ཕྱི་མ་དེ་བྱུང་ནས་ཟླ་ཙམ་སོང་གི་གྲངས་དང༌། མཁའ་མེ་ཟླ་བའི་ལྷག་དེས་མཁའ་མེ་ཟླ་བ་ལ་སྦྱངས་པའི་ལྷག་མར་ཙམ་བྱུང་བ་དེ་ལ་བཞིས་བགོས་པའི་ནོར་གྱིས་ད་ནས་ཟླ་བ་ཇི་ཙམ་ན་ཟླ་བཤོལ་འབྱུང་བའི་གྲངས་སྟོན་པའི་ཕྱིར་རོ། དེ་ཡང་སྟེང་དུ་ཟླ་དག་འཕར་བའི་ཚེ་དེའི་ཟླ་བ་སྔ་མ་དེ་བཤོལ་དུ་འགྱུར་ལ། དེའི་ཚེ་ཟླ་བཤོལ་གྱི་འཕྲོར་ཐིག་བྱུང་ན་ཟླ་བཤོལ་རྫོགས་པ་དང་ཟླ་དག་འཕར་བའི་ཟླ་བ་དེ་ཤར་བ་དུས་མཉམ་པ་དང༌། གཅིག་ཤར་ན་ཟླ་དག་འཕར་བའི་ཟླ་བ་དེ་ཤར་བའི་ཚེ་བཤོལ་དོན་ནས་ཟླ་བ་ཕྱེད་སོང་བའི་དོན་ཡིན་པར་ཤེས་པར་བྱའོ། རྒྱུད་འགྲེལ་གྱི་རྩིས་གཞི་འདིར་དགོས་པའི་དབང་གིས་དབོ་ཟླ་ལ་བཤོལ་དོར་བས་རྩིས་འཕྲོ་བསྲེ་སྦྱང་གང་ཡང་མ་བྱུང་བ་ཡིན་ཏེ། རྒྱུ་མཚན་རྒྱས་པ་ལེའུ་བཞི་པའི་འགྲེལ་པར་བཤད་ཟིན་ཏོ། གསུམ་པ་ཟླ་བའི་ངེས་པ་བཤད་པ་ལ་བཞི་སྟེ། གཟའ་ཚེས་ཀྱི། ཆ་རིལ་གྱི། ཉི་སྐར་གྱི། བྱེད་པ་ལ་ལྟོས་ཏེ་དྷྲུ་ཝ་འཕོ་བའི་ངེས་པའོ། དང་པོ་གཟའ་ཚེས་ཀྱི་ངེས་པ་ནི། ཟླ་བ་དག་པ་གནས་གསུམ་དུ་བཞག་པ་ནི། སྟེང་མ་གཟའ་གནས་དང༌། བར་པ་ཆུ་ཚོད་དང༌། འོག་མ་བྱེད་པ་ལ་ལྟོས་པའི་ཉེས་པ་རགས་པ་འདོན་པའི་དོན་དུའོ། དབུས་མ་ལག་པ་མེ་སྟེ་སོ་གཉིས་ཀྱིས་བསྒྱུར་བ་ནི། ཚེས་ཞག་རེའི་ལོངས་སྤྱོད་རྐང་བྲལ་ལ་ཆུ་ཚོད་ང་དགུ། ཆུ་སྲང་གསུམ། དབུགས་བཞི་ལྷག་ཙམ་ཡོད་ཀྱང་དབུགས་བཞི་ཉིད་ཡིན་པའི་དབང་དུ་བྱས་ཏེ། གནས་གསུམ་ཀ་སུམ་ཅུས་བསྒྱུར་ནས་དྲིལ་བས་ཟླ་བ་གཅིག་གི་རྟག་ལོངས་སྤྱོད་ལ་གཟའ་གཅིག ཆུ་ཚོད་སོ་གཅིག ཆུ་སྲང་ལྔ་བཅུ་རྣམས་འོང༌། དེ་ལ་ཆུ་སྲང་གི་གནས་སུ་བཅུ་ལྷག་པོར་སྦྱིན་ཏེ་ཆུ་ཚོད་སོ་གཉིས་སུ་བྱས་ནས། གཅིག་གིས་བསྒྱུར་བས་མང་ཉུང་མེད་པའི་ཕྱིར་གནས་དང་པོ་རང་སོར་བཞག་སྟེ་དབུས་མ་སོ་གཉིས་ཀྱིས་བསྒྱུར་བ་ཡིན་ནོ། དེ་ལྟར་ན་ཟླ་བ་རེ་ལ་ཆུ་སྲང་བཅུ་བཅུ་ལྷག་པ་དེ་བསགས་པས་ཟླ་བ་དྲུག་ན་ཆུ་ཚོད་གཅིག་ཏུ་ལོངས་པར་འགྱུར་བས་དེ་བསལ་བའི་ཕྱིར་གནས་འོག་མར་རོ་སྟེ་དྲུག་གིས་ཐོབ་པའི་ནོར་གྱིས་བར་མའི་སྟེང་ནས་སྦྱངས་པས་རྒྱུན་སྡོམ་པ་ན་བྱེད་པ་ལ་ལྟོས་པའི་སྒྱུར་བྱེད་རྣམ་དག་ཏུ་འགྱུར་རོ། གལ་ཏེ་ཆུ་སྲང་བྱ་བར་འདོད་ན་དྲུག་གིས་བགོས་པའི་ལྷག་མ་བཅུས་བསྒྱུར་ལ་སྟེང་ནས་གཅིག་ཕབ་ལ་མཁའ་རོར་བྱས་པ་ལ་སྦྱངས་པའི་ལྷག་མ་ནི་ཆུ་སྲང་ངོ༌། སྟེང་གཟའི་གནས་དང་འོག་ཆུ་ཚོད་ཀྱི་གནས་གཉིས་སུ་རིམ་པར་མིག་དང་སུམ་ཅུའི་ངེས་པ་སྦྱིན་པ་ནི་གཟའ་འཁོར་དུ་མ་ལོངས་པའི་རྩིས་འཕྲོ་སྟེ་བྱེད་པ་ལ་ལྟོས་པའི་རྒྱུ་མཚན་ནི་ལེའུ་བཞི་པར་བཤད་གྲུབ་བོ། བར་མ་མཁའ་རོ་སྟེ་དྲུག་ཅུས་བགོད་པ་ནི། ཆུ་ཚོད་ཀྱི་འཁོར་ལོ་དྲུག་ཅུ་ཡིན་པའི་ཕྱིར། བགོས་པའི་ལྷག་མ་ནི་ཆུ་ཚོད་དང་རྙེད་ནོར་ནི་གཟར་ལོངས་པ་ཡིན་པས་སྟེང་དུ་སྦྱིན་ནོ། དེ་ལ་ཐུབ་པས་བགོ་བ་ནི། རེས་ཀྱི་གཟའ་བདུན་ལས་མེད་པས་དེས་ཐོབ་པའི་ནོར་ནི་འཁོར་ལོ་ལོངས་པའི་གྲངས་ཡིན་པའི་ཕྱིར་དོར་ནས། དེའི་ལྷག་མ་གནས་གསུམ་ནི་ཚེས་འཕོ་དང་རེས་གཟའི་དྷྲུ་བ་ཀའོ། གཉིས་པ་རིལ་ཆའི་ངེས་པ་བརྗོད་པར་བྱ་སྟེ། ཟླ་བ་དག་པ་གནས་གཉིས་སུ་བྱེད་པ་ནི་སྟེང་མ་ཟླ་བའི་རྐང་པ་རིལ་པོ་དང་འོག་མ་ཆ་ཤས་ཀྱི་དོན་དུའོ། འོག་མ་ལ་ཉི་ཟླ་བསྲེ་བ་ནི་ཆ་ཤས་ཀྱི་རྩིས་འཕྲོ་དང༌། རྒྱུད་འགྲེལ་ལས་གནས་སྟེང་མ་ལའང་བསྲེ་བར་གསུངས་པ་སྡེབ་སྦྱོར་གྱི་དབང་གིས་ཡིན་ལ། དོན་ལ་བསྲེས་མ་བསྲེས་ཁྱད་མེད་དེ་རྐང་པའི་འཁོར་ལོས་དོར་བས་ལྷག་མ་མེད་པའི་ཕྱིར་རོ། འོག་མ་ལ་དུས་ཉི་མས་བགོད་པ་ནི། ཚེས་རེ་ལ་རྐང་པ་རེ་དང་རྐང་པ་རེའི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་རེ་སྤྱོད་ལ། དེ་གཉིས་ཟླ་བ་གཅིག་གི་བར་དུ་བསགས་པས་རྐང་པ་རིལ་པོ་སུམ་ཅུ་དང༌། རིལ་པོ་གཅིག་གི་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་ཀྱང་སུམ་ཅུ་འབྱུང་ཞིང༌། ཆ་ཤས་སུམ་སྟོང་བདུན་བརྒྱ་བརྒྱད་ཅུ་པོ་ཞག་གི་འཁོར་ལོ་ཡིན་པས། དེ་ཟླ་བར་བྱ་བའི་ཆེད་དུ་སུམ་ཅུས་བགོས་པས་དུས་ཉི་ཡོང་བ་དེས་བགོད་པ་ཡིན་ནོ། དེས་ཐོབ་པའི་ནོར་ནི་རྐང་པ་རིལ་པོར་ལོངས་པ་ཡིན་ལ་དེ་ལ་འབྱུང་བ་སྟེ་ལྔ་བསྣན་པ་ནི་རྩིས་འཕྲོ་བསྲེ་བའོ། སྟེང་མ་ལག་པས་བསྒྱུར་བ་ནི་རྐང་པ་རིལ་པོ་སུམ་ཅུ་ལ་རྐང་པའི་འཁོར་ལོ་ཉེར་བརྒྱད་ཀྱིས་འཕུད་པས་ལྷག་མར་གཉིས་བྱུང་བ་དེས་བསྒྱུར་བ་ཡིན། སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་སུམ་ཅུ་ལ་དུས་ཉིའི་ཆ་ཤས་གཅིག་ཡིན་པས། འོག་མ་གཅིག་གིས་བསྒྱུར་དགོས་ནའང་ལག་ལེན་ལ་འཕེལ་འགྲིབ་མེད་པས་མ་བརྗོད་པ་ཡིན། དེ་ལྟར་སྟེང་མ་གཉིས་ཀྱིས་བསྒྱུར་བ་དེ་ལ་འོག་མའི་ནོར་ལ་འབྱུང་བ་བསྲེས་པ་དེ་སྦྱིན་པའི་ཚོགས་ལ་ཀླུ་ལག་སྟེ་ཉེར་བརྒྱད་ཀྱིས་བགོད་པ་ནི། ཟླ་རྐང་གནས་བཅུ་བཞི་ལ་ལུགས་འབྱུང་ལུགས་ལྡོག་ཏུ་སྤྱོད་པ་གཉིས་བསྡོམས་པས་ཉེར་བརྒྱད་དེ། དེས་བགོད་པ་ཡིན་ཅིང་ཐོབ་པའི་ནོར་ནི་འཁོར་ལོ་ལོངས་པས་ན་དོར་བར་བྱ་ལ། སྟེང་འོག་གི་རྩིས་འཕྲོ་བྱེད་པ་ལ་ལྟོས་ཚུལ་ནི་སྔར་བཤད་གྲུབ་བོ། དེ་ལྟར་ཉེར་བརྒྱད་དང་དུས་ཉིའི་ལྷག་མ་དེ་དག་སྟེང་འོག་ཏུ་བཀོད་པ་ནི་ཚོགས་དང་དེའི་ཆ་ཤས་ཀྱི་གནས་སོ། གསུམ་པ་ཉི་མའི་དྷྲུ་ཝ་ཀ་བརྗོད་པར་བྱ་སྟེ། ཟླ་བ་དག་པ་གནས་གསུམ་དུ་བཞག་པ་ནི། དང་པོ་སྐར་མ། བར་པ་ཆུ་ཚོད། འོག་མ་བྱེད་པ་ལ་ལྟོས་པའི་ཉེས་པ་རགས་པ་འདོན་པའི་ཆེད་དུའོ། དེའི་དབུས་མ་དྲག་པོ་སྟེ་བཅུ་གཅིག་གིས་བསྒྱུར་བ་ནི། ཉི་མས་ཚེས་ཞག་རེ་ལ་རྒྱུ་སྐར་གྱི་ཁྱོན་སྟེང་ནས་ཆུ་ཚོད་བཞི། ཆུ་སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་དགུ་ཅུང་མེད་ཅིག་སྤྱོདཀྱང་དགུར་བྱས་པའི་སྟེང་དུ་ཆ་ཤས་བཞི་ལྷག་པོར་བསྣན་ཏེ་གྲིལ་བས་ཆུ་ཚོད་བཞི་དང༌། ཆུ་སྲང་ཉེར་གཉིས་འབྱུང༌། དེ་གཉིས་སུམ་ཅུས་བསྒྱུར་ཏེ་གྲིལ་བས་སྐར་མ་གཉིས་དང་ཆུ་ཚོད་བཅུ་གཅིག་འབྱུང་བས། དེའི་ཆུ་ཚོད་བཅུ་གཅིག་པོ་དེས་བསྒྱུར་བ་ཡིན། དེ་ལྟར་ཞག་རེ་ཞིང་དབུགས་ཀྱི་འདོད་ཆ་བཞི་བཞི་ལྷག་པ་དེ་བསགས་པས་ཟླ་བ་རེ་ན་ཆུ་སྲང་གཅིག