སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་བཅུ་བཞི་པ། དུས་བཞིའི་ངོས་འཛིན་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་བཅུ་བཞི་པ། དུས་བཞིའི་ངོས་འཛིན་བཤད་པ།

ད་ནི་སྐབས་བཅུ་བཞི་པས་དུས་བཞིའི་ངོས་འཛིན་བཤད་པ་ལ་གཉིས་ཏེ། ས་དུམ་བུ་བཅུ་གཉིས་པོའི་ས་ཁྱོན་ཐ་དད་པར་དུས་བཞི་འཁོར་ཚུལ་དེ་ལས་རང་ཅག་རྣམས་གནས་པའི་ས་འདིར་འོས་པའི་ངོས་འཛིན་བཤད་པའོ། །དང་པོ་ནི། དེ་ལྟར་འཁོར་བའི་ཁྱིམ་སྐར་ལ། ཞེས་བྱ་བ་ལ་སོགས་པ་སྟེ་རགས་ཙམ་ཞིག་ལེའུ་སྔ་མར་བཤད་གྲུབ་ལ། རྒྱས་པར་གཞན་དུ་འཆད་པ་ལས་ཤེས་པར་བྱའོ། །གཉིས་པ་ལ་བསྟན་བཤད་གཉིས་ལས། དང་པོ་ནི། རང་ཅག་རྣམས་གནས་པའི་ས་འདིར་འོས་པའི་དུས་བཞི་ངོས་འཛིན་ཅུང་ཟད་ཅིག་བཤད་པར་བྱ་སྟེ། དེ་ཡང་སའི་ཁྱོན་འདི་ནི་འཁྲིག་པ་ལ་བྱང་བགྲོད་དང༌། གཞུ་ལ་ལྷོ་བགྲོད་མཐར་ཐུག ཉ་ལ་དཔྱིད་དང༌། བུ་མོར་སྟོན་མཉམ་འཕོག་པའི་ཁོངས་ན་ཡོད་དེ། ལྷོ་གླིང་དབུས་མའི་ཚངས་ཐིག་ནས་ཤར་ཕྱོགས་སུ་དུམ་ཕྲན་ཉི་ཤུ་རྩ་གྲངས་ཙམ་བགྲངས་པ་ལྷོ་གླིང་ཤར་མའི་ནང་ན་ཡོད་པར་གོང་མ་རྣམས་ཀྱིས་གྲིབ་མའི་ངེས་པ་ལ་བརྟགས་ཏེ་གསུངས་པའི་ཕྱིར་རོ། །གཉིས་པ་ལ་གསུམ་སྟེ། ལོ་འགོ་ངོས་བཟུང་བ། ཉི་མའི་ཁྱིམ་ཞག་གི་རྟག་ལོངས་སྒྲུབ་པ། དེ་ལས་དུས་ངོས་བཟུང་བའོ། །དང་པོ་ནི། ཉི་མའི་རྟག་ལོངས་སོགས་ཏེ། འབྱམས་ཀླས་པའི་སྒོ་ནས་ལེའུ་གཉིས་པར་བཤད་གྲུབ་བོ། །གཉིས་པ་ནི། ཉི་མའི་ཁྱིམ་ཞག་སོགས་ཏེ་ཁྱིམ་ལོངས་དེ་ཉིད་རེའུ་མིག་སུམ་བརྒྱ་དྲུག་ཅུའི་བར་དུ་བརྩེགས་ཏེ་སྤེལ་ལོ། །གསུམ་པ་ལ་གསུམ་སྟེ། སྒང་དབུགས་ཁྱིམ་སླེབ་ཀྱི་དུས་ངོས་བཟུང་བ་དང༌། སྒང་དང་དུས་ཀྱི་གཟེར་བཞི་བྲང་སྤྲད་དེ་ངོས་བཟུང་བ། ལག་ལེན་གྱི་ཆོ་ག་བྱ་ཚུལ་འཆད་འགྱུར་ལ་ཁ་འཕང་བའོ། །དང་པོ་ནི། ཁྱིམ་ཟླ་བཅུ་གཉིས་པ་རེ་རེ་ལའང་ཁྱིམ་ཞག་སུམ་ཅུ་སུམ་ཅུ་རེ་ཡོད་པ་ཡིན་ལ། དེ་ལྟར་ཁྱིམ་ཟླ་རེའི་ནང་གི་ཞག་སུམ་ཅུ་ལས་ཁྱིམ་ཞག་བརྒྱད་པ་གང་ཡིན་པ་དེ་ནི་ཟླ་བ་རང་རང་སོ་སོའི་སྒང་དུ་འགྱུར་ཞིང༌། སྒང་དེ་ནས་ཡར་ཁྱིམ་ཞག་དགུ་བགྲངས་པའི་རེའུ་མིག་སུམ་ཅུ་པ་ནི་གོང་མའི་ཁྱིམ་དེ་རྫོགས་ཚད་ཡིན་ལ། དེ་ནས་ཀྱང་ཡར་ལ་ཁྱིམ་ཞག་བརྒྱད་བགྲངས་པའི་རེའུ་མིག་ཉེར་གསུམ་པ་དེ་ནི་ཟླ་བ་དེའི་དབུགས་ཐོབ་ཀྱི་ཚད་ཡིན་ནོ། །མདོར་ན་ཁྱིམ་ཞག་བརྒྱད་པ་ལ་སྒང༌། ཉེར་གསུམ་པ་ལ་ཟླ་བ་ཕྱི་མའི་དབུག་ཐོབ། སུམ་ཅུ་པ་ལ་ཁྱིམ་ཟླའི་རྫོགས་ཚད་སོགས་འཆར་ཏེ། དེ་བཞིན་དུ་ཟླ་བ་ཐམས་ཅད་ལ་སྦྱར་བས་རྒྱུད་ལས་བཤད་པའི་དུས་བཞིའི་གཟེར་གྱི་ངེས་པ་རྣམས་བདེ་བླག་ཉིད་དུ་རྟོགས་པར་འགྱུར་ཞིང༌། གཞན་ཡང་འཇིག་རྟེན་རྒན་རྩིས་ལས་གྲགས་པའི་འབྲུག་དང་བྱ་སླེབ་པ། ངང་པ་འདམ་ནས་འདོན་པ་ལ་སོགས་པའི་དུས་གཟེར་ཕྲན་ཚེགས་རྣམས་ཀྱང་སྟོན་པ་ཡིན་ནོ། །གཉིས་པ་ལ་གཉིས་ཏེ། ས་འདིའི་དུས་ཀྱི་གཟེར་བཞི་བཤད་པ། རྒྱུད་ལས་གསུངས་པའི་དུས་བཞིའི་ས་ཚིགས་ངོས་བཟུང་བའོ། །དང་པོ་ནི། བདེ་བླག་ཏུ་རྟོགས་ཚུལ་དེ་ཡང་བཤད་ཀྱི་ལེགས་པར་ཉོན་ཅིག་ཅེས་བསྐུལ་ལོ། །གང་ཞེ་ན། འཁྲིག་པའི་ཁྱིམ་གྱི་ཞག་བརྒྱད་པ་དེར་སྐར་མར་མདའ་སྟེ་ལྔ་དང༌། ཆུ་ཚོད་དྲུག་ཤར་བས་ལག་གི་རྐང་པ་དང་པོའི་སྟེང་ནས་ཡུལ་གྱི་ཆུ་ཚོད་དྲུག་འདས་ཤིང༌། དེ་ཉིན་གྱི་ཁྱིམ་ཞག་དུས་ཀྱི་ལོངས་སྤྱོད་རྫོགས་མཚམས་ཀྱི་སྒང་དེར་དབྱར་གྱི་ཉི་མ་ལྡོག་པ་ཡིན་ལ། དེ་ནས་ཁྱིམ་ཟླ་གསུམ་འདས་པ་སོགས་ཏེ་བུ་མོའི་ཁྱིམ་ཞག་བརྒྱད་པ་དེར་སྟོན་མཉམ། དེ་བཞིན་དུ་ཁྱིམ་ཟླ་གསུམ་ཕྱིན་པས་གཞུ་ཁྱིམ་གྱི་ཞག་བརྒྱད་པར་དགུན་ཉི་ལྡོག ཡང་ཁྱིམ་ཟླ་གསུམ་ཕྱིན་པ་ཉ་ཁྱིམ་གྱི་ཞག་བརྒྱད་པར་དཔྱིད་ཉིན་མཚན་མཉམ་པ་ཡིན་ནོ། །དེ་དག་གི་རྒྱུ་མཚན་གང་ཞེ་ན། འདི་ལྟར་སྒང་ཞེས་བསྙད་པའི་ཁྱིམ་ཞག་བརྒྱད་པ་ལ་དབྱར་དགུན་གྱི་ཉི་ལྡོག་དང་སྟོན་དཔྱིད་མཉམ་པའི་གཟེར་དུ་བྱེད་པའི་ལག་ལེན་འདིའི་རྒྱུ་མཚན་ནི་ཁྱིམ་ཞག་བདུན་འདས་ནས་བརྒྱད་པ་དེའི་ཉིན་ཐུར་ཤིང་གི་གྲིབ་གཟུགས་འགྱུར་བ་མཐོང་བའི་ཕྱིར་ཏེ། འོག་ཏུ་དུས་སྦྱོར་གྱི་དུས་སུ་འཆད་འགྱུར་གྱི་འདས་ཞག་སྟེང་ནས་བདུན་སྦྱོང་བར་གསུངས་པའི་ལག་ལེན་གྱི་གནད་ཀྱང་འདི་ཡིན་ནོ། །ཡང་མཁས་པའི་དབང་པོ་ལ་ལ་དག་ཐུར་ཤིང་གི་གྲིབ་མ་གང་གི་ཚེ་ལོག་པའི་ཁྱིམ་ཞག་སྔ་མ་དེར་ཉི་མ་