སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་བཞི་པ། རྩིས་འཕྲོ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་བཞི་པ། རྩིས་འཕྲོ་བཤད་པ།

ད་ནི་སྐབས་བཞི་པས་རྩིས་འཕྲོ་བཤད་པ་ལ་གཉིས་ཏེ། རྒྱུད་ནས་བཤད་པའི་རྩིས་འཕྲོ་རྣམས་ལོ་གང་གི་མཐར་གནས་པའི་ལོ་ངོས་བཟུང་བ་དང་། ལོ་མཐའ་དེར་ཤར་བའི་རྩིས་འཕྲོ་བཤད་པའོ། དང་པོ་ནི། དཔལ་ལྡན་རྒྱུད་ལས་གསུངས་པའི་རྩིས་འཕྲོ་རྣམས་གནས་པའི་ལོ་དེ་གང་ཞེ་ན། དེ་ནི་རྒྱུད་ལས། རབ་བྱུང་ལ་སོགས་འདས་པ་རྣམས་བསྲེས། ཞེས་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་ལ་བསྲེ་རྒྱུའི་ལོའི་ཐོག་མ་དེ། རབ་བྱུང་མེ་ཡོས་ཡིན་པར་གསུངས་པས་ཉིས་བརྒྱ་ཉེར་གཅིག་གི་ལོ་མཐའ་དེ་ཟད་པ་མེ་སྟག་ཡིན་པར་གྲུབ། དེས་ན་ཉིས་བརྒྱ་ཉེར་གཅིག་ལ་དྲུག་ཅུས་བགོས་པས་ལྷག་ཞེ་གཅིག་འབྱུང་བའི་ཕྱིར། མེ་སྟག་དེ་ནས་ཡར་གྱེན་དུ་བགྲངས་པའི་ཞེ་གཅིག་པ་དེ་མེ་ཁྱི་ཡིན་པས་ན་རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི་ཐོག་མའི་ལོ་དེ་མི་ཟད་པ་མེ་ཁྱི་ཡིན་པར་ཡང་གྲུབ་ལ། དེ་གྲུབ་པ་ཉིད་ཀྱིས་ན་མེ་ཁྱི་དེའི་ནག་དྷྲུ་གང་ཡིན་པ་དེ་རྒྱུད་ཀྱི་རྩིས་འཕྲོར་ངེས་ལ། དེ་ཉིད་མེ་ཁྱི་དེའི་སྔོན་མ་ས་སྐྱོང་ཤིང་མོ་བྱའི་ལོའི་དབོ་ཟླའི་མཐའ་དེར་གནས་པའི་རྩིས་འཕྲོ་ཡིན་པའང་གྲུབ་བོ། གཉིས་པ་ལ་གཉིས་ཏེ། ལོ་མཐའ་དེར་ཤར་བའི་གྲུབ་མཐའི་རྩིས་འཕྲོ་བཤད་པ་དང་།  དེ་ལ་བརྟེན་ནས་བཟོས་པའི་བྱེད་པའི་རྩིས་འཕྲོ་བཤད་པའོ། དང་པོ་ལ་བཞི་སྟེ། གྲུབ་མཐའི་རྩིས་འཕྲོ་དངོས་འཚོལ་ཚུལ། བྱེད་པ་ལ་ཉེ་བའི་གྲུབ་མཐའི་རྩིས་འཕྲོ་གསུམ་འཚོལ་ཚུལ། ཉེ་བ་ལས་དངོས་ཁྱད་པར་དུ་འཕགས་པར་གདམས་པ། ད་ལྟའི་ངེས་པ་སྤོས་པ་འདིའི་རྩིས་འཕྲོ་ཇི་ལྟར་བཙལ་ཚུལ་བཤད་པའོ། དང་པོ་ལའང་གཉིས་ཏེ། བཙལ་བྱའི་རྩིས་འཕྲོ་ངོས་བཟུང་བ་དང་། དེ་ཇི་ལྟར་འཚོལ་བའི་ཚུལ་ལོ། དང་པོ་ནི། ཤིང་བྱ་དེ་ཡི་ལོ་མཐའ་རུ། ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་དང་བཅས་པའི་ཚིགས་སུ་བཅད་པ་བདུན་ཏེ་བཀླགས་པས་གྲུབ་བོ། གཉིས་པ་ལ་གསུམ་སྟེ། ཁས་བླང་བའི་སྒོ་ནས་མདོར་བསྟན། ཇི་ལྟར་འཚོལ་ཚུལ་བསྟན་པས་རྒྱས་པར་བཤད། འདི་ལས་གཞན་པའི་ལོ་གནས་ཉེར་གཉིས་པའི་ཤིང་བྱ་གང་ལ་ཡང་མི་འཆར་བར་བསྟན་པས་མཇུག་བསྡུ་བའོ། དང་པོ་ནི་རྩིས་འཔྲོ་དེ་རྣམས་ཇི་ལྟར་འཚོལ་བའི་ཚུལ་རྒྱས་པར་བརྗོད་པ་ནི་ཡི་གེས་འཇིགས་པའི་ཕྱིར་ཉུང་ངུའི་ངག་གིས་བཤད་པར་བྱ་ཞེས་ཁས་བླངས་པ་བཞིན་འགྲེལ་པར་ཡང་རྒྱ་མི་བསྐྱེད་དོ། གཉིས་པ་ནི། སྟོང་འཇུག་དཀྱིལ་འཁོར་ཐོག་མ་ནས། ཞེས་པ་སྟེ་རབ་བྱུང་གི་ཐོག་མར་རྩིས་འཕྲོ་ཐམས་ཅད་སྟོང་པར་ཞུགས་པར་གཅིག་ནས། སླར་ཡང་ཟད་པ་མེ་སྟག་གི་མཐར་རྩིས་འཕྲོ་ཐམས་ཅད་ངེས་པ་ལ་འཇུག་པའི་བར་གྱི་བསྐལ་པའི་རྩིས་ལ་བརྟེན་ནས་རྩིས་འཕྲོ་དེ་རྣམས་རྩི་འགོའི་ཤིང་བྱ་འདིའི་མཐར་འཆར་ཚུལ་ཤེས་དགོས་པས་རྐང་པ་འདི་འོག་མའི་ལོ་གནས་ཉི་ཤུ་པ་ཅན་ལ་སྙེག་གོ། འོན་ཀྱང་རྩིས་འཕྲོ་སོ་སོར་འཆར་བའི་ལོ་གོང་མ་རྣམས་ལའང་སྦྱོར་ཏེ། རང་རང་སྟོང་པར་ཞུགས་པ་གཅིག་ནས་བརྩམས་ཏེ་རྩིས་འགོའི་ཤིང་བྱའི་བར་གྱི་ལོ་ལས་བཙལ་བའི་ཕྱིར་དང་། ཐམས་ཅད་སྟོང་པར་ཞུགས་ནས་ལོ་དེ་ཙམ་ལ་ཡང་རྩིས་འཕྲོ་དེ་ཉིད་འཆར་བ་གནད་གཅིག་པའི་ཕྱིར་རོ། དེ་ཡང་སྟོང་འཇུག་གཅིག་བྱུང་བའི་ཐོག་མ་ནས་བུག་རི་ཡོན་ཏན་ཏེ་སུམ་བརྒྱ་དོན་དགུའི་ལོ་ཚོགས་ཀྱིས་ཤིང་བྱ་དེའི་མཐར་བཙལ་བྱའི་ཟླ་བཤོལ་དང་ཉི་མའི་རྩིས་འཕྲོ་དེ་ཉིད་འཆར་བ་ཡིན་ནོ། ལོ་ཚོགས་དེའི་མཐར་བཙལ་བྱའི་རྩིས་འཕྲོ་གཞན་རྣམས་མེད་པས་བཙལ་མི་དགོས་ཤིང་། རྐང་པ་འདི་རྩིས་འཕྲོ་ལྷག་མ་རྣམས་གནས་པའི་ལོ་འོག་མ་རྣམས་ལའང་སྦྱར་ཏེ། རང་རང་གི་དམིགས་བསལ་གྱི་ལོ་རྣམས་མ་གཏོགས་དེ་ལས་གཞན་པའི་ལོ་མཐའ་གང་ལའང་བཙལ་བྱའི་རྩིས་འཕྲོ་རྣམས་མི་འཆར་བས་བཙལ་མི་དགོས་པར་གྲུབ་བོ།  