དབུགས་གསུམ། འདོད་ཆ་གསུམ་ལྷག་པར་འགྱུར་ལ། དེ་བསགས་པས་ཟླ་བ་སུམ་ཅུ་རྩ་དགུ་ན་ཆུ་ཚོད་གཅིག་ཏུ་ལོངས་པས་དེ་གསལ་བའི་ཕྱིར་གནས་འོག་མར་བུག་མེ་སྟེ་སོ་དགུས་བགོས་པའི་ནོར་གྱིས་དབུས་མ་ནས་ཕྲི་བས་རྒྱུན་སྡོམ་པ་ན་ཟླ་བའི་ངེས་པ་ལ་སྐར་མ་གཉིས། ཆུ་ཚོད་བཅུ། ཆུ་སྲང་ང་བརྒྱད། དབུགས་གཉིས། འདོད་ཆ་བཅུ་སྟེ་བྱེད་པ་ལ་ལྟོས་པའི་སྒྱུར་བྱེད་དག་པར་འགྱུར་རོ། ཐོབ་ནོར་ལ་མིག་སྟེ་གཉིས་སྦྱིན་པ་དེ་ཡིས་དབུས་མར་སྦྱོང་བ་ནི་སྔར་མོས་པ་ལྟར་ཉི་མའི་རྩིས་འཕྲོར་སྐར་མ་ཉེར་དྲུག་དང་ཆུ་ཚོད་ང་བརྒྱད་ཡོད་པ་དེ་ཉིད་བསྲེས་ཀྱང་དག་མོད་ཀྱི། བྱ་སླ་བའི་དགོངས་པས་རྩིས་འཕྲོ་དེས་རྒྱུ་སྐར་འཁོར་ལོ་ལ་སྦྱངས་པས་ཆུ་ཚོད་གཉིས་མ་ལོངས་པ་ན་ལྷག་འགྱུར་གྱི་ཚུལ་དུ་དོར་བ་ཡིན་ནོ། དེ་ལྟར་སྦྱངས་པའི་ལྷག་མ་ལ་མཁའ་རོ་སྟེ་དྲུག་ཅུས་བགོས་པའི་ལྷག་མ་ནི་ཆུ་ཚོད་དོ། སྟེང་མ་མིག་སྟེ་གཉིས་ཀྱིས་བསྒྱུར་བ་ནི་བཤད་མ་ཐག་པའི་ཟླ་བའི་ངེས་པའི་སྐར་གནས་སུ་གཉིས་ཡོད་པ་དེས་བསྒྱུར་བ་ཡིན། དེ་ལ་འོག་གི་དྲུག་ཅུས་བརྙེད་པའི་ནོར་སྦྱིན་པར་བྱ་སྟེ། ཆུ་ཚོད་དྲུག་ཅུ་ན་སྐར་མ་རེར་ལོངས་པའི་ཕྱིར་རོ། སྟེང་མ་སྐར་མ་སྟེ་ཉེར་བདུན་གྱིས་བགོ་བ་ནི་རྒྱུ་སྐར་ཉེར་བདུན་ཡོད་པས་དེས་ཐོབ་པའི་ནོར་ནི་འཁོར་ལོ་ལོངས་པའི་གྲངས་ཡིན་པས་དོར་ནས། དེའི་ལྷག་མ་གནས་གསུམ་ནི་ཉི་མ་སྐར་མ་གང་ལ་གནས་པའི་དྷྲུ་ཝ་ཀའོ། གལ་ཏེ་ཆུ་སྲང་ལ་སོགས་པ་བྱ་བར་སྤྲོ་ན་བུག་མེས་བགོས་པའི་ལྷག་མ་མཁའ་རོ་རོ་འདོད་སོགས་རང་རང་གི་འཁོར་ལོས་བསྒྱུར་བ་ལ་རིམ་པར་བུག་མེས་ཕྱེ་བའི་ནོར་རྣམས་ཆུ་ཚོད་ཀྱི་འོག་ཏུ་བརྩེགས་པ་ལ་ཆུ་ཚོད་ཀྱི་གནས་ནས་གཅིག་ཕབ་སྟེ་འདོད་ཆའི་བར་སྦྱངས་པའི་ལྷག་མ་ནི་ཆུ་སྲང་ལ་སོགས་པར་འགྱུར་རོ། །འདིར་ཞལ་ལུང་ལས། འདི་དང་གཟའ་ཚེས་གཉིས་ཀའི་མང་ཉུང་གི་ཉེས་པ་རྣམས་ཀྱིས་ད་ལྟའི་ལག་རྩིས་པ་ཕལ་ཆེར་ལ་གནོད་པ་ཆེན་པོར་སོང་ཡོད་པས་ཅི་ནས་ཀྱང་མ་དག་པའི་ཆ་རྣམས་གདོན་དགོས་སོ། ཞེས་གསུངས་པ་ལྟར། འདི་དག་གི་ཉེས་པ་འདོན་ཚུལ་ཁོ་བོས་འདིའི་ལེའུ་བཞི་པར་བཤད་ཅིང༌། ད་ལྟ་ཕན་གྱི་ཉེས་པ་དོར་བའི་ལག་རྩིས་རྣམ་པར་དག་པ་འོག་ཏུ་འཆད་པ་ལས་ཤེས་པར་བྱའོ། དེ་ལྟར་ན་མཁས་པ་ཁ་ཅིག བུག་མེས་ཐོབ་པའི་ནོར་ལ་གཉིས་བསྲེས་པ་དེས་སྦྱོང་བ་ནི། རེ་བདུན་ཆ་ཞེ་བཞི་ལྷག་པའི་ཉེས་པ་སྦྱོང་བྱེད་ཡིན་པས་ལྷག་ཆ་དེ་བུ་ལོན་ཡིན་ནོ། ཞེས་ཟེར་བ་ནི་མི་རིགས་པ་ཉིད་དུ་སྔར་བཤད་པ་རྣམས་ཀྱིས་ཤེས་པར་འགྱུར་རོ། །བཞི་པ་བྱེད་པ་ལ་ལྟོས་ཏེ་དྷྲུ་ཝ་འཕོ་བའི་ངེས་པ་བརྗོད་པར་བྱ་སྟེ། ཟླ་བ་སྔ་མའི་གཟའི་དྷྲུ་ཝར་གཟའ་ཡི་གནས་སུ་གཅིག་དང༌། ཆུ་ཚོད་དུ་སོ་གཉིས་སྦྱིན་ཞིང༌། རིལ་པོར་མིག་སྟེ་གཉིས་དང༌། ཆ་ཤས་སུ་ཟླ་བ་སྟེ་གཅིག་སྦྱིན། ཉི་མའི་དྷྲུ་ཝ་ཀ་ལ་སྐར་མར་ཟུང་སྟེ་གཉིས་དང༌། ཆུ་ཚོད་དུ་བསེ་རུ་ཟླ་བ་སྟེ་བཅུ་གཅིག་སྦྱིན་པར་བྱས་པས་ཟླ་བ་ཕྱི་མ་ཕྱི་མའི་དྷྲུ་ཝ་འབྱུང་བ་ནི། ཟླ་བ་རེའི་དྷྲུ་ཝ་ཀ་རགས་པ་ལས་ཀྱང་རགས་པར་འཕོ་བའི་ཚུལ་ཙམ་ཞིག་བྱིས་པའི་དོན་དུ་གསལ་བར་འགྱུར་གྱི། གནས་འོག་མའི་དྲུག་དང་སོ་དགུའི་སྐྱོན་འདོན་སོགས་མ་བྱས་པས་བྱེད་པའི་ངེས་པ་ལ་ལྟོས་ནས་ཀྱང་གསལ་བར་འགྱུར་ཞེས་པའི་ཐ་ཚིག་ནི་མ་ཡིན་ནོ། དེ་སྐད་དུའང་འགྲེལ་ཆེན་ལས། མ་དག་པ་ལས་ཀྱང་མ་དག་པའི་ཟླ་བའི་ངེས་པ་བྱིས་པ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱ་བའི་དོན་དུ་བཀོད་པ། ཞེས་གསུངས་སོ།  །འོན་ཀྱང་ཚུལ་འདི་ལ་བརྟེན་ནས་དག་པའི་ཟླ་བའི་ངེས་འཕོ་རྣམས་ཀྱང་ཤེས་པར་བྱ་སྟེ་འོག་ཏུ་འཆད་དོ། །བཞི་པ་ཞག་གི་ངེས་པ་བཤད་པ་ལ་ལྔ་སྟེ། གཟའ་ཚེས་ཕྱེད་དག གཟའ་ཉི་རྣམ་དག ཟླ་སྐར། སྦྱོར་བ། བྱེད་པའོ། །དང་པོ་ནི། དྷྲུ་ཝའི་གཟའི་གནས་སུ་གང་རྩི་བར་བྱེད་པའི་ཚེས་གྲངས་བྱིན་པས་ནི། ཞག་གཅིག་གི་ཆུ་ཚོད་དྲུག་ཅུ་སྦྱིན་པར་འགྱུར་བ་ཡིན་ལ། དེ་ལྟར་ན་ཚེས་ཀྱི་རྟག་ལོངས་ལ་ཆུ་ཚོད་ང་དགུ་རྗེས་འབྲང་ལས་མེད་པས་མ་དག་གོ་སྙམ་ན་སྐྱོན་མེད་དེ། འོག་གི་ཆུ་ཚོད་ཀྱི་གནས་ནས་ཚེས་གྲངས་གང་ཡིན་པ་དེས་སྦྱངས་པས་དོན་ལ་ཆུ་ཚོད་ང་དགུ་སྦྱིན་པར་འགྱུར་བ་ཡིན་ནོ། །འོ་ན་ད་དུང་ཆུ་ཚོད་ང་དགུའི་རྗེས་འབྲང་སྲང་གསུམ་དང་དབུགས་བཞི་ཆད་དོ་སྙམ་ན། གཟའ་ལ་ཚེས་སྦྱིན་རྗེས་སྲང་ནས་དྲུག་དང༌། དབུགས་ནས་གཉིས་གང་རྩིའི་ཚེས་གྲངས་ཀྱིས་བསྒྱུར་བས་ཕྲི་ན་ཆུ་ཚོད་ང་དགུ། སྲང་གསུམ། དབུགས་བཞི་རྣམས་བྱིན་པར་འགྱུར་མོད་ཀྱང༌། དེ་ལྟར་མི་མཛད་པ་ནི་ཟླ་བའི་ངེས་པའི་སྐབས་སུ་ལྷག་པོ་ཅུང་ཟད་ཡོད་པས་དེའི་གཉེན་པོར་དགོངས་པའོ། །རྐང་པའི་ཆེད་དུ་སླར་ཡང་རིལ་པོའི་གནས་སུ་གང་རྩིའི་ཚེས་གྲངས་བསྲེས་པས་ནི། ཚེས་རེ་ལ་རྐང་པ་རིལ་པོ་རེ་རེ་སྤྱོད་པ་དེ་རྟོགས་པའི་དོན་ཡིན་ལ། དེ་ལ་བཅུ་བཞིས་བགོད་པ་ནི་འཁོར་ལོར་ལོངས་པ་རྣམས་འདོར་བ་སྟེ། ཟླ་རྐང་གི་རིམ་རིམ་མིན་གང་རུང་རེ་ལ་རྐང་གནས་བཅུ་བཞི་རེ་ཡོད་པས་སོ། །བཅུ་བཞིས་ཕྱེ་བའི་ཐོབ་ནོར་ནི་སྣོན་འབྲིད་ཀྱི་མཚན་མར་ཟུར་དུ་བཞག་གོ །དེ་ཡང་བརྙེད་པ་གཅིག་དང་གསུམ་ནི་མི་མཉམ་པ་སྟེ་དེའི་ཚེ་རིམ་མིན་གྱི་རྐང་པ་ལ་ཡོད་པས་འབྲིད་པར་བྱ་ཞིང༌། རྙེད་པ་གཉིས་དང་བཞི་དང་ཐིག་ལེ་རྣམས་ནི་མཉམ་པ་སྟེ་རིམ་པའི་རྐང་པ་ལ་ཡོད་པས་སྣོན་པ་ཡིན་ནོ། །རྙེད་པ་བཞི་ལས་མང་བ་ཐོབ་པ་ནི་མི་སྲིད་དེ། རིལ་པོའི་མང་མཐའ་ཉེར་བདུན་དང་ཚེས་ཀྱི་མང་མཐའ་སུམ་ཅུ་ལས་མེད་ན། དེ་གཉིས་བསྲེས་པས་ལྔ་བཅུ་ང་བདུན་དུ་འགྱུར་བ་ལ་བཅུ་བཞིས་ཐོབ་པ་བཞི་ལས་མེད་པའི་ཕྱིར་རོ། །བཅུ་བཞིས་བགོས་པའི་ལྷག་མར་ཇི་ཙམ་བྱུང་བ་དེས་ཟླ་བའི་རྐང་པ་བཟུང་བར་བྱའོ། །བཟུང་བྱའི་རྐང་པ་ནི། མདའ་དབང་འབྱུང་བ་སྟེ་ཆུ་ཚོད་ལྔ་པ་གསུམ་དང༌། མཚོ་སྟེ་བཞི་དང༌། མེ་སྟེ་གསུམ་དང༌། མིག་སྟེ་གཉིས་དང༌། གཟུགས་ཏེ་གཅིག་རྣམས་བརྩེགས་མར་བྲིས་པ་དེ་ནི་ཟླ་བའི་སྔ་རྐང་སྟེ། ཕྱི་རྐང་ལ་ནི་དེ་ལས་གོ་རིམ་ལྡོག་པས་ན་གཅིག་དང༌། གཉིས་དང་གསུམ་དང༌། བཞི་དང༌། ལྔ་ཚན་པ་གསུམ་རྣམས་བརྩེགས་མར་བྲི་ཞིང༌། རྐང་སྔ་ཕྱིའི་མཚམས་སུ་ཕྲེད་ལ་རི་མོ་བྱས་པ་ནི་རིམ་པ་ལ་ནོར་དང༌། རིམ་མིན་ལ་བུ་ལོན་འཕེལ་འགྲིབ་ཀྱི་མཚམས་སོ། །དེ་ཡང་རྐང་གནས་བཅུ་བཞིར་བྱེད་པ་ནི། ལ་ལ་དག་བཅུ་བཞི་པོ་འདི་དག་ལ་ལུགས་འབྱུང་ལྡོག་ཏུ་སྤྱད་ཟིན་པ་ན་རྒྱུ་སྐར་ཉེར་བདུན་པོ་རྫོགས་པར་འཁོར་བའི་ཕྱིར། རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ལ་ཞིབ་པར་ན་སྐར་མ་ཕྱེད་བཅས་བཅུ་གསུམ་ཡིན་ཀྱང་རགས་རྩིས་ཙམ་དུ་རྐང་གནས་བཅུ་བཞིར་མཛད་དོ། །དེ་ཡང་རྒྱུ་སྐར་ཉེར་བདུན་གྱི་བཞི་ཆ་ལ་རྐང་པར་བརྗོད་པས། རྐང་མཚམས་ཀྱི་རི་མོ་ཕྲེད་ལ་བྲིས་པ་འདིའི་སྟེང་འོག་གང་རུང་རེ་ནི་རྒྱུ་སྐར་གྱི་འཁོར་ལོའི་རྐང་པ་གཅིག་ཏུ་ཤེས་པར་བྱའོ། །ཞེས་གསུངས་མོད་ཀྱང༌། གཟའ་ལྔའི་མྱུར་རྐང་ལྟར་རྒྱུ་སྐར་ཉེར་བདུན་དང་རྐང་རིལ་རེ་སྦྱར་ཏེ་རྐང་པ་ཕྱེད་འཛིན་བྱེད་དགོས་པའི་ངེས་པ་མི་སྣང་བས་དཔྱད་བྱར་མཐོང་ཞིང༌། འདིར་རེས་གཟའ་བདུན་གྱི་བཞི་ཆ་རྐང་པའི་འཁོར་ལོ་ཀླུ་ལག་ཡིན་ལ། དེ་རྐང་གནས་བཅུ་བཞི་པོ་ལུགས་འབྱུང་ལུགས་ལྡོག་ཏུ་སྤྱོད་པས་རིམ་མིན་གྱི་ནོར་བུ་ལོན་ཁ་འགྲིག་པ་རེ་འབྱུང་བའི་ཕྱིར་ཞེས་བཤད་ན་བདེ་བ་ཡིན་ནོ། །ཟླ་རྐང་གི་རི་མོ་ལ་མདའ་དབང་འབྱུང་མཚོ་སོགས་ལུགས་འབྱུང་ལུགས་ལྡོག་ཏུ་འབྲི་བ་ནི་ཕྱི་ནང་སྦྱར་བ་ལས་ཤེས་པར་བྱ་སྟེ། ནང་དུ་རླུང་སེམས་འདུས་པའི་ཚུལ་སྣ་ཚོགས་པའི་དབང་ལས་ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པ་སྣང་བ་ནི་རྟེན་འབྲེལ་གྱི་ཆོས་ཉིད་དོ། །དེའི་ཕྱིར་ཕྱི་རོལ་དུ་ཟླ་བ་ཡུལ་ལ་བགྲོད་པ་ན་འབྱུང་ལྔ་སོ་སོའི་ཡོན་ཏན་གྱི་གྲངས་ཀྱི་ཆུ་ཚོད་ཀྱིས་སྤྱོད་ལ་ནང་དུ་ནི། རྒྱུད་ཀྱི་ནང་ལེར། སྨིན་མའི་དབུས་སུ་ཉིན་ཞག་རྐང་པ་མ་ནུ། ཞེས་གསུངས་པ་ལྟར།  སྤྱི་བོའི་རྩ་འདབ་སོ་གཉིས་ཀྱི་ཕྱི་བསྐོར་གྱི་འདབ་མ་བཅུ་དྲུག་ཏུ་དམར་ཆ་གཙོ་བོར་རྒྱུ་བས་ཟླ་རྐང་དང་མི་སྦྱོར། ནང་བསྐོར་གྱི་འདབ་མ་བཅུ་དྲུག་ཏུ་ཟླ་རྐང་གི་འཕེལ་འགྲིབ་དང་མཚུངས་པའི་རླུང་ཐིག་འབྱུང་ལྔའི་རང་བཞིན་ཅན་རྒྱུ་སྟེ། དཔྲལ་བའི་དབུས་དང་ལྟག་ཁུང་གི་རྩ་རེ་རེ་ནི་འབྱུང་བའི་ཡོན་ཏན་དང་མི་ལྡན་པའི་སྟོང་པའི་རྩ་སྟེ་ཟླ་རྐང་གི་རིམ་རིམ་མིན་གྱི་མཚམས་སྟོང་པས་སྟོང་པ་དག་པའི་དུས་དང་སྔ་རྐང་ཕྱི་རྐང་གི་མཚམས་ཀྱི་རེ་ཁཱ་དེའོ། །དཔྲལ་བའི་རྩ་དེ་ནས་གཡས་བསྐོར་དུ་བགྲངས་པའི་རྩ་འདབ་བདུན་ལ་འབྱུང་བ་ལྔ་འཕེལ་བའི་ཚུལ་དུ་རླུང་སེམས་རྒྱུ་བས་དེས་མཚོན་པ་རིམ་པའི་སྔ་རྐང་རྣམས་དང༌། ལྟག་རྩ་ནས་བགྲངས་པའི་རྩ་འདབ་བདུན་པ་ལ་འབྱུང་ལྔ་ཟད་པའི་ཚུལ་དུ་རླུང་སེམས་རྒྱུ་བས། དེས་མཚོན་པ་རིམ་པའི་ཕྱི་རྐང་གི་རི་མོ་རྣམས་སོ། །དེ་ཡང་ས་ལ་གཟུགས་སྒྲ་དྲི་རོ་རེག་བྱའི་ཡོན་ཏན་ལྔ་ལྡན་ཞིང་དེ་ཡང་རྡུལ་མུན་སྙིང་སྟོབས་གསུམ་གྱིས་ཕྱེ་བས་ཟླ་རྐང་གི་རི་མོ་ལ་ཆུ་ཚོད་ལྔ་པ་གསུམ་དང༌། དེ་བཞིན་དུ་ཆུ་ལ་གཟུགས་སྒྲ་རོ་རེག་གི་ཡོན་ཏན་བཞི་དང༌། མེ་ལ་གཟུགས་སྒྲ་རེག་གསུམ་དང༌། རླུང་ལ་སྒྲ་རེག་གཉིས་དང༌། ནམ་མཁའ་ལ་སྒྲའི་ཡོན་ཏན་གཅིག་པུ་ལས་མེད་པས་དེ་ལྟར་བྲིས་པ་ནི་སྔ་རྐང་བདུན་ནོ། །དེ་བཞིན་དུ་ཕྱི་རྐང་བདུན་ལ་ནམ་མཁའ་རླུང་མེ་ཆུ་སའི་རིམ་པའོ། །དེས་ན་སྔ་རྐང་ཕྱི་རྐང་དུ་ནོར་འཕེལ་འགྲིབ་མཚོན་བྱེད་འབྱུང་བ་འཕེལ་ཟད་ཀྱི་ངང་ཚུལ་ཅན་གྱི་རྩ་འདབ་བདུན་བདུན་ཏེ་བཅུ་བཞིའོ། །རྐང་པ་འདིན་ཚུལ་ནི། ལྷག་མ་རྐང་འཛིན་དུ་སྟོང་པ་སྟེ་ཐིག་ལེ་ཤར་བ་ན་རྐང་པ་མ་ཟོས་པ་ཡིན་པས། རྐང་སྡོམས་ལའང་སྟོང་པ་རྣམ་པར་དག་པ་སྟེ་ཐིག་ལེ་བྲིའོ། །དེ་བཞིན་དུ་ལྷག་མར་བཅུ་གསུམ་ལུས་ན། མ་ཟོས་པ་ལྔ་དང༌། ཟླ་བ་སྟེ་གཅིག་ལུས་ན་ཟོས་པའི་རྐང་པ་ལྔ་བྲིའོ། །དེ་བཞིན་དུ་མིག་དང་ཉི་མ་དག་ལ་ཕྱོགས། ཞེས་སོགས་ལའང་རིམ་པར་འགྲེ་བས། ལྷག་མར་བདུན་ལུས་ན་ཕྱི་རྐང་རྣམས་བསྡོམས་ཏེ་ཉི་ཤུ་རྩ་ལྔ་བྲི་བའི་བར་ཤེས་པར་བྱས་ནས། འབྲི་ལུགས་ཀྱང་རྐང་འཛིན་ཕྱིས་ལ་རྐང་སྡོམས་བྲི་བར་བྱའོ། །དེ་ཡང་རྐང་མཚམས་མ་འདས་ཀྱི་བར་སྔ་རྐང་ཡིན་པས་ཟོས་ཟིན་དང༌། འདས་ནས་ཕྱི་རྐང་ཡིན་པས་ཟ་རྒྱུ་བསྡོམས་ནས་བྲི་བར་བྱ་སྟེ། རྐང་སྡོམས་བྲིས་པ་དེ་ནི་རྐང་པའི་ཆུ་ཚོད་ཡིན་ནོ། །ཆོ་ག་དེས་ནི་ཞག་རེ་ལ་ཟླ་རྐང་རིལ་པོ་རེ་སྤྱོད་པ་དེ་ཤེས་པར་བྱས་ནས། དེའི་སྟེང་དུ་སུམ་སྟོང་བདུན་བརྒྱ་བརྒྱད་ཅུའི་ཆ་ཤས་རེ་རེ་ཡང་སྤྱོད་པས་དེ་ཤེས་པའི་ཕྱིར་ཆ་ཤས་རྣམས་སོ་སོར་རྩི་བ་ནི། ཞིབ་པར་ནི་དྷྲུ་བའི་ཆ་ཤས་ན་གང་འདུག་སུམ་ཅུས་བསྒྱུར་ལ་གང་རྩིའི་ཚེས་བསྲེས་ལ་རྐང་བཟུང་སྔོན་མས་བསྒྱུར། སུམ་སྟོང་བདུན་བརྒྱ་བརྒྱད་ཅུས་བགོ་བ་སོགས་བྱ་བར་རིགས་ཀྱང༌། རི་མོ་ཉུང་བར་བྱ་བའི་ཕྱིར་ཆ་ཤས་དེ་བསགས་པ་ཟླ་བ་བརྒྱ་དང་ཉེར་དྲུག་ན་རིལ་པོ་གཅིག་ཏུ་ལོངས་ཏེ་ཆ་ཤས་སྟོངས་ནས། རིལ་པོའི་གནས་སུ་གཅིག་འཕར་བ་ལྟར་སྣང་བའི་ཕྱིར། རགས་རྩིས་སུ་དུས་ཉིའི་ཆོ་ག་མཛད་དོ། །དེས་ན་རྐང་པ་རིལ་པོ་བཟུང་ཚར་བའི་སྔོན་མ་སྟེ་འཛིན་རྒྱུ་གང་ཉེ་བ་དེ་ལ་ཇི་ཙམ་འདུག་པའི་གྲངས་དེས་ཆ་ཤས་ཀྱི་གནས་སུ་གང་འདུག་བསྒྱུར་བའམ། གལ་ཏེ་རྐང་པ་མ་ཟིན་ན་རྐང་པ་དང་པོས་བསྒྱུར་ནས། དུས་ཉི་མས་རྙེད་པའི་ནོར་ནི་ཡང་དག་རྒྱུ་བའི་ཆུ་ཚོད་ཡིན་པས་སྔར་གྱི་རྐང་སྡོམས་དེའི་འོག་ཏུ་བྲི་བར་བྱ་སྟེ། རྐང་པ་དེའི་ཐོག་ནས་ཆ་ཆེ་ཆུང་ཇི་ཙམ་སྤྱད་ཤེས་པར་བྱེད་པ་ཡིན་པས་སོ། །ལྷག་མར་གང་བྱུང་དེ་མཁའ་རོས་བསྒྱུར་བ་ལ་དུས་ཉིས་ཐོབ་པའི་ནོར་ནི་རྒྱུ་བཞིན་པའི་ཆུ་སྲང་ཡིན་པས། དེ་ཡང་འོག་ཏུ་བྲིའོ། །དེའི་འོག་ཏུ་ཞིབ་པར་ན་དབུགས་དང་ཆའི་གནས་བྱ་བར་རིགས་ཀྱང་བྱེད་པ་ལ་ལྟོས་ནས་མ་མཛད་དོ། །དེ་ནས་རྐང་པའི་ཆུ་ཚོད་དང༌། རྒྱུ་བའི་ཆུ་ཚོད་སོགས་ཀྱི་བསྲེ་སྦྱང་ཇི་ལྟར་བྱ་བ་ནི། རྐང་པའི་མཚམས་མ་འདས་པ་ལ་ཟིན་ན་ཡང་དག་རྒྱུ་བའི་ཆུ་ཚོད་དང་རྐང