སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་བཅུ་པ། ཁྱིམ་ཚེས་ལ་སྤྱོད་པའི་གྲུབ་པའི་གཟའ་ལྔའི་སྒོས་ཆོས་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.04.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅུ་པ། ཁྱིམ་ཚེས་ལ་སྤྱོད་པའི་གྲུབ་པའི་གཟའ་ལྔའི་སྒོས་ཆོས་བཤད་པ།

༈ ཁྱིམ་ཚེས་ཞག་ལ་སྤྱོད་པ་ཡི། །གཟའ་ལྔའི་དལ་མྱུར་རྣམ་དག་ཏུ། །སྒྲུབ་བྱེད་སོ་སོའི་རྐང་ཆོག་རྣམས། །ཉིན་ཞག་དང་མཚུངས་དེས་མཚོན་པས། །འདིར་ནི་སྒོས་ཆོས་ཁྱིམ་ཚེས་ཀྱི། །དལ་མྱུར་བར་པ་སྒྲུབ་ཚུལ་བཤད།། ༈ ཐོག་མར་ཁྱིམ་ཞག་གཟའ་ལྔའི་ཆེད། །རབ་ཉིའི་རྒྱལ་བ་ལ་སོགས་པ། །ལོ་དག་གནས་དྲུག་ཚར་ལྔ་བཀོད། །དེ་ཉིད་གཟའ་ལྔ་སོ་སོ་ཡི། །ལོ་ཡི་ངེས་པས་བསྒྱུར་བར་བྱ། །དེ་ལ་ལོ་ཡི་ངེས་པ་ནི། །དམར་པོའི་ཡིད་དང་གཟུགས་ལག་པ། །མཁའ་མིག་ཟླ་བ་ཆུ་རོ་དང་། །རི་བོ་གཟུགས་བུག་ཡོན་ཏན་ནོ། །ལྷག་པའི་ཆུ་བོ་དུས་འབྱུང་མེ། །མེ་དང་རོ་ཆུ་ཡོན་ཏན་དུས། །རྩེ་མོ་མཆོ་ཀླུ་ཐུབ་པའོ། །བླ་མའི་མིག་དང་མི་བདག་དང་། །འབྱུང་མེ་རིག་བྱེད་ནོར་རི་མཚམས། །རྒྱ་མཚོ་དབང་འབྱུང༌བྲོ་བའོ། །དཀར་པོའི་རྒྱལ་པོ་མེ་ཕུང་པོ། །འཁོར་ལོ་ཡོན་ཏན་བུག་མིག་མཚོ། །དུས་མཁའ་རིག་བྱེད་ལག་པའོ། །དལ་འགྲོའི་ནམ་མཁའ་ཆུ་ཕུང་པོ། །ཐུབ་པ་མདའ་དང་ཆུ་གཏེར་དང་། །ལག་པ་གདེངས་ཅན་ཀླུ་རྒྱ་མཚོ། །ནམ་མཁའ་ནོར་ལྷ་ཉི་མའོ། །དེ་རྣམས་ཀྱིས་བསྒྱུར་རྩིས་འཕྲོ་ནི། །བཀྲ་ཤིས་ནམ་མཁའ་དང་རྒྱལ་བ། །རི་གཟུགས་དབང་པོ་གཟུགས་བུག་གཟུགས། །དུས་ཀླུ་མཁའ་སྦྲུལ་བྱིན་པར་བྱ། །ལྷག་པར་ཕྱོགས་དང་སྲིན་པོ་ལག །མཁའ་མིག་མེ་དང་ལག་པ་ཚེས། །རི་རོ་དབང་པོ་གདེངས་ཅན་བསྲེ། །སྒྲ་མཁན་དེ་ཉིད་དུས་དབང་པོ། །སོ་དང་བགྲོད་པ་བུག་མེ་མཚོ། །མེ་ཆུ་ནམ་མཁའ་རིག་བྱེད་བྱིན། །དཀར་པོར་དུས་མིག་བུག་མཚོ་དང་། །རོ་དབང་ལག་པ་དུས་ཟུང་རོ། །མིག་མེ་ཡོན་ཏན་ཐུབ་པས་བརྒྱན། །སྤེན་པར་སྲིན་པོ་དང་མིག་མཚོ། །ལག་པ་མིག་དང་རྒྱ་མཚོ་དང་། །ཆུ་གཏེར་རྩེ་མོ་རོ་ཟུང་དང་། །ཀླུ་མེ་བུག་ལག་གིས་བརྒྱན་ལ། །སོ་སོའི་འཁོར་ལོས་སྟེང་དུ་སྒྲིལ། །དེ་ཡང་ཕུར་བུའི་ཆ་གོང་མ། །ལག་མིག་ཐུབ་པའོ་གཟའ་གཞན་རྣམས། །ཉིན་ཞག་དང་འདྲ་ཐམས་ཅད་ཀྱི། །འོག་མ་གཟུགས་བུག་གཟུགས་བུག་ཡིན། །དེ་ཡིས་ལུག་གི་ཁྱིམ་ཟླ་ཡི། །དྲག་གསུམ་དལ་དྷྲཱུ་ཞི་གཉིས་ཀྱི། །རྐང་འཛིན་དྷྲུ་བ་རྣམ་པར་དག །སྔ་དྷྲུར་ཟླ་གཅིག་ངེས་པ་རྣམས། །རིམ་བརྩེགས་ཉ་ཁྱིམ་བར་དུ་སྤེལ། །དེ་ལ་ཟླ་གཅིག་ངེས་པ་ནི། །བཀྲ་ཤིས་གཟུགས་དྲག་དུས་མཚོ་ཆུ། །རྒྱལ་བ་དུས་ཚེས་རྒྱ་མཚོའོ། །ལྷག་པའི་བུ་ག་མཁའ་མིག་སོ། །ཕུང་པོ་དུས་ཉི་རི་བོ་དང་། །དབང་པོ་གཟུགས་མཁའ༌བྲོ་བའོ། །ཕུར་བུའི་མཁའ་དྲག་ལག་མིག་དབང་། །ཀླུ་མདའ་རོ་སྦྲུལ་རི་མཁའ་མིག །དཀར་པོ་མེ་དང་བུག་ཡོན་ཏན། །སྐར་མ་བསེ་རུ་རི་བུག་དབང་། །བྲོ་བ་བུ་ག་རི་མཚོའོ། །ཉི་བུའི་མཁའ་ཆུ་རིག་བྱེད་མེ། །སྡེ་པ་མིག་བུག་དབྱིག་ཆུ་བོ། །མཚོ་མེ་ལག་པ་དུས་རྣམས་སོ།། ༈ ཡང་ན་འདས་ལོ་ཉི་མས་བསྒྱུར། །འདས་པའི་ཁྱིམ་ཟླ་བསྲེས་པའི་ཚོགས། །རང་རང་ཟླ་གཅིག་ངེས་པས་བསྒྱུར། །རྩིས་འཕྲོ་བསྲེས་པ་རང་འཁོར་སྒྲིལ། །སོ་སོའི་ཁྱིམ་ཟླའི་དྷྲུ་བ་འཆར།། ༈ དེ་ནས་ཞི་དྲག་དལ་མྱུར་དྷྲུ། །ཐུན་མོང་ཁྱིམ་ཞག་ཉི་དྷྲུ་ནི། །ཁྱིམ་ཟླ་སྔ་མའི་རྫོགས་ཚད་གང་། །ཕྱི་མ་ཕྱི་མའི་ཉི་དྷྲུ་སྟེ། །དེ་ཡང་འཁོར་ལོ་རྫོགས་པ་ནི། །ལུག་གི་ཁྱིམ་ཟླའི་དྷྲུ་ཝ་ཡིན། །དེ་སྟེང་སྐར་མིག་དབྱུག་གུར་ཚེས། །རིམ་བརྩེགས་བྱིན་ལ་ཉའི་བར་སྤེལ། །དེ་ནས་ཁྱིམ་གྱི་ཟླ་ཞག་དག །གར་ཡོད་བརྟག་ཕྱིར་འདས་ཟླ་ནས། །གཅིག་ཕབ་འོག་ཏུ་རི་རོ་ཆར། །བྱས་ལ་རང་རང་ཟླ་བཤོལ་འཕྲོས། །སྦྱངས་ལྷག་མཁའ་མེས་བསྒྱུར་བ་ལ། །གང་རྩིའི་ཚེས་གྲངས་མདའ་རོ་ཡིས། །བསྒྱུར་བ་བསྲེས་ལ་རི་རོས་བགོ། །རྙེད་པ་ཞག་ཡིན་ལྷག་མ་དེ། །མཁའ་རོ་མཁའ་རོ་དུས་རི་རོས། །རིམ་བསྒྱུར་རི་རོས་ཐོབ་པ་བརྩེགས། །ཞག་ལ་མཁའ་མེས་ཐོབ་པའི་ནོར། །སྟེང་བསྲེས་དེ་ཡང་ཉི་མས་དོར། །རིམ་བཞིན་སྟེང་ནས་འདས་ཁྱིམ་དང་། །འདས་ཞག་དབྱུག་སྲང་དབུགས་ཆ་སྟོན། །དེ་ཡིས་ཚོད་ཟིན་བར་པའི་ཆེད། །གཟའ་ལྔ་ཉི་མར་བཅས་པ་ཡི། །རང་ཁྱིམ་ཟླ་བའི་དྷྲུ་ཝ་ལ། །བརྩི་བྱའི་ངོ་ཐོག་ཞག་གྲངས་ཀྱིས། །རང་རང་རྟག་ལོངས་བསྒྱུར་ལ་བྱིན། །གཟའ་ལྔའི་དལ་མྱུར་བར་པ་འགྲུབ། །དེ་ལ་རང་རང་རྟག་ལོངས་ནི། །བཀྲ་ཤིས་མཁའ་ཟུང་མེ་མིག་རྩེ། །ཐུབ་རི་ཆུ་རོ་འདོད་པའོ། །ལྷག་པའི་མཁའ་སྐྱོན་གཟུགས་མཚོ་མཁའ། །ལག་མིག་བགྲོད་པ་དབང་པོ་དང་། །དུས་བུག་དྲང་སྲོང་ཆུ་གཏེར་རོ། །སྒྲ་མཁན་མཁའ་མཁའ་ལག་མིག་མཚོ། །གཟུགས་མེ་ཆུ་དང་མིག་ཀླུ་དུས། །དཀར་པོར་མཁའ་རི་སྐྱོན་དབང་པོ། །རིག་བྱེད་སྡེ་པ་ཡོན་ཏན་དང་། །བུག་མཚོ་ཆུ་བོ་རྒྱ་མཚོའོ། །དལ་འགྲོར་མཁའ་མཁའ་བུ་ག་མཁའ། །ཐུབ་པ་གདེངས་ཅན་གཟུགས་དབང་པོ། །དུས་མཚོ་ནམ་མཁའ་ལག་པའོ། །ཉི་མར་མཁའ་མཚོ་མཁའ་མེའོ།། ༈ དེ་ནས་ཚེས་ཞག་གཟའ་ལྔའི་ཆེད། །སྔར་གྱི་གྲུབ་མཐའི་ཟླ་དག་དེ། །གནས་དྲུག་ཚར་ལྔ་བཀོད་པ་ལས། །དམར་པོར་གཟུགས་བུག་ཀླུ་མེ་མཁའ། །ཆུ་རི་གཟུགས་དང་ཀླུ་རིས་བསྒྱུར། །མཁའ་ཕྱོགས་ལག་མིག་ཟུང་བུག་གཟུགས། །འབྱུང་བ་དུས་མཚོས་བརྒྱན་པར་བྱ། །ལྷག་པར་བུག་མེ་ཀླུ་མཚོ་དབང། །མིག་འབྱུང་རི་ཀླུ་བུག་རོས་བསྒྱུར། །ཀླུ་དང་མཁའ་མཚོ་རིག་བྱེད་མེ། །མཚོ་དང་གཟུགས་མིག་བུག་ཟླ་བ། །བསེ་རུ་ལག་པ་མིག་བྱིན་བྱ། །སྒྲ་མཁན་མཁའ་དྲག་མིག་དང་མེ། །མེ་མིག་མཚོ་དང་བུག་མེས་བསྒྱུར། །དེ་ཉིད་ཆུ་དབང་བུག་གཟུགས་དང་། །མདའ་དང་ཆུ་གཏེར་འབྱུང་བ་མེ། །བྲོ་བ་གདེངས་ཅན་དབང་པོ་བྱིན། །ཁུ་བར་མེ་སོ་མཚོ་འབྱུང་གཟུགས། །དུས་འབྱུང་ཡོན་ཏན་མེ་རིས་བསྒྱུར། །དུས་མིག་ཐུབ་པ་གཟུགས་ལག་པ། །མེ་དང་འབྱུང་དབང་ཕུང་པོ་དང་། །ཀླུ་མཁའ་རྒྱ་མཚོ་རྣམས་ཀྱིས་བརྒྱན། །དལ་འགྲོར་མཁའ་མཚོ་དུས་མིག་མེ། །མིག་མཁའ་ཐུབ་མེ་རི་དྲག་པོས། །བསྒྱུར་ལ་བུ་ག་གཟུགས་རྒྱ་མཚོ། །སྲིན་པོ་མིག་དང་ལག་པ་དང་། །ནམ་མཁའ་ཐུབ་པ་བུ་ག་མིག །ཆུ་མཚོ་ཡོན་ཏན་རྣམས་ཀྱིས་བརྒྱན། །ལྔ་ཀ་འོག་མ་རི་མཁའ་རིའི། །ཆའོ་གོང་མ་ཁྱིམ་ཞག་དང་། །འདྲ་བར་བྱས་ལ་རང་འཁོར་སྒྲིལ། །དེ་ཡིས་སོ་སོའི་དྷྲུ་ཝ་ཀ། །སྔ་དྷྲུར་རང་རང་སྒྱུར་བྱེད་བྱིན། །ཕྱི་མ་ཕྱི་མའི་དྷྲུ་ཝ་འཆར།། ༈ དེ་ནས་སོ་སོའི་དྷྲུ་ཝ་ལ། །བཀྲ་ཤིས་མཁའ་མིག་བུག་གཟུགས་ཟླ། །མེ་ཡིད་རྒྱ་མཚོ་མ་ནུའོ། །སྔོ་སངས་མཁའ་སྐྱོན་རི་བོ་མེ། །དུས་མེ་མཁའ་ཐུབ་མེ་རིའོ། །བླ་མར་མཁའ་མཁའ་ལག་མིག་ཐིག །དབང་རི་མེ་དང་མིག་ཐུབ་བོ། །དཀར་པོར་མཁའ་རི་དབང་པོ་མཚོ། །དུས་མེ་རོ་དང་མཚམས་མིག་གོ །ཉི་བུར་མཁའ་མཁའ་གདེངས་ཅན་དབང་། །ཀླུ་མེ་རི་གཟུགས་མི་བདག་ལག །དེ་ལྟའི་རང་རང་རྟག་ལོངས་རྣམས། །གང་རྩིའི་ཚེས་བསྒྱུར་སོ་སོར་བྱིན། །དེ་ཡིས་དྲག་གསུམ་དལ་བར་དང་། །ཞིི་གཉིས་རྐང་འཛིན་བར་པ་འགྲུབ། །ཐུན་མོང་དལ་མྱུར་ཉི་བར་ནི། །གྲུབ་པའི་ལྔ་བསྡུས་ནང་བཞིན་བྱ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །ཁྱིམ་ཚེས་ལ་སྤྱོད་པའི་གྲུབ་པའི་གཟའ་ལྔའི་སྒོས་ཆོས་བཤད་པའི་སྐབས་ཏེ་བཅུ་པའོ།། །།

མཐའ་མའི་འདོན་ཐེངས་།: 20.04.2024 ཉིན། 12:25 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།