འོ་ན་ཟླ་བཤོལ་དང་ཉི་མའི་རྩིས་འཕྲོ་གནས་པའི་ལོ་སུམ་བརྒྱ་དོན་དགུ་པ་འདི་ལ་ལོ་རེ་ལྔའི་མཚམས་སུ་སྟོང་པར་འཇུག་ཐེངས་ལྔ་དང་ལོ་ང་བཞི་འདས་པའི་ཕྱིར།  ང་བཞི་ལས་བཙལ་བས་ཆོག་གི། སུམ་བརྒྱ་དོན་དགུའི་ལོ་ཁོ་ན་ལས་བཙལ་ཇི་ལྟར་དགོས་སྙམ་ན།  ཟླ་བཤོལ་དང་ཉི་མ་གཉིས་པོའི་རྩིས་འཕྲོ་འཚོལ་བ་ལ་དེས་དོན་འགྲུབ་པ་བདེན་ཀྱང་།  རྩིས་འཕྲོ་གཞན་རྣམས་འཚོལ་བའི་ལོ་ཚོགས་འོག་མ་རྣམས་དང་སྒྲིག་པ་ལ་དེས་དོན་འགྲུབ་པ་མ་ཡིན་ནོ།  དཔེར་ན་འོག་གི་ཟླ་བཤོལ་ཉི་མ་རིལ་ཆ་རྣམས་ལྷན་ཅིག་ཏུ་འཚོག་པའི་ལོ་དྲུག་སྟོང་དྲུག་བརྒྱ་བཅུ་དགུ་པོ་དེ་ལ་ཉི་མའི་འཁོར་ཆེན་བདུན་བརྒྱ་བརྒྱད་ཅུ་པ་ཕྲག་བརྒྱད་དང་།  བདུན་བརྒྱ་བརྒྱད་ཅུ་པའི་ནང་ཚན་གྱི་ལོ་སུམ་བརྒྱ་དོན་དགུའི་མཐར་འཆར་བ་ཡིན་གྱི།  བདུན་བརྒྱ་བརྒྱད་ཅུ་པའི་ནང་ཚན་གྱི་ལོ་སུམ་བརྒྱ་དོན་དགུའི་མཐར་འཆར་བ་ཡིན་གྱི། བདུན་བརྒྱ་བརྒྱད་ཅུའི་ནང་ཚན་གྱི་ང་བཞིའི་མཐར་འཆར་བ་མི་སྲིད་པའི་ཕྱིར་ཏེ།  དེའི་ཚུལ་འོག་མ་རྣམས་ལའང་ཤེས་པར་བྱའོ།  དེ་ལྟར་སུམ་བརྒྱ་དོན་དགུའི་མཐར་ཟླ་བཤོལ་དང་ཉི་མའི་རྩིས་འཕྲོ་བྱུང་ཡང་། ཆ་རིལ་གྱི་རྩིས་འཕྲོ་མ་བྱུང་བས། དེ་འཚོལ་བའི་ཆེད་དུ། མཁའ་ཀླུ་རི་བོ་གདེངས་ཀས་བསྒྱུར་ཞེས་སོགས་རྐང་པ་ལྔའོ། ཡང་ཟླ་བཤོལ་ཉི་མ་རིལ་ཆའི་རྩིས་འཕྲོ་བྱུང་ཡང་། རེས་གཟའི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། གཟའ་ཚེས་མ་བྱུང་བ་སོགས་ཚིགས་བཅད་གཉིས་སོ། ཡང་ལྔ་བསྡུས་ཀྱི་རྩིས་འཕྲོ་བྱུང་ཡང་། སྒྲ་གཅན་དང་གཟའ་ལྔའི་སྤྱི་ཞག་མ་བྱུང་བས་དེའི་ཕྱིར། སྒྲ་གཅན་གཟའ་ལྔའི་སོགས་རྐང་པ་དང་བཅས་པའི་ཚིགས་བཅད་གཉིས་སོ། ཡང་ལྔ་སྒྲ་སྤྱི་ཞག་གི་རྩིས་འཕྲོ་བྱུང་ཡང་། བཀྲ་ཤིས་ཀྱི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། མིག་དམར་སྒོས་ཀྱི་སོགས་ཚིགས་བཅད་ཕྱེད་དང་གསུམ་མོ། ཡང་ལྔ་སྒྲ་སྤྱི་ཞག་མིག་དམར་གྱི་རྩིས་འཕྲོ་རྣམས་བྱུང་ཡང་། ཕུར་བུའི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། སྒྲ་མཁན་སྒོས་ཀྱི་ཞེས་སོགས་ཚིགས་བཅད་གསུམ་མོ། ཡང་ལྔ་སྒྲ་སྤྱི་ཞག་དམར་ཕུར་རྣམས་ཀྱི་རྩིས་འཕྲོ་བྱུང་ཡང་། སྤེན་པའི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། དལ་འགྲོའི་སྒོས་ཀྱི་ཞེས་སོགས་ཚིགས་སུ་བཅད་པ་གསུམ་མོ། ཡང་ལྔ་སྒྲ་སྤྱི་ཞག་དྲག་གསུམ་རྣམས་ཀྱི་རྩིས་འཕྲོ་བྱུང་ཡང་། པ་སངས་ཀྱི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། པ་སངས་བཅུ་ཆའི་སོགས་རྐང་པ་གཅིག་དང་བཅས་པའི་ཚིགས་སུ་བཅད་པ་གསུམ་མོ། ཡང་ལྔ་སྒྲ་སྤྱི་ཞག་དྲག་གསུམ། པ་སངས་རྣམས་ཀྱི་རྩིས་འཕྲོ་བྱུང་ཡང་། ལྷག་པའི་རྩིས་འཕྲོ་མ་བྱུང་བས་དེའི་ཆེད་དུ། ལྷག་པའི་ཞག་གི་བརྒྱ་ཆ་ཡི། ཞེས་སོགས་ཚིགས་བཅད་ཕྱེད་དང་བཞིས་ལོ་དག་པ་དང་། དེ་ལ་ཟླ་དག་བསྒྲུབ་པས། ཟླ་མེ་མིག་དབང་སོགས་ཚིགས་བཅད་གཅིག་གིས་ཟླ་དག་དང་དེ་ལ་གཟའ་ལྔའི་སྤྱི་ཞག་བསྒྲུབ་པས་མེ་རྩེ་མཁའ་རི་ཞེས་སོགས་རྐང་པ་ལྔས་ཉིན་ཞག་སྟེ། དེ་ལྟར་ལོ་ཟླ་ཉིན་ཞག་གི་གྲངས་འདིའི་མཐའི་ས་སྐྱོང་ཤིང་བྱ་ལོའི་མཐར་སྐབས་འདིར་བཙལ་བྱའི། ཟླ་བཤོལ། ལྔ་བསྡུས། སྒྲ་གཅན། གཟའ་ལྔའི་སྤྱི་སྒོས་ཀྱི་ཞག་དང་བཅས་པའི་རྩིས་འཕྲོའི་ཚོགས་མ་ཚང་བ་མེད་པར་ལྷན་ཅིག་ཏུ་འཆར་བ་ནི་ལོ་འདི་ཁོ་ནའོ། གསུམ་པ་ནི། བཤད་མ་ཐག་པའི་ལོ་ཚོགས་འདི་ལས་གཞན་པའི་རྩིས་འཕྲོ་ཐམས་ཅད་མེ་སྟག་ནས་མེ་སྟག་གི་མཐར་ངེས་པ་ལ་འཇུག་པའི་བར་གྱི་སྟོང་འཇུག་གི་ལོ་གྲངས་ལོ་གནས་ཉེར་གཉིས་པའི་ནང་གི་མཐའི་ཤིང་བྱ་གང་ལ་ཡང་བཙལ་བྱའི་རྩིས་འཕྲོ་རྣམས་མི་འཆར་བས་ན་འདི་ཉིད་ཁོ་ན་བློ་ལྡན་རྣམས་ཀྱིས་གཅེས་པར་བཟུང་ཞིག་ཅེས་གདམས་སོ། གཉིས་པ་བྱེད་པ་ལ་ཉེ་བའི་གྲུབ་པའི་རྩིས་འཕྲོ་གསུམ་འཚོལ་ཚུལ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། གཞན་ཡང་འདི་ལས་གཞན་པ་ཡི། ཞེས་སོགས་རྐང་པ་གསུམ་མོ། གཉིས་པ་ལ་གསུམ་སྟེ། ཉེ་བ་དང་པོ་དང་། གཉིས་པ་དང་། གསུམ་པའོ། དང་པོ་ལ་གཉིས་ཏེ། བཙལ་བྱའི་རྩིས་འཕྲོ་ངོས་བཟུང་བ་དང་། དེ་འཚོལ་