་པའི་ཆུ་ཚོད་གཉིས་པོ་བསྲེ་བར་བྱ་སྟེ་སྔ་རྐང་དུ་ནོར་འཕེལ་བའི་ཕྱིར། རྐང་མཚམས་སུ་སླེབས་པ་མན་ནས་ཟིན་ན་འདས་པ་སྟེ། དེའི་ཚེ་ཕྱི་རྐང་དུ་བུ་ལོན་འཕེལ་བའི་སྐབས་ཡིན་པས། ཆུ་ཚོད་འོག་མ་ཡང་དག་རྒྱུ་བས་གོང་མ་རྐང་སྡོམས་ཀྱི་ཆུ་ཚོད་དག་ལ་སྦྱང་ཞིང༌། དེ་ལས་ཀྱང་གཅིག་ཕབ་པ་དྲུག་ཅུས་བསྒྱུར་བ་ལ་ཆུ་སྲང་དག་གིས་སྦྱངས་པ་སྟེ། དེ་ལྟར་རྐང་སྔ་ཕྱིའི་ཁྱད་ཀྱིས་རྒྱུན་གྱི་སྟེང་དུ་བསྲེ་སྦྱངས་བྱས་པ་དེ་ནི་ཟླ་རྐང་གི་ལོངས་སྤྱོད་དོ། །དེའི་ལས་གང་ཞེ་ན། རྐང་པའི་ལོངས་སྤྱོད་དེ་དག་གཟའ་ཡི་ལོངས་སྤྱོད་མན་ཆད་དུ་བྱིན་དོར་བྱའོ། །ཇི་ལྟར་བྱ་ན་སྔར་བཅུ་བཞིས་ཐོབ་ནོར་ཟུར་དུ་བཞག་པ་དེ་ལ་གཉིས་བཞི་ཐིག་ལེ་སྟེ་མཉམ་པ་ཤར་ན་སྦྱིན་པར་བྱ་སྟེ། རྐང་ལོངས་ཚེས་ལོངས་ལ་ནོར་དུ་འགྱུར་བས་ཞག་དེ་ལ་རྟག་ལོངས་ལས་རྐང་ལོངས་ལྷག་པར་སྤྱོད་པའི་ཕྱིར། དཔེར་ན་རིམ་རྐང་དང་པོ་ལ་སྤྱོད་པའི་ཚེ་ཞག་ལས་རྐང་ལོངས་ཆུ་ཚོད་ལྔས་ལྷག་པོར་སྤྱོད་པ་བཞིན་ནོ། །གལ་ཏེ་ཐོབ་ནོར་གཅིག་དང་གསུམ་སྟེ་མི་མཉམ་པ་ཤར་ན་དབྲི་བར་བྱ་སྟེ། རིམ་མིན་ལ་རྐང་ལོངས་ཚེས་ལོངས་ལ་བུ་ལོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་ཚེས་ཀྱི་རྟག་ལོངས་དང་ཟླ་རྐང་གི་ལོངས་སྤྱོད་ཙམ་གྱིས་དག་ལ། ད་དུང་ཉི་མའི་རྐང་ལོངས་རྣམས་སྦྱིན་དོར་བྱ་དགོས་པའི་ཕྱིར་རེས་གཟའ་ཕྱེད་དག་ཅེས་སུ་གྲགས་ཤིང་གྲུབ་བོ། །གཉིས་པ་གཟའ་ཉི་རྣམ་དག་ཏུ་བསྒྲུབ་པར་བྱ་སྟེ། གཟའ་ཕྱེད་དག་བཤད་པའི་རྗེས་དེ་ནས། དེ་ཉི་སྐར་གྱི་དོན་དུ་ཐོག་མར་རྟག་ལོངས་སྟེར་བ་ནི། གང་རྩིའི་ཚེས་གྲངས་གནས་གཉིས་སུ་བྱས་པའི་སྟེང་མ་ཆུ་བོ་སྟེ་བཞིས་བསྒྱུར་བ་ནི་ཚེས་ཞག་རེ་ཞིང་ཆུ་ཚོད་བཞི་རེ་སྤྱོད་པས་དེའི་ལོངས་སྤྱོད་དོ། །གནས་འོག་མར་མེ་སྟེ་གསུམ་གྱིས་བགོས་པའི་ཐོབ་ནོར་སྟེང་མ་ཆུ་ཚོད་དུ་གཞུག་པ་ནི་ཆུ་སྲང་ཉི་ཤུ་པ་ཚན་པ་གསུམ་ལ་ཆུ་ཚོད་གཅིག་ཏུ་ལོངས་པའི་ཕྱིར་རོ། །སྟེང་མ་ཆུ་ཚོད་ཀྱི་ཕུང་པོར་དྲུག་ཅུས་ཕྱེ་བས་རྙེད་པའི་ནོར་ནི་སྐར་གནས་ཏེ། དེ་ཉི་མའི་དྷྲུ་ཝའི་སྐར་མའི་གནས་སུ་སྦྱིན་ཞིང༌། ལྷག་མ་ཆུ་ཚོད་ཀྱི་གནས་སུ་བསྲེས་པས་རྒྱུན་བསྡོམས་པ་ན་ཞག་རེ་ཞིང་ཆུ་ཚོད་བཞི་དང་ཆུ་སྲང་ཉི་ཤུ་རེ་བྱས་པར་སོང་བས། རགས་པར་ན་ཞག་གཉིས་ལ་ཆུ་སྲང་བཞི་བཅུ་རེ་སྟེ་ཆུ་ཚོད་མི་ལོངས་པའི་ཕྱིར་ཉེས་པ་ཆེར་མི་སྐྱེད་པས་གསུམ་གྱི་ལྷག་མེད་པར་བྱས་ནས་ཆུ་སྲང་གི་གནས་མ་བྱས་ཀྱང་རུང་མོད་ཀྱི། བྱེད་པར་འདོད་ན། མེ་ཡིས་བགོས་པའི་ལྷག་མ་གང་བྱུང་ཉི་ཤུས་བསྒྱུར་བ་དྷྲུ་བའི་ཆུ་སྲང་གི་གནས་སུ་སྦྱིན་པར་བྱའོ། །འདིར་ཚེས་རེའི་ངེས་པ་ལ། ཆུ་ཚོད་བཞི་དང༌། ཆུ་སྲང་ཉི་ཤུར་མཛད་པ་དེ་ལ་ཞག་རེ་ཞིང་དབུགས་བཅུ་གཅིག་ལྷག་ཙམ་རེ་ཆད་པས་མ་དག་གོ་ཞེ་ན་བདེན་ཏེ། འདིར་ཚེས་གྲངས་གནས་གཉིས་ཀྱི་སྟེང་མ་བཞི་དང༌། འོག་མ་ཉེར་གཉིས་ཀྱིས་བསྒྱུར་བ་ལས་གཅིག་ཕབ་སྟེ། དབུགས་ཀྱི་འདོད་ཆ་བཞི་ལྷག་ཙམ་ཡོད་ཀྱང་བཞི་ཉིད་ཡིན་པའི་དབང་དུ་བྱས་ཏེ་བཞི་པོ་གང་རྩིའི་ཚེས་ཀྱིས་བསྒྱུར་བ་དེས་སྦྱངས་པས། ཆུ་ཚོད་བཞི། སྲང་ཉེར་གཅིག དབུགས་ལྔ། འདོད་ཆ་དགུ་སྟེ་ཅུང་ཟད་དག་མོད་ཀྱང༌། དེ་ལྟར་མི་མཛད་པ་ནི་རགས་པ་བྱེད་པ་བརྗོད་པ་དང༌། དྷྲུ་ཝའི་སྐབས་སུ་མངས་པའི་གཉེན་པོར་འགྲོ་བ་ལ་དགོངས་སོ། །དེ་ལྟར་དྷྲུ་ཝ་ལ་རྟགས་ལོངས་སྦྱིན་པ་དེས་ཉི་མ་ཕྱེད་ཙམ་ནི་དག་ལ་རྣམ་པར་དག་པ་མ་ཡིན་པས་ཉི་མ་ཕྱེད་དག་གམ་ཉི་མ་བར་པ་ཞེས་བྱ་སྟེ། རྣམ་པར་དག་པ་ལ་ད་དུང་དལ་བའི་ལས་ཀྱིས་ཉི་དག་བསྒྲུབ་དགོས་པའི་ཕྱིར་རོ། །ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། ཉི་མ་ཕྱེད་དག་པ་དེ་ཉིད་གནས་གཉིས་སུ་འཇོག་པ་ནི་གཅིག་ནི་ལོངས་སྤྱོད་འཚོལ་བའི་གཞི་དང༌། གཅིག་ཤོས་ནི་བྱིན་དོར་བྱ་བའི་གཞིའི་དོན་དུའོ། །དེ་ལྟར་བཀོད་པའི་ཕྱོགས་གཅིག་ལ་སྐར་མའི་གནས་ནས་དྲུག་དང་ཆུ་ཚོད་ཀྱི་གནས་ནས་བཞི་བཅུ་ཞེ་ལྔ་སྦྱོང་བ་ནི་སྐྱེས་ཁྱིམ་དག་པར་བྱེད་པ་སྟེ། ལུག་གླང་འཁྲིག་གསུམ་གྱི་རྒྱུ་སྐར་ཐ་སྐར་ནས་ལག་གི་བར་དྲུག་དང༌། ནབས་སོའི་བཞི་གསུམ་སྟེ་ཆུ་ཚོད་ཞེ་ལྔ་འདས་ནས། ཀརྐ་ཊའི་ཐོག་མ་ནས་ནབས་སོའི་བཞི་ཆ་དང་པོར་སྐྱེས་པ་ཡིན་ཞིང༌། རྐང་པའི་ལོངས་སྤྱོད་ཀྱང་རང་ཉིད་སྐྱེས་པ་ནས་ཐོག་མར་རྩོམ་པ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར་རང་མ་སྐྱེས་གོང་གི་ཁྱིམ་གསུམ་གྱི་རྒྱུ་སྐར་དྲུག་དང་གཅིག་གི་བཞི་གསུམ་མན་ཆད་སྦྱངས་པ་ཡིན་ནོ། །གལ་ཏེ་སྐྱེས་ཁྱིམ་སྦྱང་དུ་མ་ལྡང་ན་ནི་རྒྱུ་སྐར་གྱི་འཁོར་ལོ་བསྣན་ལ་སྦྱང་དགོས་ཏེ། འཁོར་ལོ་ནི་བགྲོད་པར་བྱ་བའི་ཡུལ་ཡིན་པས་རང་གི་དང་པོར་གང་ཕྱིན་པའི་སྟེང་ནས་སྦྱོང་དགོས་པའི་ཕྱིར་རོ། །སྐྱེས་ཁྱིམ་སྦྱངས་པའི་རྗེས་སུ་རྒྱུ་སྐར་གྱི་འཁོར་ལོའི་ཕྱེད་སྐར་མ་བཅུ་གསུམ་དང༌། ཆུ་ཚོད་སུམ་ཅུ་ལྷག་ན་དོར་བས་ཆོག་སྟེ། དེའི་མཚམས་སུ་སྔ་རྐང་ཕྱི་རྐང་གི་ནོར་བུ་ལོན་རྣམ་པར་དག་པས་རྟག་པའི་ལོངས་སྤྱོད་ལས་འབྲི་གང་མེད་པར་གནས་པས་དེ་ཡན་གྱི་རྐང་པ་རྩི་མི་དགོས་པའི་ཕྱིར་རོ། །དེ་ཡང་འཁོར་ལོ་མ་བསྣན་པར་འཁོར་ཕྱེད་དོར་ན་ཉི་མ་རིམ་མིན་གྱི་སྔ་རྐང་ཆུ་སྲིན་བུམ་ཉ་གསུམ་གང་རུང་ལ་གནས་ལ། བསྣན་ནས་དོར་ན་རིམ་མིན་གྱི་ཕྱི་རྐང་ལུག་གླང་འཁྲིག་གསུམ་གང་རུང་ལ་གནས། འཁོར་ཕྱེད་མ་དོར་ན་རྐང་པ་རིམ་པར་སྤྱོད་པས་ཀར་སེང་བུ་མོ་སྲང་སྡིག་གཞུ་དྲུག་པོ་གང་རུང་ལ་གནས་པ་སྟེ། དེ་ལྟར་སྐྱེས་ཁྱིམ་སྦྱངས་ཤིང་འཁོར་ཕྱེད་ལྷག་ན་དོར་བའི་ལྷག་མ་གང་ཡིན་པ་དེ་ནི་སྐབས་འདིའི་རྐང་འཛིན་དག་པ་ཡིན་ནོ། །དེ་ནས་རྐང་འཛིན་དག་པ་ལ་གང་ཤར་བའི་སྐར་གནས་ལྷག་མ་མཁའ་རོ་སྟེ་དྲུག་ཅུས་བསྒྱུར་ནས་ཆུ་ཚོད་དུ་གསིལ་བ་ལ། འོག་གི་ཆུ་ཚོད་ཀྱི་གནས་ན་གང་འདུག་པ་བསྲེས་པ་དེས་ནི་བགོ་བྱའི་ཡུལ་ཇི་སྙེད་པ་རྣམས་ཆུ་ཚོད་ཀྱི་ཕུང་པོར་བྱས་སོ། །དེ་ལ་མདའ་ཡོན་ཟླ་བ་སྟེ་བརྒྱ་སོ་ལྔས་བགོ་བ་ནི། ཁྱིམ་རེའི་ཆུ་ཚོད་ཀྱི་གྲངས་ལ་བརྒྱ་སོ་ལྔ་རེ་ཡོད་པས་རྐང་འཛིན་ཆུ་ཚོད་བརྒྱ་སོ་ལྔར་ནམ་ལོངས་པ་ན་ཉི་མས་དལ་རྐང་རེ་འཕོ་བའི་ཕྱིར་དེས་བགོད་པའོ། །དེ་ལྟར་བརྒྱ་སོ་ལྔས་བགོས་པའི་ཐོབ་ནོར་ནི་རྐང་མཚམས་ནས་བགྲངས་པའི་ཁྱིམ་ཇི་ཙམ་འདས་པའི་གྲངས་ཡིན་པས་དེས་ཉི་རྐང་བཟུང་བར་བྱའོ། །གཟུང་བྱའི་རྐང་པ་ནི། དུས་ཏེ་དྲུག་དང༌། མཚོ་སྟེ་བཞི་དང༌། ཟླ་བ་སྟེ་གཅིག་རྣམས་བརྩེགས་པའི་གནས་གསུམ་ནི་རིམ་པའི་སྔ་རྐང་སྟེ། རྐང་མཚམས་སུ་ཕྲེད་ལ་རེ་ཁཱ་བྲིས་པའི་འོག་ཏུ་ཕྱི་རྐང་ལ་ནི་སྔ་རྐང་དེ་ལས་གོ་རིམ་ལྡོག་སྟེ་གཅིག་བཞི་དྲུག་རྣམས་བརྩེགས་མར་བྲིའོ། །དེ་ལྟར་སྔ་རྐང་ཕྱི་རྐང་ལ་གནས་གསུམ་གསུམ་འབྱུང་བ་ནི་ཉི་མའི་རྐང་པ་ལ་རྡུལ་མུན་སྙིང་སྟོབས་གསུམ་གྱི་ཡོན་ཏན་དང་ལྡན་པའི་དབྱེ་བས་སོ། །རྐང་པའི་རི་མོ་དུས་མཚོ་སོགས་འདྲི་བའི་དོན་ནི། ཉི་མའི་དལ་རྐང་གི་ལོངས་སྤྱོད་འཕེལ་འགྲིབ་ཀྱི་ཚུལ་རྟོགས་པའི་དོན་དུ་སྟེ། རྐང་པའི་རི་མོ་དང་མཐུན་པའི་ཆུ་ཚོད་ཀྱི་གྲངས་ཀྱིས་དལ་བར་ལས་རིམ་རིམ་མིན་ལ་སྔ་རྐང་ཕྱི་རྐང་དུ་ནོར་བུ་ལོན་འཕེལ་བས་གཅིག་གུན་གཅིག་གིས་བསབས་ཏེ་སྤྱད་པས་སྔ་རྐང་ལན་གཉིས་ཕྱི་རྐང་ལན་གཉིས་ཏེ་བཞིར་སྤྱད་པས་ན་རྒྱུ་སྐར་འཁོར་བའི་ཕྱིར་རོ། །འདི་དག་གི་རྒྱུ་མཚན་རྒྱས་པར་ལེའུ་ཉི་ཤུ་རྩ་གཅིག་པར་རེའུ་མིག་སྤེལ་བའི་སྤྱི་ནོར་གྱི་ཆོ་ག་ལ་བརྟགས་པས་མཚང་ཤེས་པར་འགྱུར་རོ། །དེ་ལྟར་ནོར་གྱིས་རྐང་པ་འཛིན་ཚུལ་ནི་མ་ཐོབ་ན་རྐང་པ་འདས་པ་མེད་པའི་ཕྱིར་སྟོང་པའི་མཚན་མ་ཐིག་ལེ་ཐོབ་པ་ལ་རྐང་པའི་ནོར་བུ་ལོན་སྟོང་པ་སྟེ་རྣམ་པར་དག་པ་ཡིན་པས་རྐང་སྡོམས་སུ་ཐིག་ལེ་བྲིའོ། །དེ་བཞིན་དུ་གཟུགས་ཏེ་གཅིག་ཐོབ་ན་སྤྱད་ཟིན་པའི་རྐང་པ་དྲུག་པ་དང༌། མདའ་སྟེ་ལྔ་ལ་མ་སྤྱད་པའི་དྲུག་པོ་བྲི་བར་བྱ་བ་ཡིན་པ་བཞིན་དུ་གཉིས་དང་ཆུ་བོ་དག་ཐོབ་པ་ལ་སྤྱད་ཟིན་མ་ཟིན་བསྡོམས་པའི་ཕྱོགས་ཏེ་བཅུ་དང༌། མེ་སྟེ་གསུམ་ཐོབ་པ་ལ་སྤྱད་མ་ཟིན་པ་རྣམས་བསྡོམས་པའི་དྲག་པོ་སྟེ་བཅུ་གཅིག་བསྡོམ་པར་བྱ་སྟེ། རྒྱུ་མཚན་སྔ་རྐང་ལ་ནི་སྤྱད་ཟིན་པ་དང༌། ཕྱི་རྐང་ལ་ནི་སྤྱོད་འགྱུར་སྡོམ་དགོས་པའི་ཕྱིར་རོ། །དེའི་རྗེས་སུ་ཟ་བཞིན་པའི་རྐང་པའི་སྟེང་ནས་ཡང་དག་རྒྱུ་བའི་ཆུ་ཚོད་བརྟག་པའི་ཆེད་དུ། བརྒྱ་སོ་ལྔས་བགོས་པའི་ལྷག་མ་ཇི་སྙེད་པ་ནི། རྒྱུ་བཞིན་པའི་རྐང་པ་དེའི་སྟེང་དུ་ཉི་མ་སླེབས་ནས་གང་རྩི་བའི་ཚེས་དེ་རྫོགས་པ་ཡན་གྱི་རྐང་འཛིན་ཡིན་ནོ། །རྐང་བཟུང་སྔོན་མས་ལྷག་མ་དེའི་གནས་རྣམས་བསྒྱུར་བ་ནི་རྒྱུ་བཞིན་པའི་རྐང་པས་བསྒྱུར་བ་ཡིན་ལ། གལ་ཏེ་མ་ཟིན་ན་ནི་རྐང་པ་འདས་པ་མེད་པས་སྔ་རྐང་དང་པོ་ཉིད་སྤྱོད་པ་ཡིན་ཏེ་དེས་བསྒྱུར་བར་བྱའོ། །དེ་ནས་རང་རང་གི་འཁོར་ལོས་སྟེང་དུ་གྲིལ་ལ་ཆུ་ཚོད་མདའ་ཡོན་ཟླ་བས་བགོས་པའི་ཐོབ་ནོར་ནི། ཡང་དག་རྒྱུ་བའི་ཆུ་ཚོད་དེ་རྒྱུ་བཞིན་པའི་རྐང་པ་ལས་ཆུ་ཚོད་ཇི་ཙམ་སྤྱད་ཚར་བའི་གྲངས་ཡིན་པས་རྐང་སྡོམས་ཀྱི་འོག་ཏུ་བྲིའོ། །ལྷག་མ་མཁའ་རོས་བསྒྱུར་བ་ལ་སྲང་བཅུག་ནས་མདའ་ཡོན་ཟླས་བགོས་ཐོབ་ནི་ཆུ་སྲང་སྟེ། སྔ་རྐང་ལ་ཆུ་ཚོད་གཉིས་བསྲེ་ཞིང༌། ཕྱི་རྐང་ལ་འོག་མས་སྟེང་མ་ལ་དབྲི་ལ། དེ་ལས་ཀྱང་གཅིག་འབེབས་པ་སོགས་ཟླ་རྐང་གི་སྐབས་སུ་བཤད་པ་ཇི་ལྟ་བ་བཞིན་དུ་རྐང་ལོངས་དག་པར་བྱས་པ་དེ་རྣམས་ཀྱིས་གང་བྱ་ཞེ་ན། དེ་རྣམས་ནི་གཟའ་ཕྱེད་དག་དང༌། ཉི་མ་ཕྱེད་དག་དེའི་ལོངས་སྤྱོད་དེ་ཆུ་ཚོད་མན་ཆོད་དུ་དབྲི་བསྣན་བྱའོ། །ཇི་ལྟར་བྱ་ཞེ་ན། འཁོར་ཕྱེད་དོར་ན་རིམ་མིན་ཏེ། ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་བྱང་བགྲོད་འབྱུང་ཞིང༌། དེའི་ཚེ་ས་དུམ་བུ་བཅུ་གཉིས་ཀྱི་སའི་ཆ་ཐམས་ཅད་དུ་གཟའ་ཉི་ཕྱེད་དག་ལ་སྦྱིན་པར་བྱ་ཞིང༌། ཡང་མ་དོར་རིམ་པ་ལ་ཚངས་ཐིག་ཏུ་ལྷོ་བགྲོད་དང་དུམ་བུ་བཅུ་གཉིས་ཀྱི་ཆ་ཐམས་ཅད་དུ་གཟའ་ཉི་ཕྱེད་དག་གི་ལོངས་སྤྱོད་དུ་དབྲི་བར་བྱ་སྟེ་ནོར་བུ་ལོན་ཡིན་པའི་ཕྱིར་རོ། །དེ་ཡང་དོར་ན་རྐང་པ་རིམ་མིན་དུ་སྤྱོད་པས་སྔ་རྐང་དུ་ནོར་འཕེལ་ཞིང་ཕྱི་རྐང་དུ་འགྲིབ་པས་དེའི་ཚེ་རྐང་ལོངས་སྟེར་བ་ནི། ནོར་འཕེལ་བའི་ཚེ་ཆུ་ཚོད་ཇེ་མང་དང༌། འགྲིབ་པའི་ཚེ་ཇེ་ཉུང་དུ་བཏང་ནས་སྦྱིན་པའོ། །མ་དོར་ན་རྐང་པ་རིམ་པས་སྤྱོད་པས་སྔ་རྐང་དུ་བུ་ལོན་འཕེལ་ཞིང་ཕྱི་རྐང་དུ་འགྲིབ་པས། དེའི་ཚེ་ཆུ་ཚོད་ཉུང་དུ་བགོས་ཀྱིས་བཏང་ནས་འབྲིད་པ་ཡིན་ནོ། །འདིའི་དོར་མ་དོར་གྱི་དབྲི་བསྣན་གྱི་མཚམས་དང་ཉི་མ་ལྡོག་མཚམས་གཅིག་ཏུ་མཛད་པ་ནི་ལྷོ་གླིང་དབུས་མའི་ཚངས་ཐིག་ལ་དགོངས་ཀྱི། ས་དུམ་བུ་ཐམས་ཅད་དུ་དེ་ལྟར་བསྒྲིག་མི་དགོས་པའི་རྒྱུ་མཚན་ལ་སོགས་པ་ནི་ལེའུ་དྲུག་པར་འཆད་པར་འགྱུར་བ་ལས་ཤེས་པར་བྱའོ། །ཉི་རྐང་གི་ལོངས་སྤྱོད་རྣམས་ཉི་བར་ལ་སྦྱིན་དོར་བྱེད་པ་བཞིན་དུ་ཟླ་བའི་དཀར་ཆ་འཕེལ་འགྲིབ་ཀྱིས་བཞག་པའི་ཚེས་ཀྱི་ལོངས་སྤྱོད་ལའང་ནོར་བུ་ལོན་དུ་ཇི་ལྟར་འགྱུར་ཞེ་ན། དེའི་ཤེས་བྱེད་ནི། རིགས་ལྡན་དགོངས་འགྲེལ་ལས། ཟླ་བ་རང་གི་ཆ་འཕེལ་འགྲིབ་གཅིག་གི་ཡུན་ལ་ཇི་ཙམ་སྤྱོད་པའི་ཡུལ་གྱི་ལོངས་སྤྱོད་དེའི་སྟེང་དུ་ཉི་རྐང་གི་ལོངས་སྤྱོད་ཉི་མ་དང་མཚུངས་པར་ནོར་བུ་ལོན་དུ་འགྱུར་བ་དེའི་དབང་གིས་ཟླ་བ་རང་གི་ཆ་འཕེལ་འགྲིབ་གཅིག་གི་བཞག་པའི་ཡུན་ཚེས་གྱི་ལོངས་སྤྱོད་ཀྱི་སྟེང་དུའང་ཉི་རྐང་གི་ལོངས་སྤྱོད་རྣམས་ཉི་མ་དང་མཚུངས་པར་ནོར་བུ་ལོན་དུ་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ལྟར་ན་ཚེས་ལོངས་ནི་དུས་ཀྱི་ལོངས་སྤྱོད་ཡིན་པས་ཉི་མའི་ཡུལ་ལོངས་དང་སྟོབས་མི་མཚུངས་སོ་ཞེ་ན། དེ་ནི་ཟླ་བའི་དཀར་ཆས་བཞག་པའི་ཚེས་ཀྱི་ཆུ་ཚོད་སོགས་དང༌། དུས་དེ་ལ་ཡུལ་སྟེང་ནས་སྤྱོད་པའི་ཆུ་ཚོད་སོགས་ཕལ་ཆེར་སྟོབས་མཚུངས་པས་རགས་རྩིས་དང༌། ཞིབ་པར་ན་ཉི་རྐང་ལོངས་སྤྱོད་ཀྱི་དུས་ལ་ཟླ་བས་ཇི་ཙམ་སྤྱོད་པའི་དུས་དེ་སྦྱིན་དོར་བྱེད་དགོས་པ་ཡིན་གསུངས་སོ། །ཆོ་ག་དེ་ཡིས་ནི་བྱེད་པའི་ཆོ་ག་རགས་པ་ལ་བརྟེན་ནས་གཟའ་ཉི་དག་པར་འགྱུར་ཞེས་པ་སྟེ་ཞིབ་མོའི་བྱེད་པ་ལ་ལྟོས་ནས་དག་པར་འགྱུར་ཞེས་པའི་ཐ་ཚིག་ནི་མིན་ནོ། །འདིར་རྒྱུད་ལས། ཉི་མ་ལ་ནི་དུས་རོ་སྦྲུལ་དང་བཅུ་དང་འཕྲོག་བྱེད་འཕྲོག་བྱེད་དྲག་པོ་ཕྱོགས་དང་ཀླུ་དང་དྲུག མེ་དང་ནམ་མཁའ་དག་ཀྱང་བགྲོད་པའི་མཐར་ཏེ་བྱང་དང་ལྷོ་རུ་ནོར་དང་བུ་ལོན་དག་ཏུ་འགྱུར། ཟླ་བ་འཕོ་བའི་དབྱེ་བ་དག་ལས་ཕྱོགས་ཀྱིས་དབྱེ་བས་ཟླ་བ་དྲུག་ནི་ཉིན་མོར་བྱེད་པས་སྤྱོད། ཅེས་བཤད་མ་ཐག་པའི་ཞིབ་རྩིས་མི་ལྕོགས་པ་ལ། བྱེད་པ་རགས་པ་ལས་ཀྱང་རགས་པར་གྱུར་བའི་ཉི་རྐང་གི་ཆོ་ག་གསུངས་ཏེ་གཞུང་འདིར་མ་བཀོད་དོ། །

