སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་དགུ་པ། ཉིན་ཞག་ལ་སྤྱོད་པའི་གྲུབ་ཐའི་གཟའ་ལྔ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་དགུ་པ། ཉིན་ཞག་ལ་སྤྱོད་པའི་གྲུབ་ཐའི་གཟའ་ལྔ་བཤད་པ།

ད་ནི་སྐབས་དགུ་པས་ཉིན་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པ་ལ་གཉིས་ཏེ། དངོས་དང༌། ཞར་བྱུང་ཉི་བར་གྱི་རི་མོའི་རྣམ་གྲངས་བསྟན་པའོ། དང་པོ་ལ་གསུམ་སྟེ། སྤྱི་ཞག་བཙལ་བ་དང༌། སོ་སོའི་ངེས་པ་རྒྱས་པར་བཤད་པ། འགྲོས་བཞི་ངོས་བཟུང་བས་མཇུག་བསྡུ་བའོ། དང་པོ་ནི། བློ་ངན་འདས་ལོ་ཉི་མས་བསྒྱུར་ཞེས་བྱ་བ་ལ་སོགས་པ་ནི་ཟླ་དག་སྒྲུབ་པའི་ཆོ་ག་སྟེ་སྔར་གྲུབ་མཐའི་ལྔ་བསྡུས་སུ་བཤད་པ་དེ་ཁོ་ནའོ། དེ་ལྟར་བསྒྲུབས་པའི་ཟླ་དག་དེ་ཉིད་མཁའ་མེ་སྟེ་སུམ་ཅུས་བསྒྱུར་བ་ལ་གང་རྩིའི་ཚེས་གྲངས་བསྲེས་པས་ནི་རྩི་བཞིན་པ་ཡན་གྱི་ཚེས་ཞག་གི་ཚོགས་སུ་འགྱུར་རོ། དེ་ལྟ་བུའི་ཚེས་ཞག་གི་ཚོགས་དེ་ལས་ཉིན་ཞག་སྒྲུབ་པའི་ཆེད་དུ་དེ་ཉིད་གནས་གསུམ་དུ་བཞག་པའི་བར་པ་ལ་འབྱུང་བ་སྟེ་ལྔ་དང་འོག་མར་གཟུགས་ཉི་སྟེ་བརྒྱ་ཉེར་གཅིག་གིས་བརྒྱན་པར་བྱས་པ་ནི་རྩིས་འཕྲོའོ། གནས་འོག་མར་རི་མཁའ་རི་སྟེ་བདུན་བརྒྱ་བདུན་གྱིས་བགོས་ནོར་དབུས་ཀྱི་ཕུང་པོར་བསྲེ་བར་བྱ་ཞིང་དེ་ལ་ཆུ་རོ་སྟེ་རེ་བཞིས་བགོས་པའི་ཐོབ་ནོར་དེས་གནས་སྟེང་མར་འབྲིད་པ་ནི། ཚེས་ཞག་གི་གྲངས་ལས་ཉིན་ཞག་གི་གྲངས་ཉུང་བའི་བར་ཁྱད་ལ་ཉིན་ཞག་གཅིག་གི་རེ་བཞི་ཆ་གཅིག་དང་དེ་ཡང་རི་མཁའ་རིར་བསྟུབས་པའི་ཆ་གཅིག་རྣམས་ཡོད་ལ། དེའི་དབང་གིས། ཚེས་ཞག་རེ་བཞི་ན་ཉིན་ཞག་རེ་གསུམ་དུ་ཉིན་ཞག་གཅིག་གི་རི་མཁའ་རིའི་ཆ་གཅིག་གིས་ཆད་པ་ཞིག་འབྱུང་བའི་རྒྱུ་མཚན་གྱིས་སོ། དེ་ལྟར་སྟེང་མར་ཕྲི་བའི་ལྷག་མའི་ཚོགས་དེ་ལ་ནི་སྤྱིར་བཏང་ལ་མི་གསལ་བའི་ཉིན་ཞག་གི་ཚོགས་ཞེས་བྱ་སྟེ། སྐབས་འགར་ལྔ་བསྡུས་ཀྱི་རེས་གཟའི་རི་མོ་ལ་འཆར་བ་ལྟར་ཉིན་ཞག་གི་གྲངས་ཚེས་སྔ་མ་དེ་ཉིད་དུ་བསྡད་པའི་ལྡབ་པ་སྲིད་པས་དེའི་ཚེ་མི་གསལ་བའི་ཉིན་ཞག་ཅེས་བྱ་སྟེ། ཞག་སྔ་ཕྱི་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟ་བུའི་མི་གསལ་བའི་ཉིན་ཞག་གི་ཚོགས་དེ་ཉིད་ལས་གསལ་ཞག་བྱ་བའི་ཕྱིར་དུ། གཟའ་ལྷག་པོ་གང་ཤར་བའི་ཉིན་ཞག་ལྷག་པའི་ཕྱི་མ་དེ་ཉིད་དམན་པ་སྟེ་བོར་ནས་དེའི་འོག་གི་ཚེས་དེ་བྱིན་པར་བྱས་ནས་བརྩིས་པས་འགྲིག་པར་འགྱུར་ཏེ། རྒྱུ་མཚན་དེའི་ཕྱིར་ཆོ་ག་དེས་ནི་གསལ་བའི་ཉིན་ཞག་གི་ཚོགས་སུ་འགྱུར་ཏེ་གཟའ་ལྔ་སྤྱིའི་ཉིན་ཞག་རྣམ་པར་དག་པ་ཡིན་ནོ། འོ་ན་ཚེས་ཞག་རེ་བཞི་ན་ཉིན་ཞག་རེ་གསུམ་བག་མེད་རེ་འབྱུང་བ་དང༌། དེ་ལས་མི་གསལ་བའི་ཉིན་ཞག་འདོར་མཚམས་གང་ཞེ་ན། དེ་གནད་གཅིག་པར་རི་མོས་གཏན་ལ་དབབ་སྟེ། ངེས་པ་སྟོངས་ནས་ཟླ་བ་གཉིས་དང༌། ཞག་གཉིས་འདས་པ་སྣྲོན་ཟླའི་ཚེས་གསུམ་གྱི་སྤྱི་ཞག་བཟོ་བའི་ཚེ། རྩི་བཞིན་པ་ཡན་གྱི་ཞག་དྲུག་ཅུ་རེ་གསུམ་གནས་གསུམ་དུ་བྱས་པའི་འོག་མ་གཉིས་ལ་རང་རང་གི་འཁོར་ལོས་མ་ཐོབ་པས་དེའི་ཚེ་གསལ་ཞག་ཀྱང་རེ་གསུམ་ཉིད་དོ། དེ་ནས་ཚེས་བཞིའི་རྩིས་བྱེད་པ་ན་ཚེས་ཞག་རེ་བཞི་གནས་གསུམ་དུ་བཞག་པས་འོག་མར་རི་མཁའ་རིས་མ་ཐོབ་ཀྱང༌། བར་མར་རེ་བཞིས་རྙེད་པའི་ནོར་གཅིག་གིས་སྟེང་ནས་དམན་པས་དེ་ཉིན་གྱི་སྤྱི་ཞག་ཀྱང་རེ་གསུམ་ཉིད་དུ་འཆར་རོ། དེའི་ཚེ་དེ་ནི་མི་གསལ་བའི་ཉིན་ཞག་སྟེ། གོང་དུ་ཚེས་གསུམ་དང་སྦྱར་ཏེ་བརྩིས་ཟིན་པའི་ཕྱིར་རོ། དེས་ན་གཟའ་ལྷག་པོ་གང་ལ་བྱུང་བའི་ཚེས་བཞི་དང་ཉིན་ཞག་སྦྱར་བའི་རྩི་བ་བོར་ནས་ཚེས་ལྔའི་རྩིས་བྱས་པ་ན་བར་མའི་ཐོབ་ནོར་གཅིག་གིས་སྟེང་ནས་ཕྲི་བས་གསལ་ཞག་རེ་བཞི་འཆར་ཏེ་འདབ་ཆགས་པར་འགྱུར་རོ། དེ་ནི་རིམ་ཅན་དུ་རྩི་ན་དེ་ལྟར་ཡིན་མོད་ཀྱི། གློ་བུར་དུ་རྩི་བའི་ཚེ་ཇི་ལྟར་བྱ་ཞེ་ན། ཚེས་གང་གི་སྤྱི་ཞག་གི་རྩིས་བྱས་པ་ན་གནས་བར་པ་རེ་བཞི་ཆ་ལ་ལྷག་མ་མེད་པའི་དེ་དོར་བས་ཕལ་ཆེར་དགོས་པ་འགྲུབ་ཅེས་གསུང་ངོ༌། འདི་ནི་ཞལ་ལུང་མཁན་པོའི་བཞེད་པ་སྟེ། རིགས་ལྡན་པདྨ་དཀར་པོའི་འགྲེལ་ཆེན་ལས། ཁ་ཅིག་ཏུ་ཉིན་ཞག་སོ་སོའི་གཟའ་ལྷག་པས་གསལ་བའི་དོན་དུ་གཟའ་གཅིག་དམན་པར་འགྱུར་རོ། དེའི་ཕྱིར་གསལ་བའི་ཉིན་ཞག་གི་ཚོགས་སུ་འགྱུར་རོ། ཞེས་གསུངས་པའི་དགོངས་པ་དཔྱིས་ཕྱིན་པ་ཡིན་ནོ། འདི་ལས་གཞན་དུ་མཁས་པ་ཕལ་ཆེར་གསལ་ཞག་རེས་གཟའ་དང་བསྟུན་ནས་མ་འགྲིག་ན་སྣོན་འབྲིད་བྱེད་པ་དང་མཁས་པ་ལ་ལ་དག་རེ་བཞི་ཆའི་ལྷག་མར་ཕྱེད་པས་ལྷག་ན་སྟེང་ནས་གཅིག་ཕབ་སྟེ་བར་འོག་གི་ལྷག་གིས་སྦྱངས་པས་གསལ་ཞག་ཏུ་འགྱུར་བར་འདོད་པ་སོགས་སུ་སྨྲ་བ་དེ་དག་འཁྲུལ་པ་ཡིན་པས་དོར་བྱར་ཤེས་པར་བྱའོ། གཉིས་པ་སོ་སོའི་ངེས་པ་རྒྱས་པར་བཤད་པ་ལ་གསུམ་སྟེ། རྟག་པའི་ལོངས་སྤྱོད་ལ་བརྟེན་ནས་ལོངས་སྤྱོད་ཙམ་དུ་སྒྲུབ་པ། དལ་རྐང་ལ་བརྟེན་ནས་དལ་དག་ཏུ་སྒྲུབ་པ། མྱུར་རྐང་ལ་བརྟེན་ནས་མྱུར་དག་ཏུ་སྒྲུབ་པའོ། དང་པོ་ལ་གཉིས་ཏེ། སྒོས་ཞག་དང༌། ལོངས་སྤྱོད་དངོས་སོ། དང་པོ་ནི། སྤྱི་ཞག་སྒྲུབ་ཚུལ་བཤད་པའི་རྗེས་དེ་ནས་གཟའ་ལྔ་སོ་སོའི་ཉིན་ཞག་ནི། བཀྲ་ཤིས་དོན་དུ་སྤྱི་ཞག་ལ། ལག་མིག་རྩེ་མོ་ཅན་གྱིས་བརྒྱན། ཞེས་བྱ་བ་ལ་སོགས་པ་སྟེ། ཆོ་ག་རྣམ་པར་དག་པའི་སྒོ་ནས་བསྒྲུབས་པའི་སྤྱིའི་གསལ་ཞག་གི་ཚོགས་ལ་ལག་མིག་རྩེ་མོ་ཅན་སོགས་བསྲེ་བ་ནི་གཟའ་རང་རང་གི་དཀྱིལ་འཁོར་དུ་མ་ལོངས་པའི་རྩིས་འཕྲོ་ཡིན་ལ། ཁྱད་པར་ཞི་གཟའ་གཉིས་ལ་གསལ་ཞག་བརྒྱ་དང་བཅུས་བསྒྱུར་ནས་སྟེར་བ་ནི། བགོད་བྱེད་རྐང་པའི་དཀྱིལ་འཁོར་བརྒྱ་དང་བཅུའི་ཆར་གསིལ་བ་ཡིན་པས་དེ་དང་ཤེད་མཚུངས་པའི་ཆེད་དོ། །རྩིས་འཕྲོ་བསྲེས་པའི་ཚོགས་དེ་ལ་གཟའ་རང་རང་གི་དཀྱིལ་འཁོར་གྱིས་བགོ་བར་བྱའོ། །སོ་སོའི་དཀྱིལ་འཁོར་ནི། བཀྲ་ཤིས་ལ་ནི་རི་ཀླུ་རོ། ཞེས་བྱ་བ་ལ་སོགས་པ་སྟེ། འདིའི་ཞི་གཟའ་གཉིས་ཀྱི་དཀྱིལ་འཁོར་ནི་ཆའི་དཀྱིལ་འཁོར་ཡིན་པས་ཉིན་ཞག་རང་སྐྱ་བའི་དཀྱིལ་འཁོར་མ་ཡིན་ནོ། དེ་ལྟར་གཟའ་རང་རང་གི་དཀྱིལ་འཁོར་གྱིས་ཐོབ་པའི་ནོར་ནི་རྩིས་འཕྲོ་བཟུང་བ་ཕྱིན་གྱི་འཁོར་ལོ་འཁོར་བའི་གྲངས་ཡིན་པས་དོར་བར་བྱ་ཞིང༌། ལྷག་མ་རྣམས་ནི་གཟའ་ལྔ་པོ་རང་རང་སོ་སོའི་སྒོས་ཀྱི་ཉིན་ཞག་ཏུ་གྲུབ་པ་ཡིན་ནོ། གཉིས་པ་ནི། གཟའ་རང་རང་གི་སྒོས་ཀྱི་ཉིན་ཞག་དེ་རྣམས་སྐར་མ་ཉེར་བདུན་གྱིས་བསྒྱུར་བ་ལ། རི་ཀླུ་རོ་ལ་སོགས་ཏེ་གཟའ་རང་རང་གི་དཀྱིལ་འཁོར་རྣམས་ཀྱིས་བགོས་པས་ཐོབ་པ་ནི་སྐར་མའི་གནས་སུ་བཞག་པར་བྱའོ། ཡང་དེའི་ལྷག་མ་མཁའ་རོ་དང༌། མཁའ་རོ་དང༌། དུས་དང༌། གཟའ་རང་རང་གི་ཆ་ཤས་སོ་སོས་བསྒྱུར་བར་བྱས་པ་ལ་རིམ་པ་བཞིན་དུ་རང་རང་གི་དཀྱིལ་འཁོར་གྱིས་བགོས་པའི་རྙེད་པ་ནི། དྲག་གཟའ་གསུམ་གྱི་ཞག་དེ་དང་དེའི་རྒྱུན་བཅས་ཀྱི་དལ་བ་བར་པ་དང༌། ཞི་གཟའ་གཉིས་ཀྱི་ཞག་དེ་དང་དེའི་རྒྱུན་བཅས་ཀྱི་རྐང་འཛིན་ལོངས་སྤྱོད་ཡིན་ནོ། དེ་ལ་གཟའ་རང་རང་གི་ཆ་ཤས་གང་ཞེ་ན། དེ་ནི། མིག་དམར་བུག་མིག་ལག་པའི་ཆ། ཞེས་བྱ་བ་ལ་སོགས་པ་སྟེ། ལྷག་པ་མ་གཏོགས་པ་གཞན་རྣམས་རིམ་པ་བཞིན་དུ་དཀྱིལ་འཁོར་གྱི་སུམ་ཆ་དང༌། བཅུ་གཉིས་ཆ་དང༌། གསུམ་ཆ་དང༌། གཉིས་ཆ་རྣམས་སུ་ཤེས་པར་བྱའོ། འདིར་སྒོས་ཞག་སྐར་མས་བསྒྱུར་ནས་རང་རང་གི་དཀྱིལ་འཁོར་གྱིས་བགོད་པ་སོགས་ཀྱི་རྒྱུ་མཚན་ནི། སྒོས་ཞག་གི་ཚོགས་ཀྱི་ཞག་རེའི་སྟེང་ན་རང་རང་གི་ཉིན་ཞག་རེའི་ལོངས་སྤྱོད་རེ་ཡོད་པ་རྟོགས་པའི་ཆེད་དེ། འདི་ལྟར་སྒོས་ཞག་གཅིག་ཡོད་ན་བསྒྱུར་བགོད་ལ་སོགས་པའི་ཆོ་ག་དེས་གཟའ་རང་རང་གི་ཉིན་ཞག་གི་རྟག་པའི་ལོངས་སྤྱོད་འཆར་བ་བཞིན་དུ་སྒོས་ཞག་གཉིས་སོགས་ལའང་རིགས་པ་མཚུངས་པའི་ཕྱིར་རོ། དེ་ལྟར་དྲག་གསུམ་གྱི་དལ་བར་དང་ཞི་གཉིས་ཀྱི་རྐང་འཛིན་བར་པ་བཤད་པའི་རྗེས་དེ་ནས་ཞི་གཉིས་ཀྱི་དལ་བར་དང་དྲག་གསུམ་གྱི་རྐང་པའི་ལོངས་སྤྱོད་ཀྱི་ཆེད་དུ་ཉིན་ཞག་ཉི་མ་བར་པ་སྒྲུབ་པ་ལས་ཐོག་མར་དྷྲུ་ཝ་ནི། རྩི་བཞིན་པའི་ཚེས་གྲངས་མ་བསྲེས་པ་མ་གཏོགས་ཆོ་ག་གཞན་སྔར་བཞིན་བགྱིས་པའི་གསལ་ཞག་གི་ཚོགས་རྣམས་ཉི་དྷྲུའི་དོན་དུ། མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བ་ནི་བགོད་བྱེད་ཉིན་ཞག་གི་དཀྱིལ་འཁོར་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་བ་དང་ཤེད་མཚུངས་པའི་ཆེད་དོ། དེ་ལ་དུས་མཚམས་ཀླུ་དང་རོ་ཡིས་ཕྲི་བ་ནི་རྩིས་འཕྲོ་སྟེ། འདིར་བུག་མེ་འབྱུང་རི་མཁའ་ཐུབ་རོ་རྣམས་སྦྱིན་ཀྱང་དག་མོད་ཀྱི། བྱ་སླ་བའི་ཕྱིར་དེས་དཀྱིལ་འཁོར་ལ་སྦྱངས་པའི་ལྷག་ལ་འདི་ལྟར་འབྱུང་བ་ན་ལྷག་གྱུར་དོར་བའོ། དེ་ལྟར་ཕྲི་ལྷག་ལ་མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས་བགོད་པ་ནི་ཉིན་ཞག་དཀྱིལ་འཁོར་སུམ་བརྒྱ་རེ་ལྔ་རྗེས་འབྲང་དང་བཅས་པའི་གནས་རྣམས་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་ལ་རང་རང་འཁོར་ལོས་ཞག་བར་དྲིལ་བས་བགོད་བྱེད་དེ་ཉིད་འོང་བའི་ཕྱིར་རོ། དེས་བགོས་པའི་རྙེད་ནོར་ནི་འཁོར་ལོ་ལོངས་པའི་གྲངས་ཡིན་པས་དོར་ལ། ལྷག་མའི་ཚོགས་རྣམས་རྒྱུ་སྐར་གྱི་འཁོར་ལོས་བསྒྱུར་བ་ལ་མདའ་མཁའ་སོགས་ཉིན་ཞག་གི་ཕུང་པོས་ཐོབ་ནོར་ནི་སྐར་མའོ། དེ་བཞིན་དུ་ལྷག་མ་རྣམས་མཁའ་རོ་དང༌། མཁའ་རོ་དང༌། དུས་དང༌། བུག་མཁའ་མིག་བུག་ཡིད་ཀྱི་ཆ་རྣམས་ཀྱིས་རིམ་པ་བཞིན་དུ་བསྒྱུར་བ་ལ། ཉིན་ཞག་གི་ཕུང་པོ་མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས་སོ་སོར་བགོས་པའི་ཐོབ་ནོར་བརྩེགས་པའི་ཚོགས་ནི་ཉིན་ཞག་ཉི་མའི་དྷྲུ་ཝ་ཀའོ། དེ་ནས་ཉི་དྷྲུ་དེའི་དབྱུག་གུར་མཚོ་དང༌། སྲང་དུ་དུས་མིག་དང༌། དབུགས་སུ་ཐིག་དང༌། བུ་ག་སོགས་ཀྱི་ཆ་ཤས་ཀྱི་གནས་སུ་དུས་ཚེས་མེ་བུག་རྣམས་ཚེས་བསྒྱུར་སྟེར་རམ། ཡང་ན་དེ་སུམ་ཅུའི་བར་སྤེལ་བའི་ཉིན་ཞག་ཉི་མའི་རྟག་ལོངས་ཀྱི་རེའུ་མིག་ལས་སྦྱིན་ཀྱང་འདྲ་སྟེ། དེ་ལྟར་སྦྱིན་པ་དེ་ནི་ཉིན་ཞག་ཉིན་བར་ཡིན་ནོ། གཉིས་པ་དལ་རྐང་ལ་བརྟེན་ནས་དལ་དག་ཏུ་སྒྲུབ་པ་ནི། དྲག་གཟའ་གསུམ་གྱི་དལ་བ་བར་པ་དང༌། ཞི་གཟའ་གཉིས་ཀྱི་དལ་བར་ཉི་མ་དང་མཚུངས་པས་ཉི་མ་བར་པའོ། དེ་དག་ལས་གང་རྩི་བར་འདོད་པ་དེ་གནས་གཉིས་སུ་བཀོད་པའི་གནས་ཕྱོགས་གཅིག་ལ་གཟའ་ལྔ་པོ་རང་རང་གི་སྐྱེས་ཁྱིམ་སྦྱོང་བར་བྱའོ། ཇི་ལྟར་སྦྱང་ན། བཀྲ་ཤིས་ཏེ་མིག་དམར་ནི་སེང་གེའི་ཁྱིམ་གྱི་རྐང་པ་གཉིས་འདས་པ་སྐར་མ་མཆུའི་ཕྱེད་དུ་སྐྱེས་པས་ཐ་སྐར་ནས་དེའི་བར་གྱི་སྐར་མ་དགུ་དང༌། མཁའ་མེ་སྟེ་མཆུའི་ཆུ་ཚོད་སུམ་ཅུ་སྦྱངས་ཏེ་རྒྱུ་མཚན་རང་སྐྱེས་པ་ནས་དལ་རྐང་གི་འགོ་རྩོམ་པས་སོ། དེ་བཞིན་དུ། མི་བདག་སྟེ་སྐར་མ་བཅུ་དྲུག་དང་ཕྱེད་བཅས་ཏེ་ཆུ་ཚོད་སུམ་ཅུ་སྦྱོང་བ་ནི་ཟླ་བའི་བུ་ལྷག་པ་ལ་སྟེ། དེ་སྡིག་པའི་ཁྱིམ་སྐར་མ་ལྷ་མཚམས་ཀྱི་ཕྱེད་དུ་སྐྱེས་པས་སོ། ཕུར་བུ་ནི་བུ་མོའི་ཁྱིམ་མེ་བཞིའི་ཐོག་མར་སྐྱེས་པས་སྔ་མའི་རྒྱུ་སྐར་བཅུ་གཉིས་པོ་སྦྱང་ངོ༌། པ་ཝ་སངས་ནི་འཁྲིག་པའི་ཁྱིམ་ནབས་སོའི་ཐོག་མར་སྐྱེས་པས་དེའི་གོང་གི་སྐར་མ་དྲུག་སྦྱང་ངོ༌། སྤེན་པར་སྐར་མ་བཅོ་བརྒྱད་དོར་ཏེ། དེ་གཞུའི་ཁྱིམ་སྣྲུབས་ཀྱི་ཐོག་མར་སྐྱེས་པས་སོ། གལ་ཏེ་རང་རང་གི་སྐྱེས་ཁྱིམ་སྦྱང་དུ་མ་ལྡང་ན་རྒྱུ་སྐར་གྱི་འཁོར་ལོ་བསྣན་ཏེ། དེ་ལས་སྦྱང་ཞིང་བསྣན་ནམ་མ་བསྣན་ཀྱང་རུང་སྟེ། སྦྱངས་རྗེས་སུ་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ལྷག་ན་དོར་བ་སོགས་ཀྱི་རྒྱུ་མཚན་ནི་ཉི་མ་དང་འདྲའོ། དེ་ལྟར་འཁོར་ཕྱེད་དོར་རུང་མ་དོར་རུང་སྐྱེས་ཁྱིམ་སྦྱངས་པའི་ལྷག་མ་ནི་རྐང་འཛིན་དག་པ་སྟེ། དེའི་སྐར་མའི་གནས་མཁའ་རོས་བསྒྱུར་ཏེ་འོག་གི་ཆུ་ཚོད་བཅུག་པ་ལ་མདའ་ཡོན་ཟླས་བགོས་པའི་ཐོབ་ནོར་གྱིས་རང་རང་སོ་སོའི་དལ་རྐང་བཟུང་བར་བྱའོ། བཟུང་བྱའི་ཐ་དད་པའི་རྐང་པ་ནི། བཀྲ་ཤིས་ཏེ་མིག་དམར་གྱི་རྐང་གནས་དང་པོ་ལ་དེ་ཉིད་དེ་ཉེར་ལྔ་དང༌། གཉིས་པར་ཉེས་པ་སྟེ་བཅོ་བརྒྱད་དང༌། གསུམ་པར་རི་སྟེ་བདུན་ནོ། དེ་བཞིན་དུ་ཟླ་སྐྱེས་ལ་ཕྱོགས་དང་རི་དང་རྩེ་མོ་ཅན་ནོ། སྒྲ་མཁན་ལ་བདེ་བྱེད་དང་བུག་པ་དང་མེའོ། དཀར་པོ་ལ་མདའ་དང་ཆུ་དང་རི་བོང་ཅན་ནོ། དལ་འགྲོ་ལ་ལག་མིག་དང་ཚེས་དང་མཚམས་སོ། དེ་ལྟར་རེ་རེ་ལ་རྐང་གནས་གསུམ་གསུམ་བརྩེགས་མར་བྲིས་པ་དེ་དག་ནི་རང་རང་སོ་སོའི་སྔ་རྐང་སྟེ། ཕྱི་རྐང་ལ་ནི་སྔ་རྐང་དེ་ཉིད་གོ་རིམ་ལྡོག་སྟེ་བྲིའོ། དེ་ལྟར་ན་སོ་སོའི་རིམ་པའི་སྔ་རྐང་ལ་གནས་གསུམ་རེ་དང༌། རིམ་པའི་ཕྱི་རྐང་ལའང་གསུམ་རེ་ཡོད་པས་ཁྱོན་རོ་སྟེ་གནས་དྲུག་དྲུག་བརྩེགས་ལ་བྲི་བའི་རྒྱུ་མཚན་ནི་གཟའ་རྣམས་རང་རང་གི་སྐྱེས་སྐར་ནས་བརྩམས་ཏེ་རིམ་པའི་སྔ་རྐང་གསུམ་དང་ཕྱི་རྐང་གསུམ། རིམ་མིན་གྱི་སྔ་རྐང་གསུམ་དང་ཕྱི་རྐང་གསུམ་སྟེ་རྐང་གནས་དྲུག་པོ་ལན་གཉིས་ལྡབ་པ་དང་ཁྱིམ་བཅུ་གཉིས་འཁོར་བ་སོགས་ནི་གཟའ་ཐམས་ཅད་ཀྱི་ངེས་པའོ། ཁྱིམ་སོ་སོའི་ཉིན་ཞག་གི་ལོངས་སྤྱོད་མ་འདྲེས་པའི་ཚུལ་ཤེས་པར་འདོད་ན་འདི་ཉིད་ཀྱི་ལེའུ་ཉི་ཤུ་རྩ་གཅིག་པར་བཤད་པའི་རེའུ་མིག་སྤེལ་བའི་སྤྱི་ནུར་གྱི་ཆོ་ག་ལ་བལྟས་པ་ན། དལ་རྐང་མི་འདྲ་བ་གསུམ་ཡོད་པའི་དོན་གྱིས་རྐང་ལོངས་མི་འདྲ་བ་གསུམ་དུ་འགྱུར་ལ། དེས་རང་རང་གི་དལ་བར་ལ་ནོར་བུ་ལོན་འགྱུར་ཚུལ་སོགས་ཀྱི་མཚང་ཤེས་པར་འགྱུར་ཏེ་འདིར་མ་སྤྲོས་སོ། སོ་སོའི་རྐང་པ་འཛིན་ཚུལ་ནི། སྔ་རྐང་ལ་ཟོས་ཟིན་དང་ཕྱི་རྐང་ལ་མ་ཟོས་པའི་རྐང་པ་རྣམས་སྡོམ་མོ། དེ་ནས་རྐང་བཟུང་སྔོན་མས་ལྷག་རྣམས་བསྒྱུར་པའམ། གལ་ཏེ་མ་ཟིན་ན་རྐང་པ་དང་པོ་ཉིད་ཀྱིས་བསྒྱུར་ནས་མདའ་ཡོན་ཟླ་བས། དྲག་གཟའ་གསུམ་གྱི་དལ་བར་དང༌། ཞི་གཟའ་གཉིས་ཀྱི་ཉི་བར་གང་ཡིན་དེའི་ཆའི་བར་དུ་རིམ་པར་བགོ་བ་སོགས་ཉི་མ་ལ་བྱ་བ་བཞིན་བྱས་པའི་རྙེད་པ་རྣམས་ནི་རྒྱུ་བཞིན་པའི་དབྱུག་སྲང་ལ་སོགས་པ་སྟེ། རྐང་མཚམས་སུ་མ་སླེབ་ཀྱི་བར་སྔ་རྐང་སྟེ། དེའི་ཚེ་ཡང་དག་རྒྱུ་བའི་ཆུ་ཚོད་དང་རྐང་སྡོམ་བསྲེ་ཞིང༌། སླེབས་པ་མན་ནས་ཕྱི་རྐང་སྟེ། ཡང་དག་རྒྱུས་རྐང་སྡོམ་ལ་སྦྱང་ཞིང༌། དེ་ལས་གཅིག་འབེབས་པ་སོགས་ཉི་མ་བཞིན་བྱས་པའི་རྐང་པའི་ལོངས་སྤྱོད་དེ་དག