ཚུལ་ལོ། དང་པོ་ནི། དང་པོ་ཟླ་བཤོལ་ཉི་མ་དང་། ཞེས་སོགས་ཚིགས་བཅད་ཕྱེད་དང་གསུམ་མོ། གཉིས་པ་ནི། དེ་རྣམས་བུག་གཟུགས་དབང་པོ་གཟུགས་སོགས་རྐང་པ་གསུམ་མོ། གཉིས་པ་ལའང་གཉིས་ལས། དང་པོ་ནི། གཉིས་པ་ཟླ་བཤོལ་ཞེས་སོགས་རྐང་པ་གཅིག་གིས་དམན་པའི་ཚིགས་བཅད་གསུམ་མོ། གཉིས་པ་ནི། དེ་རྣམས་བུག་གཟུགས་དུས་སོགས་རྐང་པ་གཉིས་སོ། གསུམ་པ་ལའང་གཉིས་ལས། དང་པོ་ནི། གསུམ་པ་ཟླ་བཤོལ་སོགས་ཚིགས་བཅད་གཉིས་སོ། གཉིས་པ་ནི། དེ་རྣམས་བུག་གཟུགས་མཚོ་མདའ་སོགས་རྐང་པ་དང་བཅས་པའི་ཚིགས་སུ་བཅད་པ་གཅིག་གོ། ཉེ་བའི་རྩིས་འཕྲོ་འཚོལ་ཚུལ་འདི་རྣམས་ལའང་སྔར་དངོས་འཚོལ་ཚུལ་བཞིན་དུ་རྩིས་འཕྲོ་སོ་སོ་བ་འཆར་བའི་ལོ་ཡོད་ཀྱང་། གཞུང་འདིར་རྣམ་གྲངས་ཙམ་དུ་བཀོད་པ་ལས་གཙོ་བོ་ལ་སྒྲིབ་པར་སྣང་བའི་ཕྱིར་ཤིང་བྱའི་མཐར་ལྷན་ཅིག་ཏུ་འཚོག་པའི་ལོ་ཙམ་ཞིག་བཀོད་པ་ལྟར། འགྲེལ་པ་འདིར་ཡང་ཧ་ཅང་ཡིག་ཚོགས་ཆེས་ན་ཡི་གེ་འདི་ཉིད་འཕེལ་བའི་གེགས་སུ་འགྱུར་གྱིས་དོགས་ནས། དངོས་དང་ཉེ་བའི་གཉིས་ཀ་བསྡུས་དོན་ཙམ་གྱིས་བཅིངས་ཏེ་རྒྱ་མ་བསྐྱེད་ལ། སླར་རི་མོའི་ལམ་ནས་དྲངས་པའི་ལྷན་ཐབས་ཞིབ་མོ་ཞིག་འདྲི་བར་འདོད་པས་སྤྲོ་ན་དེ་དག་ཏུ་བལྟའོ། །གསུམ་པ་ཉེ་བ་གསུམ་ལས་དངོས་ཁྱད་པར་དུ་འཕགས་པར་གདམས་པ་ནི། དེ་ལྟར་གྲུབ་པའི་མཐའ་ལས་བརྩམས་ན་སྐབས་དེའི་རྩིས་འཕྲོར་དོགས་པའི་གནད་ནི་དེ་ཙམ་དུ་སྣང་མོད་ཀྱང་། དེ་དག་ཀྱང་ལེགས་པར་བརྟགས་ཤིང་དཔྱད་པ་ན། ཐོག་མར་བཤད་པའི་ངེས་པ་གྲུབ་མཐའི་རྩིས་འཕྲོ་དངོས་ཞེས་མཚན་དུ་གསོལ་བ་ཉིད་ཁྱད་པར་དུ་འཕགས་པར་མཁས་པ་སྔ་མས་བཤད་པ་དེ་ཁོ་ན་ལྟར་ཡིན་པས་ཤེས་ལྡན་རྣམས་ཀྱིས་བླང་བར་འོས་པ་ཉིད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལས་གཞན་པའི་ཉེ་བ་ཞེས་བཏགས་པའི་རྩིས་འཕྲོ་ཕྱི་མ་གསུམ་ལ་ཉེས་པ་ཅུང་ཟད་རེས་རེག་པའི་ཕྱིར་རོ། འོ་ན་ཐམས་ཅད་ལ་རེག་གམ་ཞེ་ན། མ་ཡིན་ཏེ། ཉེ་བ་དང་པོ་གཉིས་ཀྱི་གཟའ་ལྔ་དང་། གསུམ་པའི་ཚེས། ཆ་རིལ། སྤྱི་ཞག ལྷག་པ་རྣམས་ལ་དངོས་དང་མི་འགྲིག་པའི་སྐྱོན་ཅུང་ཟད་ཙམ་རེས་རེག་པའི་ཕྱིར་རོ། འོ་ན་གྲུབ་མཐའི་རྩིས་འཕྲོ་རྣམ་དག་ཉིད་བཀོད་པས་ཆོག་གི། སྐྱོན་དང་བཅས་པའི་རྩིས་འཕྲོ་གསུམ་བཀོད་པས་ཅི་བྱ་ཞེ་ན། དེ་ནི་ས་སྤྱོད་བྱང་པ་སོགས་གྲུབ་མཐའི་རྩིས་འཕྲོ་རྣམ་དག་རྙེད་པར་རློམ་པ་རྣམས་སུན་འབྱིན་པའི་ཕྱིར་སྨོས་པ་སྟེ། གྲུབ་མཐའ་ལས་བརྩམས་ན་ཤིང་བྱ་འདིའི་མཐར་གྲུབ་མཐའི་རྩིས་འཕྲོར་དོགས་པའི་གནས་ནི་འདི་ཙམ་མོ་ཞེས་ཤེས་པའི་སླད་དུའོ། དེའི་ཕྱིར་འདི་རྣམས་དག་མ་དག་གི་གཙོ་བོ་དུས་བཞི་སྟོང་རྩིས་ཤེས་པ་ལ་རག་ལས་པས་གྲུབ་མཐའི་རྩིས་ལ་བློ་བྱང་བ་རྣམས་ཀྱིས་རྟོག་པར་བྱའི། དེ་ལས་གཞན་དུ་གྲུབ་མཐའ་ལ་བློ་མ་བྱང་བའི་རྩིས་ལ་མཁས་པའི་མཁས་ཁྱད་བྱེད་པ་དག་གི་དཔྱོད་པ་ནི་དམུས་ལོང་གིས་ཁ་དོག་དཀར་དམར་བརྟག་པ་ལས་ཀྱང་མཚང་ཆེ་བ་ཡིན་ནོ། བཞི་པ་ད་ལྟའི་ངེས་པ་སྤོས་པ་འདིའི་རྩིས་འཕྲོ་ཇི་ལྟར་བཙལ་ཚུལ་ནི། དེས་ན་སྔར་བཤད་པའི་རྩིས་འཕྲོ་ཀུན་གནས་པའི་ས་སྐྱོང་ཤིང་བྱ་དེའི་ཕྱི་ལོ་རྩིས་འགོའི་མི་ཟད་པ་མེ་ཁྱིའི་ལོ་དེ་ནས་ད་ལྟའི་རབ་བྱུང་བཅུ་གཅིག་པ་འདིའི་ནང་གི་བློ་ངན་ལྕགས་མོ་བྱ་ལོ་འདི་ཡན་ལ་འདས་ལོའི་གྲངས་བརྒྱད་བརྒྱ་དང་བདུན་ཅུ་དོན་ལྔ་ཡོད་ཅིང་། དེའི་འདས་ལོའི་ཐ་མའི་ལོ་དེ་ནི་ལྕགས་སྤྲེལ་ཡིན་ལ། དེའི་དབོ་ཟླའི་མཐར་ཤར་བའི་ལྕགས་བྱའི་ནག་དྷྲཱུ་དེ་ལ་འོག་ནས་ལེའུ་དྲུག་པར་འཆད་འགྱུར་གྱི་གྲུབ་མཐའི་ལྔ་བསྡུས་ཀྱི་རྩིས་འཕྲོ་རྣམས་དང་། ལེའུ་བརྒྱད་པར་འཆད་འགྱུར་གྱི་སྒྲ་གཅན་གྱི་རྩིས་འཕྲོ། ལེའུ་དགུ་པར་འཆད་འགྱུར་གྱི་གཟའ་ལྔའི་སྤྱི་སྒོས་ཀྱི་རྩིས་འཕྲོ་རྣམས་རྣམ་པར་དག་པ་འཆར་བས་དེ་ལྟར་བཙལ་བ་ཡིན་ནོ། དེ་བཞིན་དུ་ལོ་འོག་མ་རྣམས་ལའང་འདས་ལོ་བཏུད་དེ་རྩིས་འཕྲོ་འཚོལ་ཚུལ་ཤེས་པར་བྱའོ། དེའི་ལག་ལེན་ནི། འབྱུང་རི་གདེངས་ཀའི་ལོ་ཚོགས་ལ། ལྕགས་བྱ་ལ་སོགས་འདས་ལོ་བསྲེས། རང་རང་གྲུབ་མཐའི་སྒྱུར་བྱེད་ཀྱིས། བསྒྱུར