གསུམ་པ་ཟླ་སྐར་དག་པ་སྒྲུབ་པ་ནི། ཉི་མ་དག་པ་ལན་གཉིས་སུ་བཞག་པའི། །གཅིག་གིས་ཟླ་སྐར་གྱི་གཞི་བྱེད་པ་ནི། ཉི་མས་ཡུལ་སྟེང་ནས་ཞག་གཅིག་ལ་ཇི་ཙམ་སྤྱད་པ་དེ་ཉིད་ཟླ་བས་ཀྱང་སྤྱོད་པས་དེའི་དབང་དུ་བྱས་པའོ། །དེ་ལ་སྐར་མའི་གནས་སུ་ཚེས་གྲངས་སྦྱིན་པ་ནི། ཆུ་ཚོད་དྲུག་ཅུ་སྦྱིན་པ་ཡིན་པས་ཉི་མ་ལས་ལྷག་པོར་ཟླ་བས་སྤྱོད་པའི་ཆ་ལྷག་པོ་དང་བཅས་པའོ། །སླར་ཡང་ཚེས་གྲངས་ལོགས་སུ་རོ་སྟེ། དྲུག་གིས་བསྒྱུར་བ་དེ་ལ་གཟའ་ཚེས་ཀྱི་དབྱུག་གུ་བསྲེས་པ་ལ། གལ་ཏེ་ཐོབ་ན་དྲུག་ཅུས་བགོ་བར་བྱས་པའི་རྙེད་པས་སྐར་མའི་གནས་ནས་སྦྱང་ཞིང༌། ལྷག་མས་ཆུ་ཚོད་ལ་སོགས་པའི་གནས་ནས་སྦྱངས་པའི་ལྷག་མ་ནི་ཟླ་སྐར་དག་པ་ཡིན་ནོ། །དེ་ཡང་ཚེས་གྲངས་དྲུག་གིས་བསྒྱུར་བས་འབྲིད་པ་ནི། སྐར་གནས་སུ་ཚེས་གྲངས་སྦྱིན་པས་ཚེས་རེ་ལ་ཆུ་ཚོད་དྲུག་རེ་མངས་བ་དེ་ཕྲི་བས་དོན་ལ་ཚེས་རེ་ལ་ཉི་མས་གང་སྤྱད་པའི་ཆུ་ཚོད་བཞི་རྗེས་འབྲང་དང་བཅས་པའི་སྟེང་དུ་ཟླ་བས་ཆུ་ཚོད་ང་བཞི་རེ་ལྷག་པོར་སྤྱད་པ་དེ་རྟོགས་པའི་ཆེད་དུའོ། །དེ་ལ་གཟའི་ལོངས་སྤྱོད་བསྲེས་ནས་སྦྱོང་བ་ནི། ཟླ་བས་ནམ་ལངས་ཕན་ལ་ཇི་ཙམ་སྤྱད་པའི་ལོངས་སྤྱོད་ཀྱི་མཚམས་རྟོགས་པའི་ཆེད་དུའོ། །གལ་ཏེ་ཚེས་ལོངས་ཀྱིས་མ་སྦྱངས་ན་ནི་ཚེས་འཁྱུད་ཟླ་སྐར་ཞེས་བྱ་སྟེ་ཟླ་བས་ཚེས་རྫོགས་ཀྱི་བར་ལ་ཇི་ཙམ་སྤྱད་པའི་ལོངས་སྤྱོད་ཤེས་པར་འགྱུར་རོ། །འོ་ན་ཚེས་ལོངས་དང་ཟླ་ལོངས་གཉིས་ཡུལ་དུས་ཀྱི་སྟོབས་མི་མཚུངས་པ་དང༌། ཚེས་ལོངས་རགས་པ་ང་དགུ་ཙམ་དང་ཟླ་ལོངས་རགས་པ་ཆུ་ཚོད་ང་བརྒྱད་ཙམ་ཡིན་པས། རྒྱུན་ལ་ལྟོས་ནས་ཀྱང་སྟོབས་མི་མཚུངས་སོ་ཞེ་ན། དེའི་ལན་ནི། ཞལ་ལུང་ལས། དུས་དང་ཡུལ་གྱི་ལོངས་སྤྱོད་ངོ་བོ་མི་མཚུངས་ཀྱང་རགས་པའི་གྲངས་སྟོབས་མཚུངས་པས་དེའི་དབང་དུ་བྱས་པའོ། །རྒྱུན་ལ་ལྟོས་ནས་སྟོབས་མི་མཚུངས་པའི་ཉེས་པ་ཆེན་པོར་ཡང་མི་འགྱུར་ཏེ། ཚེས་ཀྱི་ལོངས་སྤྱོད་ཀྱིས་མ་སྦྱངས་པའི་ཟླ་བའི་ལོངས་སྤྱོད་ནི་གང་བརྩིས་པའི་ཚེས་དེ་ཟད་ཚུན་གྱི་ལོངས་སྤྱོད་ཡིན་ལ། དེའི་སྟེང་ནས་ཚེས་དེའི་ལོངས་སྤྱོད་ན་གང་འདུག་དེས་སྦྱངས་པས་བཤད་མ་ཐག་པ་ལྟར། ཉིན་ཞག་དེའི་ནམ་ལངས་ཕན་གྱི་ཟླ་བའི་ལོངས་སྤྱོད་རྟོགས་པ་ཡིན་ཞིང༌། དེ་ལྟར་བྱས་པས་ཅིར་འགྱུར་གོ་བ་ལ་སྦྱར་ན། གང་རྩི་བའི་ཉིན་ཞག་དེའི་ནམ་ལངས་ནས་ཚེས་དེ་ཟད་ཚུན་གྱི་དུས་ཀྱི་ཆུ་ཚོད་རེ་རེའི་ཡུན་ལ་ཟླ་བས་ཡུལ་གྱི་ཆུ་ཚོད་རེ་རེ་སྤྱོད་པར་བྱེད་དོ། །ཞེས་པ་ཞིབ་ཏུ་སོང་ཡང་དེ་ཙམ་ལ་ཉེས་པ་ཆེར་མེད་པ་དང༌། ཚེས་ལོངས་ང་དགུ་སོགས་དང༌། ཟླ་ལོངས་ང་བརྒྱད་སོགས་གཅིག་སྟེང་དུ་གཅིག་བརྩེགས་པ་དུས་རྣམ་པ་ཐམས་ཅད་དུ་སྟོབས་མཚུངས་པར་མི་འགྲོ་ཞིང་སྟོན་པའང་མིན་པས་སྐྱོན་མེད་དོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་ཟླ་བ་ལ་དལ་རྐང་ཡོད་མེད་དང༌། ལེའུ་ལྔ་པའི་འགྲེལ་ཆེན་ལས། ཟླ་བ་དང་ཉི་མའི་རྒྱུ་བ་རྣམ་པ་བཞི་སྟེ། ཞེས་སོགས་གསུངས་པས། ཉི་མའི་དལ་བ་ལའང་འགྲོས་བཞི་ཡོད་མེད་དང༌། སྔར་གཟའ་ཚེས་སྐབས་སུ་གཟའ་འདས་ད་ལྟར་གྱི་ཤན་འབྱེད་དང༌། ཚེས་ཀྱི་ཆད་ལྷག་དང༌། འཕོ་མཚམས་ཀྱི་རྒྱུ་མཚན་སོགས་ད་དུང་འཆད་དགོས་ལྷག་མར་ལུས་པ་སྣང་མོད་ཀྱང༌། དེང་སང་ལག་རྩིས་པ་ཕལ་ཆེ་བ་དག་བཞེད་པ་ཆེས་ཆེར་མི་མཐུན་པ་མི་འདུག་པས། སྔ་མ་རྣམས་ཀྱི་བཞེད་ཚུལ་སྣ་ཚོགས་ལ་དགག་སྒྲུབ་དང་ལད་མོ་སྐྱོར་བ་སོགས་ཀྱི་སྤྲོས་པ་མ་བྱས་ལ། ཅི་རིགས་པ་ནི་འོག་ཏུའང་བཤད་དོ། །བཞི་པ་སྦྱོར་བ་ནི། ཉི་མ་དག་པ་དང༌། ཟླ་བ་དག་པ་གཉིས་རྗེས་འབྲང་དང་བཅས་པ་བསྲེས་ནས་རང་རང་གི་འཁོར་ལོས་གྲིལ་ཏེ། སྟེང་མ་ཉེར་བདུན་གྱིས་དོར་བའི་ལྷག་མ་ནི་སྦྱོར་བ་དག་པའོ། །འདིར་ཁ་ཅིག་སྦྱོར་བ་ཡུལ་གྱི་ལྷར་བྱས་ནས་ཉི་ཟླ་བསྲེས་པའི་སའི་ལོངས་སྤྱོད་ཆུ་ཚོད་གཉིས་སོགས་ཡུལ་སྟེང་ནས་སྤྱོད་པར་འདོད་པ་དང༌། ཁ་ཅིག་དུས་ལྷར་བྱས་ནས་ཆུ་ཚོད་དྲུག་ཅུར་སྤྱོད་པར་འདོད་པ་དང༌། ཁ་ཅིག་ཉི་ཟླ་འཕྲད་པའི་རྟེན་འབྲེལ་ལས་དགེ་མི་དགེར་འདོད་པ་སོགས་ཡོད་མོད། ལུགས་གཉིས་པ་ནི། ཉི་ཟླ་བསྲེས་པའི་ལོངས་སྤྱོད་ཀྱི་གྲངས་ཙམ་ལའང་རྟོགས་པ་མ་ཞུགས་པར་སྣང་ལ། ལུགས་ཐོག་མཐའ་གཉིས་ལ་ཡང་ད་དུང་དཔྱད་བྱ་འགའ་ཞིག་སྣང་སྟེ་མ་སྤྲོས་སོ། །རང་ལུགས་ནི། སྦྱོར་བ་དུས་ཀྱི་ལྷ་ཡིན་པས། །ཚེས་རེར་འཆར་བར་འཆད་པ་ཡིན། །རི་མོར་གང་ཤར་སྦྱོར་བ་ཡིས། །སྤྱོད་པའི་སྐར་མ་ཤེས་བྱེད་དེ། །ལོངས་སྤྱོད་གང་ཤར་འདས་པའོ། །ཞེས་པ་འདིའི་ལེའུ་ཉེར་གཉིས་པར་སྨོས་ཏེ་ཞལ་ལུང་མཁན་པོའི་བཞེད་པ་ཐུན་མོང་མ་ཡིན་པ་ཡིན་ནོ། །དེ་ལྟ་ནའང་ཆོས་རྗེ་འཕྲིན་ལས་པའི་ཕྱག་ལེན་གྱི་རྒྱུན་བཞིན་དེང་སང་གི་ཕུག་ལུགས་པ་རྣམས་ཀྱི་བཞེད་པ་དང་ཅུང་ཟད་མི་མཐུན་ཏེ། དེང་སང་ནི་རི་མོར་གང་ཤར་དེས་སྦྱོར་བའི་ལྷ་ཉིད་རྟོགས་པར་བཞེད་པས་སོ། །འདིར་ལོངས་སྤྱོད་འདས་པར་བྱས་པ་ནི། ཚེས་འཕྲོག་ཟླ་སྐར་དང་ཉི་དག་བསྲེས་པ་ལས་ཏེ། ཚེས་འཁྱུད་ཟླ་སྐར་དང་བསྲེས་ན་ལོངས་སྤྱོད་ད་ལྟ་བར་འཆར་རོ། །འདིར་ཞལ་ལུང་མཁན་པོས་སྦྱོར་བ་ཉེར་བདུན་ལྡོག་པས་ཕྱེ་བ་ཙམ་དུ་ཞལ་གྱིས་བཞེས་པ་དེ་ལ་འབྲས་བུ་བཟང་ངན་ཁྱད་མེད་པ་སོགས་ཀྱི་དོགས་པ་དང༌། རི་མོར་གང་ཤར་སྐར་མ་ཤེས་བྱེད་ཡིན་ན་ཡན་ལག་ལྔ་མ་ཚང་སྟེ། ཡན་ལག་ལྔ་ནི། གཟའ་ཚེས་སྐར་སྦྱོར་བྱེད་པ་ལྔ་ཡིན་ལ། དེ་ལྟར་ན་སྦྱོར་བ་ཡང་སྐར་མའི་ནང་དུ་བསྡུ་དགོས་པའི་ཕྱིར་ཏེ་ཉི་སྐར་དང་ཟླ་སྐར་བཞིན་ནོ་སྙམ་པའི་དོགས་པ་ཡང་སྐྱེ་སྲིད་པར་སྣང་བས། དེའི་དགོངས་པ་འགྲེལ་ཚུལ་ལ་ད་དུང་དཔྱད་པར་བྱའོ། །ལྔ་པ་བྱེད་པ་ནི། རྟག་པའི་བྱེད་པ་བཞི་ནི་ཚེས་གཞན་གྱི་ཆ་ལ་མི་འཕོ་བས་རི་མོ་མ་མཛད་ལ། འཕོ་བའི་བྱེད་པ་བདུན་པོ་ཟླ་བ་རེ་ལ་ལན་བརྒྱད་རེ་འཁོར་ནས་འཆར་བས། དེ་རྣམས་ཀྱི་ཕྱི་ཆའི་བྱེད་པ་རྩི་བའི་རི་མོ་ནི། གང་རྩི་བའི་ཚེས་གྲངས་མིག་སྟེ་གཉིས་ཀྱིས་བསྒྱུར་བ་ནི་ཚེས་རེ་ལ་བྱེད་པ་གཉིས་གཉིས་འཆར་བས་སོ། །དེ་ལ་གཟུགས་ཏེ་གཅིག་འཕྲི་བ་ནི་སྔ་ཆའི་བྱེད་པ་ཕྲི་བ་སྟེ། སྔ་ཆ་ཕྱི་ཆའི་ཤུགས་ལས་རྟོགས་ནུས་པས་སོ། །ཐུབ་པ་སྟེ་བདུན་གྱིས་བགོ་བ་ནི་འཕོ་བྱེད་བདུན་གྱི་འཁོར་ལོ་ལོངས་པ་དོར་བའོ། །དེའི་ལྷག་མར་གང་བྱུང་བ་ནི་ཚེས་གྲངས་དེའི་ཕྱི་ཆ་ལ་འཆར་བའི་བྱེད་པར་ངེས་པའོ། །བྱེད་པའི་རྟགས་ལོངས་ནི་ཚེས་ཀྱི་རྟག་ལོངས་ང་དགུ་སོགས་ཀྱི་ཕྱེད་ཆུ་ཚོད་ཉེར་དགུ་རྗེས་འབྲངས་དང་བཅས་པ་ཡིན་ལ། རྐང་པ་དང་བཅས་པའི་ལོངས་སྤྱོད་ཀྱང་བྱེད་པ་རང་ཉིད་གང་ལ་སྤྱོད་པའི་ཚེས་དེ་ལ་དུས་དེའི་ཚེ་རྐང་བཅས་ཀྱི་ལོངས་སྤྱོད་ཇི་ཙམ་ཡོད་པ་དེའི་ཕྱེད་ལ་བྱེད་པ་རེའི་ལོངས་སྤྱོད་པ་ཡིན་ཞེས་ཞལ་ལུང་ལས་གསུངས་པ་དེ་ཉིད་ལག་ལེན་དུ་འདེབས་ཚུལ་འདིའི་ལེའུ་ཉེར་གཉིས་པར་བཤད་པ་ལྟར་ཤེས་པར་བྱའོ། དེ་ལྟར་བཤད་པ་དེ་དག་གིས་ནི། བསྡུས་པའི་རྒྱུད་ལས། མེ་མཁའ་རྒྱ་མཚོ་རྣམས་ལ་རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས་ཀླ་ཀློའི་ལོ་ནི་རབ་ཏུ་གྲུབ། ཅེས་པ་ནས། བྱེད་པ་དག་ནི་ཚེས་ལ་མིག་གིས་བསྒྱུར་བ་ཟླ་བྲལ་གང་ཞིག་བདུན་གྱི་ཆ་ཡི་ལྷག་མའོ། །ཞེས་པའི་བར་གྱི་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་དགུས་དངོས་སུ་བསྟན་པའི་ལྔ་བསྡུས་ཀྱི་ལག་ལེན་ཏེ། རྣམ་པར་དག་ཅེས་པ་ནི་རགས་རྩིས་ཀྱི་བྱེད་པའི་ཆོ་ག་ལ་བསམས་ནས་སྨྲས་ཀྱི་གྲུབ་མཐར་མ་ཟད་ཞིབ་རྩིས་ཀྱི་བྱེད་པ་ལ་ལྟོས་ནས་ཀྱང་སྨྲས་པ་ནི་མ་ཡིན་ནོ། གཉིས་པ་འགྲེལ་ཆེན་གྱི་དགོངས་པས་ཞིབ་རྩིས་ཀྱི་ཉུང་ངུའི་རྩིས་བཤད་པ་ལ་གཉིས་ཏེ། དགོས་པ་བསྟན་ཏེ་གཟུང་བར་གདམས་པ་དང༌། ལག་ལེན་དངོས་སོ། དང་པོ་ནི། དངོས་བསྟན་གྱི་བྱེད་པའི་ཆོ་ག་བཤད་ཚར་བའི་རྗེས་སུ་སླར་ཡང་བྱེད་པའི་ཆོ་ག་བསྟན་པ་ལ་དགོས་པ་ཅི་ཞིག་ཡོད་དེ་ངལ་བ་ཙམ་དུ་ཟད་དོ་སྙམ་ན། དེ་ལ་བརྗོད་པར་བྱ་སྟེ། སྤྱིར་བློ་གྲོས་དང་ལྡན་པ་དག་ངེས་པ་གསར་དུ་སྤོ་བའི་མན་ངག་མེད་ན། ནམ་ཞིག་གི་ཚེ་འདས་ལོའི་ཕུང་པོ་ཆེན་པོ་དང༌། རགས་རྩིས་ཀྱི་ཉེས་པ་རྒྱ་འབྱམས་པ་སོགས་ལས་བྱ་དཀའ་བ་དང༌། ངེས་པ་མི་གསལ་བ་གཉིས་ཀ་ཚང་བའི་ཕྱིར་ཕྱི་རོལ་པའི་བྱེད་པ་དང་ཁྱད་པར་མེད་དོ་སྙམ་པའི་དོགས་པ་བསལ་བ་དང༌། བྱེ་བྲག་སྲང་དབུགས་འདོད་ཆ་ལ་སོགས་པ་བྱས་ཏེ་ཞིབ་རྩིས་བྱར་འདོད་པ་དང༌། མེ་མཁའ་རྒྱ་མཚོ་ལ་སོགས་པ་འདས་ལོའི་གྲངས་མང་པོ་དེ་རྣམས་དོར་ནས་ཚེགས་ཆུང་བར་བྱ་བའི་ཕྱིར་འདས་ལོ་ཉུང་དུ་བསྡུས་པ་དང༌། དྲུག་ཅུ་སྐོར་རེའི་མཚམས་སུ་བྱེད་པའི་ངེས་པ་སྔ་མའི་སྐྱོན་རྣམས་འདོར་བར་གསུངས་པ་ཉིད་ཇི་ལྟར་འདོར་བའི་ལག་ལེན་གྱིས་ཁུངས་དཀའ་བ་མེད་པར་བདེ་བླག་ཏུ་ཤེས་པར་འགྱུར་བ་སྟེ། དགོས་པ་གསུམ་དང་ལྡན་པའི་ཕྱིར་འདི་ལྟར་བཀོད་པ་ལ་འགལ་བ་མེད་དོ། །དེ་བས་ན་ཞིབ་རྩིས་ཀྱི་བྱེད་པའི་ཆོ་ག་ཤེས་འདོད་པའི་དཔྱོད་ལྡན་རྣམས་ཀྱིས་ཚུལ་འདི་བཟུང་བ་གཅེས་ཞེས་གདམས་པའོ། གཉིས་པ་ནི། ལྔ་བསྡུས་ཀྱི་རྒྱུ་མཚན་རྒྱས་པར་བཤད་མ་ཐག་པ་རྣམས་ཀྱིས་ཁོག་ཕུག་པའི་ཕྱིར་དང༌། ཡེ་གེས་འཇིགས་པའི་ཕྱིར་འདིར་བསྡུས་དོན་ཁྱད་པར་ཅན་གྱིས་བཅིངས་ཏེ་བཤད་པར་བྱའོ། འདི་ལའང་བཞི་སྟེ། ལོ་དག ཟླ་དག ཟླ་བའི་ངེས་པ། ཞག་གི་ངེས་པ་བཤད་པའོ། དང་པོ་ནི། རབ་བྱུང་དྲག་པོ་འདི་ནང་གི། ཞེས་བྱ་བ་ལ་སོགས་པ་སྟེ། དྲུག་ཅུ་སྐོར་བཅུ་གཅིག་པའི་ནང་གི་རབ་བྱུང་ནས་བརྩམས་ཏེ་ལོ་ང་བཞི་འདས་པ་ལྕགས་བྱ་ལ་བསྟན་བཅོས་འདི་བརྩམས་པ་ཡིན་པས་དེ་ནས་འགོ་བཟུང་སྟེ་འདས་ལོ་བགྲང་ངོ༌། །གཉིས་པ་ནི། ཉི་མས་བསྒྱུར་བ་ཞེས་བྱ་བ་ལ་སོགས་པ་སྟེ། གནས་འོག་མ་ལ་འབྱུང་བ་སྟེ་ལྔ་བསྲེ་བ་ནི་རྩིས་འཕྲོའོ། གསུམ་པ་ལ་ལྔ་སྟེ། གཟའ་དྷྲུ་། ཆ་རིལ། ཉི་དྷྲུ་། ཟླ་རེའི་དྷྲུ་ཝ་སྤོ་ཚུལ། དྲུག་ཅུ་སྐོར་ཕྱི་མ་རྣམས་ལ་ངེས་པ་སྤོ་བར་གདམས་པའོ། དང་པོ་ནི། ཟླ་དག་གནས་གསུམ་སྟེང་རིམ་བཞིན། ཞེས་བྱ་བ་ལ་སོགས་པ་སྟེ། ལྔ་དང༌། ལྔ་བཅུ་རྩ་བདུན་དང་ཉེར་ལྔ་རྣམས་གཟའ་དབྱུག་སྲང་རྣམས་སུ་རིམ་པར་སྟེར་བ་ནི་རྩིས་འཕྲོའོ། དེ་ལྟར་ན་བྱེད་པའི་ཆོ་གས་བསྒྲུབས་པའི་ལྕགས་སྤྲེའི་ལོ་མཐར་ཤར་བའི་ངེས་པ་ལ་གཟའ་ལྔ༌། ཆུ་ཚོད་ཞེ་གཉིས། ཆུ་སྲང་བཅུ་རྣམས་འབྱུང་བ་སྦྱིན་རིགས་པ་ལས། འདིར་སྲང་དབྱུག་གཉིས་ཀར་བཅོ་ལྔ་རེ་ལྷག་པོར་སྟེར་བ་ཅི་ཞེ་ན། དེ་ནི་སྔར་ལེའུ་བཞི་པར་བཤད་པ་ལྟར་འདི་ཡིན་ཏེ། དྲུག་ཅུ་སྐོར་བཅུ་དང་ལོ་རྐྱང་ང་བཞི་སྟེ་ཁྱོན་ལོ་དྲུག་བརྒྱ་དང་ང་བཞིའི་བར་དུ་གསོགས་པའི་ཉེས་པ་རྣམས་བཏོན་པ་ཡིན་ལ། ཇི་ལྟར་བཏོན་ན། དྲུག་ཅུ་སྐོར་རེའི་གཟའི་ཉུང་ཆ་ཆུ་ཚོད་གཅིག་ལ་སོགས་པ་སྟེ། བཅུ་འགྱུར་དུ་བྱས་པས་ཆུ་ཚོད་བཅུ་གསུམ་དང༌། སྲང་ང་དགུ་ལྷག་ཙམ་རེ་འབྱུང་ལ། དེའི་སྟེང་དུ་ལོ་ང་བཞིའི་བར་དུ་གསོགས་པའི་ཉུང་ཆ་ཆུ་ཚོད་གཅིག་དང༌། སྲང་བཅོ་ལྔ་ལྷག་ཙམ་འབྱུང་བ་བསྣན་པས་ཆུ་ཚོད་བཅོ་ལྔ་དང་ཆུ་སྲང་བཅོ་ལྔ་ལྷག་ཙམ་རེ་འབྱུང་བ་དེ་སྔར་གྱི་གཟའ་ལྔ་ཆུ་ཚོད་ཞེ་གཉིས་སོགས་ལ་བསྣན་པས་འདིར་བཤད་པའི་རྩིས་འཕྲོ་རྣམས་འབྱུང་བའི་ཕྱིར་རོ། གཉིས་པ་ཆ་རིལ་གྱི་དྷྲུ་ཝ་ནི། ཟླ་བ་དག་པ་གནས་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། གནས་སྟེང་མ་ནས་བཅོ་བརྒྱད་དང༌། འོག་མ་ནས་ཉེར་བདུན་འབྲིད་པ་ནི་ལྷག་འགྱུར་དོར་བའི་རྩིས་འཕྲོ་སྟེ། སྐབས་འདིར་རིལ་པོའི་རྩིས་འཕྲོར་དགུ་དང༌། ཆ་ཤས་སུ་དགུ་བཅུ་རྩ་དགུ་ཡོད་པ་དེས་འཁོར་ལོ་ལ་སྦྱངས་པའི་ལྷག་གིས་ཕྲི་བའོ། གསུམ་པ་ཉི་མའི་དྷྲུ་ཝ་ནི། ཚེས་ཟླ་དག་པ་གནས་ལྔར་བཞག