ལྡོག་པར་བཞེད་པ་ཡིན་ཏེ། ཉི་ལྡོག་གསལ་སྒྲོན་ལས། ཨ་བྷ་ཡས་དུས་འཁོར་ལ་འཇུག་པ་ལས། དེ་བས་ན་གྲུབ་མཐའི་ལམ་བརྗོད་པར་བྱ་སྟེ། དེའི་རིམ་པ་འདི་དག་གོ། ས་གཞི་མཉམ་པོ་ལ་ཁྲུ་གང་གི་ཚོད་ཀྱི་མབྱྜལ་གྱི་དབུས་སུ་བཙུགས་པའི་མཐོ་གང་གི་ཚོད་ཀྱི་ཤིང་གི་གྲིབ་མ། ཞེས་སོགས་གསུངས་པ་ལྟར་གྲིབ་གཟུགས་བརྟགས་པས་ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔ་ལ་གྲིབ་གཟུགས་འགྱུར་བ་མངོན་སུམ་དུ་མཐོང་བས། ངེད་རང་རྣམས་གནས་པའི་ས་འདིར་མེ་ཁྱི་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཞི་ལ་དགུན་ཉི་ལྡོག་པར་གྲུབ། ཅེས་གསུངས་པས་སོ། །དེ་ལྟར་ན་གང་གི་ཚེ་གྲིབ་གཟུགས་འགྱུར་བའི་ཁྱིམ་ཞག་བརྒྱད་པ་དེའི་ཞག་སྔ་མ་ཁྱིམ་ཞག་བདུན་པ་དེ་ལ་ལྡོག་པས། དེས་ན་འཁྲིག་ཁྱིམ་སོགས་ཏེ་སྐར་མདའ་ཆུ་ཚོད་ཕྱེད་བཅས་གཟུགས་ལ་དབྱར་ཉི་ལྡོག དེ་བཞིན་གཞུ་ཁྱིམ་སོགས་ཏེ་སྐར་སྐྱོན་ཆུ་ཚོད་ཕྱེད་བཅས་སོ་གཅིག་ལ་དགུན་ཉི་ལྡོག དེ་ཡིས་མཉམ་གཉིས་སོགས་ཏེ། སྐར་དྲག་ཆུ་ཚོད་ཕྱེད་བཅས་ཞེ་དྲུག་ཤར་བ་བུ་མོའི་ཁྱིམ་དུ་སྟོན་མཉམ། སྐར་མ་ཉེར་ལྔ། ཆུ་ཚོད་ཕྱེད་བཅས་ཉེར་གཅིག་ཤར་བ་ཉ་ཁྱིམ་དུ་དཔྱིད་མཉམ་འོང་ངོ༌། །གཉིས་པ་རྒྱུད་ལས་གསུངས་པའི་དུས་བཞིའི་ས་ཚིགས་ངོས་བཟུང་བ་ནི། ས་འདིར་ཉི་མ་ལྡོག་པ་ནས་གསལ་སྒྲོན་མཁན་པོ་ལྟར་ན་ཁྱིམ་ཞག་ཉེར་གསུམ་འདས་པ་དང༌། དཔལ་མགོན་འཕྲིན་པ་ལྟར་ན་ཁྱིམ་ཞག་ཉེར་གཉིས་འདས་པའི་ས་ཁྱོན་འདི་ནས་གཡས་སྐོར་དུ་བགྲང་པའི་སའི་ཆ་ཉེར་གསུམ་པ་ལྷོ་གླིང་དབུས་མའི་དབུས་དྲང་པོར་གཞུ་དང་ཆུ་སྲིན་གྱི་མཚམས་སུ་དགུན་ཉི་ལྡོག་པའི་ཚད་སྐར་མིག་དབྱུག་ཚེས་དང༌། འཁྲིག་ཀར་གྱི་མཚམས་སུ་དབྱར་ཉི་མ་ལྡོག་པའི་ཚད་སྐར་དྲུག་ཆུ་ཚོད་ཞེ་ལྔ་རྣམས་འཆར་བ་ཡིན་ནོ། །དེ་ལྟར་ན་ས་འདིར་འོས་པའི་དུས་བཞིའི་གཟེར་ཁྱིམ་ཞག་བདུན་པ་དང་བརྒྱད་པ་ལ་བྱེད་པའི་ལུགས་གཉིས་པོ་དེ་གང་དང་གང་གི་བཞེད་པ་ཡིན་སྙམ་ན། བཤད་པར་བྱ་སྟེ། ལུགས་སྔ་མ་ཁྱིམ་ཞག་བརྒྱད་པ་ལ་ཉི་ལྡོག་གི་གཟེར་དུ་བྱེད་པ་འདི་ནི་དཔལ་མགོན་འཕྲིན་ལས་པའི་བཞེད་པ་ཡིན་ཏེ། ཁོང་རང་གིས་མཛད་པའི་དུས་སྦྱོར་གྱི་འགྲེལ་པར། ཉི་བར་གྱི་དོན་གྱི་གཞུ་ཁྱིམ་དུ་སླེབ་པའི་ཞག་བརྒྱད་པ་ལ་རང་ཉིད་གནས་པའི་བོད་འདིར་དགུན་ཉི་ལྡོག་པ་གྲིབ་གཟུགས་འགྱུར་བ་ལ་བརྟེན་ནས་མངོན་སུམ་དུ་མཐོང་བས། ཞེས་གསུངས་པས་སོ། །ལུགས་ཕྱི་མ་ཁྱིམ་ཞག་བདུན་པ་ལ་བྱེད་པ་ནི་པཎ་ཆེན་ནོར་བཟང་རྒྱ་མཚོའི་བཞེད་པ་ཡིན་པར་སྔར་སྐབས་དེ་ཉིད་དུ་དྲངས་པའི་གསལ་སྒྲོན་གྱི་ལུང་གིས་གྲུབ་བོ། །འོ་ན་ཞལ་ལུང་མཁན་པོའི་བཞེད་པ་ལུགས་དེ་གཉིས་གང་དང་མཐུན་ཞེ་ན། དིང་སང་ཕལ་ཆེར་ལུགས་སྔ་མ་འདི་དང་མཐུན་ཟེར་ཀྱང་མི་མཐུན་ཏེ། ཁོང་རང་གི་བཞེད་པས་དབྱར་ཉི་ལྡོག་པའི་སྐར་མ་དེས་ཉི་མའི་སྐྱེས་ཁྱིམ་སྦྱོང་བར་བཞེད་པ་བཞིན་ས་འདིར་འོས་པའི་གྲུབ་མཐའི་རྐང་རྩིས་མཛད་པ་ན་སྐར་མ་ལྔ་དང་ཆུ་ཚོད་སོ་གསུམ་སྦྱོང་བར་མཛད་པ་དང༌། དབྱངས་འཆར་གྱི་འགྲེལ་པ་མཆོག་དགའ་ལས་ཀྱང༌། ད་ལྟ་དགུན་གྱི་གྲིབ་གཟུགས་འགྱུར་བའི་ཞག་དེའི་ཉི་བར་རགས་པ་ཁྱིམ་ཞག་དང་བསྟུན་ན་སྐར་མ་བཅུ་དགུ་དང༌། ཆུ་ཚོད་གསུམ་ཙམ་གྲུབ་མཐའི་རི་མོ་ལ་འཆར་ཏེ། དེ་ལྟར་ན་ས་འདི་ཕྱོགས་གཉིས་མའི་ལྷོ་ཤར་མ་ལ་དུམ་བུ་སུམ་ཅུར་བྱས་པའི་བཅུ་བཞི་པ་ཙམ་ན་ཡོད་པ་དང༌། ཁྱིམ་ཞག་བཅུ་དྲུག་ཙམ་གྱིས་འདིའི་ཉི་ལྡོག་སྔ་ལ། དུས་འཁོར་ནས་བཤད་པའི་ཉི་ལྡོག་ཕྱི་བར་གྲུབ་པ་ཡིན་ནོ། །ཞེས་གསུངས་པས་འཁྲིག་ཁྱིམ་གྱི་ཞག་བཅུ་བཞི་བར་སྐར་མ་ལྔ་དང་ཆུ་ཚོད་སོ་གསུམ་ཡོད་པ་ལ་དབྱར་ཉི་དང༌། གཞུ་ཁྱིམ་གྱི་ཞག་བཅུ་བཞི་པར་སྐར་མ་བཅུ་དགུ་དང་ཆུ་ཚོད་གསུམ་ཡོད་པར་དགུན་ཉི་ལྡོག་པར་བཞེད་དོ། །དེས་ན་དེང་སང་གི་རྩིས་པ་ཕལ་ཆེར་མཆོག་འགར་ས་འདིར་མཁོ་བའི་དུས་སྦྱོར་ཚིགས་བཅད་དུ་གསུངས་པར། འདས་ཞག་སྟེང་ནས་མ་ནུས་སྦྱངས། ཞེས་དང༌། དེའི་དོན་འཆད་པའི་སྐབས་སུ་འདས་ཞག་གི་སྟེང་ནས་བཅུ་བཞིས་འབྲིད་པ་ནི། སྔར་བཤད་པ་ལྟར་ཉི་བར་གྱིས་གཞུ་ཁྱིམ་དུ་སླེབས་ནས་ཞག་བཅུ་བཞི་ཙམ་སོང་བ་ན། ས་འདིར་དགུན་མཐར་ཐུག་འཕོག་པ་སོགས་ཀྱི་ཚུལ་དུ་བཀོད་པ་ཡིན། ཞེས་གསུངས་པ་འདི་བྱེད་པའི་ལག་ལེན་ལ་དགོངས་ཀྱི་གྲུབ་མཐའ་ལ་བརྒྱད་སྦྱང་དགོས་ཟེར་ཞིང་མཆོག་འགའི་