་ལ་དངོས་ཀྱི་རྩིས་འཕྲོ་བསྲེས། སོ་སོའི་གྲུབ་མཐའི་བགོད་བྱེད་ཀྱིས། དོར་ལྷག་དུས་དེའི་རྩིས་འཕྲོར་ངེས། ཞེས་བྱའོ། གཞན་ཡང་ཉིན་ཞག་ཉི་དྷྲཱུ་རྩིས་འཕྲོ་བཙལ་ཚུལ་ནི། །མཚོ་བུག་མདའ་རྩ་རི་བོ་གཟུགས། །འབྱུང་མཚོ་བུག་པ་རོ་དང་མཚམས། །རི་ལག་མེ་ཟླ་དུས་དང་ནི། །ཐུབ་ཟུང་ཀླུ་ཡི་ལོ་ཚོགས་ལ། །སྤྱི་ཞག་བསྒྲུབས་པ་དེ་ཉིད་ཀྱང་། །མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ། །མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས། །དོར་ལྷག་བུག་མེ་མདའ་རི་མཁའ། །ཐུབ་པ་རོ་རྣམས་ལྕགས་བྱ་འདིའི། །ཉིན་ཞག་ཉི་དྷྲཱུའི་རྩིས་འཕྲོ་སྟེ། །དེ་རྣམས་འཁོར་ལོ་ལ་ཕྲི་བས། །དུས་མཚམས་ཀླུ་རོས་དབྲི་བྱར་འགྱུར། །བཏུད་ནས་ལྕགས་བྱ་ལ་སོགས་པའི། །འདས་ལོར་ཚེས་བྲལ་སྤྱི་ཞག་བསྒྲུབས། །དེ་ཉིད་མིག་ཀླུ་མེ་སྐྱོན་གྱིས། །བསྒྱུར་ལ་དུས་མཚམས་ཀླུ་རོས་ཕྲི། །མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས། །དོར་ལྷག་དུས་དེའི་རྩིས་འཕྲོར་འགྱུར། །ཞེས་བྱའོ། ཡང་ལེའུ་བཅུ་པར་འཆད་འགྱུར་གྱི་གཟའ་ལྔ་ཚེས་སྤྱོད་མའི་རྩིས་འཕྲོ་རྣམས་ཀྱང་བཤད་མ་ཐག་པའི་ལོ་གནས་ཉི་ཤུ་པ་དེ་ཉིད་ལ་ཟླ་དག་བསྒྲུབས་རྗེས་སོ་སོའི་སྒྱུར་བྱེད་ཀྱིས་བསྒྱུར་ལ་བགོས་བྱེད་ཀྱིས་བགོས་པས་འཆར་མོད་ཀྱི། འོན་ཀྱང་ལོ་ཚོགས་ཉུང་བ་ལ་མོས་ན་རྩིས་ལོའི་གནས་ཉི་ཤུ་པ་འདི་ཉིད་ལ་གཟའ་རང་རང་དྲུག་ཅུ་སྐོར་དང་མཐུན་པར་ངེས་པ་ལ་འཇུག་པའི་ལོ་ཚོགས་ཀྱིས་དོར་བའི་ལྷག་མ་ནི་སོ་སོའི་ལོ་དག་པར་འགྱུར་ཏེ། འདི་ལྟར། མ་ནུ་གཟུགས་བུག་ཀླུ་མི་བདག །རོ་ཡི་ལོ་མཐར་མིག་དམར་འཆར། །ཆུ་རི་མེ་ཐུབ་ཀླུ་མཁའ་མིག །ཀླུ་མེའི་ལོ་མཐར་ལྷག་པའོ། །མཚོ་ཐུབ་ཉི་མ་མིག་བུ་ག །རྒྱལ་བ་མིག་མཐར་ཕུར་བུ་འཆར། །ཡིད་གཟུགས་མེ་མཚོ་འབྱུང་བ་དང་། །དུས་ཀྱི་ལོ་མཐར་པ་ལྦ་སངས། །མཚོ་བུག་མེ་རི་ཀླུ་ལག་དུས། །རྩེ་མོ་སྐྱོན་མཐར་སྤེན་པའོ། །ལོ་ཚོགས་དེ་རྣམས་སོ་སོ་ལ། །ལྕགས་བྱ་ལ་སོགས་འདས་ལོ་བསྲེ། །མ་འོངས་རྩིས་འཕྲོའི་ལོ་དག་གོ། །ཞེས་བྱའོ། གཉིས་པ་བྱེད་པའི་རྩིས་འཕྲོ་བཤད་པ་ལ་གཉིས་ཏེ། ངོས་བཟུང་བ་དང་། དེ་ཉིད་ཀྱི་རྣམ་དབྱེ་བཤད་པའོ།  །དང་པོ་ནི། སྔ་རབས་ཀྱི་རྩིས་པ་ཕལ་ཆེར་གནས་སྐབས་སུ་དག་པར་འདོད་པའི་བསྡུས་རྒྱུད་དངོས་བསྟན་གྱི་རྩིས་འཔྲོ་དེ་གང་ཞེ་ན། དེ་ནི། ཟླ་བཤོལ་རྩིས་འཕྲོ་ནམ་མཁའ་དང་། ཞེས་སོགས་རྐང་པས་དམན་པའི་ཚིགས་བཅད་གསུམ་མོ། གཉིས་པ་ནི། དེ་ལྟར་བཤད་མ་ཐག་པའི་རྒྱུད་དངོས་བསྟན་གྱི་དབྱེ་པའི་རྩིས་འཕྲོ་དེ་རྣམས་ངེས་པ་གསལ་བའི་རྩིས་འཕྲོ་ཞིག་གམ་མི་གསལ་བའི་རྩིས་འཕྲོ་གང་ཡིན་ཞེ་ན། དུས་ལ་ལྟོས་ནས་མི་གསལ་བའི་ངེས་པ་ཡིན་ནོ་ཞེས་ཁས་བླང་བར་བྱ་བ་ཉིད་དོ། འོ་ན་རང་ལུགས་ཀྱི་བྱེད་པ་མ་ཡིན་པར་འགྱུར་ཏེ། དུས་ལ་ལྟོས་ནས་ངེས་པ་མི་གསལ་བར་འགྱུར་བ་མུ་སྟེགས་པའི་བྱེད་པ་དང་ཁྱད་པར་མེད་པའི་ཕྱིར་རོ་ཞེ་ན། དེའི་སྐྱོན་མེད་དེ། རེ་ཞིག་ཕྱི་ནང་གི་བྱེད་པ་གཉིས་ཀ་གྲུབ་མཐའ་དང་ཕྱོགས་མཐུན་པར་འཆར་བ་འདྲ་ཡང་། མ་འོང་པ་ན་ཉེས་པ་གསོག་པའི་ཚེ་རང་ལུགས་ལ་འོག་ནས་འབྱུང་བ་ལྟར་འགྲེལ་པས་སྐྱོན་རྣམས་འདོར་ཚུལ་བཤད་པ་དང་། མུ་སྟེགས་པའི་བྱེད་པ་ལ་ཉེས་པ་རྒྱ་འབྱམས་སུ་གཏོང་བ་ལས། དེ་ལྟ་བུའི་གཉེན་པོ་མ་བཤད་པའི་ཕྱིར་རོ། འོ་ན་རང་ལུགས་ལ་རྟག་ཏུ་གསལ་བའི་ངེས་པ་བཤད་པས་ཆོག་གི། སྐྱོན་འདོན་ལ་ལྟོས་དགོས་པའི་ངེས་པ་རྒྱུད་དུ་ནན་གྱིས་བཞག་པ་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། དོགས་པ་དེ་སྐྱེ་བ་བདེན་མོད་ཀྱི། འོན་ཀྱང་དེའི་དགོས་པ་ནི་འདི་ཡིན་ཏེ། སྒྲུབ་ཕྱོགས་ནས་རང་ལུགས་ཀྱི་རྒྱུད་ཀྱི་རྩིས་ལོར་བཞག་པའི་ཉིས་བརྒྱ་ཉེར་གཅིག་གི་བར་གྱི་ཉེས་པ་རྣམས་རྩིས་འཕྲོའི་སྐབས་སུ་བཏོན་ཀྱང་། ཕྲ་བ་འགའ་ཞིག་བྱེད་པ་སྒྲིག་པའི་དགོས་པ་ཁྱད་པར་ཅན་གཟིགས་པ་དང་། དགག་ཕྱོགས་ནས་ཤིང་བྱའི་ལོ་མཐའ་དེའི་རྩིས་འཕྲོ་རྣམ་དག་རྣམས་སྦས་ཏེ། དེ་ལས་གཞན་པ་ཞིག་བཀོད་པས་རྩིས