གཟའ་རང་རང་གི་དལ་བར་གཅིག་ཤོས་ལ་འཁོར་ཕྱེད་དོར་ན་རིམ་མིན་ཏེ་བསྣན་པར་བྱ་ཞིང༌། མ་དོར་ན་རིམ་པ་སྟེ་ཕྲི་བའི་ཆོ་ག་དེ་ཡིས། གཟའ་ལྔ་པོ་རང་རང་གི་རྒྱུན་གྱི་དལ་བ་རྣམ་པར་དག་པར་འགྱུར་རོ། གསུམ་པ་མྱུར་རྐང་ལ་བརྟེན་ནས་མྱུར་བ་དག་པར་བསྒྲུབ་ཚུལ་ནི། གཟའ་ལྔ་པོ་རང་རང་གི་དལ་བ་དག་པ་གནས་གཉིས་སུ་བཞག་པའི་གཅིག་ནི་རང་རང་གི་རྐང་པ་ལས་བྱུང་བའི་ལོངས་སྤྱོད་སྦྱིན་དོར་གྱི་གཞི་དང༌། གཅིག་ནི་རྐང་པའི་ལོངས་སྤྱོད་ལས་བུ་ལོན་ལེན་བྱེད་ཡིན་ནོ། དེ་ནས་སྐབས་སུ་བབས་པའི་དྲག་གཟའ་གསུམ་པོ་རང་རང་གི་དལ་བ་དག་པ་གནས་གཅིག་གིས་ནི་ཉིན་ཞག་ཉི་མ་བར་པ་ལ་སྦྱང་དགོས་ཏེ། ཉི་བར་ནི་རང་གི་དལ་བར་དང་དྲག་གཟའ་གསུམ་གྱི་རྐང་འཛིན་ལོངས་སྤྱོད་བུ་ལོན་དང་བཅས་པ་ཡིན་ལ། རང་རང་གི་དལ་བ་དག་པ་ནི་བུ་ལོན་ལེན་བྱེད་ཡིན་པའི་ཕྱིར་རོ། ཞི་གཟའ་གཉིས་ལ་ནི་སྐབས་སུ་བབས་པའི་རང་རང་གི་དལ་དག་གིས། རང་རང་གི་རྐང་འཛིན་ལོངས་སྤྱོད་ལ་སྦྱང་དགོས་ཏེ་བུ་ལོན་དང་དེ་ལེན་བྱེད་གོང་བཞིན་ཡིན་པའི་ཕྱིར་རོ། དེའི་རྒྱུ་མཚན་ནི། ཉི་མའི་ཉིན་ཞག་དཀྱིལ་འཁོར་དྲག་གསུམ་གྱི་རྐང་པའི་དཀྱིལ་འཁོར་དང་ཞི་གཉིས་རང་རང་གི་སྒོས་ཞག་དཀྱིལ་འཁོར་རང་རང་གི་རྐང་པའི་དཀྱིལ་འཁོར་ཡིན་པས། བུ་ལོན་མེད་ན་དཀྱིལ་འཁོར་དེའི་དུས་ལ་གཟའ་ལྔའི་འགྲོས་བཞི་རྫོགས་རྒྱུ་ཡིན་པ་ལ། དེའི་དུས་ལ་རང་རང་གི་དལ་བ་དག་པས་ཇི་ཙམ་སྤྱད་པ་དེ་ཙམ་ཞིག་རྐང་འཛིན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་བས་དུས་དེར་འགྲོས་བཞི་མ་རྫོགས་པས་སོ། རང་རང་གི་དལ་དག་གིས་ཇི་ཙམ་སྤྱད་པ་དེ་ཙམ་ཞིག་རྐང་འཛིན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་བ་ཡང་ཡིན་ཏེ། རང་རང་གི་འགྲོས་བཞི་པོ་རང་རང་གི་དལ་དག་ལས་བརྩམས་ཏེ་བྱེད་དགོས་པས། རང་རང་གི་དལ་དག་དང་རྐང་འཛིན་ཐུན་མོང་དུ་སྤྱད་པའི་ལོངས་སྤྱོད་རྣམས་ཀྱིས་མྱུར་རྐང་འཛིན་པའི་བྱ་བ་སོགས་བྱེད་མི་རིགས་པའི་ཕྱིར། དཔེར་ན། ཐ་སྐར་ནས་བཟུང་སྟེ་རང་མ་སྐྱེས་གོང་གི་ཁྱིམ་རྣམས་ཀྱིས་དལ་རྐང་འཛིན་པ་སོགས་ཀྱི་བྱ་བ་མི་བྱེད་པ་བཞིན་ནོ། །དེ་ལྟར་རང་རང་གི་དལ་དག་གིས་རང་རང་གི་རྐང་འཛིན་ལོངས་སྤྱོད་ལ་སྦྱང་དུ་མ་ལྡང་ན་ནི་རིམ་པའི་སྔ་རྐང་དང་པོ་ནས་ཀྱི་འཕྲོ་རྟོགས་པའི་ཆེད་དུ་འཁོར་ལོ་བསྣན་ལ་སྦྱང་བར་བྱའོ། །བསྣན་རུང་མ་བསྣན་རུང་སྦྱངས་པའི་ཤུལ་དུ་རྒྱུ་སྐར་གྱི་འཁོར་ལོ་ཕྱེད་ལྷག་ན་དོར་བས་ཆོག་སྟེ། རྐང་འཛིན་དག་པས་དལ་བ་ལས་ལྷག་པོར་འཁོར་ཕྱེད་སོང་བའི་མཚམས་སུ་མྱུར་བའི་རིམ་པའི་སྔ་རྐང་ཕྱི་རྐང་གི་ནོར་བུ་ལོན་རྣམ་པར་དག་ནས་དལ་དག་ཉིད་དུ་བྲི་གང་མེད་པས་འཕྲོ་རྩི་མི་དགོས་པའི་ཕྱིར་རོ། འཁོར་ཕྱེད་དོར་ན་ནི་རིམ་མིན་དང་མ་དོར་ན་རིམ་པར་བྱེད་པ་དལ་བ་དང་འདྲ་ཞིང༌། འཁོར་ཕྱེད་དོར་མ་དོར་གང་ཡིན་ཀྱང་རུང༌། དལ་བས་རྐང་འཛིན་ལ་སྦྱངས་པའི་ལྷག་མའི་སྐར་མ་ལ་སོགས་པ་རྣམས་ཀྱིས་མྱུར་རྐང་བཟུང་དགོས་ཏེ། རྐང་འཛིན་དག་པས་སྤྱད་པའི་སྐར་མ་རེའི་ས་ཁྱོན་ལ་མྱུར་རྐང་རེ་གནས་པས་སོ། དེ་ཡང་འཁོར་ཕྱེད་མ་དོར་ན་ནི་རིམ་པ་སྟེ། དེའི་ཚེ་རྐང་པ་ལུགས་འབྱུང་དུ་ཡས་ནས་མར་འཐུར་དུ་བརྩིས་ནས་འཛིན་ལ། གང་རྩི་འཁོར་ཕྱེད་དོར་ན་ནི་རིམ་མིན་ཏེ། དེའི་ཚེ་རྐང་པ་ལུགས་ལྡོག་ཏུ་མས་ནས་ཡར་གྱེན་དུ་བརྩིས་ནས་འཛིན་ཏེ། རྐང་པ་སྒོར་མོར་སྤྱོད་པའི་གནད་གོ་དགོས་པའི་ཕྱིར་རོ། དེས་ན་ཉི་ཟླ་དང་གཟའ་ལྔའི་དལ་རྐང་སོགས་ལ་རྐང་སྔ་ཕྱིའི་རི་མོ་གཅིག་པས་རིམ་རིམ་མིན་གྱི་གོ་བ་འཆུག་ཕྱིན་སྟེང་ནས་འོག་ཏུ་འདྲེན་ཚུལ་གཅིག་པ་ཁོ་ན་མཛད་པ་ལ་སྐྱོན་མི་འབྱུང་མོད། གཟའ་ལྔའི་མྱུར་རྐང་གི་སྐབས་སུ་རོང་པ་ཤེས་སེང་ན་རེ། གཟའ་ལྔའི་མྱུར་རྐང་རིམ་མིན་ཡང་ལུགས་འབྱུང་དུ་འཛིན་ཏེ། ཞེས་སོགས་ཟེར་བ་མཁས་པ་བུས་བཀག་པ་ཤིན་ཏུ་ལེགས་ཏེ། འདིར་ལུགས་འབྱུང་དུ་ཟིན་ན་རི་མོ་འཆུགས་ཏེ་རིམ་མིན་ཡང་རིམ་པར་བརྩིས་པའི་སྐྱོན་ཆགས་པའི་ཕྱིར་རོ། དེ་ཡང་རིམ་པའི་རྐང་པ་བཅུ་གསུམ་པ་ཡན་ལ་རྐང་པ་རིལ་པོ་རེ་འཕོ་བས་དཀའ་བ་མེད་མོད། བཅུ་བཞི་པ་རིམ་པའི་ཕྱི་རྐང་ཐ་མ་དང་རིམ་མིན་གྱི་སྔ་རྐང་དང་པོ་འཛིན་པའི་ཚེ་རྐང་གནས་བཅུ་བཞི་པ་དེའི་འཕོ་མཚམས་ཕོག་ཀྱང་རྐང་པ་རིལ་པོ་རེ་མི་འཕོ་བས་སྐབས་འདིར་སྐར་མ་ཕྱེད་ཀྱིས་རྐང་པ་འཛིན་དགོས་སོ། དེའི་ཕྱིར་རྒྱུན་གྱི་རྐང་པ་འཛིན་ཚུལ་ཀྱང་རིམ་པ་ལ་ནི་དཀའ་བ་མེད་ལ། རིམ་མིན་གྱི་ཚེ་རྐང་འཛིན་དག་པ་ལ་སྐར་མ་ཐིག་དང་ཆུ་ཚོད་སུམ་ཅུར་མ་ལོངས་ཀྱི་བར་ལ་ནི་རྐང་གནས་དང་པོ་ཉིད་རྒྱུ་ལ། སོ་གཅིག་ལྟ་བུ་བྱུང་ན། ཆུ་ཚོད་སུམ་ཅུས་དེ་ཉིན་གྱི་རྐང་པ་དང་པོ་འཛིན། དེའི་ལྷག་མའི་ཆུ་ཚོད་གཅིག་པོ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། དེ་བཞིན་དུ་འཁོར་ཕྱེད་དོར་ནས་རྐང་འཛིན་ལོངས་སྤྱོད་དུ་སྐར་གནས་སྟོང་པ་དང༌། ཆུ་ཚོད་ལྔ་བཅུ་ང་དགུ་ལྟ་བུ་བྱུང་ན། ཆུ་ཚོད་སུམ་ཅུས་རིམ་རྐང་དང་པོ་འཛིན། དེའི་ལྷག་མ་ཉེར་དགུ་པོ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། དེ་གཉིས་ཀྱི་རིགས་པས་བར་རྣམས་ཀྱང་ཤེས་པར་བྱའོ། །ཡང་འཁོར་ཕྱེད་དོར་ནས་རྐང་འཛིན་ལོངས་སྤྱོད་དུ་སྐར་མ་གཅིག་ལྟ་བུ་བྱུང་ན། སྐར་མ་ཕྱེད་ཀྱིས་རིམ་མིན་སྔ་རྐང་དང་པོ་འཛིན། ཕྱེད་ཆུ་ཚོད་དུ་ཕབ་ལ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ། དེ་བཞིན་དུ། འཁོར་ཕྱེད་དོར་ནས་རྐང་འཛིན་ལོངས་སྤྱོད་དུ་སྐར་མ་བཅུ་གསུམ་ལྟ་བུ་བྱུང་ན། སྐར་མ་ཕྱེད་དང་བཅུ་གསུམ་གྱི་རྐང་པ་འཛིན། ཕྱེད་ཆུ་ཚོད་དུ་ཕབ་ལ་རྒྱུ་བཞིན་པས་བསྒྱུར་བ་སོགས་བྱ་སྟེ་དེ་བཞིན་དུ་བར་རྣམས་ལའང་སྦྱར་ཏེ་ཚུལ་དེ་ལ་གོ་བ་འཆུག་ཕྱིན་གནས་སྐབས་སུ་ལག་ལེན་བྱ་སླ་བའི་ཆེད་དུ། རིམ་མིན་གྱི་གནས་སྐབས་ཐམས་ཅད་དུ་རྐང་འཛིན་དག་པའི་སྐར་གནས་སྟོངས་ཤིང་ཆུ་ཚོད་སུམ་ཅུར་ནམ་ལོངས་པ་ནས་འགོ་བཟུང་སྟེ་རིམ་མིན་ཇི་སྲིད་མ་རྫོགས་པ་སྟེ་ཕྱི་རྐང་ཐ་མའི་བར་དེ་སྲིད་དུ་རྐང་འཛིན་གྱི་དབྱུག་གུར་མཁའ་མེ་སྟེ་སུམ་ཅུ་སླ་ཐབས་སུ་བསྲེ་ཞིང་སྐར་མ་རེ་རེས་རྐང་པའི་ས་རེ་རེ་བཟུང་བས་ཆོག་སྟེ་སྔ་མ་དང་རི་མོ་གནད་གཅིག་པ་ཡིན་ནོ། དེ་ལྟར་རྐང་པ་བཟུང་ཚར་བའི་རྗེས་སུ་རྐང་འཛིན་གྱི་སྐར་མ་དབྱི་བས་ཆོག་སྟེ། རང་གི་བྱ་བ་ཟིན་པའི་ཕྱིར་རོ། བཟུང་བྱའི་ཐ་དད་པའི་རྐང་པ་ནི། གཟའ་ལྔ་པོ་རང་རང་ལ་རིམ་རིམ་མིན་གྱི་དབྱེ་བས་རྐང་པ་ཡང་ཕྱེད་དང་བཅུ་བཞི་རེར་འགྱུར་པ་ལས། བཀྲ་ཤིས་ཏེ་མིག་དམར་གྱི་རྐང་པ་ནི། རིམ་པའི་ཕྱེད་སྔ་མ་ལ་དང་པོར་མིག་དམར་ཉི་མ་ལས་འཆར་བར་རྩོམ་ཞིང་རྐང་འཛིན་དག་པས་དལ་བ་ལས་མགྱོགས་ཁྱད་དུ་སྐར་མ་གཅིག་སྤྱོད་པའི་ཆུ་ཚོད་རྣམས་བསྡོམས་པའི་གྲངས་རྒྱལ་བ་སྟེ་གནས་དང་པོ་ཉི་ཤུ་རྩ་བཞིའོ། །སྐར་མ་གཉིས་པ་ལ་སྤྱོད་པའི་ས་གཉིས་པ་ལ་མེ་མིག་སྟེ་ཉེར་གསུམ་དང༌། གསུམ་པ་དང་བཞི་པའང་དེ་བཞིན་ཏེ་ཉེར་གསུམ་པ་ཚན་གསུམ་མོ། །ལྔ་པ་ལ་གཟུགས་མིག་དང༌། དྲུག་པ་ལའང་གཟུགས་མིག་སྟེ་ཉེར་གཅིག་པ་རྣམ་པ་གཉིས་དང༌། བདུན་པ་ལ་སྐྱོན། བརྒྱད་པ་ལ་ཚེས། དགུ་པ་ལ་དྲག་པོ། བཅུ་པ་ལ་མེའོ། རྩ་བར་ཞེས་པ་ནི་རྐང་མཚམས་འདས་མ་ཐག་པའི་གནས་ཀྱི་མིང་སྟེ་སྐར་མ་བཅུ་གཅིག་པ་སྤྱོད་པ་ཕྱེད་ཕྱི་མའི་ས་དང་པོ་དེ་ལ་དབང་ཕྱུག་དང༌། གཉིས་པ་ལ་སྦྲུལ་མེ། རྒྱུ་སྐར་བཅུ་གསུམ་པ་སྤྱོད་པ་ཕྱི་མའི་ས་གསུམ་པ་ལ་མཁའ་ནོར་ཏེ་དེ་རྣམས་རྐང་པ་རིལ་པོའོ། རྒྱུ་སྐར་བཅུ་བཞི་པའི་ཕྱེད་སྤྱོད་པ་ཕྱི་མའི་ས་བཞི་པ་ལ་མེ་འབྱུང་གནས་པ་ནི་རྐང་པ་རིལ་པོའི་ཕྱེད་དེ་ཐམས་ཅད་ཆུ་ཚོད་དོ། དེ་བཞིན་དུ་གཟའ་གཞན་རྣམས་ལའང་སྦྱར་ཚུལ་ཤེས་པར་བྱས་ཏེ། ཟླ་སྐྱེས་ཏེ་ལྷག་པར། མི་བདག་སོགས་རིམ་པའི་ཕྱེད་སྔ་མ་ལ་རྐང་གནས་བདུན་དང༌། ཕྱི་མ་ལ་ལྔའོ། སྒྲ་མཁན་ཏེ་ཕུར་བུར། ཕྱོགས་ལ་སོགས་ཏེ་རིམ་པའི་སྔ་རྐང་ལ་རྐང་གནས་བརྒྱད་དང༌། ཕྱི་རྐང་ལ་དྲུག་གོ། སྦྱིན་བྱེད་བླ་མ་སྟེ་པ་སངས་ལ་དེ་ཉིད་ལ་སོགས་པ་སྟེ་རིམ་པའི་ཕྱེད་སྔ་མར་གནས་བཅུ་དང༌། ཕྱི་མར་བཞིའོ། དལ་འགྲོ་སྟེ་སྤེན་པར་དུས་ལ་སོགས་ཏེ་རིམ་པའི་ཕྱེད་སྔ་མ་ལ་གནས་བརྒྱད་དང་ཕྱེད་ཕྱི་མ་ལ་དྲུག་གོ གཟའ་ལྔ་པོ་རང་རང་གི་རིམ་མིན་ལ་ནི་ལུགས་ལས་ལྡོག་པ་སྟེ། དཔེར་ན་མིག་དམར་ལྟ་བུ་ལ་མཚོན་ན། རིམ་མིན་གྱི་ཕྱེད་སྔ་མར་སྐར་མ་ཕྱེད་དང་བཞིས་སྤྱོད་པའི་གནས་བཞི་ལ་གསུམ་ལ་སོགས་པའི་རྐང་པ་ཕྱེད་དང་བཞི་དང༌། ཕྱེད་ཕྱི་མར་སྐར་མ་བཅུ་སྤྱོད་པའི་གནས་བཅུ་ལ་གསུམ་ལ་སོགས་པའི་རྐང་གནས་བཅུ་ཡོད་པ་བཞིན་དུ་གཟའ་གཞན་བཞི་པོ་ལའང་ཤེས་པར་བྱའོ། དེ་ལྟར་རྐང་པ་དེ་རྣམས་རྐང་འཛིན་དག་པས་འཛིན་ཚུལ་ཡང༌། རིམ་རིམ་མིན་གྱི་སྔ་རྐང་ལ་ནི་ཟོས་ཟིན་དང༌། ཕྱི་རྐང་ལ་མ་ཟོས་པའི་རྐང་པ་རྣམས་བསྡོམས་ཏེ་བྲིའོ། རྐང་པ་གང་བཟུང་བ་དེའི་སྔོན་མ་རྒྱུ་བཞིན་པའི་རྐང་པ་དེས་རྐང་པ་བཟུང་བའི་ལྷག་མ་ཆུ་ཚོད་ལ་སོགས་པ་དེ་རྣམས་བསྒྱུར་བ་ནི། རྒྱུ་བཞིན་པའི་རྐང་པ་དེའི་སྟེང་ནས་ཇི་ཙམ་སྤྱད་ཤེས་པའི་ཆེད་དུའོ། གལ་ཏེ་མ་ཟིན་ན་ནི། རྒྱུ་བཞིན་པའི་སྟེང་ནས་སྤྱད་པའི་རྐང་པ་འདས་པ་མེད་པའི་ཕྱིར། རིམ་རིམ་མིན་གང་ཡིན་དེའི་སྔ་རྐང་དང་པོ་ཉིད་ཀྱིས་བསྒྱུར་ཏེ། བསྒྱུར་བའི་ཚོགས་ལ་མཁའ་རོས་བགོད་པ་ནི། མྱུར་རྐང་རེ་ཇི་ཙམ་ན་འཕོ་བའི་ཆུ་ཚོད་ཀྱི་གྲངས་ཀྱིས་བགོད་པ་ཡིན་ཏེ། དལ་བའི་སྐབས་སུ་བརྒྱ་སོ་ལྔས་བགོད་པ་བཞིན་ནོ། དེ་ལྟར་བགོས་པས་ཐོབ་པའི་ནོར་ནི་ཡང་དག་རྒྱུ་བའི་ཆུ་ཚོད་དེ་རྐང་སྡོམ་གྱི་འོག་ཏུ་བྲིའོ། དེའི་ཡང་ལྷག་མ་མཁའ་རོས་བསྒྱུར་ཏེ། འོག་གི་ཆུ་སྲང་བཅུག་ལ་མཁའ་རོས་ཐོབ་པ་ལ་སོགས་པ་རྣམས་ནི་རྒྱུ་བཞིན་པའི་སྲང་དབུགས་དང་ཆ་ཤས་ཀྱི་བར་དུ་རིམ་པ་བཞིན་དུ་བཞག་པར་བྱའོ། དེ་ཡང་རིམ་པའི་རྐང་པ་བཅུ་གསུམ་པ་ཡན་དང༌། རིམ་