མཆན་དུ་བཏབ་ལ་དཔེ་ཁ་ཅིག་ཏུ་དཀྱུས་སུའང་བཅུག་མོད། དེ་དག་ནི་རང་གི་རང་བཞིན་གསལ་བར་སྒྲོག་པའི་སྨྲེ་སྔགས་སོ། །འོ་ན་ལུགས་དེ་རྣམས་ལས་འདོར་ལེན་ཇི་ལྟར་བྱ་སྙམ་ན། ཞལ་ལུང་མཁན་པོའི་བཞེད་པས་ཁྱིམ་ཞག་བཅུ་བཞི་པ་ལ་ལྡོག་གཉིས་ཀྱི་དུས་ཚིགས་མཛད་པ་དེ་ནི་ད་ལྟར་གྱི་གྲིབ་མའི་ངེས་པ་ལ་བརྟགས་པ་ན་ནམ་དུའང་བསྒྲིག་ཏུ་མེད་པས་གཞུང་འདིར་ཡང་མ་བཀོད་ལ། དེ་ལས་གཞན་པའི་ལུགས་གཉིས་པོ་དེ་ནི་དོན་ལ་དགོངས་པ་གཅིག་ཏུ་འབབ་ཏེ། དེ་གཉིས་ཀས་ཁྱིམ་ཞག་བརྒྱད་པ་ལ་གྲིབ་གཟུགས་འགྱུར་བ་མཐོང་བ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོ་ན་ཁྱད་འབྱེད་གང་ཞེ་ན་དེ་ནི་གྲིབ་གཟུགས་མཐོང་བ་ལ་ཁྱད་པར་མེད་ཀྱང་ཁ་དམར་གདགས་ཚུལ་ལ་ཁྱད་པར་བྱུང་བ་སྟེ། ཇི་ལྟར་ན་པཎ་ཆེན་གྱིས་ཁྱིམ་ཞག་བརྒྱད་པ་ལ་གྲིབ་གཟུགས་འགྱུར་བ་གཟིགས་པ་ན། དེའི་ཞག་སྔ་མ་དེ་ལ་ཉི་མ་ལྡོག་པར་བཞེད་པ་སྔར་དྲངས་པའི་ཉི་ལྡོག་གསལ་སྒྲོན་གྱི་ལུང་དང༌། ལོག་རྟོག་གསལ་སྒྲོན། དྲི་མེད་འོད་རྒྱན། ཉི་ཤུ་བཅོ་ལྔ་འཆར་བའི་ས་ཆ་གང་ཡིན་ལ་དཔྱད་པ་སོགས་ཁོང་རང་གི་གསུང་རབ་རྣམས་ན་གསལ་ལ། དཔལ་མགོན་འཕྲིན་ལས་པའི་བཞེད་ཀྱི་གྲིབ་གཟུགས་འགྱུར་བའི་ཞག་དེ་རང་ལ་ཉི་མ་ལྡོག་པར་ཁ་དམར་འདོགས་པར་མཛད་དོ། །དེ་ལྟར་གྲིབ་གཟུགས་འགྱུར་བའི་ཉིན་དེ་རང་ཉི་མ་ལྡོག་པར་བཞེད་པ་འདི་ཞལ་ལུང་དང་ཡང་བཞེད་པ་མཐུན་ཏེ། དགེ་ཡེ་བས་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་དགུན་ཉི་ལྡོག་པར་བཤད་པ་དེ་ཞལ་ལུང་དུ་འགོག་པ་ན། སའི་ཆ་འདི་ཉིད་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་དགུན་གྱི་གྲིབ་གཟུགས་དང་པོར་འགྱུར་བ་མི་སྲིད་དོ། །ཅེས་དང༌། སྔར་དྲངས་པའི་མཆོག་དགའི་ལུང་དེར། ད་ལྟ་དགུན་གྱི་གྲིབ་གཟུགས་འགྱུར་བའི་ཞག་དེའི་ཉི་བར་རགས་པ་ཁྱིམ་ཞག་དང་བསྟུན་ན། ཞེས་སོགས་གསུངས་པས་སོ། །འདིར་ཕུག་པ་བསོད་ནམས་ཚེ་འཛིན་ན་རེ། ཁྱིམ་ཞག་བརྒྱད་པ་དེ་ནི་ཁྱིམ་ཟླ་དེ་དང་དེའི་སྒང་ཡིན་པས་དེ་ལ་གྲིབ་གཟུགས་ཐོག་མ་འགྱུར། ཁྱིམ་ཞག་དགུ་པ་ལ་ཟུག་ནས་རིང་ཐུང་དུ་འགྱུར་བ་ཡིན་ཏེ། ཞེས་པ་སྔར་དང་བཞེད་པ་མཐུན་ཅིང་ལེགས་མོད། འོན་ཀྱང་དེ་ཉིད་མཛོད་ཀྱི། ཐ་མའི་ཚེས་དགུ་ནས་མཚན་རིང༌། ཞེས་སོགས་རྩ་འགྲེལ་དང་དགོངས་པ་མཐུན་ནོ་ཟེར་བ་ནི་ཤིན་ཏུ་མི་རིགས་ཏེ། མཛོད་ཀྱི་ལུགས་དེ་ནི་རྒྱུད་ཀྱི་ཉི་ལྡོག་གི་ས་ཚིགས་ལས་ཀྱང་ནུབ་ཏུ་ཕྱིན་པ་ལ་དགོངས་པར་འོག་ཏུ་འཆད་ལ། གལ་ཏེ་ལྷོ་གླིང་གི་ཁྱོན་གྱི་ས་ཚིགས་ཐ་དད་པར་ཉི་ལྡོག་ཐ་དད་པར་འབྱུང་བ་མི་འདོད་ན་ནི་ཁྱིམ་ཞག་བརྒྱད་པའི་ཚིགས་སོགས་བོར་ནས་བོད་འདིར་ཡང་རྒྱུད་འགྲེལ་ལས་གསུངས་པ་ཁོ་ན་བྱ་བར་རིགས་སོ། །དེ་ལྟར་ན་ནི་རང་གི་ཡི་གེ་དེར། དགུན་ཉི་ཉི་ཤུ་བཅོ་ལྔ་ཤར་བ་གཞུ་ཆུ་སྲིན་གྱི་མཚམས་སུ་ལོག་པ་སོགས་བྱས་པས་ཁྱིམ་ཞག་ཉི་ཤུ་རྩ་གཉིས་ཙམ་རེའི་ཁྱད་ཞུགས་པ་འདི་འགྲེལ་ཆེན་ལས་གསུངས་པའི་བྱེད་པའི་སྐྱོན་སྤོང་མ་ངེས་པ་སོགས་ཀྱིས་རྣམ་པར་མ་དག་པར་ཤེས་པར་བྱ་ཞིང་ཁོ་བོ་ཅག་ནི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་དྲིན་ལས་རྣམ་པར་དག་པའི་ངེས་པ་རྣམས་རྩ་བའི་རྒྱུད་ཀྱི་དགོངས་པ་ཇི་བཞིན་དུ་རྙེད་པ་ཡིན་གྱི། ཞེས་སོགས་མགྲིན་པ་གཟེངས་བསྟོད་དེ་ཇི་སྙེད་ཅིག་སྨྲས་པ་དེ་རྣམས་རང་གི་ལག་གིས་དབྱི་བར་རིགས་སོ་ཞེས་སྨྲས་པ་ནི་ཞར་ལས་འཕྲོས་པའོ། །དེ་ལྟར་ཁ་དམར་གདགས་ཚུལ་གཉིས་པོ་དེ་ལས་འདིར་གང་བཞག་སྙམ་ན། རྒྱུད་ལས། འདིར་ཆད་པ་དང་ལྷག་པ་ཇི་ལྟར་ཤེས་ན། བྱང་དུ་བགྲོད་པའི་ཟླ་བ་དང་པོ་ལ་ཉི་མ་བཅུའི་བར་དུ་ཐུར་མའི་གྲིབ་མས་ཡོངས་སུ་བརྟག་པར་བྱ་སྟེ། ཉིན་ཞག་གང་ནས་བརྩམས་ཏེ་ཐུར་མའི་གྲིབ་མ་བྱང་ནས་ལོག་པར་གྱུར་པ་དེ་ནི་གཟའ་དེ་དང༌། ཚེས་དེ་དང༌། སྦྱོར་བ་དེ་དང༌། བྱེད་པ་དེས་ཉི་མ་འཕོ་བའི་ཉིན་ཞག་གོ། ཉིན་ཞག་དེ་ལ་ཉི་མའི་ལོངས་སྤྱོད་སྐར་མའི་གནས་སུ་ཉི་ཤུ་དང་ཆུ་ཚོད་ཀྱི་གནས་སུ་བཅོ་ལྔ་ཞེས་པ་རྩ་བའི་ངེས་པའོ། །ཞེས་དང༌། ཨ་བྷ་ཡས། ཉིན་མོ་གང་ལ་གྲིབ་མ་འཇུག་པ་དེ་ཉིད་ཉི་མ་བྱང་དུ་བགྲོད་པའི་འཕོ་བའི་ཉིན་མོའོ། །ཞེས་གསུངས་པའི་ལུང་གི་དགོངས་པ་ལ། གྲིབ་གཟུགས་འགྱུར་བའི་ཉིན་དེ་རང་ལྡོག་པར་བཞེད་པ་ཉིད་སྦྱོར་རམ་སྙམ་ཞིང༌། མཁས་དབང་ལྡུམ་པོ་བའི་ཕྱག་ལེན་ཀྱང་འདི་ལ་མཛད་པས་གཞུང་འདིར་ཡང་དེ་བཞིན་དུ་བཀོད་དོ། །གསུམ་པ་ལག་ལེན་གྱི་ཆོ་ག་བྱ་ཚུལ་འཆད་འགྱུར་ལ་ཁ་འཕང་བ་ནི། དེ་ལྟའི་དོན་རྣམས་ངེས་བྱས་ནས། ཞེས་བྱ་བ་ལ་སོགས་པ་སྟེ་ལེའུ་ཉེར་གཉིས་པར་ཁ་འཕངས་བའོ། །ད་ནི་འདི་ལྷག་མར་ལུས་པས་བཤད་པར་བྱའོ། །དེ་ཡང་པཎ་ཆེན་གྱིས་ཉི་ཤུ་བཅོ་ལྔ་འཆར་བའི་ས་ཆ་ལ་དཔྱད་པ་ལས། ས་དུམ་བུ་བཅུ་གཉིས་པོ་རང་རང་གི་དབུས་སམ་ཚངས་ཐིག་ཏུ་དབྱར་དགུན་གྱི་ཉི་མ་ལྡོག་མཚམས་ཁྱིམ་ཟླ་རྣམས་རྫོགས་མཚམས་སུ་བཤད་པ་བཞིན་དུ། ཞག་གིའང་ཞག་རེ་ལ་ཉི་ལྡོག་རེ་རེ་འོང་བ་ཁྱིམ་ཞག་རེའི་མཚམས་སུ་བྱེད་དགོས་སོ། །ཞེས་གསུངས་པ་ལྟར་གཞུང་འདིར་ཡང་ཁྱིམ་ཞག་ལོངས་སྤྱོད་རྫོགས་མཚམས་ཀྱི། སྒང་དེར་དབྱར་ཉི་ལྡོག་པ་ཡིན། ཞེས་སྨྲས་སོ། །དེ་ལ་མཁས་པའི་དབང་པོ་ལ་ལ་དག་ན་རེ། སྟག་ཚང་པ་སོགས། །ཉི་མ་ལྡོག་པའི་དུས་ནི། ལྷུན་པོའི་རྭ་དང་མེ་ལ་གདུང་བྱེད་འཕོག་པའི་དུས་དེ་ཡིན་དགོས་ལ། དེ་ལྟར་ན་གླིང་གང་དང་གང་གི་ཉིན་ཕྱེད་ཁོ་ན་ལས་གཞན་དུ་རེག་མི་སྲིད་པའི་ཕྱིར་དང༌། ཁྱིམ་ཞག་རྫོགས་མཚམས་ནི་མཚན་མོ་ཡང་རྫོགས་སྲིད་པས་ཉིན་གུང་ཁོ་ནར་མ་ངེས་པའི་ཕྱིར་དང༌། མཚན་ལ་རྫོགས་ན་གླིང་འདིའི་ཉི་མ་གླིང་གཞན་དུ་ལོག་པར་འདོད་དགོས་པའི་ཕྱིར་མི་འཐད་དོ་ཞེས་ཟེར་རོ། །དེ་ལ་སྤྱིར་དོགས་པ་དེ་ལྟ་བུ་སྐྱེ་བ་བདེན་མོད་གྱི། འོན་ཀྱང་རྒོལ་བ་པོ་ཁྱེད་རང་ལ་ཕར་འདི་འདྲི་སྟེ། ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་སླེབ་མ་ཐག་ཏུ་བྱང་བགྲོད་རྩོམ་པས། གཞུའི་ཁྱིམ་ཞག་སུམ་ཅུ་པ་རྫོགས་མཚམས་སུ་རྒྱུད་ཀྱི་དགུན་ཉི་ལྡོག་པ་དང༌། ཀརྐ་ཊའི་ཁྱིམ་དུ་སླེབ་མ་ཐག་ལྷོ་བགྲོད་ཀྱི་འགོ་རྩོམ་པས་འཁྲིག་པའི་ཁྱིམ་ཞག་སུམ་ཅུ་པ་རྫོགས་མཚམས་དབྱར་ཉི་ལྡོག་པར་ཁས་ལེན་ནམ་མི་ལེན། མི་ལེན་ན། རྒྱུད་ལས། བགྲོད་པ་འགྲོ་བའི་དབང་གིས་ཆུ་སྲིན་ལ་སོགས་པ་ནོར་དང་ཀརྐ་ཊ་ལ་སོགས་པ་ལ་བུ་ལོན་དུ་འགྱུར་རོ། །ཞེས་པ་འདི་ཇི་ལྟར་འཆད། ཁས་ལེན་ན་ཁྱིམ་ཞག་སུམ་ཅུ་པ་དེ་དང་དེའི་རྫོགས་མཚམས་ཉིན་གུང་ཁོ་ནར་ངེས་སམ་མ་ངེས། ངེས་ན་ཁོ་བོས་ཀྱང་ཁྱིམ་ཞག་ཐམས་ཅད་ཀྱི་རྫོགས་མཚམས་ཉིན་གུང་ཁོ་ན་ཡིན་ནོ་ཞེས་སྨྲས་ན་ཅིས་མི་མཚུངས། མ་ངེས་ན་ཉི་ལྡོག་གི་དུས་ཉིན་གུང་ཁོ་ན་ཡིན་པར་སྨྲས་པ་དང་འགལ། ཡང་འཁྲིག་གཞུ་གཉིས་རྫོགས་ཀྱང་དེ་དང་དེའི་ཁྱིམ་ཞག་སུམ་ཅུ་མ་རྫོགས་སོ་ཟེར་ན། འོ་ན་ཁྱིམ་ཟླ་རེ་ལ་ཁྱིམ་ཞག་སུམ་ཅུ་རེ་མེད་པ་ཡིན་པར་ཐལ། འདོད་ན། ཁྱིམ་ཟླ་བཅུ་གཉིས་ཀྱི་བདག་ཉིད་ཅན་གྱི་ཁྱིམ་ལོ་རེ་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ཡང་མེད་པར་ཐལ། འདོད་མི་ནུས་ཏེ། རྩ་རྒྱུད་ལས། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཁྱིམ་ཞག་ལོངས་སྤྱོད་རྫོགས་མཚམས་སུ་ལྡོག་པར་བཞེད་པ་འདི་རྒྱུད་འགྲེལ་གྱི་དགོངས་པ་ཡིན་པས་རིག་པ་གཟེ་གཟེ་མོས་དེ་དག་འགོག་པ་ནི་མགོ་བོའི་འཛེར་པ་འདོན་པ་ལ་མགོ་བོ་གཅོད་པའི་སྨན་དཔྱད་བཞིན་ནོ། །འོ་ན་འགྲེལ་ཆེན་ལས། འདིར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཞེས་སོགས་གདུང་བྱེད་རེག་པ་ལྡོག་རྐྱེན་དུ་གསུངས་པ་དང་འགལ་ཞེ་ན། སྤྱིར་དེ་ལྟར་ཡིན་ཀྱང་དམིགས་བསལ་འདི་ལྟར་ཤེས་དགོས་ཏེ་ལྡོག་མཉམ་གྱི་དུས་བཞི་ལ་ཡུལ་སོ་སོ་དང་སྦྱར་བའི་ཞག་རེའི་ལམ་གྱི་ཟླུམ་སྐོར་རེ་ཡོད་དགོས་ལ། དེར་ཁྱིམ་ཞག་རྫོགས་པ་ན་ཉི་མ་འཇུག་ཅིང༌། ཉིན་ཞག་དེའི་སྔ་ཕྱི་གང་རིགས་ལ་ས་འདི་དང་འདིའི་ཐད་ཀའི་ལྷོ་བྱང་ལ་གདུང་བྱེད་རེག་པ་གོ་ནུས་ཤིང་དེས་ན་འགྲེལ་ཆེན་ལས། ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་མེ་ལ་རེག་པ། ཞེས་སོགས་གསུངས་པས། དེའི་ཚེ་རེག་པ་ནས་ཕར་མི་འགྲོ་བ་ལ་བརྟེན་ནས་ལྡོག་རྐྱེན་ཞེས་གསུངས་ཀྱི། ལྡོག་རྐྱེན་ལ་གདུང་བྱེད་མེད་མི་རུང་གི་ཡན་ལག་མ་ཡིན་ཏེ། གལ་ཏེ་ཡིན་ན་ཟླ་བ་སོགས་ལའང་གདུང་བྱེད་དགོས་པ་ཧ་ཅང་ཐལ་ལོ། ཡང་ཉི་ལྡོག་གི་གྲིབ་མ་ལ་བརྟགས་པས་རང་རེ་རྣམས་གནས་པའི་ས་འདི་ལྷོ་གླིང་ཤར་མ་ན་ཡོད་པར་བཞེད་པ་འདི་ལ། མཁས་པ་ཆེན་པོ་དག ཆག་རིན། དེ་ལྟར་ན་འདས་ཟླ་བསྲེ་བའི་ནག་ཟླ་དེ་དཔྱིད་ཟླ་ཐ་ཆུང་དུ་ཁས་ལེན་དགོས་པའི་སྐྱོན། གཞུ་ཁྱིམ་དུ་ཉི་མ་ལྡོག་ན། དེར་གནས་པའི་ཚེ་སྔ་རྐང་དང་པོ་འཛིན་དགོས་པ་དང༌། དེ་ནས་རྐང་ལོངས་སྦྱིན་དོར་གྱི་མཚམས་འཛིན་དགོས་པའི་སྐྱོན། རེས་གཟའ་འཕོ་མཚམས་འཕགས་ཡུལ་དང་མི་གཅིག་པར་འགྱུར་བའི་སྐྱོན། ས་འདི་ཡུལ་དྲུག་གི་ནང་ཚན་བོད་ཡུལ་དུ་མི་འགྱུར་བའི་སྐྱོན་ཏེ་བཞི་འཕང་བར་མཛད་དེ། དེ་ལ་གནོད་བྱེད་དང་པོའི་ལན་ནི། འདས་ཟླ་བསྲེ་རྒྱུ་དེ་ར་འབྲིང་ཐ་གསུམ་གང་ཡིན་ཀྱང་སླའི། དོན་ལ་ས་དུམ་བུ་བཅུ་གཉིས་པོ་ཐམས་ཅད་དུ་ཉི་མའི་རྟག་ལོངས་ཐོར་མར་སྤྱོད་པའི་ཁྱིམ་ཟླ་དེ་ནས་འགོ་བཟུང་ནས་འདས་ཟླ་བསྲེ་བས་ཟླ་བའི་ངོ་བོ་ལ་ཁྱད་པར་མེད་པའི་ཕྱིར་མིང་ལ་རྩོད་པ་ཙམ་དུ་ཟད་དོ། །ཁྱད་པར་རྒྱུད་ལས། དཔྱིད་འབྲིང་དུ་གསུངས་པ་དང་འགལ་ཞེས་པའི་ཚིག་འདི་ཁྱེད་ལྟ་བུའི་མཁས་པ་ལ་མི་འོས་པའི་རྣམ་པར་རྟོག་པ་ཆེན་པོ་སྟེ། དོན་ལ་ར་འབྲིང་ཐའི་སྐད་དོད་རྒྱ་དཔེ་ལ་མེད་པས་དཔྱིད་ཟླ་འབྲིང་པོ་ཞེས་པའང་བོད་ཀྱི་ཐ་སྙད་ཙམ་ཡིན་པའི་ཕྱིར་ར་འབྲིང་གི་སྐད་དོད་མེད་པ་བདེན་ཡང་ནག་པ་ལ་སོགས་པའི་སྐད་དོད་ཡོད་དོ་ཞེ་ན། གླིང་བཅུ་གཉིས་པོ་གང་དུ་རྩིས་བྱེད་ཀྱང་འདས་ཟླ་བསྲེ་རྒྱུ་དེ་ནག་པའི་ཟླ་བ་ཡིན་པར་ཁས་བླངས་པ་ལ་འགལ་བ་ཅི་ཡང་མེད་དེ། དེའི་ཚེ་ནག་པས་ཉ་བ་གླིང་ཐམས་ཅད་དུ་གཅིག་པའི་ཕྱིར་རོ། །འོ་ན་རྒྱུད་འགྲེལ་ལས། དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དོ། །ཞེས་སོགས་དུམ་བུ་རེ་རེར་ཉ་སྐར་ཐ་དད་དུ་གསུངས་པ་དང་འགལ་ཞེ་ན། དེ་ནི་ལྷོ་གླིང་དབུས་མར་དཔྱིད་ཟླ་ཐ་ཆུང་ལ་ས་གའི་ཟླ་བ་ཞེས་ཐ་སྙད་བྱེད་པ་དང་བསྟུན་གྱི། དེ་ལས་གཞན་དུ་དེའི་ཚེ་གླིང་གཞན་དུ་སྣྲོན་གྱི་ཉ་བ་ལ་སོགས་པ་མ་ཡིན་པའི་ཕྱིར་ཏེ། གལ་ཏེ་ཡིན་ན་ཟླ་བའི་རང་འགྲོས་ཀྱིས་ཉིན་ཞག་གཅིག་ལ་རྒྱུ་སྐར་གྱི་འཁོར་ལོ་འཁོར་དགོས་པར་ཐལ་བ་བཟློག་ཏུ་མེད་དོ། །གནོད་བྱེད་གཉིས་པ་དང་གསུམ་པའི་ལན་ནི་ལེའུ་དྲུག་པའི་དཀྱུས་ཀྱི་བཤད་པ་དང་སྐྱེས་ཁྱིམ་སྦྱོང་ཚུལ་ལ་དཔྱད་པ་སོགས་ཀྱིས་གོ་ནུས་པས་འདིར་རྒྱ་མི་སྐྱེད་དོ། །གནོད་བྱེད་བཞི་པའི་ལན་ནི། རང་ཅག་རྣམས་གནས་པའི་བོད་འདི་ལྷོ་གླིང་དབུས་མ་ཡིན་པ་གཏན་ཚིགས་སུ་མི་རུང་སྟེ། དེ་བསྒྲུབ་བྱ་ཡིན་གྱི་སྒྲུབ་བྱེད་མ་ཡིན་པའི་ཕྱིར་དང༌། ལྷོ་གླིང་དབུས་མའི་ཕྱེད་བྱང་མ་ལ་ཡུལ་དྲུག་གསུངས་པ་བཞིན་དུ་དེ་དང་ས་ཁྱོན་མཉམ་པའི་དུམ་བུ་བཅུ་གཉིས་པོ་ཐམས་ཅད་ལའང་སྦྱར་རུང་བའི་ཕྱིར་དང༌། ཆུ་ཀར་ལ་བགྲོད་མཐའ་དང༌། ལུག་སྲང་ལ་མཉམ་པར་བཤད་པ་དང་འགལ་ཟེར་བ་ཡང་ཁོ་བོ་ཅག་གི་ལུགས་ལས་འདི་དེ་ལྟར་མི་འདོད་པས་མི་འགལ་བའི་ཕྱིར་ཏེ། དེ་བས་ན་མཁས་པ་ཁྱེད་ལྟ་བུ་ཡང་དོན་འདི་ལ་སྡུག་ན། འདི་དག་ནི་བླུན་པོས་ཀྱང་རིག་པའི་མཚང་ཡིན་ནོ་ཞེས་གསུངས་པ་ཡང་གསུང་བ་ཙམ་དུ་ཟད་དོ། །གཞན་ཡང་གྲུབ་མཐའི་རྩིས་དཔང་པོར་བྱས་ཏེ་གྲིབ་མའི་ངེས་པས་བཞག་པའི་མངོན་སུམ་དུ་གྱུར་པའི་གྲུབ་མཐའ་འདིར་མཁས་པ་དག་གིས་རྒོལ་བ་ལ་ལན་ཅུང་ཟད་སྨྲས་ལ། གཞན་མཁས་པར་རློམ་པ་མང་དག་གིས་རང་གི་དམ་བཅའ་རྟགས་སུ་བཀོད་ནས་རྒོལ་བའི་གཏམ་འགའ་ཞིག་སྣང་ཡང༌། ཁོ་བོ་ཅག་དྷ་ཏུ་རས་མྱོས་པའི་སྐྱེ་བོ་དང་ལྷན་ཅིག་ཏུ་འགྲོ་བར་མི་བྱའོ། །ད་ནི་འཕྲོས་དོན་གསུང་རབ་གཞན་ལས་གསུངས་པའི་དུས་བཞིའི་ངེས་པ་ལ་ཅུང་ཟད་དཔྱད་པར་བྱ་སྟེ། ཕྱིས་ཀྱི་མཛོད་འཆད་པ་པོ་རྣམས་མགྲིན་གཅིག་ཏུ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ལྡོག །ཅེས་པ་འདིས་སྟོན་དཔྱིད་ཉིན་མཚན་ཆ་མཉམ་པ་དངོས་སུ་བསྟན་ནས་དབྱར་དགུན་གྱི་ཉི་ལྡོག་ཤུགས་ལ་བསྟན་པ་ཡིན་ཏེ། ཚིག་རྐང་དང་པོ་གཉིས་ཀྱིས་སྟོན་མཉམ་ལས་ཐུང་དུ་འགྱུར་བ་དང༌། རྐང་པ་ཕྱི་མ་གཉིས་ཀྱིས་དཔྱིད་མཉམ་ལས་རིང་དུ་འགྱུར་བའི་མཚམས་སྟོན་བྱེད་ཀྱི་གཞུང་ཡིན་གྱི་བགྲོད་མཐའ་ལས་རིང་ཐུང་དུ་འགྱུར་བའི་ཚིགས་སྟོན་བྱེད་མ་ཡིན་ཏེ། ཇི་ལྟར་ན་མར་ངོ་སྔོན་འགྲོའི་འགོ་ཅན་ནས་ལོ་འགོ་བཟུང་ནས་དུས་ཚིགས་ལ་གསུམ་དུ་ཕྱེ་བའི་དབྱར་ཟླ་གཉིས་པ་སྟོན་ར་ཧོར་ཟླ་བརྒྱད་པ་ལ་སྟོན་མཉམ་དང༌། དགུན་ཟླ་བཞི་པ་དཔྱིད་ར་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ལ་དཔྱིད་ཉིན་མཚན་མཉམ་པ་ཡིན་ཟེར་རོ། །དེ་མི་འཐད་དེ། གདགས་པ་དང་གཞག་པ་ལས། དཔྱིད་ཟླ་ར་བའི་ཡར་ངོའི་ཚེས་བརྒྱད་ལ་མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ། ཚེས་དགུ་ཕན་ཆད་ནི་མཚན་མོ་ནི་འབྲིད། ཉིན་མོ་ནི་སྐྱེ་སྟེ། ཞེས་དང༌། དེར་མ་ཟད་རྒྱལ་སྲས་མ་ལས་ཀྱང༌། སྟོན་ར་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་ཡུད་ཙམ་བཅོ་བརྒྱད། མཚན་བཅུ་གཉིས་ཡོད་པར་བཤད་གསུངས། དེ་ལྟར་ན་དེ་དག་དང་རགས་པ་ཙམ་ཡང་མ་འགྲིག་སྟེ་བགྲོད་མཐའ་གཉིས་དང་མཉམ་པ་གཉིས་གོ་ལོག་པའི་ཕྱིར་རོ། །འོ་ན་འཐད་ཕྱོགས་གང་ཞེ་ན། དུས་ཚིགས་ལ་གསུམ་དུ་བྱས་པའི་དབྱར་ཟླ་བཞིའི་ནང་ནས་དབྱར་ཟླ་གཉིས་པའི་ཐ་མ་ལ་དབྱར་ཉི་དང༌། དགུན་ཟླ་བཞིའི་ནང་ནས་ཟླ་བ་བཞི་པའི་ཐ་མ་ལ་དགུན་ཉི་ལྡོག་པ་དང༌། ཐ་མའི་དོན་ཡང་འགྲེལ་བཤད་རྣམས་ཀྱི་མར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ་ཟླ་བ་དེའི་ཕྱོགས་ཐ་མ་ཡར་ངོ་ལ་མཛད་པ་ལྟར་ཤེས་པར་བྱས་ནས། ཟླ་བ་སོ་སོ་དང་སྦྱོར་བའི་ཚེ་དིང་སང་བ་རྣམས་དང་བསྟུན་ན་སྨིན་དྲུག་ཟླའི་ཕྱེད་ཕྱི་མ་མགོ་ཟླ་ནས་ལོ་མགོ་བཟུང་ན་དཔྱིད་ར་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ལ་དགུན་ཉི་དང༌། སྟོན་ར་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་པར་བཞེད་པ་ཡིན་ཏེ། རྒྱལ་པོའི་སྲས་ཀྱིས། དབྱར་གྱི་ཟླ་བ་གཉིས་པ་ཡི། ཐ་མའི་ཚེས་དགུ་ནས་མཚན་རིང༌། ཞེས་བྱ་བ་ལ་དབྱར་གྱི་ཟླ་བ་ནི། དབྱར་ཟླ་འབྲིང་པོའི་ཉ་ནས་སྟོན་ཟླ་ཐ་ཆུང་གི་ཉའི་བར་བཞི་ཡིན་ལ་ཟླ་བ་ཐམས་ཅད་ནི་མར་གྱི་ངོ་སྔ་སྟེ། དེ་ལ་སྟོན་ཟླ་ར་བ་ཡར་གྱི་ཚེས་དགུ་ནས་མཚན་མོ་རིང་བར་འགྱུར་རོ། །དགུན་རྣམས་ཀྱི་ནི་བཞི་པ་ལ། ཐུང་ངུར་འགྱུར་རོ། ཞེས་བྱ་བ་ལ་དགུན་གྱི་ཟླ་བ་ནི་སྟོན་ཟླ་ཐ་ཆུང་གི་ཉ་ནས་དཔྱིད་ཟླ་ར་བ་ཉའི་བར་བཞི་ཡིན་ཏེ། དེ་ལ་དཔྱིད་ཟླ་ར་བ་ཡར་གྱི་ཚེས་དགུ་ནས་མཚན་མོ་ཐུང་ངུར་འགྱུར་རོ། །ཞེས་དང༌། རང་འགྲེལ་དཔལ་བརྩེགས་འགྱུར་ལས། ཉི་མའི་འགྲོས་ཀྱི་བྱེ་བྲག་ལས་འདི་ན་ཉིན་མོ་དང་མཚན་མོ་རྣམས་རིང་ཐུང་དུ་འགྱུར་ཏེ། དེ་ལ་དབྱར་གྱི་ཟླ་བ་གཉིས་པ་ཡི། ཐ་མའི་ཚེས་དགུ་ནས་མཚན་རིང༌། དབྱར་རྣམས་ཀྱི་ཟླ་བ་གཉིས་པ་སྟོན་ཟླ་ར་བ་ཡར་གྱི་ཚེས་དགུ་ནས་མཚན་མོ་རིང་ངོ༌། །དགུན་རྣམས་ཀྱི་ནི་བཞི་པ་ལ། ཐུང་ངུར་འགྱུར་རོ། །དེ་བཞིན་དུ་དགུན་རྣམས་ཀྱི་ནི་ཟླ་བ་བཞི་པའི་ཐ་མའི་ཚེས་དགུ་ནས་ཐུང་ངུར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། དཔྱིད་ཟླ་ར་བ་ཡར་ངོའི་ཚེས་དགུ་ནས་སོ། ཞེས་སོགས་གསུངས་པས་སོ། །འདིར་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་དག་གི་གསུང་ལས། གཞོན། འདི་དཔལ་བརྩེགས་ཀྱིས་འགྱུར་ནོར་བ་ཡིན་ཏེ། དྭི་ཏཱི་ཡ་ཞེས་པ་ལན་གཉིས་བྱུང་བ་ལ་ཕྱི་མ་མ་བསྒྱུར་བར་ལུས་པས་སོ་ཞེས་གསུངས་ཀྱང༌། ཞ་ལུ་ལོ་ཆེན་གྱི་ཞལ་ནས། དཔལ་བརྩེགས་ཀྱིས་འགྱུར་ནོར་བ་མ་ཡིན་ཏེ། དྭི་ཏཱི་སྱ་པཀྵ་སྱ། ཞེས་པ་གཉིས་པའི་ཕྱོགས་ཀྱི་ཞེས་པར་དངོས་བསྟན་དུ་འགྱུར་བ་ལས། འདིར་མར་ངོ་སྔོན་འགྲོའི་དབང་གིས་ཕྱོགས་གཉིས་པ་ཡོངས་གྲགས་ཀྱི་ཡར་ངོ་ཡིན་པས་དེའི་དོན་འགྱུར་མཛད་ནས། ཡར་ངོའི་ཚེས་དགུ་ནས་ཞེས་བསྒྱུར་བར་སྣང་ལ། དེ་ལྟར་མིན་ན་པཀྵ་སྱ་ཞེས་པ་ཡང་མ་འགྱུར་བས་སོ་གསུངས། དེ་ལྟར་ན་གདགས་པའི་ལུགས་འདི་ལ་དཔེ་ཁ་ཅིག་ཏུ། དཔྱིད་ཟླ་ར་བ་ཡར་ངོའི་ཞེས་པ་ལ་དགུན་ཟླ་ཐ་ཆུང་ཞེས་དང༌། ཕྱོགས་གླང་དང༌། འདུལ་བཟང་དང༌། རྒྱལ་སྲས་མ་སོགས་ལས་ཀྱང་དཔྱིད་ར་ལ་དགུན་ཐ་དང༌། སྟོན་ར་ལ་དབྱར་ཐ་ཞེས་མི་གཅིག་པ་འགའ་རེ་སྣང་ཡང༌། རང་འགྲེལ་རྒྱ་དཔེར། དཔྱིད་ཟླ་ར་བའི་སྐད་དོད་དུ་ཕཱ་ལྒུ་ན་ཞེས་པ་དབོའི་སྐད་དོད་དང༌། སྟོན་ཟླ་ར་བ་ཞེས་པ་ལ། བྷཱ་དྲ་པ་ད་ཞེས་པ་ཁྲུམས་ཀྱི་སྐད་དོད་ཡོད་པས་དགུན་ཐ་དང་དབྱར་ཐ་ཞེས་པ་རྣམས་སོ་སོའི་ཞེ་འདོད་ལས་སྔོན་གྱི་བཀས་བཅད་ཆེན་པོ་རྣམས་ལ་མ་རྩིས་པར་བསྒྱུར་བའོ། ཡང་མཁས་པ་དག རྒྱ་དཔེར། ཨ་ཧ་ཏྦི་པརྱ་ཡཱ་ཏ་ཞེས་པའི་ཨ་ཧ་ཉིན་མོའི་དུས་ཀྱི་སྐད་དོད་ཡིན་གྱི། ཉི་མའི་སྐད་དོད་མ་ཡིན་པས་ཉི་མ་ལྡོག་པའི་གཞུང་དུ་འཆད་པ་ནོར་གསུང་ཡང་སྐྱོན་མེད་དེ། དབྱར་ཉི་ལོག་ནས་མཚན་རིང་དུ་འགྱུར་བ་བཞིན་དུ་དགུན་ཉི་ལོག་ནས་མཚན་མོ་ཐུང་ངུར་འགྱུར་ཞིང་ཉི་མོ་ནི་དེ་ལས་གོ་ཟློག་སྟེ་རིང་དུ་འགྱུར་རོ། །ཞེས་པའི་དོན་ནོ། །དེ་ལྟར་དཔྱིད་སྟོན་ར་བ་ལ་ལྡོག་གཉིས་ཀྱི་ཚིགས་བྱེད་པ་དེ་ནི། ད་ལྟའི་མཁས་པ་ཕལ་ཆེ་བའི་ལོ་འགོ་འཛིན་ཚུལ་དང་བསྟུན་ཏེ་ལུང་དེ་རྣམས་དང་སྦྱར་ནས་བཤད་པ་ཡིན་མོད། འོན་ཀྱང་ཚངས་ཐིག་གི་ཉི་ལྡོག་ལས་ཀྱང་ནུབ་ཏུ་ཆེས་རིང་བས་དོན་ལ་ཅུང་ཟད་མི་འཚམ་པར་སྣང་མོད་ཀྱི། དེས་ན་ཞལ་ལུང་མཁན་པོས་བཤད་པ་ལྟར། ར་བ་འབྲིང་ཐ་རྣམས་རེ་རེ་སྔ་བསྣུར་ཏེ་ཧོར་ཟླ་དགུ་པ་ཐ་སྐར་ཅན་སྟོན་ཟླ་ཐ་ཆུང་དུ་བྱས་ནས་དེའི་ཕྱེད་ཕྱི་མ་ནས་དགུན་རར་བྱས་ཏེ་ལོ་འགོ་བཟུང་ན། ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་དགུན་ཉི་དང༌། ཧོར་ཟླ་བདུན་པའི་ཚེས་བརྒྱད་ལ་དབྱར་ཉི་ལྡོག་པར་འགྱུར་བས། ཉི་སྙིང་ལས། ཟླ་རངས་ཉ་ཚེས་ཐ་སྐར་ཡིན། སྟོན་ཐ་འབྲིང་པོའི་ངོ་ལ་ནི། ལོ་བསྐོར་བདག་གིས་བརྗོད་པར་བྱ། ཟླ་བ་བཅུ་གཉིས་བཤད་པ་ཡིན། ཞེས་དང༌། མདོ་དེ་ལས། མཆུ་ནི་ཟླ་བ་རབ་རྫོགས་བྱེད། དགུན་ཟླ་ཐ་ཆུང་རང་བཞིན་ཡང༌། མཐར་གྱིས་ཀྱང་ནི་བརྗོད་པར་བྱ། ལྷོ་ཡི་ཕྱོགས་སུ་ཕྱིན་ནས་ཀྱང་ཉི་མ་ཡོངས་སུ་འཁོར་བར་བྱེད། མཚན་མོ་བཅོ་བརྒྱད་ཤེས་པར་གྱིས། ཉིན་བར་ཡང་ནི་བཅུ་གཉིས་ཡིན། ཞེས་ལུགས་སྔ་ཕྱིས་ལོ་འགོ་འཛིན་ཚུལ་དང་ཉི་ལྡོག་གི་ཚིགས་རྣམས་ཟླ་བའི་ར་འབྲིང་གི་ཐ་སྙད་མ་མཐུན་ཀྱང་ཟླ་བའི་ངོ་བོ་ལ་འཁྲུལ་པ་མེད་པས་འགྲིག་ལ། དེ་ལྟར་ན་འགྲེལ་པར་དགུན་ཐ་དང་དབྱར་ཐར་བསྒྱུར་བ་རྣམས་སྒྲ་འགྱུར་གྱི་ངོས་ནས་སྔར་བཤད་པ་ལྟར་བཀས་བཅད་རྣམས་དང་མ་མཐུན་པས་མི་ལེགས་ཀྱང༌། དོན་འགྱུར་ལ་འཚམས་པར་སྣང་ངོ༌། ཡང༌། ཉ་ཚེས་དབྱུག་པ་གང་ཡིན་པ། དེ་ནི་སྟོན་ཟླ་ཐ་ཆུང་ཡིན། ཞེས་པའི་ལུང་འདི་ཁ་ཅིག་ཁུངས་མ་མ་ཡིན་པར་འདོད། བོད་སྔ་མ་བ་དག་གིས། རྒྱ་གར་གྱི་གསུང་རབ་ལ་དེ་ལྟ་བུའི་རྣམ་གཞག་བྱས་པ་ཡོད་ཅེས་ཟེར་ཏེ། དེ་ལྟར་བདེན་ན་འདིའི་ལུང་རྒྱབ་ཏུ་འགྲོ་མོད། འོན་ཀྱང་འདི་དག་རྒྱ་དཔེ་རྙེད་ན་ཤེས་ཀྱི། ལོ་ཙཱ་བའི་ཞེ་འདོད་ཀྱི་ཕྱོགས་བཟུང་སྟེ་བསྒྱུར་བ་ལ་མ་ངེས་སོ། །ཉི་སྙིང་གི་ལུང་དོན་འཆད་པ་ན་བར་སྐབས་ཀྱི་མཁས་པ་དག་ན་རེ། སྐྱིད་འཇམ། འདི་དག་སྔོན་ཚེ་ལོ་དཔག་མེད་ཀྱི་དུས་ཉི་ཟླ་གཟའ་སྐར་གསུམ་གྱི་འགྲོས་བརྩམས་མ་ཐག་བཤོལ་གཏན་ནས་མ་ཞུགས་པའི་དབང་དུ་བྱས་ནས་གསུངས་པ་ཡིན་གྱི། ད་ལྟར་གྱི་གནས་སྐབས་སུ་སྒྲ་ཇི་བཞིན་པར་ཁས་བླང་དུ་མི་རུང་སྟེ། དགུན་ཟླ་ཐ་ཆུང་མཆུའི་ཟླ་བ་ལ་དགུན་ཉི་ལྡོག་པ་དང༌། དབྱར་ཟླ་ཐ་ཆུང་གྲོ་བཞིན་གྱི་ཟླ་བ་ལ་དབྱར་ཉི་ལྡོག་པ་མི་སྲིད་པའི་ཕྱིར་རོ། །ཞེས་ཟེར་བ་ནི་རང་གིས་ཇི་བཞིན་པ་འཆད་མ་ནུས་པའི་འཁྱོག་བཤད་དེ། སྐབས་དེར་བཤོལ་མ་ཞུགས་སུ་ཆུག་ཀྱང་ཕྱིས་ནས་བཤོལ་འབྱུང་བ་དྲང་སྲོང་རྔ་བོང་གིས་མི་ཤེས་མི་སྲིད་པས་དེའི་ངེས་པ་བཞག་རིགས་པའི་ཕྱིར་དང༌། གཞན་ཡང་ཟླ་བཤོལ་ལོངས་པའི་མཚམས་དེར་དོར་བར་བྱ་ཡིས། དེའི་ཉེས་པ་རྒྱ་འབྱམས་ནས་ནམ་ཞིག་གི་ཚེ་དུས་རྟག་ཏུ་ཟླ་བའི་ཁྱད་ཞུགས་པ་སྲིད་སྙམ་པའི་དོགས་པ་འདི་ཞག་གསུམ་གྱི་བར་ཁྱད་རགས་པ་ཙམ་ཡང་མ་ངེས་པའི་གཏམ་ཡིན་ལ། གལ་ཏེ་དེ་ལྟ་བུའི་ཉེས་པ་གསོག་པ་བདེན་ན་བུ་སྟོན་རིན་པོ་ཆེས་ཉི་ལྡོག་སྔ་རུ་སོང་གསུང་བ་ཡང་ཅིས་དགག་སྟེ་ཐུགས་ཁག་མེད་དོ། །དེས་ན་འདི་དག་གི་འཁྲུལ་གཞིའི་རྩ་བ་ནི་མཛོད་དང་ཉི་སྙིང་སོགས་ཀྱི་ཉི་ལྡོག་དང༌། ས་འདིའི་ཉི་ལྡོག་གི་དུས་ཚིགས་གཅིག་ཏུ་བཟུང་བས་ནོངས་སོ། །ཡང་རང་ཅག་རྣམས་འདུལ་བའི་ལོ་འགོ་མར་ངོ་སྔོན་འགྲོའི་འགོ་ཅན་ནས་འཛིན་པའི་ལུགས་འདི་ལ། པཎ་ཆེན་ཤཱཀ་མཆོག་པས་ལས་བརྒྱའི་འགྲེལ་པར། བར་གྱི་འདུལ་འཛིན་མང་པོ་དག་ཞལ་འཆམ་པར་འདུལ་བའི་ལུགས་ཀྱི་སྨིན་དྲུག་ཟླ་བའི་ཡར་ངོ་སྟོན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔས་ལོ་སྔ་མ་རྫོགས་པ་ཡིན་པས་དེའི་ཚེས་བཅུ་དྲུག་ནས་ལོ་གསར་པས་ལོ་འགོ་དེ་ནས་འཛིན་པ་ཡིན་ཏེ། མདོ་སྡེ་ཉི་མའི་སྙིང་པོ་ལས། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། ཅེས་གསུངས་པའི་ཕྱིར། ཞེས་གསུངས་སོ། དེ་ནི་མི་རིགས་ཏེ། བསྒྲུབ་བྱ་དེ་དོན་ལ་གནས་སུ་ཆུག་ཀྱང་དེའི་ཤེས་བྱེད་དུ་འདུལ་བའི་བཀའ་བསྟན་བཅོས་གང་ནས་ཀྱང་ཁྱོད་ཀྱིས་ལུང་མ་འདྲོངས་པའི་ཕྱིར་དང༌། མདོ་སྡེའི་ལུང་དེའི་དོན་སྨིན་དྲུག་གིས་ཉ་བའི་ཕྱི་ཉིན་ནས་ལོ་འགོ་འཛིན་པ་མིན་པར་མདོ་སྡེ་དེ་ཉིད་ནས་གསལ་བར་ཡོད་པ་ལ་ཁྱེད་ཅག་གིས་ནི་གཞན་གྱི་ཚིག་ཕྱིར་འབྲངས་པ་ཙམ་དུ་སྣང་གིས