་ལ་མངོན་པར་ཞེན་པའི་མུ་སྟེགས་པ་རྣམས་ཀྱི་མངོན་པའི་ང་རྒྱལ་གཞོམ་པར་བྱ་བའི་སླད་དུ་སྟེ། འགྲེལ་ཆེན་ལས། དེ་ལྟར་བརྗོད་པའི་རིམ་པས་རྒྱུད་ཀྱི་རྒྱལ་པོ་མཆོག་གི་དང་པོའི་སངས་རྒྱས་ལས་གྲུབ་པའི་མཐའི་མཚན་ཉིད་གསུངས་སོ། བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། གྲུབ་པའི་མཐའ་རྣམ་པར་ཉམས་ཞེས་པའི་ཚིག་གིས་བསྡུས་ཏེ་རྒྱུད་ལས་གསལ་པོ་མ་མཛད་དོ། དེ་ཅིའི་ཕྱིར་ཞེ་ན། འདིར་མུ་སྟགས་པ་རྣམས་ཀྱིས་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་མཐོང་སྟེ། ཉི་མའི་ལོངས་སྤྱོད་རྣམ་པར་དག་པ་མཐོང་ནས་བདག་ཅག་གི་བྱེད་པ་ལ་ཡང་ཉི་མིའི་ལོང་སྤྱོད་རྣམ་པར་དག་པ་ཡོད་དོ། ཞེས་རང་གི་བྱེད་པའི་ནང་དུ་འདྲི་བར་འགྱུར་ཏེ། རྒྱུ་དེས་ན་རྒྱས་འགྲེལ་ལ་ལྟོས་ནས་གསལ་པོ་མ་མཛད་དོ། ཞེས་གསུངས་པས་སོ། གལ་ཏེ་ཕྱི་རོལ་པ་རྣམས་ཀྱིས་རྒྱས་འགྲེལ་མཐོང་ནའང་འདྲི་བར་འགྱུར་ཏེ་རྒྱུ་མཚན་མཚུངས་པས་སོ་ཞེ་ན། རྒྱས་འགྲེལ་ལས་ཀྱང་སྐྱོན་འདོན་འདི་ལྟར་བྱ་ཞེས་རྩིས་འཕྲོ་སོ་སོ་ལ་སྦྱར་ནས་མ་གསུངས་པས་མན་ངག་མེད་པར་མཐོང་བ་ཙམ་གྱིས་མི་ཤེས་པའི་ཕྱིར་འདྲི་བར་མི་ནུས་ཏེ། འདིར་སྐྱོན་འདོན་གྱི་ཁུངས་སྨོས་པ་ཙམ་ཡིན་པའི་ཕྱིར་རོ། ཁུངས་ཇི་ལྟར་སྨོས་ཤེ་ན། ངེས་པ་མི་རྟག་པས་ལོ་དྲུག་ཅུའི་མཐར་སྤོ་དགོས་པ་ཙམ་དང་། རྩིས་འཕྲོ་ཕལ་ཆེ་བར་བྱེད་པ་ལ་ལྟོས་པའི་མཚན་མ་གསུངས་པ་དང་། ལོ་འཕོའི་སྐབས་ཉིས་བརྒྱ་ཉེར་གཅིག་གི་སྐྱོན་བཏོན་པས་ཉི་མ་སོགས་ལ་མཚུངས་པར་གོ་བའི་ཆེད་དུ་རྩ་རྒྱུད་ཀྱི་གྲུབ་མཐའི་རྟགས་རྩིས་དྲངས་པ་སོགས་སྦས་པ་འབྱིན་པའི་ཁ་བྱང་བཀོད་པ་ཙམ་ཡིན་པའི་ཕྱིར་རོ། དེར་མ་ཟད། སྔགས་རྒྱུད་རྣམས་སུ་སྒྲ་ཇི་བཞིན་པར་སྤྱད་ཀྱིས་དོགས་པའི་དགག་བྱས་སྦས་པ་མང་པོ་ཞིག་འགྲེལ་པས་བཀྲལ་བ་རྣམས་ལའང་མཚུངས་པའི་ཕྱིར་དེའི་སྐྱོན་མེད་དོ། འོ་ན་བསྡུས་རྒྱུད་ལས་ངེས་པ་མི་གསལ་བར་མཛད་པ་དང་དེའི་འགྲེལ་པས་ཇི་ལྟར་གསལ་བར་མཛད་ཅེ་ན། འདི་ལ་གསུམ་སྟེ། བསྡུས་རྒྱུད་ལས་སྤྱད་ཟིན་རྩིས་འཕྲོ་ལ་ངེས་པ་མི་གསལ་བར་མཛད་ཚུལ། སྤྱོད་འགྱུར་ལོངས་སྤྱོད་ཀྱི་ངེས་པ་མི་གསལ་བར་མཛད་ཚུལ།  འགྲེལ་ཆེན་གྱིས་མི་གསལ་བའི་ཉེས་པ་དེ་དོར་ནས་གསལ་བར་མཛད་ཚུལ་ལོ།  དང་པོ་ནི། བསྡུས་རྒྱུད་དངོས་བསྟན་གྱི་རྩིས་འཕྲོ་འདི་དག་སྔར་བཤད་པའི་སྐྱོན་བྲལ་གྲུབ་མཐའི་ངེས་པ་རྣམ་པར་དག་པ་དེ་ལ་སྣོན་འབྲིད་ཅི་རིགས་པ་ཞིག་བྱས་པའི་ཕྱིར་ཉེས་སྐྱོན་ཅུང་ཟད་དང་བཅས་པའི་རྩིས་འཕྲོ་ཡིན་པར་ཤེས་པར་བྱའོ། སྣྲོན་འབྲིད་ཇི་ལྟར་མཛད་ཅེ་ན། དེའི་ཚུལ་ཡང་། རྩིས་ལོའི་ཐོག་མའི་མེ་ཁྱི་དེ་ལ་ས་ག་བཤོལ་དུ་འོང་རྒྱུ་ལ། བཤོལ་ཟླ་བ་གཉིས་ཀྱིས་སྔ་བར་མཛད་དེ། ལོ་གོང་མའི་ཤིང་བྱའི་དབོ་ཟླ་བཤོལ་དུ་མཛད་ནས་ཟླ་བཤོལ་གྱི་རྩིས་འཕྲོ་སྟོང་པར་མཛད་དོ། དེའི་རིགས་པས་རྩིས་འཕྲོ་གཞན་རྣམས་ལ་ཡང་། གྲུབ་མཐའི་རྩིས་འཕྲོའི་སྟེང་དུ་ཚེས་གཟའ་རེའི་ལོངས་སྤྱོད་བསྣན་པར་མཛད་པ་ནི་སྤྱིར་བཏང་ཡིན་ལ། བྱེ་བྲག་སོ་སོར་བརྗོད་ན། གྲུབ་མཐའི་གཟའི་རྩིས་འཕྲོ་ཐིག་ལྔ་བཅུ་སོགས་ལ། ཟླ་བ་གཅིག་གི་ངེས་པ་གཟའ་གཅིག་ཆུ་ཚོད་སོ་གཅིག་སོགས་བྱིན། དེའི་སྟེང་དུ་ཉིས་བརྒྱ་ཉེར་གཅིག་གི་གཟའ་ཚེས་ཀྱི་ཉུང་ཆ། ཆུ་ཚོད་ལྔ། སྲང་དགུ། དབུགས་གཅིག རི་སོགས་ཆ་སུམ་བརྒྱ་ང་ལྔ་རྣམས་བསྣན། དེའི་སྟེང་དུ་ཡང་། བྱེད་པ་བསྒྲིག་པའི་དགོས་པའི་དབང་གིས། ཆུ་ཚོད་གཉིས། སྲང་བཅུ་དྲུག དབུགས་གཅིག་རི་སོགས་ཆ་ལྔ་བརྒྱ་ཞེ་གཅིག་རྣམས་བསྣན་ཏེ་མིག་དང་སུམ་ཅུར་མཛད་དོ། ཡང་ཉི་མའི་གྲུབ་མཐའི་རྩིས་འཕྲོ། སྐར་མ་ཉེར་བཞི། ཆུ་ཚོད་ང་བདུན་སོགས་ཀྱི་སྟེང་དུ་ཟླ་གཅིག་གི་ངེས་པ་སྐར་མ་གཉིས་དང་། ཆུ་ཚོད་བཅུ་སོགས་བསྣན། དེའི་སྟེང་ནས་ཉིས་བརྒྱ་ཉིར་གཅིག་གི་ཉི་མའི་མང་ཆ་ཆུ་ཚོད་བཅུ་གཅིག སྲང་སུམ་ཅུ། དབུགས་གཅིག