སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་བཅོ་ལྔ་པ། དུས་སྦྱོར་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅོ་ལྔ་པ། དུས་སྦྱོར་བཤད་པ།

༈ དེ་ནས་ཉིན་ཞག་ཕྲུག་རེ་བཞིན། །མཁའ་ལ་དུས་སྦྱོར་བཅུ་གཉིས་པོ། །ས་འདིར་འོས་པའི་འཆར་རྩིས་བཤད། །དེ་ལ་ཐོག་མར་ཉིན་ཚད་ནི། །ཉ་དང་བུ་མོ་སུམ་ཅུར་མཉམ། །ཆུ་ཚོད་གཟུགས་མེ་ཆུ་སྲང་ཕྱོགས། །ལུག་སེང་ཚད་ཡིན་མིག་མེའི་དབྱུག །མཁའ་མིག་སྲང་སྟེ་གླང་ཀརྚ། །ཕྱེད་བཅས་མེ་རྩེའི་དབྱུག་འཁྲིག་པ། །ཀླུ་ལག་ཆུ་ཚོད་མཁའ་འབྱུང་སྲང་། །བུམ་སྲང་ཚད་དོ་འཁོར་ལོའི་དབྱུག །མཁའ་མཚོའི་ཆུ་སྲང་ཆུ་སྲིན་སྡིག །ཕྱེད་བཅས་རོ་མིག་གཞུའི་ཚད་དེ། །དེ་རྣམས་སོ་སོས་མཁའ་རོ་ལ། །ཕྲི་ལྷག་རང་རང་མཚན་ཚད་ཡིན། །ཉི་མའི་དལ་བར་སྐར་མ་གང་། །མཁའ་རོས་བསྒྱུར་ལ་ཆུ་ཚོད་བཅུག །མདའ་ཡོན་ཟླས་ཐོབ་འདས་པའི་ཁྱིམ། །ལྷག་མ་མཁའ་མེས་བསྒྱུར་བ་ལ། །ཆུ་སྲང་མིག་གིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་འདས་ཞག་སྟེ། །དེ་ནི་དོན་གྱི་ཁྱིམ་འཕོ་ཡིན། །འདས་ཞག་སྟེང་ནས་རི་ཡིས་སྦྱང་། །མ་ལྡངས་ཁྱིམ་ནས་ཕབ་སྦྱངས་ལྷག །འདས་པའི་ཁྱིམ་ཟླ་ཡིན་མོད་ཀྱང་། །ངོ་ཐོག་ཁྱིམ་དེ་རེ་ཞིག་བར། །རང་ཁྱིམ་ད་ལྟ་བར་འདོགས་པ། །དེ་ནི་བྱེད་པ་སླ་ཕྱིར་ཡིན། །རི་ཡིས་ཕྲི་བའི་ཞག་ལྷག་གང་། །གནས་གཉིས་སྟེང་འོག་མིག་གིས་བསྒྱུར། །རོ་དང་མཁའ་རོས་སྟེང་བསྒྲིལ་བའི། །ཆུ་ཚོད་ཆུ་སྲང་དབུགས་གསུམ་གྱིས། །བྱེད་པ་སླ་བའི་ཁྱིམ་དེ་ཡི། །འཁྲིག་ཀར་བུ་མོ་སེང་སྲང་སྡིག །ཉིན་ཚད་ཆུ་ཚོད་སོགས་ལ་སྦྱང་། །གཞུ་དང་ཆུ་སྲིན་བུམ་ཉ་ལུག །གླང་རྣམས་ཉིན་ཚད་སྟེང་དུ་བསྣན། །གང་རྩིའི་དུས་དེའི་ཉིན་ཚད་ཡིན། །དེ་ཡིས་མཁའ་རོ་ལ་ཕྲི་མཚན།། ༈ དེ་ནས་དུས་སྦྱོར་སོ་སོ་ཡི། །འཆར་ཡུན་སྲང་ཚད་ངེས་བྱ་སྟེ། །འབྱུང་མཁའ་མེ་ནི་ཉ་བུམ་ཚད། །མཁའ་བུག་ལག་ནི་ལུག་ཆུ་སྲིན། །ནམ་མཁའ་མཁའ་མིག་གླང་དང་གཞུ། །སྟོང་པ་འཁོར་ལོ་འཁྲིག་པ་སྡིག །མཁའ་རོ་མེ་ནི་ཀརྚ་སྲང་། །འབྱུང་རི་མེ་ནི་སེང་གེ་དང་། །བུ་མོའི་འཆར་ཚད་སྲང་ཡིན་ནོ། །རི་ཡིས་ཕྲི་བའི་ཞག་ལྷག་དེ། །རང་གི་འཆར་ཡུན་སྲང་གིས་བསྒྱུར། །མཁའ་མེས་བགོས་ཐོབ་འདས་སྲང་སྟེ། །དེ་ཡིས་རང་གི་སྲང་ཚད་ལ། །ཕྲི་ལྷག་མ་འོང་ཆུ་སྲང་ཡིན། །ཐུར་མའི་བགོད་གཞི་རགས་པ་ནི། །ཆུ་སྲང་མཁའ་མཁའ་མཁའ་བུག་ལ། །ལུག་སེང་མདའ་ཀླུ་དབང་པོ་སྦྱང་། །གླང་ཀར་མཁའ་མཚོ་ཉི་མ་ཕྲི། །འཁྲིག་པར་མདའ་རོ་བུག་གཟུགས་དམན། །ཉ་དང་བུ་མོ་རང་སར་བཞག །བུམ་པ་སྲང་དུ་ཚེས་མདའ༌བྱིན། །ཆུ་སྲིན་སྡིག་པར་མཁའ་རོ་བུག །འབྱུང་མེ་འདོད་པ་གཞུར་བསྣན་ལ། །རང་ཆ་བདུན་བཅས་ཐུར་གྲིབ་ཀྱིས། །བགོས་པས་ཐོབ་པ་ཆུ་སྲང་ཡིན། །ལྷག་མ་རོས་བསྒྱུར་ཐོབ་པ་དབུགས། །སྲང་ལ་མཁའ་རོས་ཐོབ་པའི་ནོར། །ཆུ་ཚོད་གནས་སུ་བཞག་པ་ཡིས། །སྔ་འདས་ཕྱི་དྲོ་ལུས་པ་རྟོགས། །ཉིན་ཚད་སྟེང་ནས་དེ་རྣམས་ཀྱིས། །ཕྲི་ལྷག་སྔ་ལུས་ཕྱི་འདས་ཀྱི། །ཆུ་ཚོད་ལ་སོགས་རྟོགས་པར་འགྱུར།། ༈ དེ་ནས་ཏཏྐལ་ངོས་འཛིན་ནི། །ཐུར་བཙལ་འདས་དབྱུག་མཁའ་རོས་བསྒྱུར། །འོག་གི་སྲང་བཅུག་ཚོགས་དེ་ལ། །རང་གི་ཆུ་སྲང་མ་འོངས་པས། །ཐོག་མ་བྱས་ནས་རིམ་བཞིན་དུ། །ཉ་སོགས་དྲུག་ལ་ལུགས་འབྱུང་དང་། །བུ་མོ་སོགས་དྲུག་ལྡོག་སྟེ་ཕྲི། །གང་ཚེ་མ་ལྡངས་ཏཏྐལ་ལ།། ༈ ལྷག་དེ་མཁའ་མེས་བསྒྱུར་བ་ལ། །ཏཏྐལ་གང་བབས་སྲང་ཚད་ཀྱིས། །ཐོབ་པ་ཆ་ཤས་ལྷག་མ་རྣམས། །མཁའ་རོ་ལན་གཉིས་དུས་ཀྱིས་བསྒྱུར། །རིམ་ཐོབ་བརྩེགས་སྟེང་ཏཏྐལ་བཀོད། །སྟེང་ནས་རིམ་བཞིན་ཏཏྐལ་ལ། །ཆ་ཤས་ཆུ་ཚོད་སྲང་དབུགས་ཏེ། །དུས་སྦྱོར་ཀྱི་ནི་གནས་ལྔར་བཀོད། །གལ་ཏེ་དབུགས་ལྷག་དག་འདོད་ན། །རང་སྲང་ལྔ་ཆས་བསྒྱུར་ཐོབ་ཆ།། ༈ དེ་ནས་མི་མཉམ་དུམ་དྲུག་ལས། །གཅིག་པ་བརྟག་ཕྱིར་གནས་ལྔ་ཡི། །ཏཏྐལ་མཁའ་མེས་བསྒྱུར་ཆ་བཅུག །དེ་ཡང་མཁའ་རོས་བསྒྱུར་དབྱུག་བཅུག །ནམ་མཁའ་མཁའ་ཀླུ་གཟུགས་ཀྱིས་བགོ། །ཐོབ་པ་དུས་སྦྱོར་ཏཏྐལ་ལ།། ༈ དེ་ལྷག་གང་བྱུང་ཕྱེད་པ་ནས། །སུམ་ཅུ་ཆའི་བར་བགོད་གཞི་ཡིན།། ༈ ཕྱེད་པ་བརྟག་ཕྱིར་བགོད་གཞི་དེ། །མཁའ་མཁའ་བུ་གས་བགོ་བར་བྱ། །རྙེད་པ་ཡོད་དམ་མེད་ཀྱང་རུང་། །འདི་ནས་སུམ་ཅུ་ཆའི་བར་དུ། །ལྷག་མ་བྱུང་ན་གཅིག་བྱིན་བྱ། །རྙེད་པ་གཉིས་ལས་མང་མི་སྲིད། །གཅིག་བདག་ཉི་མ་གཉིས་ཟླ་བ།། ༈ སུམ་ཆ་བརྟག་ཕྱིར་བགོད་གཞི་དེ། །ནམ་མཁའ་སྟོང་པ་རོ་ཡིས་བགོ། །རྙེད་པ་གསུམ་ལས་མང་མི་སྲིད། །གཅིག་ནི་ཏཏྐལ་ཞིང་བདག་སྟེ། །གཉིས་ནི་ཏཏྐལ་ནས་གྲངས་ལྔ། །གསུམ་ནི་ཏཏྐལ་ནས་གྲངས་བའི། །དགུ་པའི་ཞིང་བདག་གཟའ་འབྲས་འབྱུང་།། ༈ དགུ་ཆ་བརྟག་ཕྱིར་བགོད་གཞི་ལ། །མཁའ་མཁའ་མིག་ཐོབ་དགུ་ཆ་སྟེ། །ཏཏྐལ་གང་ཡིན་ངེས་བྱས་ལ། །ལུག་སེང་གཞུ་རྣམས་ལུག་ནས་བགྲང་། །ཆུ་སྲིན་བུ་མོ་གླང་རྣམས་ནི། །ཆུ་སྲིན་ཉིད་ནས་ཐོག་མ་བྱ། །འཁྲིག་བུམ་སྲང་གསུམ་སྲང་ནས་བགྲང་། །ཀརྐ་ཊ་དང་སྡིག་པ་ཉ། །ཀརྚ་ནས་བཟུང་དགུ་ཆ་བགྲང་། །གང་བབས་ཞིང་བདག་འབྲས་བུ་སྟོན།། ༈ བཅུ་གཉིས་ཆ་ལ་བགོད་གཞི་དེ། །མཁའ་ཚེས་ཀྱིས་ཐོབ་ཏཏྐལ་ནས། །གྲངས་པའི་ཞིང་བདག་འབྲས་བུ་འབྱུང་།། ༈ སུམ་ཅུ་ཆ་ལ་བགོད་གཞི་དེ། །ནམ་མཁའ་རོ་ཡིས་བགོ་བར་བྱ། །དམར་སྤེན་ཕུར་བུ་ལྷག་སངས་ལྔ། །དབུས་བཞག་གཡས་གཡོན་གནས་གཉིས་ལ། །ལྔ་ལྔ་བརྒྱད་བདུན་ལྔ་རྣམས་བཀོད། །ལུག་སོགས་མི་མཉམ་རིམ་པ་གཡས། །གླང་སོགས་མཉམ་གཡོན་རིམ་མིན་བགྲང་། །གྲངས་མཐུན་དབུས་ཀྱི་བདག་འབྲས་སྟོན།། ༈ མཉམ་པ་ཉིན་ཞག་གཅིག་ལ་ནི། །དུས་སྦྱོར་ཉིན་དྲུག་མཚན་དྲུག་སྟེ། །བཅུ་གཉིས་རྫོགས་པར་འཆར་བ་ཡི། །དུམ་བུ་སོ་སོའི་ལོངས་སྤྱོད་བཤད། །ཞག་གཅིག་དབུགས་གྲངས་ཉི་ཁྲི་དང་། །ཆིག་སྟོང་དྲུག་བརྒྱར་ཉི་མ་ཡིས། །ཐོབ་ནོར་དུས་སྦྱོར་གཅིག་པའི་ཚད། །དེ་ལ་མིག་དང་རྩེ་མོ་དང་། །བུ་ག་ཉི་མ་མཁའ་མེ་ཡིས། །ཐོབ་ནོར་རིམ་བཞིན་ཕྱེད་པ་དང་། །སུམ་ཆ་དགུ་ཆ་བཅུ་གཉིས་ཆ། །སུམ་ཅུ་ཆ་ཡི་ལོངས་སྤྱོད་དེ། །རོ་དང་མཁའ་རོས་སྟེང་བསྒྲིལ་བས། །སོ་སོའི་ཆུ་ཚོད་ལ་སོགས་སྟོན། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །དུས་སྦྱོར་བཤད་པའི་སྐབས་ཏེ་བཅོ་ལྔ་པའོ།། །།

མཐའ་མའི་འདོན་ཐེངས་།: 19.04.2024 ཉིན། 8:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།