། མདོ་སྡེ་ཉིད་ཇི་བཞིན་མ་གཟིགས་པར་སྣང་བའི་ཕྱིར་དང༌། མདོ་སྡེའི་དོན་ཁྱེད་ཀྱིས་བཤད་པ་ལྟར་ཡིན་དུ་ཆུག་ཀྱང་འདུལ་བའི་ལུགས་ཀྱི་དེའམ་དེའི་ཤེས་བྱེད་དུ་འབྲེལ་བ་གང་ཡང་མེད་པའི་ཕྱིར། ཞེས་དོ་གལ་གྱི་སྒོ་ནས་དགག་པར་བྱེད་དོ། །དེ་ལ་ཐོག་མར་ཁྱེད་ཀྱིས་ཉི་སྙིང་གི་ལུང་དེ་དྲངས་པ་མཐོང་བ་ན་སྨིན་དྲུག་ཅན་གྱི་ཕྱེད་ཕྱི་མ་ནས་ལོ་འགོ་འཛིན་པ་འདི་ཉི་མའི་སྙིང་པོའི་རྗེས་སུ་འབྲངས་ནས་སྨྲས་སོ་སྙམ་དུ་འཁྲུལ་པ་ལས་ཕྱོགས་སྔ་མའི་དཔེ་ཚར་གཅིག་ཀྱང་མ་བཀླགས་པར་ཧམ་ཤུར་གྱིས་དགག་པ་མཛད་པར་མངོན་ཏེ། ཁོ་བོ་ཅག་སྨིན་དྲུག་གི་ཕྱེད་ཕྱི་མ་ནས་ལོ་འགོ་འཛིན་པའི་ཕྱོགས་དེ་ནི་ཉི་སྙིང་གི་ལུགས་སུ་མི་འདོད་པའི་ཕྱིར་རོ། །འོ་ན་གང་གི་ལུགས་ཡིན་ཞེ་ན། མདོ་རྩར། དེ་དག་ནི་ལྔའོ། དགུན་གྱིས་དུས་དང༌། ཞེས་སོགས་དང༌། ཚིག་ལེར། དགུན་དུས་དང་ནི་དཔྱིད་ཀ་གཉིས། ཅེས་གསུངས་པས་འདུལ་བ་པ་རྣམས་དགུན་ནས་འཛིན་ལ། དེའང་ར་བ་ནས་འཛིན་དགོས་ཏེ། དགེ་སློང་གི་ལོ་དྲིར། དུས་དུ་ཡོད་ཅེ་ན། ལྔའོ། ལྔ་པོ་གང་ཞེ་ན། དགུན་དང༌། སོས་ཀ་དང་དབྱར་དང༌། དབྱར་ཐུང་ངུ་དང༌། དབྱར་རིང་པོ་ཞེས་བྱའོ། །དེ་ལ་དགུན་གྱི་དུས་ཅི་ཙམ་ཞེ་ན། ཟླ་བ་བཞིའོ། བཞི་གང་ཞེ་ན། དགུན་ཟླ་ར་བ་དང༌། དགུན་ཟླ་འབྲིང་པོ་དང༌། ཞེས་སོགས་གསུངས་པ་དང༌། རྒྱ་ཆེར་འགྲེལ་པ་ལས། སྟོན་ཟླ་ཐ་ཆུང་གི་ཉ་ནས་དགུན་ཟླ་འབྲིང་པོའི་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་གྱི་དུས་སོ། །དགུན་ཟླ་འབྲིང་པོའི་ཉ་ནས་དཔྱིད་ཟླ་ར་བའི་ཉའི་བར་གྱི་ཟླ་བ་གཉིས་ནི་དགུན་སྨད་ཀྱི་དུས་ཚིགས་སོ། ཞེས་གསུངས་པས་སོ། །དེ་ལྟར་ན་ལོ་འགོ་སྟོན་ཟླ་ཐ་ཆུང་གི་ཕྱེད་ཕྱི་མའི་དགུན་ར་ནས་འཛིན་པ་གཞིར་བཞག་ནས་སྟོན་ཟླ་ཐ་ཆུང་དེ་གང་ལ་ངོས་འཛིན་ཞེ་ན། དེ་འཆད་པ་ལ། ཉི་སྙིང་གི། བདག་གི་རྒྱུ་སྐར་སྨིན་དྲུག་བརྫོད། ཟླ་བ་ཉ་ཚེ་ཟླ་རངས་འགྱུར། སྟོན་ཟླ་ཐ་ཆུང་ཞེས་བྱ་བ། འདིར་ནི་རབ་ཏུ་བརྗོད་པ་ཡིན། ཞེས་པའི་ལུང་འདི་དྲངས་པ་ཡིན་གྱི། ལུང་དེ་ཉིད་ཉི་སྙིང་རང་གི་ལོ་འགོ་དང་འདུལ་བའི་ལོ་འགོ་སྟོན་པའི་ཁུངས་སུ་དྲངས་པ་མ་ཡིན་པས་ལེགས་པར་བརྟག་ནས་གསུང་བར་མཛོད་ཅིག་གོ། ཡང་རྒྱ་རྩིས་པ་རྣམས། དཔྱིད་ཟླ་ར་བ་ལ་དགུན་ཉི་ལྡོག་པར་འདོད་ཀྱང་ཟླ་བའི་ངོས་འཛིན་གསུང་རབ་སྤྱི་དང་མི་མཐུན་པས་ཧོར་ཟླ་བཅུ་གཅིག་པ་ལ་དཔྱིད་རར་བྱེད་ལ། ཚེས་གྲངས་ནི། འབྱུང་བ་ཐེམ་ཡིག་ལས། ཚེས་བརྒྱད་དང༌། དེ་ལ་མ་ལྡོག་ན་བཅོ་བརྒྱད་ལ་ལྡོག་པ་སོགས་རྒྱ་རྩིས་ཀྱི་གཞུང་རྣམས་སུ་མི་མཐུན་པ་དུ་མ་སྣང་ཡང༌། ཆོས་རྗེ་བསོད་ནམས་ཚེ་འཛིན་ན་རེ། དཔྱིད་ཟླ་ར་བའི་བཅུ་གསུམ་ལ། ཉི་མའི་རླུང་ལ་ཞོན་ནས་ནི། གཟའ་ནི་ཕུར་བུས་སྣ་དྲངས་ཏེ། ཞེས་གསུངས་པས་སྔར་གྱི་སྒང་ཚད་རྣམས་ལ་ཆུ་ཚོད་བཅོ་བརྒྱད་རེ་བསྣནཔ་ཁྱིམ་ཞག་བཅུ་གཉིས་པ་ལ་ཉི་མ་ལྡོག བཅུ་གསུམ་ནས་ས་བདག་རྣམས་གཞུང་ནས་བཤད་པ་བཞིན་བསྐྱེལ་འགོ་ཟུག་པ་ཡིན་ཏེ། རྒྱ་ནག་ཁྲིམས་རྩིས་ཀྱི་ལི་ཐུ་པར་མ་ལས་དེ་ལྟར་འབྱུང་ཟེར་རོ། །ཕུག་པ་ཀུན་དགའ་དཔལ་བ་ན་རེ། དབྱར་དགུན་ཉི་ལྡོག་དུས་ཚིགས་ངེས་པ་རྣམས། མདོ་སྡེ་འདུལ་མཛོད་རྒྱ་ནག་རྩིས་གཞུང་དང༌། དཔལ་ལྡན་དུས་ཀྱི་འཁོར་ལོའི་གྲུབ་རྩིས་རྣམས། ཐམས་ཅད་ཐུན་མོང་ལུང་དོན་མངོན་སུམ་ཡིན། ཞེས་ཟེར་མོད་ཀྱི། འདུལ་མཛོད་སོགས་དང་ལུགས་གཅིག་ཏུ་འདོད་པ་སྔར་བཀག་ཟིན་ལ། འོན་ཀྱང་ས་འདིའི་ལྡོག་ཚིགས་ཁྱིམ་ཞག་བརྒྱད་པ་དང༌། རྒྱ་རྩིས་པའི་ལུགས་མཐུན་པར་བྱས་པ་ཆོས་རྗེ་འཕྲིན་ལས་པའི་བཞེད་པའང་ཡིན་ཏེ། ད་ལྟའི་བར་དུ་ལག་ལེན་གསལ་བར་བཞུགས་སོ། །དེ་ལྟ་ནའང་རྒྱ་ནག་དང་བོད་གཉིས་ཀའི་སྡོད་སྟབས་ཀྱིས་བོད་ཀྱི་ལྡོག་ཚིག་ལས། རྒྱ་རྩིས་པ་སྔ་བ་འོང་ཐད་པས་བཞེད་པ་འདི་དག་ད་དུང་དཔྱད་པར་བྱ་ཞིང༌། འོན་ཀྱང་ད་ལྟའི་ལག་ལེན་གྱི་རྒྱུན་འདི་ལ་ནི་འགལ་བ་མེད་དེ། བོད་ཀྱི་ཉི་ལྡོག་དང་བསྟུན་ནས་མཛད་པར་མངོན་པའི་ཕྱིར་རོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། དུས་བཞིའི་ངོས་འཛིན་བཤད་པའི་སྐབས་ཏེ་བཅུ་བཞི་པའི་འགྲེལ་པའོ། །ཞེས་པའི་སྐབས་བསྡུས་སོ། །

 

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 10:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།