རེ་བདུན་ཆ་ང་བདུན། འདོད་ཆ་བརྒྱད་རྣམས་འབྲིད་རྒྱུ་ཡིན་ནའང་། གནོད་པ་ཆེར་མི་བསྐྱེད་པ་དང་། བྱེད་པ་བསྒྲིག་པའི་དགོས་པའི་དབང་གིས། ཆུ་ཚོད་བཅུ། སྲང་གསུམ། དབུགས་གསུམ། རེ་བདུན་ཆ་སོ་གསུམ་རྣམས་ཕྲི་སྟེ་ཉེར་དྲུག་ང་བརྒྱད་དུ་མཛད་དོ། ཡང་ཆ་རིལ་གྱིས་རྩིས་འཕྲོ་ལ། རིལ་པོ་གསུམ་དང་ཆ་ཤས་གོ་བདུན་གྱི་སྟེང་དུ། ཟླ་གཅིག་གི་ངེས་པ། རིལ་པོ་གཉིས་དང༌། ཆ་ཤས་སུ་གཅིག་བསྣན། སླར་ཡང་ཉེས་པ་ཆེར་མི་བསྐྱེད་པ་དང༌། དགོས་དབང་གིས་ཆ་ཤས་སུ་བཅུ་དགུ་བསྣན་ཏེ། རིལ་པོ་ལྔ་དང་ཆ་ཤས་ཉི་ཟླར་མཛད་དོ། སྒྲ་གཅན་གྱི་རྩིས་འཕྲོ་ཟླ་བ་བརྒྱ་ཉེར་གཅིག་གི་སྟེང་དུ་ཟླ་གཅིག་གི་ངེས་པ་གཅིག་བྱིན་ནས་བརྒྱ་ཉེར་གཉིས་སུ་མཛད་དོ། གཟའ་ལྔའི་སྤྱི་ཞག་ལ། རེ་བཞི་ཆ་དགུ་དང༌། རི་མཁའ་རི་ཆ་དྲུག་བརྒྱ་ཉེར་གཅིག་གི་སྟེང་དུ་བཤོལ་དུ་བྱས་པའི་དབོ་ཟླ་རྟིང་མའི་ཞག་གི་ངེས་པ་སུམ་ཅུ་རེ་གནས་གཉིས་ཀ་ལ་བྱིན་པས་རེ་བཞི་ཆ་བཞི་བཅུར་ཉེ་བ་ཞིག་འབྱུང་བ་ལ། སྐབས་དེར་རེ་བཞིར་ལོངས་པ་ལྟར་བྱས་ནས། ཞག་མི་ཐུབ་པ་བཏོན་ཏེ་སྤྱི་ཞག་གི་རྩིས་འཕྲོ་སྟོང་པར་མཛད་དོ། རིགས་པ་དེས། གཟའ་ལྔ་པོའི་གྲུབ་མཐའི་རྩིས་འཕྲོའི་སྟེང་དུ་བཤོལ་དུ་བྱས་པའི་ཉིན་ཞག་ཉེར་དགུ་རེ་བྱིན་པར་མཛད་པ་ནི་སྤྱིར་བཏང་ཡིན་ལ། ཁྱད་པར་དུ། མིག་དམར་གྱི་གྲུབ་མཐའི་རྩིས་འཕྲོ་བརྒྱ་སོ་བརྒྱད་ཀྱི་སྟེང་དུ་ཉིན་ཞག་ཉེར་དགུ་བསྣན་ཏེ་རི་དུས་གཅིག་ཏུ་མཛད། ལྷག་པའི་གྲུབ་མཐའི་རྩིས་འཕྲོ་ཞག་གི་བརྒྱ་ཆ་བདུན་སྟོང་ལྔ་བརྒྱ་དོན་བཞིའི་སྟེང་དུ། ཉིས་སྟོང་དགུ་བརྒྱ་བྱིན་རྒྱུ་ལ་དགོས་དབང་གིས་གསུམ་འཕྲི་སྟེ། ཉིས་སྟོང་བརྒྱད་བརྒྱ་གོ་བདུན་བསྣན་ནས་སྟོང་དྲུག་བརྒྱ་དོན་བཞིར་མཛད། ཕུར་བུའི་གྲུབ་མཐའི་རྩིས་འཕྲོ་སྟོང་བདུན་བརྒྱ་དང་གཅིག་གི་སྟེང་དུ་དགོས་དབང་གིས་ཉེར་དགུའི་ཁར་ཞག་གཉིས་བསྣན་པའི་སོ་གཅིག་བྱིན་ཏེ། སྟོང་བདུན་བརྒྱ་སོ་གཉིས་སུ་མཛད། པ་སངས་ཀྱི་གྲུབ་མཐའི་རྩིས་འཕྲོ་ཞག་གི་བཅུ་ཆ་སྟོང་བརྒྱད་བརྒྱ་དོན་གཉིས་ཀྱི་སྟེང་དུ་ཉིས་བརྒྱ་དགུ་བཅུ་སྟེར་རྒྱུ་ལ་དགོས་དབང་གིས་གཅིག་བྱིན་པའི་ཉིས་བརྒྱ་གོ་གཅིག་བསྣན་ཏེ་ཉིས་སྟོང་བརྒྱ་རེ་གསུམ་དུ་མཛད་དོ། སྤེན་པའི་གྲུབ་མཐའི་རྩིས་འཕྲོ་ལྔ་སྟོང་དགུ་བརྒྱ་ཉེར་གསུམ་གྱི་སྟེང་དུ་དགོས་དབང་གིས་དྲུག་དམན་ཏེ། ཞག་ཉེར་གསུམ་བསྣན་ནས་ལྔ་སྟོང་དགུ་བརྒྱ་ཞེ་དྲུག་ཏུ་མཛད་དོ། གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། བསྡུས་པའི་རྒྱད་ཀྱི་སོགས་རྐང་པ་གསུམ་གྱིས། མདོར་བསྟན་པའི་སྒོ་ནས་བཤད་པར་ཁས་བླང་བའོ། གཉིས་པ་ནི། ཆ་རིལ། སྒྲ་གཅན། དྲག་གསུམ་གྱི་དལ་བ། ཞི་གཉིས་ཀྱི་རྐང་འཛིན་གྱི་ལོངས་སྤྱོད་རྣམས་ལ་བྱེད་གྲུབ་ཀྱི་དབྱེ་བ་མེད་མོད། གཟའ་ཚེས། ཉི་མ། དྲག་གསུམ་གྱི་རྐང་འཛིན། ཞི་གཟའི་དལ་བའི་ལོངས་སྤྱོད་རྣམས་ལ་ཁྱད་པར་ཤིན་ཏུ་ཆེ་བ་ཡོད་དོ། ཇི་ལྟར་ཡོད་ཅེ་ན། རྩ་རྒྱུད་ལས། ཉི་མའི་ལོངས་སྤྱོད་མ་དག་ན། འདི་ལ་སྦྱངས་པའི་མིག་དམར་སོགས། རྩ་བ་ཉམས་པའི་ལྗོན་པ་བཞིན། འདིར་ནི་གསལ་བ་ཉིད་མི་འགྱུར། ཞེས་གསུངས་པ་ལྟར། གཟའ་ཕལ་ཆེ་བ་སྟེ། མིག་སྨན་མདོག་ཅན་མ་གཏོགས་པའི་གཟའ་རྣམས་ཀྱི་རྒྱུ་བ་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་གྲུབ་པའི་མཐའ་ལས་བརྩམས་ཏེ་ཉི་མའི་ལོངས་སྤྱོད་དག་པའི་རྗེས་སུ་འགྲོ་བ་སྟེ། དེ་ལ་ངེས་པར་ལྟོས་དགོས་པའི་ཕྱིར་རོ། དེས་ན་འདིར་ཉི་མའི་ཚེས་རེའི་ངེས་པ་ལ་དབུགས་ཀྱི་འདོད་ཆའི་རེ་བདུན་ཆ་ཞེ་བཞིས་གྲུབ་པའི་མཐའ་ལས་བྱེད་པ་མང་བའི་ཉེས་པ་དེ་བསགས་པས་ངེས་པ་མི་གསལ་བར་གྲུབ་ཅིང༌། དེ་གྲུབ་པ་ན། ཉིན་ཞག་ཉི་བར་གྱི་ལག་ལེན་རྣམ་དག་མེད་པ་རྣམས་ལ། ཉི་མར་མ་ཟད། དྲག་གཟའ་གསུམ་གྱི་རྐང་འཛིན་དང༌། ཞི་གཟའི་དལ་བ་སོགས་མང་པོ་ཞིག་ཀྱང་མ་དག་པར་འགྱུར་བ་དང༌། དེས་མཚོན་ནས་གཟའ་ཚེས་ལ་ནི་ཚེས་ཞག་རེ་རེ་བཞིན་དབུགས་ཀྱི་རི་མཁའ་རི་ཆ་བཅུ་དྲུག་གིས་གྲུབ་པའི་མཐའ་ལས་བྱེད་པ་ཉུང་བའི་ཕྱིར། དེ་བསགས་པས་ངེས་པ་མི་གསལ་བར་འགྱུར་བ་ཡིན་ནོ། རྒྱུ་མཚན་དེ་དག་གི་ཕྱིར་ན། འཇིག་རྟེན་དབང་ཕྱུག་གི་མན་ངག་འགྲེལ་ཆེན་ལ་བརྟེན་ནས་རྒྱུད་ཀྱི་དགོངས་པ་མཐར་ཐུག་པའི་ངེས་པ་གསལ་བར་བྱ་བ་ཡིན་གྱི། དངོས་བསྟན་བསྡུས་རྒྱུད་ནས་གསུངས་པའི་ལག་ལེན་འདི་ཙམ་ནི་སྤྱོད་འགྱུར་ལོངས་སྤྱོད་ཀྱི་ཉེས་པས་དུས་ལ་ལྟོས་ནས་འདོར་དགོས་པས་མི་རྟག་པའི་ཕྱིར་དང་། སྤྱད་ཟིན་སྤྱོད་འགྱུར་གཉིས་ཀ་བྱེད་པ་ལ་ལྟོས་ནས་སྦས་པའི་ཕྱིར། རྟག་དང་དག་པའི་ངེས་པར་བསམ་ནས་བླང་བར་བྱ་བ་མ་ཡིན་ཏེ། འདིར་དགོས་པའི་དབང་གིས་བྱ་དཀའ་བ་དང༌། ངེས་པ་མི་གསལ་བའི་སྐྱོན་གཉིས་ཀ་གནས་པར་མཛད་པའི་ཕྱིར་རོ། མུ་སྟེགས་པའི་བྱེད་པ་ལ་ཡང་ཉེས་པའི་གཙོ་བོ་དེ་གཉིས་སུ་སྣང་སྟེ།    