ཅེས་པ་ལ་སོགས་པ་སྟེ་ཉེར་དྲུག་དང༌། ང་དགུ་དང༌། ཐིག ཉེར་དྲུག་དང༌། གཉིས་རྣམས་སྟེང་ནས་རིམ་བཞིན་སྟེར་བ་ནི་རྩིས་འཕྲོའོ། །འདིར་ཡང་སྔར་ལྟར་ཐིག་དང༌། སོ་གསུམ་དང༌། ཉེར་དགུ་དང༌། གཅིག་དང༌། ལྔ་རྣམས་ནི་རྒྱུད་ཀྱི་ཆོ་གས་བསྒྲུབས་པའི་རྩིས་འཕྲོ་དང༌། དེའི་སྟེང་ནས་དྲུག་ཅུ་སྐོར་རེའི་ཉི་མའི་མང་ཆ་ཆུ་ཚོད་གསུམ་ལ་སོགས་པ་དེ་བཅུ་འགྱུར་དུ་བྱས་པས་ཆུ་ཚོད་སོ་གཅིག སྲང་བཅུ་བཞི། དབུགས་གསུམ། འདོད་ཆ་ཐིག་ལེ་རྣམས་ཀྱི་སྟེང་ལོ་ང་བཞིའི་ཆུ་ཚོད་གཉིས། སྲང་ཞེ་བརྒྱད། དབུགས་བཞི་ འདོད་ཆ་གསུམ་རྣམས་བསྣན་པས་ཆུ་ཚོད་སོ་བཞི། སྲང་གསུམ། དབུགས་གཅིག འདོད་ཆ་གསུམ་རྣམས་འབྱུང་བ་དེས་སྔར་གྱི་ཐིག་སོ་གསུམ་སོགས་ལ་སྦྱངས་པས་སྐར་མ་ཉེར་དྲུག ཆུ་ཚོད་ང་དགུ་སོགས་འདིར་བཤད་པའི་རྩིས་འཕྲོ་རྣམས་འབྱུང་བའི་ཕྱིར་རོ། བཞི་པ་ཟླ་རེའི་དྷྲུ་ཝ་སྤོ་ཚུལ་ནི། སྔ་མ་སྔ་མའི་དྷྲུ་ཝ་ལས། ཞེས་བྱ་བ་ལ་སོགས་པའོ། ལྔ་པ་དྲུག་ཅུ་བསྐོར་ཕྱི་མ་རྣམས་ལ་ངེས་པ་སྤོ་བར་གདམས་པ་ནི། འདིར་བཀོད་པའི་ཞིབ་རྩིས་ཀྱི་བྱེད་པ་འདི་ལའང་ངེས་པ་ནི་མི་རྟག་པ་སྟེ། དེའི་ཕྱིར་ལོ་དྲུག་ཅུའི་མཐར་མཁས་པས་དྲུག་ཅུ་སྐོར་འདས་པ་ཡང་ཕུད་ནས་ངེས་པ་གསར་དུ་སྤོ་བར་བྱའོ། །ཞེས་གདམས་སོ། དེ་ལྟར་ན་འདིར་བཀོད་པའི་ངེས་པ་འདི་ལ་རབ་བྱུང་བཅུ་གཅིག་པའི་ནང་གི་ལྕགས་བྱ་ཡན་གྱི་ལོ་ང་བཞིའི་བར་དུ་གསོགས་པའི་ཉེས་པ་རྣམས་ཀྱང་བཏོན་གྲུབ་པའི་ཕྱིར། དེ་ནས་ལོ་དྲུག་འདས་པའི་རབ་བྱུང་བཅུ་གཉིས་པའི་འགོར་ངེས་པ་སྤོ་དགོས་སམ་མི་དགོས་ཤེ་ན། ལོ་དྲུག་གི་བར་དུ་གསོགས་པའི་ཉེས་པ་ནི། གཟའི་ཉུང་ཆ་ཆུ་སྲང་བརྒྱད་དང༌། ཉི་མར་མངས་ཆ་ཆུ་སྲང་བཅོ་བརྒྱད་ཙམ་ལས་མི་ལོངས་པའི་ཕྱིར། དེ་ཙམ་གྱིས་ཉེས་པ་ཆེར་མི་སྐྱེད་པས་རབ་བྱུང་བཅུ་གཉིས་པ་ལ་ངེས་པ་གསར་དུ་སྤོ་དགོས་པ་མེད་དོ། །དེ་ནས་ཆུ་ཁྱི་ལ་སོགས་པའི་ལོ་དྲུག་དང་བཅས་པའི་རབ་བྱུང་བཅུ་གཉིས་པ་འདས་པ་སྟེ། ཁྱོན་འདི་ནས་ལོ་དྲུག་ཅུ་རེ་དྲུག་སོང་བ་དྲུག་ཅུ་སྐོར་བཅུ་གསུམ་པའི་ཐོག་མར་ངེས་པ་སྤོ་བའི་རྩིས་འཕྲོ་ལ། ཟླ་བཤོལ་འཕྲོ་ཉི་ཤུ་རྩ་དགུ། གཟའ་ཚེས་ལ་གཟའ་གཅིག ཆུ་ཚོད་སོ་དགུ། ཆུ་སྲང་སོ་གསུམ། ཆ་རིལ་ལ་རིལ་པོ་ཉི་ཤུ་རྩ་བཞི་དང༌། ཆ་ཤས་སོ་གསུམ། ཉི་མ་ལ་སྐར་མ་ཉེར་དྲུག ཆུ་ཚོད་ཞེ་ལྔ༌། ཆུ་སྲང་ཉེར་དྲུག་དབུགས་གཉིས། འདོད་ཆ་ལྔ་རྣམས་ཀྱིས་བརྗེ་བར་བྱ་སྟེ། དེ་བཞིན་དུ་དྲུག་ཅུ་བསྐོར་བཅུ་བཞི་པ་སོགས་ལའང་སྦྱར་ནས་སྤོ་ཚུལ་ཤེས་པར་བྱའོ། །བཞི་པ་ཞག་གི་ངེས་པ་བཤད་པ་ལའང་ལྔ་སྟེ། གཟའ་ཕྱེད་དག གཟའ་ཉི་རྣམ་དག ཟླ་སྐར། སྦྱོར་བ། བྱེད་པའོ། དང་པོ་ནི། གཟའ་ཡི་དྷྲུ་ཝ་དག་པ་ལ། ཞེས་བྱ་བ་ལ་སོགས་པ་ནི་རྟག་ལོངས་སྦྱིན་པའི་ལས་ཏེ། དེ་ཡང་གློ་བུར་དུ་གང་རྩི་འདོད་པའི་ཚེས་ཀྱིས་བསྒྱུར་ཏེ་སྟེར་བའམ། ཡང་ན་རྟག་ལོངས་དེ་ཉིད་གཅིག་ཐོག་ཏུ་གཅིག་བརྩེགས་པ་སུམ་ཅུའི་བར་སྤེལ་བའི་རེའུ་མིག་ལས་སྦྱིན་ཡང་འདྲའོ། དེ་ནས་རིལ་པོར་ཚེས་བསྲེ་ཞེས་བྱ་བ་ལ་སོགས་པ་ནི། རིལ་པོའི་གནས་སུ་ཚེས་སྦྱིན་ལ། བཅུ་བཞིས་བགོས་པའི་ལྷག་མས་ཟླ་བའི་རྐང་འཛིན་སྟོན་ནོ། མདའ་དབང་འབྱུང་མཚོ་ཞེས་བྱ་བ་ལ་སོགས་པ་ནི་གཟུང་བྱའི་རྐང་པ་དངོས་སོ། སྟོང་ལ་སྟོང་པ་རྣམ་པར་དག་ཅེས་བྱ་བ་ལ་སོགས་པ་ནི་རྐང་པའི་རིལ་པོ་རྣམས་བསྡོམས་པའི་གྲངས་སོ། རྐང་བཟུང་སྔོན་མས་ཆ་ཤས་བསྒྱུར། ཞེས་བྱ་བ་ལ་སོགས་པ་ནི། རྒྱུ་བཞིན་པའི་རྐང་པའི་ཆ་ཤས་རྣམས་སོ་སོར་རྩི་བའོ། གཟའ་ཡི་ཆུ་ཚོད་སྲང་དབུགས་ཆར། ཞེས་བྱ་བ་ནི་རྐང་པ་ལས་བྱུང་བའི་ལོངས་སྤྱོད་ཀྱི་ལས་ཏེ། ཆོ་ག་དེ་དག་གིས་ནི་རེས་གཟའ་ཕྱེད་དག་པར་འགྱུར་རོ། གཉིས་པ་གཟའ་ཉི་རྣམ་དག་ཏུ་སྒྲུབ་པ་ནི། དེ་ནས་ཉི་མའི་དྷྲུ་ཝ་ལ། ཞེས་བྱ་བ་ལ་སོགས་པ་ནི་དྷྲུ་ཝ་ལ་གང་རྩིའི་རྟག་ལོངས་སྦྱིན་ཏེ་ཉི་བར་སྒྲུབ་པའོ། ཉི་བར་གནས་གཉིས་གཅིག་ལ་ནི། ཞེས་བྱ་བ་ལ་སོགས་པ་ནི་སྐྱེས་ཁྱིམ་སྦྱོང་བའི་ཆོ་གའོ། སྐར་གནས་ལྷག་མ་མཁའ་རོས་བསྒྱུར། ཞེས་བྱ་བ་ལ་སོགས་པ་ནི་རྐང་འཛིན་འཚོལ་བའོ། དུས་མཚོ་ཟླ་བ་ཞེས་སོགས་ནི་གཟུང་བྱའི་རྐང་པའོ། སྟོང་ལ་སྟོང་པ་ཞེས་སོགས་ནི་རྐང་སྡོམས་བྲི་ཚུལ་ལོ། རྐང་བཟུང་སྔོན་མས་ལྷག་རྣམས་བསྒྱུར། ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་ད་ལྟར་བ་ལས་བྱུང་བའི་ལོངས་སྤྱོད་བཙལ་བའོ། གཟའ་ཉི་ཕྱེད་དག་ལོངས་སྤྱོད་དུ། ཞེས་བྱ་བ་ལ་སོགས་པ་ནི་ཉི་རྐང་ལས་བྱུང་བའི་ལོངས་སྤྱོད་ཀྱི་ལས་སོ། དེ་ཡིས་ནི་བྱེད་པའི་གཟའ་ཉི་དག་པར་འགྱུར་རོ། གསུམ་པ་ནི། ཉི་དག་གནས་གཉིས་གཅིག་གིས་ནི། ཞེས་བྱ་བ་ལ་སོགས་པ་སྟྟེ་རེས་འགྲོགས་ཟླ་སྐར་སྒྲུབ་པའི་ཆོ་གའོ། བཞི་པ་སྦྱོར་བ་ནི། ཉི་ཟླ་གཉིས་བསྲེས་ཞེས་བྱ་བ་ལ་སོགས་པའོ། ལྔ་པ་བྱེད་པ་ནི། བྱེད་པ་ཚེས་གྲངས་གང་ཡིན་པ། ཞེས་བྱ་བ་ལ་སོགས་པའོ། བྱེད་པ་རྒྱུ་བའི་ཞེས་སོགས་ནི་འོག་ཏུ་ལེའུ་ཉེར་གཉིས་པ་འཆད་འགྱུར་ལ་ཁ་འཕངས་པའོ། དེ་ལྟར་ན་ཉི་མ་སོགས་རེས་གཟའ་བདུན་དང༌། ཕྱོགས་གཉིས་ཀྱི་ཚེས་གཅིག་ལ་སོགས་པ་བཅོ་ལྔ་དང༌། སྐར་མ་ནི་ཐ་སྐར་སོགས་ཉེར་བདུན་དང༌། སྦྱོར་བ་ནི་སེལ་བ་སོགས་ཉེར་བདུན་དང༌། བྱེད་པ་ནི་གདབ་པ་སོགས་བཅུ་གཅིག་སྟྟེ་ལྔ་པོ་དེར་ཡན་ལག་ལྔ་ཅེས་གྲགས་པ་ཡིན་ནོ། ལ་ལ་དག་གཟའ་ཉི་ཟླ་བ་སྦྱོར་བྱེད་ལྔ་ལ་འདོད་པ་ནི། འགྲེལ་ཆེན་ལས། འདིར་ཡན་ལག་ལྔ་ནི། གཟའ་དང༌། ཚེས་དང༌། རྒྱུ་སྐར་དང༌། སྦྱོར་བ་དང༌། བྱེད་པའོ། ཞེས་གསུངས་པ་མ་མཐོང་བར་ཟད་དོ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པའི་ཆོ་ག་རྩིང་ཞིབ་ཀྱི་སྒོ་ནས་ཡན་ལག་ལྔ་སོ་སོར་བཤད་པའི་སྐབས་ཏེ་ལྔ་པའི་འགྲེལ་བའོ། ཞེས་སྐབས་བསྡུས་སོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 11:02 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།