མིན་གྱི་རྐང་པ་གཉིས་པ་མན་ཆད་ལ་རྒྱུ་བཞིན་པའི་རྐང་ལོངས་བརྟག་པའི་སྐབས་བགོད་བྱེད་དྲུག་ཅུས་བྱེད་པའི་རྒྱུ་མཚན་བཤད་མ་ཐག་པ་ལྟར་ཡིན་མོད་ཀྱི། རིམ་པའི་ཕྱི་རྐང་ཐ་མ་དང༌། རིམ་མིན་གྱི་སྔ་རྐང་དང་པོ་ལ་རྐང་སྔོན་འཕོག་པ་དེའི་ཚེ་ནི་མཁའ་མེ་སྟེ་སུམ་ཅུས་བགོ་དགོས་ཏེ། རྐང་འཛིན་དག་པས་ཆུ་ཚོད་སུམ་ཅུར་ལོངས་པ་ན་རྐང་པ་དེ་གཉིས་འཕོ་བའི་ཕྱིར་ཏེ། རྐང་འཛིན་དག་པའི་བགྲོད་བྱའི་ཡུལ་རྒྱུ་སྐར་གྱི་འཁོར་ལོ་ལ་ཉེར་བདུན་ལས་མེད་ལ། མྱུར་རྐང་ལ་རིམ་རིམ་མིན་གྱི་དབྱེ་བས་ལན་གཉིས་བགྲངས་པས་ཉི་ཤུ་རྩ་བརྒྱད་དུ་འགྱུར་བའི་ཕྱིར་རོ། དེ་བས་ན་སྐབས་འདིར་རྐང་པ་རིལ་པོ་དང་རྐང་གནས་འཕོ་མཚམས་མི་གཅིག་པ་སྔར་བཤད་མ་ཐག་པ་ལྟར་རོ། གཞན་ཡང་ལྷག་པ་དང་སྤེན་པ་རྣམ་གཉིས་ལ་མི་འདྲ་བར་ཁྱད་པར་རྒྱུ་བཞིན་པའི་རྐང་བཟུང་སྔོན་མ་དེ། རིམ་པའི་སྔ་རྐང་ཐ་མ་དང༌། རིམ་མིན་གྱི་ཕྱི་རྐང་དང་པོ་སྟོང་པ་ལ་བབས་པའི་ཚེ་ན། སྒྱུར་བྱེད་སྟོང་ན་བསྒྱུར་བྱ་དབྱི་ཞེས་པས་རྐང་པ་བཟུང་བའི་ལྷག་ཆུ་ཚོད་ལ་སོགས་པའི་ཚོགས་དེ་རྣམས་ཕྱིས་ཏེ་མེད་པར་བྱས་པས། དལ་དག་ལ་བསྣོན་འབྲིད་བྱེད་རྒྱུར་རྐང་སྡོམ་གྱི་ཆུ་ཚོད་ཙམ་ལས་ཡང་དག་རྒྱུ་བའི་རྐང་པའི་ལོངས་སྤྱོད་ནི་མེད་དེ། དུས་དེའི་ཚེ་མྱུར་རྐང་སྟོངས་པས་རྐང་པ་སྔོན་མ་རྣམས་ཀྱིས་སྤྱད་པའི་རྐང་རྒྱུན་མ་གཏོགས་རྒྱུ་བཞིན་པའི་རྐང་པ་དེའི་ངོས་ནས་དལ་བའི་སྟེང་དུ་ལོངས་སྤྱོད་སྐྱེ་འབྲི་ཅུང་ཟད་ཀྱང་མི་བྱེད་པ་ཡིན་ནོ། །དེའི་རྗེས་སུ་སྔ་རྐང་ཡིན་ན་རྐང་སྡོམ་གྱི་ཆུ་ཚོད་དང་རྒྱུ་བཞིན་པའི་ཆུ་ཚོད་གཉིས་པོ་བསྲེ་ཞིང༌། ཕྱི་རྐང་ཡིན་ན་རྒྱུ་བཞིན་པའི་ཆུ་ཚོད་ཀྱིས་རྐང་སྡོམ་ནས་དམན་ལ། དེ་ལས་ཀྱང་གཅིག་ཕབ་སྟེ་རྒྱུ་བཞིན་པའི་ཆུ་སྲང་སོགས་ཀྱིས་རིམ་པར་ཕྲི་སྟེ། གལ་ཏེ་ལོངས་ན་ཆུ་ཚོད་ནས་སྐར་མར་ཕུད་པ་རྣམས་གཟའ་རང་རང་གི་དལ་དག་གནས་ཅིག་ཤོས་ལ་འཁོར་ཕྱེད་དོར་བ་རིམ་མིན་དུ་སྤྱོད་པའི་ཚེ་དམན་པ་ནི་སྔ་རྐང་དུ་བུ་ལོན་འཕེལ་བས་འབྲིད་བྱེད་ཇེ་མང་ལ་བཏང་ནས་འབྲིད་པ་ཡིན་ལ། ཕྱི་རྐང་དུ་བུ་ལོན་འགྲིབ་པས་འབྲིད་བྱེད་ཇེ་ཉུང་དུ་བཏང་ནས་འབྲིད་པ་ཡིན་ནོ། འཁོར་ཕྱེད་མ་དོར་བ་རིམ་པར་སྤྱོད་པའི་ཚེ་སྦྱིན་པར་བྱེད་པ་ནི། སྔ་རྐང་དུ་ནོར་འཕེལ་བས་སྣོན་བྱེད་ཇེ་མང་བཏང་ནས་སྣོན་ལ། ཕྱི་རྐང་དུ་ནོར་འགྲིབ་པས་སྣོན་བྱེད་ཇེ་ཉུང་དུ་བཏང་ནས་སྣོན་པ་ཡིན་ནོ། གལ་ཏེ་འབྲིད་པའི་སྐབས་ཁ་ཅིག་ཏུ་དབྲི་བྱ་དལ་དག་ཉིད་རྐང་ལོངས་ལས་ཉུང་ན་དལ་དག་གིས་རྐང་ལོངས་ལ་ལྡོག་སྟེ་སྦྱང་བའམ། ཡང་ན་དལ་དག་ལ་རྒྱུ་སྐར་གྱི་འཁོར་ལོ་བསྣན་ལ་སྦྱང་པར་བྱའོ། །དེ་ཡང་དལ་བས་རྐང་ལོངས་ཕྲི་ན་ནི་ནམ་གྲུ་ནས་ལུགས་ལྡོག་གི་སྐར་མ་སོགས་འཆར་ལ། འཁོར་ལོ་བསྣན་ནས་ཕྲི་ན་ནི་ཐ་སྐར་ནས་ལུགས་འབྱུང་གི་སྐར་མ་སོགས་འཆར་ཡང་དོན་འདྲའོ། །རྐང་པའི་ལོངས་སྤྱོད་ཀྱིས་དལ་བའི་ལོངས་སྤྱོད་ལ་སྦྱང་དུ་མ་ལྡངས་པའི་སྐབས་འདིར་མཁས་པའི་དབང་པོ་དག དེའི་སྐབས་སུ་གཟའ་ཕྱིར་ལྡོག་པར་འགྱུར་རོ་གསུང་པ་ལ། རིགས་ལྡན་དགོངས་འགྲེལ་ལས། དེ་འདྲའི་སྐབས་སུ་གཟའ་ཕྱིར་ལྡོག་པ་སྲིད་པ་ཙམ་ལ་དགོངས་ན་དེ་ལྟར་ཡིན་གྱི། ཕྱིར་ལྡོག་པའི་ངེས་པ་མི་སྣང་སྟེ། མིག་དམར་ལ་མཚོན་ན་རིམ་མིན་གྱི་ཕྱི་རྐང་དུ་ཡང་དབྲི་བྱ་ལ་འཕྲི་བྱེད་ཀྱིས་དབྲི་བར་མི་ལྡང་བ་ཡོད་པའི་ཕྱིར་ཏེ་དལ་དག་ཐ་སྐར་གྱི་ཕྱེད་ན་གནས་ཤིང་རྐང་འཛིན་བར་པ་སྣྲུབས་ཀྱི་ཕྱེད་ན་ཡོད་པ་ལྟ་བུ་ལ་བརྩིས་པས་ཤེས་སོ། ཞེས་དཔྱད་པར་མཛད་དོ། ད་ནི་སྐབས་འདིར་གཟའ་སོ་སོའི་ལོངས་སྤྱོད་མ་འདྲེས་པར་བདེ་བླག་ཏུ་ཤེས་པར་བྱ་བའི་ཕྱིར་ཞག་རེའི་མྱུར་བ་དག་ཚུལ་རེའུ་མིག་ལ་འགོད་པའི་ཐབས་དང་ལྷན་ཅིག་པར་ཚིགས་སུ་བཅད་པའི་སྒོ་ནས་བརྗོད་པར་བྱ་སྟེ། གཟའ་ལྔ་སོ་སོའི་དལ་རྐང་ནི། དང་པོ་གཉིས་པ་གསུམ་པ་རྣམས། བུ་ལོན་ནོར་དུ་གྱུར་པ་ཡི། །ཞག་རེའི་དལ་དག་དྲུག་པོ་ཡིས། །དྲག་གསུམ་ཉིན་ཞག་ཉི་ལོངས་དང༌། །ཞི་གཟའ་གཉིས་པོ་རང་རང་གི། །རྐང་འཛིན་བར་པའི་ལོངས་སྤྱོད་ལ། །སྦྱངས་ལྷག་གང་བྱུང་གཟའ་ལྔ་པོའི། །རང་རང་རྐང་འཛིན་དག་པ་ཡིན། །དེ་ཉིད་རང་རང་མྱུར་རྐང་གི། །རྐང་གནས་སོ་སོས་བསྒྱུར་བ་ལ། །མཁའ་རོས་ཐོབ་པ་ཆུ་ཚོད་ཡིན། །ཡང་ལྷག་སྲང་དབུགས་ཆ་རྣམས་སུ། །གསིལ་ལ་རིམ་བཞིན་མཁའ་རོས་བགོ། །ཐོབ་པ་སྲང་དབུགས་ཆ་ཡི་གནས། །རིམ་པའི་ཕྱི་རྐང་ཐ་མ་དང༌། །རིམ་མིན་སྔ་རྐང་དང་པོ་ལ། །སྒྱུར་བྱེད་བབས་ཚེ་མཁའ་མེ་ཡིས། །བགོད་པར་བྱེད་པ་ཁྱད་པར་ཡིན། །དེ་ལྟར་བསྒྲུབས་པའི་རྐང་ལོངས་རྣམས། །རང་རང་དལ་དག་ཅིག་ཤོས་ལ། །སྔ་རྐང་བྱིན་ལ་ཕྱི་རྐང་དུ། །ཕྲི་བའི་མྱུར་བ་རྣམ་དག་རྣམས། །རེའུ་མིག་བཅུ་བཞི་ལ་བཀོད་པས། །རིམ་པའི་མྱུར་དག་རེའུ་མིག་འགྲུབ། །དེ་ཉིད་ལུགས་ལས་ལྡོག་པ་ནི། །རིམ་མིན་མྱུར་དག་རེའུ་མིག་ཡིན། །རིམ་པའི་ཕྱི་དང་རིམ་མིན་གྱི། །སྔ་རྐང་གནས་སུ་རྐང་ལོངས་ཀྱིས། །དེ་དག་སྦྱོང་བར་མ་ལྡང་ན། །ལྡོག་སྟེ་དལ་བས་རྐང་ལོངས་སྦྱང་། །ལྷག་མས་ཉིན་རེ་ལུགས་ལྡོག་ཏུ། །སྤྱོད་པའི་ལོངས་སྤྱོད་འཆར་བར་འགྱུར། །རྐང་ལོངས་རྣམས་ཀྱིས་དལ་དག་ལ། །དབྲི་བསྣན་བྱས་པའི་མྱུར་དག་རྣམས། །ཉིན་རེ་བཞིན་དུ་ལུགས་འབྱུང་དུ། །སྤྱོད་པའི་ལོངས་སྤྱོད་འཆར་བ་ཡིན། །དེ་ལྟར་གཟའ་རྣམས་སོ་སོ་ཡི། །དལ་དག་དྲུག་དང་མྱུར་རྐང་གནས། །བཅུ་བཞི་ལ་སྦྱར་རེའུ་མིག །བརྒྱད་ཅུ་རྩ་བཞི་ལ་བཀོད་པས། །སོ་སོའི་ཞག་རེའི་མྱུར་རྐང་གི། །འཕེལ་འགྲིབ་རྟོགས་པའི་རེའུ་མིག་འགྲུབ། །ཅེས་བྱ་སྟེ་འདི་དག་ལ་རི་མོའི་ལམ་ནས་དྲངས་པའི་དཔེར་བརྗོད་པ་རེ་བྲིས་ཀྱང་དགེ་མོད་ཀྱི། དེ་ལྟ་ནའང་ཚུལ་འདི་ལ་བློ་ཁ་ཕྱོགས་པ་རྣམས་ལ་ནི་བཤད་མ་ཐག་པ་ལྟར་ལག་ལེན་དུ་བཏབ་པས་ཤེས་པར་འགྱུར་ལ། བློ་ཁ་མ་ཕྱོགས་པ་རྣམས་ལ་ནི་རྒྱས་པར་བཤད་ཀྱང་མགོ་འཁྲུགས་པར་འགྱུར་བ་དང་ཡི་གེས་ཀྱང་འཇིགས་པའི་ཕྱིར་དེ་ཙམ་མོ།  གསུམ་པ་འགྲོས་བཞི་ངོས་བཟུང་བས་མཇུག་བསྡུ་བ་ནི། གཟའ་རང་རང་གི་མྱུར་རྐང་གི་འཁོར་ཕྱེད་མ་དོར་བས་རྐང་པ་རིམ་པ་ལ་སྤྱོད་ཅིང་རྐང་མཚམས་མ་འདས་པར་སྔ་རྐང་ལ་སྤྱོད་ཚེ་མྱུར་འགྲོས་ཞེས་བྱ་སྟེ་ཁ་ཤར་དུ་ཕྱོགས་ཏེ་དལ་བ་ལས་མགྱོགས་པར་སྤྱོད་པའི་འགྲོས་ཡིན་པས་སོ། མ་དོར་རིམ་པའི་ཕྱི་རྐང་གི་ཚེ་དལ་འགྲོས་ཞེས་བྱ་སྟེ་ཁ་ལྷོར་རིམ་གྱིས་ཕྱོགས་ནས་དལ་བ་དང་ཅུང་ཟད་བསྟུན་ཏེ་བསྒུག་པའི་འགྲོས་ཡིན་པས་སོ། འདིའི་མཐར་དལ་བས་རྐང་པའི་རྗེས་ཟིན་ནས་རང་རང་གི་དལ་དག་གི་སྟེང་དུ་གནས། དེ་ནས་འཁོར་ཕྱེད་དོར་བ་རིམ་མིན་ལ་སྤྱོད་ཅིང་རྐང་པ་མ་འདས་པ་སྔ་རྐང་གི་ཚེ་འཁྱོག་འགྲོས་ཞེས་བྱ་སྟེ་ཁ་ནུབ་ཏུ་རིམ་གྱིས་ཕྱོགས་ཏེ་དལ་བ་ལས་འཁྱོག་པོར་ཕྱོགས་པའི་འགྲོས་ཡིན་པས་སོ། དོར་ཞིང་ཕྱི་རྐང་གི་ཚེ་འབྱུང་འགྲོས་ཞེས་བྱ་སྟེ་ཁ་བྱང་དུ་རིམ་གྱིས་ཕྱོགས་ཏེ་དལ་བ་དག་པའི་ངོས་སུ་སླར་འབྱུང་བའི་འགྲོས་ཡིན་པས་སོ། འདིའི་མཐར་རྐང་པས་དལ་བའི་རྗེས་ཟིན་པས་རང་རང་གི་དལ་དག་ཉིད་སྟེང་དུ་བྲི་གང་མེད་ཅིང༌། དལ་བ་ཡང་ཉི་མ་ལ་ནུབ་བོ། དེ་ལྟར་ན་གཟའ་ལྔ་པོ་ཐམས་ཅད་ལ་རང་རང་གི་འགྲོས་བཞི་བཞི་དང་ལྡན་པ་སྟེ། འགྲོས་བཞི་རེ་རྫོགས་མཚམས་གཟའ་ལྔ་པོ་མཚུངས་པར་ཉི་མ་ལ་ནུབ་པའི་རྗེས་སུ་སླར་ཡང་རང་རང་གི་དལ་བ་ལས་མྱུར་བའི་འགྲོས་བཞི་བརྩམས་པའི་མཐར་རང་རང་དལ་དག་གི་སྟེང་དུ་གནས་ཏེ་ཉི་མ་ལ་ནུབ་པར་མཚུངས་ལ། ཉི་མ་ལས་འཆར་བའི་ཚེ་ན་ཡང༌། དྲག་གཟའ་གསུམ་པོ་མྱུར་བའི་སྐབས་སུ་ཡང་ཉི་མ་ལས་བུལ་བས་ཉི་མའི་རྒྱབ་ཏུ་འཆར་ཞིང༌། ཞི་གཟའ་གཉིས་པོ་ཉི་མ་ལས་མགྱོགས་པས་ཉི་མའི་མདུན་དུ་འཆར་རོ། དེས་ན་ལེགས་པར་བརྟགས་ན་དྲག་གཟའ་གསུམ་པོའི་འགྲོས་བཞི་རྫོགས་པའི་བར་ལ་སྔར་བཤད་པ་ལྟར་དལ་བ་ལ་ཐིམ་པ་གཉིས་རེ་དང༌། མཐར་ཉི་མའི་ཟེར་འོག་ཏུ་ནུབ་པ་རེ་རེ་འོང་ཞིང༌། ཞི་གཟའ་གཉིས་ལ་ནི་ཉི་མ་ལའང་ནུབ་པ་གཉིས་རེ་འབྱུང་སྟེ། ཞི་གཟའ་གཉིས་ཀྱི་དལ་བ་ཉི་མ་ལས་མི་འཆར་བའི་རྒྱུ་མཚན་གྱིས་སོ། །དེའི་པྱིར་གཟའ་ལྔའི་འགྲོས་བཞི་རང་རང་གི་དལ་དག་ལས་རྩོམ་ལ། འཆར་ནུབ་ནི་ཉི་མ་ལ་བརྟེན་ནས་བྱེད་དེ། རྒྱུད་ལས། གང་དག་སུ་ཞིག་ཉི་མའི་ལོངས་སྤྱོད་ལ་ནི་རབ་ཞུགས་གཟའ་དེ་དག་ཀྱང་ངེས་པར་ནུབ་པར་འགྱུར། ཉི་མ་དོར་ནས་འཆར་བར་འགྱུར་རོ། །ཞེས་སོ། གདོང་ཕྱོགས་ཚུལ་ལའང༌། ཁ་ཅིག་ནང་གི་ལྷའི་གདོང་ཕྱོགས་པར་འདོད་པ་དང༌། ཁ་ཅིག་ཟེར་གདོང་ཕྱོགས་དེར་གཏད་དེ་འགྲོ་བ་དང༌། ཁ་ཅིག་གཞལ་མེད་ཁང་འདྲེན་བྱེད་ཀྱི་རྟ་དང་བཅས་པ་ཕྱོགས་པར་འདོད་པ་ལས། དང་པོ་ནི་ཤིན་ཏུ་མི་རིགས་པར་རྟོགས་སླ་ལ། གཉིས་པ་ནི། ཉི་སྙིང་ལས། བདག་གིས་དབྱར་ཐའི་རིམ་བརྗོད་བྱ། །དེ་བཞིན་བྱང་གི་ཕྱོགས་སུ་ནི། །ཉི་མ་གདོང་ཕྱེད་ལྟས་དེ་འཁོར། །ཞེས་པའི་འཁོར་ཚུལ་གྱི་རིག་པས་སྒྲུབ་ནུས་ཤིང༌། གསུམ་པ་ནི། མདོ་དྲན་ཉེར། ལྷ་རྣམས་ཀྱི་གཞལ་མེད་ཁང་ཤིང་རྟའི་རྣམ་པ་ལ་གནས་པ་རླུང་གི་རྟ་དུ་མས་འདྲེན་པར་གསུངས་པ་ལྟར་བཤད་ཆོག་གོ། དེ་ལྟ་ནའང་ལུགས་གཉིས་པ་ཉིད་གཟའ་སྐར་སྤྱིའི་གང་འགྲོ་བའི་སར་ཟེར་གདོང་གཏད་པ་ཙམ་ལ་བཤད་ན་རུང་གི འདིར་འགྲེལ་ཆེན་ལས་ཁ་ཤར་དུ་ཕྱོགས་པར་འགྱུར་ཏེ། ཞེས་སོགས་གསུངས་པ་དང་སྒྲིག་ན་ཕྱི་མ་ལེགས་པར་སེམས་སོ། །མདོར་ན་རང་རང་གི་འགྲོས་བཞི་ཚར་གཅིག་རྫོགས་ཏེ་ཉི་མའི་འོད་ཟེར་གྱི་འོག་ཏུ་ནུབ་རྗེས་སླར་ཡང་རིམ་པ་གཞན་མེད་པས་དེའི་རྒྱུ་མཚན་གྱིས་སྔར་ཇི་ལྟ་བ་བཞིན་དུ་འགྲོས་བཞི་རྩོམ་པ་ཡིན་ནོ། ཞེས་མཇུག་བསྡུས་སོ། གཉིས་པ་ཞར་བྱུང་ཉི་བར་གྱི་རི་མོའི་རྣམ་གྲངས་བསྟན་པ་ནི། ལ་ལ་དག