ཉིན་ཞག་ལ་སོགས་པའི་ཕུང་པོ་ཆེན་པོ་བྱས་པས་བྱ་དཀའ་བ་དང༌། གྲུབ་མཐའ་དང་མཐུན་པའི་ལོངས་སྤྱོད་མ་བཀོད་ཅིང་གཉེན་པོ་མེད་པ་ལ་བརྟེན་ནས་ངེས་པ་མི་གསལ་བར་འགྱུར་བར་གསུངས་ལ། དེ་དང་ཆ་འདྲ་བ་རང་ལུགས་དངོས་བསྟན་གྱི་བྱེད་པ་འདི་ལའང་མཛད་དེ།  མེ་མཁའ་རྒྱ་མཚོ་ལ་རབ་བྱུང་སོགས་འདས་ལོ་ཇི་ཙམ་བསྲེས་ཀྱང་ལག་པ་གདེངས་ཅན་ཟླ་བ་མ་གཏོགས་སྦྱོང་བྱེད་གཞན་མ་བཤད་པས་བྱ་དཀའ་བ་དང༌། ཚེས་དང་ཉི་མ་ལ་ལོངས་སྤྱོད་རྣམ་དག་མ་བཀོད་ཅིང་གཉེན་པོ་ཡང་དངོས་སུ་མ་བཀོད་པས་དུས་ཀྱི་དབང་གིས་ངེས་པ་མི་གསལ་བ་ཡང་ཆ་འདྲ་ཚང་བ་ཡིན་ནོ། གསུམ་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། དེ་བས་ན་དིང་སང་གི་རྩིས་པ་ཀུན་ལ་རླུང་ཕྱོགས་ཙམ་དུའང་མ་གྲགས་པའི་བྱེད་པའི་ངེས་པ་གསར་དུ་སྤོ་བའི་ཚུལ་སྤྱན་རས་གཟིགས་དབང་རིགས་ལྡན་པད་དཀར་གྱིས་རྒྱུད་འགྲེལ་ལས་གསུངས་པའི་དགོངས་དོན་ཇི་བཞིན་དུ་བློ་ལྡན་རྣམས་ལ་བཤད་ཀྱི་གཟུ་བོའི་བློས་ལེགས་པར་ཉོན་ཞེས་མདོར་བསྟན་པའི་སྒོ་ནས་མཉམ་པར་བསྐུལ་བའོ། གཉིས་པ་ལ་གཉིས་ཏེ། རྩིས་འཕྲོའི་སྐྱོན་འདོན་ཚུལ་དང༌། དེ་ལྟར་མ་གྲུབ་ན་དྷྲུ་ཝ་ལ་སྐྱོན་འདོན་གློ་བུར་དུ་བྱ་ཚུལ་ལོ། དང་པོ་ནི། དཔལ་ལྡན་རྒྱུད་ལས་གསུངས་པའི་བྱེད་རྩིས་ཀྱི་དགོངས་པ་མཐར་ཐུག་པ་ནི་འདི་ཡིན་ཏེ། རྒྱུད་འགྲེལ་ལས། ད་ནི་རེ་ཞིག་ཉུང་ངུའི་བྱེད་པ་གསུངས་པ་མེ་མཁའ་རྒྱ་མཚོ་རྣམས་ལ། ཞེས་པའོ། རྒྱུད་ཀྱི་རྒྱལ་པོ་འདི་ལ་ངེས་པ་ནི་མི་རྟག་སྟེ། ལོ་དྲུག་ཅུའི་མཐར་སླར་ཡང་ངེས་པ་འགོད་པའི་ཕྱིར་རོ། ཞེས་གསུངས་པའི་དོན། རྩིས་ལོ་ཉིས་བརྒྱ་ཉེར་གཅིག་གི་བར་གྱི་ཉེས་པ་རྣམས་རྒྱུད་ཀྱི་རྩིས་འཕྲོའི་སྐབས་སུ་བཏོན་པར་སྔར་བཤད་པ་ལྟར་ཡིན་ལ། དེ་མན་ཆད་འདས་ལོའི་ཐོག་མའི་རབ་བྱུང་ནས་དྲུག་ཅུ་སྐོར་རེ་རེ་སོང་བའི་མཚམས་སུ་ལོ་དེའི་བར་དུ་སོགས་པའི་ཉེས་པ་རྣམས་བཏོན་ནས་ངེས་པ་གསར་དུ་སྤོ་བ་ཡིན་ཏེ། དེའི་རྒྱུ་མཚན་ཡང་ལོ་གཅིག་གི་ཚེས་ཞག་གི་གྲངས། ཞག་སུམ་བརྒྱ་དོན་གཅིག ཆུ་ཚོད་བཞི། སྲང་སོ་དྲུག དབུགས་ལྔ། འདོད་ཆ་བདུན་རྣམས་འོང་བའི་གནས་ཐམས་ཅད་དྲུག་ཅུས་བསྒྱུར་ཏེ་དྲིལ་བས། ལོ་དྲུག་ཅུའི་ཚེས་ཞག་གི་གྲངས་ལ། ཞག་ཉི་ཁྲི་ཉིས་སྟོང་ཉིས་བརྒྱ་རེ་བཞི། ཆུ་ཚོད་སོ་དྲུག་སྲང་ང་ལྔ། དབུགས་གཉིས། འདོད་ཆ་བཞི་རྣམས་ཡོད་ཀྱང༌། རགས་པར་ཆུ་ཚོད་མན་ཆད་དོར་ཏེ། ཚེས་ཞག་གི་གྲངས་ཉི་ཁྲི་ཉིས་སྟོང་ཉིས་བརྒྱ་རེ་བཞི་པོ་དེ་སྔར་བཤད་པའི་བྱེད་གྲུབ་ཀྱི་ཚེས་གཟའི་ལོངས་སྤྱོད་ཀྱི་བར་ཁྱད་རི་མཁའ་རི་ཆ་བཅུ་དྲུག་གིས་བསྒྱུར་ཏེ། འོག་ནས་རི་མཁའ་རི། མཁའ་རོ་རྣམས་ཀྱིས་དྲིལ་བས་གྲུབ་མཐའ་ལས་བྱེད་པ་ཉུང་བའི་ཆ་ལ། ཆུ་ཚོད་གཅིག ཆུ་སྲང་ཉེར་གསུམ། དབུགས་ལྔ། རི་མཁའ་རི་ཆ་དྲུག་བརྒྱ་དང་གསུམ་རྣམས་འབྱུང་བས་དེ་ཉིད་སྐབས་དེའི་གཟའ་དྷྲུ་ར་བསྣན་པས་ངེས་པ་གསལ་བར་འགྱུར་ཞིང༌། དེ་བཞིན་དུ་ཚེས་ཞག་གི་གྲངས་དེ་ཉི་མའི་ལོངས་སྤྱོད་ཀྱི་བར་ཁྱད་འདོད་ཆའི་རེ་བདུན་ཆ་ཞེ་བཞིས་བསྒྱུར་ཏེ། རི་རོ་འདོད་དུས་མཁའ་རོ་རྣམས་ཀྱིས་དྲིལ་བས་གྲུབ་མཐའ་ལས་བྱེད་པ་མང་བའི་ཆ། ཆུ་ཚོད་གསུམ། སྲང་བདུན། དབུགས་གཉིས། འདོད་ཆ་དགུ། རི་རོ་ཆ་དགུ་རྣམས་འབྱུང་བས་ན། ཉི་མའི་དྷྲུ་ཝ་ཀར་ཆུ་ཚོད་གསུམ་ལ་སོགས་པ་དེ་རྣམས་ཀྱིས་འཕྲི་བས་ངེས་པ་གསལ་བར་འགྱུར་བ་དང༌། བྱེད་པ་ལོ་བདག་ལ་སྔ་མའི་ལོའི་རྩིས་འཕྲོའི་སྟེང་དུ་དྲུག་ཅུ་སྐོར་རེ་རེ་སྦྱིན་པར་བྱ་སྟེ་ལོའི་རྩིས་འཕྲོའོ། དེ་བཞིན་དུ་སྐྱོན་འདོན་གྱི་ཁུངས་སུ་ཡང་བྱེད་ལོ་དང་གྲུབ་པའི་ཉིན་ཞག་དཀྱིལ་འཁོར་གྱི་བར་ཁྱད་ལ་ཆུ་སྲང་ཞེ་གསུམ་རེ་ཡོད་པ་དེ་ལོ་དྲུག་ཅུའི་བར་དུ་བསགས་པས་ཆུ་ཚོད་བཞི་བཅུ་རྩ་གསུམ་རེ་འོང་བ་དེ་ཉིད་བསྣན་པར་བྱས་ཏེ། དེ་ལྟར་ན་དྲུག་ཅུ་སྐོར་རེའི་མཚམས་སུ་གཟའ་ཉི་བྱེད་ལོའི་དྷྲུ་ཝ་ཀ་རྣམ་པར་དག་པ་རེ་བཀོད་ནས་ངེས་པ་གསར་དུ་སྤོ་བ་ཡིན་ནོ། དེས་ན་ལོ་དྲུག་ཅུ་འདས་ཏེ་གཟའ་ཉི་བྱེད་ལོའི་མང་ཉུང་གི་ཆ་རྒྱ་འབྱམས་སུ་གཏོང་བ་རྒྱུད་འགྲེལ་གྱི་དགོངས་པ་མ་ཡིན་ཞིང༌། དིང་སང་ཕུག་ལུགས་པར་གྲགས་པ་རྣམས་ཀྱིས་ཀྱང་པད་དཀར་ཞལ་ལུང་གི་དགོངས་པ་མ་ལོན་པར་སྣང་སྟེ། ཞལ་ལུང་མཁན་པོས་རབ་བྱུང་དང་པོ་ནས་བཟུང་རབ་བྱུང་བརྒྱད་པའི་བར་གྱི་ངེས་པ་རྒྱུད་ཀྱི་ཚིག་རིགས་དང་སྦྱར་ནས་སྤོ་བར་མཛད་པའི་ཕྱིར་རོ། འོ་ན་དེ་ཕྱིན་ལག་ལེན་དེ་མི་དར་བའི་རྒྱུ་མཚན་གང་ཞེ་ན། འདི་ལྟར་ཡིན་པར་མངོན་ཏེ། དཔལ་མགོན་འཕྲིན་ལས་ཞབས་ཀྱིས་དཔེ་མཁྱུད་མཛད་དེ། རབ་བྱུང་དགུ་པའི་མགོར་ངེས་པ་གསར་དུ་མ་སྤོས་པར་བྱེད་པའི་ལག་ལེན་རྙིང་པ་དེ་རྒྱ་འབྱམས་སུ་བཅུག རང་ཉིད་ཀྱིས་གཟའ་སྐར་སྟོན་པ་ན། གཟའི་ཆུ་ཚོད་དུ་བརྒྱད་སྟེར་བ་སོགས་ཀྱི་ལག་ལེན་གྱི་ཁུངས་བཟོས་ཤིང༌། དེ་རྗེས་རབ་བྱུང་བཅུ་པའི་འགོར་ཕུག་པའི་ཞལ་སློབ་རྣམས་ཀྱིས་གཟའ་ལ་དགུ་བྱིན། ཉི་སྐར་ནས་ཉེར་བདུན་འཕྲི། ཟླ་སྐར་ནས་སོ་དྲུག་འཕྲི་བ་སོགས་ཀྱིས་སྤོས། དེ་རྗེས་རབ་བྱུང་བཅུ་གཅིག་པའི་འགོར་རྗེ་ལྡུམ་པོ་བས་གཟའ་ལ་བཅུ་བྱིན། ཉི་སྐར་ནས་སུམ་ཅུ་ཕྲི། ཟླ་སྐར་ནས་བཞི་བཅུ་འཕྲི་བ་སོགས་མཁས་པ་རིམ་པར་བྱོན་པ་རྣམས་ཀྱིས་ཁུངས་དེ་སྤོས་པ་ཙམ་ལས་མ་དཀྲོལ་བར་བཞག་པས། དེ་ཕྱིར་རྩིས་པ་ཐམས་ཅད་ཀྱིས་དེའི་གནད་དེ་མ་རིག་པས་མགྲིན་པ་གཟེངས་གཏོད་ནས་ཕུག་ལུགས་པར་ཁས་ལེན་བཞིན་དུ་བྱེད་པའི་ལག་ལེན་དངོས་བསྟན་ཇི་ལྟ་བ་བཞིན་དུ་བྱས་ཏེ་ཞལ་ལུང་གི་བཤད་པ་དང་ལག་ལེན་རྒྱབ་འགལ་དུ་བཏང༌། གཟའི་ཆུ་ཚོད་དུ་བརྒྱད་སྟེར་བ་སོགས་ཀྱི་ལག་ལེན་ནུབ་ཀྱང་དགུ་སྟེར་བ་སོགས་ཀྱི་ལག་ལེན་དེས་གཟའ་བདུན་ཚེས་ལ་སྤྱོད་པའི་གཟའ་སྐར་དང༌། བཅུ་སྟེར་བ་སོགས་ཀྱིས་གྲུབ་རྩིས་ཀྱི་གཟའ་སྐར་སྟོན་པ་ཡིན་ནོ་ཞེས་འཆལ་གཏམ་སྣ་ཚོགས་སྒྲོགས་པས་དེང་སང་ས་སྟེང་ཁྱབ་པ་འདི་བྱུང་བར་སྣང་ངོ༌། ད་ཕྱིན་ཆད་རྒྱུད་འགྲེལ་གྱི་དགོངས་པ་བཞིན་རང་ལུགས་ཀྱི་བྱེད་རྩིས་རྣམ་དག་ཤེས་པར་འདོད་པ་རྣམས་ཁོ་བོའི་ཡི་གེ་འདི་ལ་བསྟེན་པ་གཅེས་སོ། གཉིས་པ་ནི། དེ་ལྟར་རྩིས་འཕྲོའི་སྐབས་སྐྱོན་འདོན་མ་གྲུབ་པས་དུས་གང་དང་གང་གི་ཚེ་དྷྲུ་ཝ་ལ་སྐྱོན་འདོན་གློ་བུར་དུ་བྱ་བར་འདོད་ན། དེའི་ལག་ལེན་བཤད་པར་བྱ་སྟེ། འདི་ལྟར། ཡང་ན་བྱ་སླར་མོས་པ་རྣམས། ལོ་རེའི་ངེས་པ་སྒྲུབ་པའི་དུས། བྱེད་པའི་ཆོ་ག་རྒྱུད་བཞིན་བསྒྲུབས། ཞེས་འདོན་བྱའི་གཞི་དང༌། དེ་ལྟར་བསྒྲུབས་པའི་ངེས་པའི་སྟེང༌། རབ་བྱུང་ཇི་ཙམ་འདས་གྱུར་པའི། གཟུགས་གྲངས་ཞེས་པ་སྟེ། རབ་བྱུང་བཅུ་གཅིག་པ་འདི་ལ་མཚོན་ན། ཨངྐི་བཅུ་གནས་གཉིས་སུ་བཞག་ལ་དང་པོ་ཟླ་བ་སྟེ་གཅིག་གིས་བསྒྱུར་བས་འཕེལ་འགྲིབ་མེད་པ་རང་སོར་གནས་པ་དེ་གཟའི་ལོངས་སྤྱོད་དུ་བྱིན་ཞིང༌། གནས་གཉིས་པ་མེས་བསྒྱུར་བས་སུམ་ཅུར་འགྱུར་ལ། དེས་ཉི་མར་སྦྱངས་པས་སྐྱོན་བྲལ་བྱེད་པའི་དྷྲུ་ཝ་ཀ་རྣམ་དག་འཆར་བ་ཡིན་ནོ། གསུམ་པ་བསྡུ་བ་ནི། དེ་ལྟར་བྱེད་པའི་ངེས་པ་སྤོ་བའི་ཚུལ་འདི་ནི་འཇིག་རྟེན་དབང་ཕྱུག་གི་དགོངས་པ་འཁྲུལ་མེད་ཡིན་པས་བློ་ལྡན་རྣམས་ཀྱིས་དྲུག་ཅུ་བསྐོར་རེའི་མཚམས་སུ་ངེས་པ་སྤོ་ཚུལ་འདི་ཁོ་ན་ལྟར་ཤེས་པར་གྱིས་ཤིག་ཅེས་གདམས་སོ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། བྱེད་པ་དང་གྲུབ་པའི་རྩིས་འཕྲོ་བཤད་པའི་སྐབས་ཏེ་བཞི་པའི་འགྲེལ་པའོ། །ཞེས་སྐབས་བསྡུས་སོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 11:04 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།