སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་བཅུ་གཅིག་པ། མཇུག་རིང་འཆར་བའི་ངེས་པ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 25.04.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་བཅུ་གཅིག་པ། མཇུག་རིང་འཆར་བའི་ངེས་པ་བཤད་པ།

 ༈ དུ་བ་མཇུག་རིང་རྒྱུ་བ་ཡི། །རྟག་པའི་ལོངས་སྤྱོད་ཉི་མ་དང་། །མཚུངས་ཀྱང་འགྲོས་བཞི་རྩོམ་པ་ཡི། །རྐང་པའི་ཁྱད་ཀྱིས་འཆར་བ་སྟེ། །རིམ་པ་མདུན་དང་རིམ་མིན་ལ། །ཉི་མའི་རྒྱབ་ཏུ་མཐོང་བར་འགྱུར།། ༈ ལོ་གསུམ་ཟླ་བ་ཕྱེད་པ་གསུམ། །ཉིས་འགྱུར་ཟླ་བ་བདུན་ཅུ་ལྔས། །མྱུར་དང་དལ་བའི་འགྲོས་རྫོགས་འགྱུར། །སླར་ཡང་ཟླ་བ་དོན་ལྔ་ཡིས། །འཁྱོག་འབྱུང་གཉིས་ཀྱི་འགྲོས་རྫོགས་ཕྱིར། །མདའ་རི་ཉིས་འགྱུར་བརྒྱ་ལྔ་བཅུས། །དུ་བའི་འགྲོས་བཞི་རྫོགས་པ་ཡིན། །རྒྱུ་མཚན་འགྲོས་བཞི་རྫོགས་མཚམས་ནས། །བརྩམས་ཏེ་ལོ་གསུམ་ཕྱོགས་གསུམ་གྱིས། །མྱུར་འགྲོས་རྫོགས་མོད་ཕྱོགས་གཉིས་མཐར། །མདུན་འཆར་དེ་ནས་ཕྱོགས་གསུམ་དང་། །ལོ་གསུམ་དལ་བས་ཞིང་ལ་འཇུག །སླར་ཡང་ལོ་གསུམ་ཕྱོགས་གསུམ་གྱི། །འཁྱོག་འགྲོས་མཐའ་མར་རྒྱབ་ཏུ་འཆར། །དེ་རྗེས་ཕྱོགས་གསུམ་ལོ་གསུམ་གྱིས། །འབྱུང་འགྲོས་རྫོགས་མཐར་ཉི་མར་ཐིམ།། ༈ དེ་ཕྱིར་འགྲོས་བཞི་གང་ལ་ཡང་། །ལོ་གསུམ་ལོངས་སྤྱོད་ཉིན་རེ་བཞིན། །ཆུ་སྲང་གཉིས་དང་དབུགས་གསུམ་རེས། །ཉི་མ་ལས་ནི་མདུན་རྒྱབ་ཏུ། །ནོར་དང་བུ་ལོན་ཚུལ་དུ་སྤྱོད། །ཕྱོགས་གསུམ་བར་དུ་ཉིན་རེ་བཞིན། །ཆུ་ཚོད་གཅིག་དང་ཆུ་སྲང་ནི། །ང་གཉིས་དབུགས་གསུམ་ཉི་མ་ལས། །ཚེས་ལྷག་ནོར་དང་བུ་ལོན་སྤྱོད།། ༈ ཚུལ་དེ་རི་མོས་གཏན་འབེབས་ན། །རབ་ཉིའི་རྒྱལ་བ་འདས་པའི་ལོར། །བྱས་པའི་བྱེད་པའི་ཟླ་དག་ལ། །ནམ་མཁའ་ཀླུ་བྱིན་མདའ་རིས་བགོ །ལྷག་མེད་གྱུར་ཚེ་དུ་བ་མཐོང་། །རྙེད་པ་འཕར་ཏེ་མི་མཉམ་ན། །ཐོ་རེངས་ཤར་གྱི་ཕྱོགས་སུ་བརྟག །རྙེད་པ་འཕར་ཏེ་མཉམ་པ་ན། །སྲོད་ལ་ནུབ་ཀྱི་ཕྱོགས་སུ་བརྟག།༈ དེ་ནས་རྒྱུན་བཅས་ལོངས་སྤྱོད་དག །བརྟག་ཕྱིར་གོང་དུ་མདའ་རི་ཡིས། །བགོས་ལྷག་ཚོགས་དེ་མིག་གིས་བསྒྱུར། །དེ་ལ་གང་རྩིའི་ཞག་གྲངས་ལ། །ཚེས་ཀྱིས་ཐོབ་ནོར་འདིར་བསྲེ་ཞིང་། །སླར་ཡང་མདའ་རིར་ལོངས་ན་དོར། །ནོར་མཉམ་དོར་བ་རིམ་མིན་སྔ། །མ་དོར་རམ་པའི་ཕྱི་རྐང་སྟེ། །ནོར་མི་མཉམ་དོར་རིམ་པའི་སྔ། །མ་དོར་རིམ་མིན་ཕྱི་རྐང་ཡིན། །དོར་ལྷག་ཚེས་བསྒྱུར་སྔར་ཚེས་ཀྱིས། །བགོས་ལྷག་བསྲེས་པ་གནས་བཞི་བཀོད། །སྟེང་ནས་མཁའ་མཁའ་མིག་མེས་བསྒྱུར། །དུས་དང་མཁའ་རོས་སྒྲིལ་བའི་ཚོགས། །སྐབས་དེའི་ཉི་དག་ལོངས་སྤྱོད་ལ། །རིམ་མིན་སྔ་རྐང་ལ་སྦྱང་ཞིང་། །རིམ་པའི་སྔ་རྐང་ཚེ་ན་བྱིན། །གལ་ཏེ་དོར་བའི་ལྷག་མ་ལ། །ལག་ཐུབ་ལོངས་ན་དོར་ལྷག་དེ། །ཚེས་བསྒྱུར་ལྷག་མ་སྔར་བཞིན་བསྲེ། །གནས་བཞི་སྟེང་ནས་མཁའ་དང་གཟུགས། །མིག་དབང་མེ་ཡིས་རིམ་པར་བསྒྱུར། །དུས་དང་མཁའ་རོ་མཁའ་རོས་སྒྲིལ། །དེ་ཉིད་དབྱུག་གུ་ཞེ་ལྔ་ལ། །བསྲེས་པ་ཉི་དག་ལོངས་སྤྱོད་དུ། །བྱིན་དོར་སྔར་བཞིན་བྱ་བ་ཡིན། །མདའ་རིས་དོར་བ་མ་ལྡངས་ཚེ། །དེ་ལ་རྩེ་མོ་ཅན་གྱིས་དབྲི། །གལ་ཏེ་དབྲི་བར་མ་ལྡངས་ན། །ཚེས་བསྒྱུར་སྔར་གྱི་ལྷག་མ་བསྲེ། །གནས་བཞི་མཁའ་གཟུགས་མིག་དབང་མེས། །བསྒྱུར་ལ་དུས་དང་མཁའ་རོ་དང་། །མཁའ་རོས་སྒྲིལ་བའི་ཚོགས་དེ་ཡིས། །སྐར་མིག་དབྱུག་བུག་སྲང་ལག་མིག །དབུགས་མེ་རྣམས་ལ་སྦྱངས་པའི་ལྷག །ཉི་མ་དག་པའི་ལོངས་སྤྱོད་དུ། །རིམ་པའི་ཕྱི་རྐང་ལ་བྱིན་ཞིང། །རིམ་མིན་ཕྱི་རྐང་ཚེ་ན་སྦྱང། །རྩེ་མོས་སྦྱོང་བར་མ་ལྡངས་ཚེ། །ལྷག་མ་ཚེས་བསྒྱུར་སྔར་ལྷག་བསྲེ། །གནས་བཞི་མཁའ་མཁའ་མིག་མེས་བསྒྱུར། །དུས་དང་མཁའ་རོས་སྒྲིལ་བ་དེས། །དབྱུག་གུ་ཞེ་ལྔར་སྦྱངས་པའི་ལྷག །སྐབས་དེའི་ཉི་མ་དག་པ་ལ། །སྔར་བཞིན་བྱིན་དོར་བྱ་བ་ཡིན། །རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །རིམ་མིན་ཕྱི་རྐང་འབྱུང་འགྲོས་བྱང་། །དལ་འབྱུང་འགྲོས་མཐར་ནོར་བུ་ལོན། །ཁ་དག་ཉི་མར་ཐིམ་པར་འགྱུར། །མྱུར་འཁྱོག་འགྲོས་མཐར་རིམ་པ་བཞིན། །སྲོད་དང་ཐོ་རེངས་མཐོང་བར་འགྱུར།། ༈ མདོར་ན་ལོ་དྲུག་ཉི་མ་ཡི། །འོད་ཀྱིས་མནན་ཏེ་མཐོང་མི་འགྱུར། །དེ་རྗེས་ཟླ་གསུམ་ཐོག་ཐ་ལ། །སྐར་མའོ་བར་མར་དུ་བཅས་མཐོང་། །དེ་ནས་ལོ་དྲུག་མི་མཐོང་ཞིང་། །སླར་ཡང་ཟླ་གསུམ་བར་པ་ལ། །དུ་བ་མཐོང་བ་སྔར་བཞིན་ནོ།། ༈ འདི་ནི་རྟག་པའི་འགྲོས་ཅན་ཕྱིར། །དེ་ལས་རིམ་པ་གཞན་མེད་པས། །ལན་གཅིག་ཤར་ལ་ངེས་རྙེད་ན། །འཆར་བ་མཐའ་ཡས་དུས་ཤེས་འགྱུར། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །མཇུག་རིང་འཆར་བའི་ངེས་པ་བཤད་པའི་སྐབས་ཏེ་བཅུ་གཅིག་པའོ།། །།

མཐའ་མའི་འདོན་ཐེངས་།: 26.04.2024 ཉིན། 1:22 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།