མྱུར་བའི་སྐབས་སུ་དྲག་གསུམ་གྱི་སྦྱང་བྱ་དང་ཞི་གཉིས་ཀྱི་སྦྱོང་བྱེད་ཉི་དག་ལ་མཛད་པ་སོགས་མཁས་པ་སྔ་མས་བཀག་པ་ལྟར་མི་རིགས་པ་ཉིད་དེ། འགྲེལ་ཆེན་ལས། ཁྱིམ་གྱི་ལས་ཀྱིས་རྣམ་པར་དག་པའི་གཟའི་ལོངས་སྤྱོད་ཀྱིས་ཉི་མའི་ལོངས་སྤྱོད་ལ་སྦྱང་བར་བྱའོ། །ཉི་མར་ས་སྐྱེས་རྣམ་པར་སྦྱང་སྟེ་ཞེས་པ་ནི་དལ་བའི་ལོངས་སྤྱོད་ཉི་རྐང་དང་བྲལ་བ་ལས་རེས་གཟའི་ལོངས་སྤྱོད་ཐ་དད་དུ་བྱས་ནས་སོ། དེ་ནས་ཤེས་པ་སྟེ། བླ་མ་ཡང་སྦྱང་བར་བྱ་ཞིང༌། ཉི་སྐྱེས་སྤེན་པ་ཡང་སྦྱང་བར་བྱ་སྟེ། ཀྱང་གི་སྒྲས་མིག་དམར་ཇི་ལྟ་བ་བཞིན་དུའོ། གང་ལ་ཞེ་ན་མྱུར་བའི་ལས་ལའོ། དེ་བཞིན་དུ་ཟླ་སྐྱེས་ཏེ་ཟླ་སྐྱེས་ཀྱི་ལོངས་སྤྱོད་ལས་གཟའ་ལྷག་གི་ལོངས་སྤྱོད་ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། །དཀར་པོ་ལ་ཡང་སྟེ་དཀར་པོའི་ལོངས་སྤྱོད་ལས་ཀྱང་དཀར་པོའི་ལོངས་སྤྱོད་ཀྱི་དོན་དུ་ཉི་མས་སྦྱང་བར་བྱའོ། ཞེས་པས་དྲག་གཟའ་གསུམ་གྱི་མྱུར་བའི་སྦྱང་བྱ་ཉི་མའི་དལ་ལོངས་རྐང་བྲལ་དུ་བསྟན་ནས། དེ་བཞིན་སོགས་ཀྱིས་ཞི་གཉིས་ཀྱི་སྦྱོང་བྱེད་ཀྱང་ཉི་མ་རྐང་བྲལ་དུ་སྦྱང་བར་འོས་པའི་ཕྱིར། དེ་བས་ན་གཟའ་ལྔའི་ཐུན་མོང་གི་ལོངས་སྤྱོད་ཉི་བར་ལ་བྱ་བར་རྒྱུད་འགྲེལ་ལས་དེ་ལྟར་དུ་གསུངས་མོད། དེ་ལྟ་ནའང༌། སྟོབས་མི་མཚུངས་པའི་རིགས་པས་རྐང་པའི་ལོངས་སྤྱོད་ཉིན་ཞག་ཉི་བར་ལ་བྱ་དགོས་ཀྱང་རྒྱུད་འགྲེལ་ལས་གསལ་ཁ་མ་གསུངས་པས་སྔ་རབས་ཀྱི་མཁས་པ་རྟོག་ལྡན་རྣམས་ཀྱིས་ཚེས་ཞག་གི་ཉི་བར་ལས་ཉིན་ཞག་ཉི་བར་བཟོ་ཚུལ་ཇི་སྙེད་པ་བགྱིས་པ་དག་ཀྱང་གཉེན་པོར་ཅུང་ཟད་སོང་ཡང་ཞིབ་མོའི་རི་མོས་གཏན་ལ་མ་ཕབ་པས་ད་དུང་ཡིད་བརྟན་པར་མི་ནུས་ཤིང་ཕལ་ཆེ་བ་ཡན་ལག་ལྔའི་སྐབས་ཀྱི་ཚེས་ཞག་ཉི་བར་ལ་ཕྱག་ལེན་མཛད་པས་ཉིན་ཚེས་སྟོབས་མ་མཚུངས་པའི་དབང་གིས་སྐབས་འགར་ཞག་ཏུ་ཉེ་བའི་སྐྱོན་བྱུང་སྣང་བས། དེ་དག་གི་གཉེན་པོར་ཞལ་ལུང་མཁན་པོ་ཉིད་ཀྱིས་ཉི་མའི་ཉིན་ཞག་གི་རྩིས་འཕྲོ་རྣམ་པར་དག་པ་སྟོང་འཇུག་གི་དཀྱིལ་འཁོར་ཐོག་མ་ནས་བཙལ་ཏེ་ཡང་དག་པའི་ཕྱག་ལེན་དུ་བཏབ་མོད་ཀྱང༌། དཔལ་མགོན་འཕྲིན་ལས་པས་ཞལ་ངོ་ནང་བརྒྱུད་ལས་ཁྱབ་བརྡལ་དུ་སྤེལ་བར་མ་མཛད་པས་ལག་ལེན་གྱི་རྒྱུན་ནུབ་པར་ཉེ་བ་ན། རྗེ་བཙུན་ཐམས་ཅད་མཁྱེན་པ་རྒྱལ་དབང་འཇིག་རྟེན་དབང་ཕྱུག་གི་བཀའ་དྲིན་ལ་བརྟེན་ནས་མཁས་དབང་ལྡུམ་པོ་བས་ཕྱོགས་ཀུན་ཏུ་སྤེལ་བར་མཛད་པས་དེང་སང་ལག་ལེན་གྱི་རྒྱུན་ཤིན་ཏུ་གསལ་བར་བཞུགས་པའི་ཕྱིར་ཉིན་ཚེས་བར་ཁྱད་ཀྱི་ལག་ལེན་གཞན་ལ་ལྟོས་མི་དགོས་ཀྱང་རི་མོའི་ལམ་ལ་དོགས་པ་སྤང་བའི་ཕྱིར་བརྗོད་པར་འདོད་ནས། ད་ནི་རི་མོའི་ཞེས་སོགས་སྨྲས་སོ། དེ་ཡང་སྔར་དཀྱུས་སུ་བཤད་པའི་ཉིན་ཞག་ཉི་བར་རྣམ་དག་མ་འགྲུབ་ན་ཉིན་ཚེས་བར་ཁྱད་ཀྱི་ལག་ལེན་རྣམ་པར་དག་པས་བསྒྲུབ་པར་བྱ་བ་ནི། ཚེས་གྲངས་མ་བསྲེས་གསལ་ཞག་གི། །ཞེས་བྱ་བ་ལ་སོགས་པ་སྟེ། ལག་ལེན་ནི་གཞུང་ཉིད་ཀྱིས་གསལ་བས་འདིར་མ་བཀྲོལ་ལ། རི་མོ་དེ་ལྟར་འོང་བའི་རྒྱུ་མཚན་ནི། ཚེས་ཞག་གི་རྟག་ལོངས་ལ་ཆུ་ཚོད་བཞི། སྲང་ཉེར་གཅིག དབུགས་ལྔ། རེ་བདུན་ཆ་ཞེ་གསུམ་རྣམས་ཡོད་དོ། རེ་བདུན་ཆ་ཞེ་གསུམ་པོ་ཉིན་ཞག་དང་མཚུངས་པར་བུག་མཁའ་མིག་བུག་ཡིད་ཀྱི་ཆར་བྱས་ན། གཟུགས་རོ་རི་མདའ་བུ་ག་རྣམས་ཡིན་ནོ། དེས་ཉིན་ཞག་གི་རྟག་ལོངས། ཆུ་ཚོད་བཞི། སྲང་ཉེར་དྲུག དབུགས་ཐིག བུག་སོགས་ཆ་དུས་ཚེས་མེ་བུག་རྣམས་ལ་ཕྲི་བའི་ལྷག་མར་ཆུ་སྲང་བཞི། དབུགས་སྟོང་པ། བུག་སོགས་ཆ། མཚོ་མཁའ་དུས་རོ་ཡིད་རྣམས་འོང་བ་ཉིན་ཚེས་རྟག་ལོངས་ཀྱི་བར་ཁྱད་དུ་འགྱུར་ལ། དེའི་ཕྱིར་ཉི་མའི་ཉིན་ཞག་གི་རྟག་ལོངས་ཀྱི་རེ་བཞི་ཆ་ཆུ་སྲང་བཞི། དབུགས་སྟོང་པ། བུག་སོགས་ཆ་བུག་མེ་འདོད་ཡིད་རྣམས་ཀྱི་སྟེང་དུ་དེའི་ཡང་རི་མཁའ་རིའི་ཆ་དབུགས་ཀྱི་བུག་སོགས་ཆ་མདའ་དུས་མིག་དབང་རྣམས་གནས་མཚུངས་སུ་བསྲེས་པས་ཉིན་ཚེས་རྟག་ལོངས་ཀྱི་བར་ཁྱད་དེ་ཉིད་འབྱུང་བའི་རྒྱུ་མཚན་གྱིས་སོ། འདིར་རྩ་བར་གསལ་ཞག་གི་རེ་བཞི་དང་རི་མཁའ་རི་ཆ་གཉིས་པོར་ཚེས་གྲངས་བསྲེ་བ་ནི། ཚེས་ཞག་ཉི་བར་ལས་ཉིན་ཞག་ཉི་བར་བཟོ་ན་བྱའི། ཚེས་ཞག་ཉི་དྷྲུ་ལས་ཉིན་ཞག་ཉི་དྷྲུ་དང༌། ཚེས་ཞག་རྟག་ལོངས་ལས་ཉིན་ཞག་རྟག་ལོངས་བཟོ་བའི་ཚེ་བསྲེ་མི་དགོས་སོ། དེ་བས་ཅུང་ཟད་རགས་པའི་ཆོ་ག་ནི། ཡང་ནི་རགས་པ་བྱ་སླ་བར་ཞེས་བྱ་བ་ལ་སོགས་ཏེ་ལག་ལེན་དང་རྒྱུ་མཚན་གཉིས་ཀ་གོ་སླའོ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཉིན་ཞག་ལ་སྤྱོད་པའི་གྲུབ་མཐའི་གཟའ་ལྔ་བཤད་པའི་སྐབས་ཏེ་དགུ་པའི་འགྲེལ་བའོ། ཞེས་སྐབས་བསྡུས་སོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 10:56 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།