སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་ཉེར་གསུམ་པ། རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 28.03.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་ཉེར་གསུམ་པ། རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པ།

༈ ཇི་ལྟ་ཇི་སྙེད་ཀུན་མཁྱེན་པས། །ཕྱི་ནང་རྟེན་འབྲེལ་བླང་དོར་རྣམས། །སྟོན་མཛད་བླ་མ་ལ་བཏུད་ན། །ད་ནི་རྩིས་ཀྱི་འབྲས་བུ་བསྟན། །ཚེས་དབྱངས་གཟའ་དང་སྐར་མ་འཕྲོད། །སྦྱོར་བྱེད་རྟེན་འབྲེལ་ཉི་སྤར་སྨེ། །ས་བདག་ཐེབས་བཟློག་གནམ་སྒོ་དང་། །རྩིས་འབྲས་སྣ་ཚོགས་གཟའི་ཡུལ་འབྲས། །ཚེ་ཡི་གནས་སྐབས་དུས་སྦྱོར་དང་། །དུས་ལྷ་འཆར་རྩིས་གཡུལ་གྱི་སྟོབས། །གཟའ་འཛིན་ས་གཡོས་གློ་བུར་ལྟས། །རྩིས་ཕྲན་ངོ་ལོན་བཅས་པ་རྣམས། །རྣམ་དག་གཞུང་ལས་བཏུས་ཏེ་བཤད།། ༈ དང་པོ་ཚེས་ཀྱི་བླང་དོར་ལ། །སྤྱི་དང་བྱེ༌བྲག་ཐོར་བུ་གསུམ། །སྤྱི་ནི་ཡར་ངོ་མར་ངོ་ཡི། །ཚེས་བརྒྱད་བཅུ་བཞི་བཅོ་ལྔ་དང་། །ལ་ལར་ཚེས་གཅིག་རྣམ་པ་གཉིས། །དུས་བཟང་ཡིན་ཏེ་དགེ་བའི་ལས། །བསྒྲུབས་ན་འགྱུར་སྟོབས་ཆེ་བར་བཤད། །ཁྱད་པར་རྣལ་འབྱོར་མའི་རྒྱུད་དུ། །ཚེས་བཅུ་རྣམ་གཉིས་མཆོག་ཏུ་བསྔགས། །གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། །ཚེས་གསུམ་ལྔ་བདུན་བཅུ་བཅུ་གསུམ། །བཅོ་ལྔ་དགེ་བའི་ལས་ལ་ཤིས། །དཀྱིལ་འཁོར་འདྲི་དང་ཡུལ་གཞན་བགྲོད། །བདེ་བའི་བྱ་བ་གཞན་ལའང་དགེ། །དུས་ཀྱི་འཁོར་ལོའི་རྒྱུད་ལས་ཚེས། །དགའ་བཟང་རྒྱལ་སྟོང་རྫོགས་པ་རྣམས། །མཁའ་རླུང་མེ་ཆུ་ས་ཡི་ཁམས། །ཡིན་ཕྱིར་སོ་སོའི་ཁམས་མཐུན་གྱི། །ཞི་རྒྱས་དབང་དྲག་ལས་རྣམས་བྱ། །དེ་ཡང་ཟླ་བའི་དཀར་ཕྱོགས་ཁམས། །སྐྱེ་བའི་རིམ་པས་འབྱུང་བའི་ཕྱིར། །སྐྱེ་ཞིང་འཕེལ་བའི་ལས་ལ་དགེ། །ནག་ཕྱོགས་སྡུད་རིམ་གྱིས་འབྱུང་བས། །འགོག་ཅིང་འགྲིབ་པའི་ལས་རྣམས་ཤིས། ༈ བྱེ༌བྲག་སོ་སོའི་བླང་དོར་ནི། །ཚེས་གཅིག་དཀར་ཕྱོགས་འགོ་འཛུགས་དང་། །ལམ་ཞུགས་དོན་གཉེར་ས་ཁ་དབྱེ། །དཀྱིལ་འཁོར་སྒྲུབ་མཆོད་ཞི་ལས་བཟང་། །བྲན་བརྟེན་ནོར་ཕྱུགས་ཉོ་བ་འབྲིང་། །ཆོས་ཉན་སྐྲ་འཁྲུ་ནོར་ཕྱིར་གཏོང་། །སྲི་མནན་བཟློག་པ་ལྷ་གསོལ་དང་། །གཤིན་གྱི་ལས་དང་བག་མ་ངན། །ཚེས་གཉིས་རབ་གནས་རྒྱལ་སར་འཇུག །ཐབ་བཅའ་འབྲུ་འདེབས་རྫིང་ཁྲོན་འདྲུ། །ཕྱུགས་ཉོས་སྟོང་འཕེལ་རྒྱས་ལས་བཟང་། །སྐྲ་འཁྲུ་ལམ་ཞུགས་དོན་གཉེར་བ། །ཆུ་རགས་རྒྱག་དང་སྦྱིན་སྲེག་ངན། །ཚེས་གསུམ་རབ་གནས་དཀྱིལ་འཁོར་འདྲི། །རབ་བྱུང་ལམ་ཞུགས་སྦྱིན་སྲེག་དང་། །དོན་གཉེར་རྒྱལ་ས་ཁང་ཁྱིམ་འཛིན། །སྐྲ་འཁྲུ་ཕྱུགས་ཉོ་རྒྱས་ལས་བཟང་། །རྫིང་ཡུར་ཁྲོན་འབྲུ་བག་མ་དང་། །བྲན་གཡོག་བསྟེན་རྣམས་ངན་པ་ཡིན། །ཚེས་བཞི་སྐྲ་འཁྲུ༌བྲན་གཡོག་བརྟེན། །ཕྱག་བྱ་ཤིང་གཅོད་ཚོང་བྱ་བ། །ཆང་ཚོད་དཀར་ཕྱོགས་ཞི་ལས་བཟང་། །རབ་བྱུང་རབ་གནས་དམག་འདྲེན་དང་། །ཞལ་ལྕེ་གཅོད་དང་ལམ་ཞུགས་དང་། །འབྲུ་འདེབས་བག་མ་གཏར་སྲེག་དང་། །རྫིང་ཁྲོན་འདྲུ་རྣམས་ངན་པས་སྤང་། །ཚེས་ལྔ་རབ་བྱུང་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལམ་ཞུགས༌བྲན་གཡོག་བསྟེན། །ནོར་ཕྱུགས་ཉོ་དང་ཞི་ལས་བཟང་། །གཤིན་གྱི་ལས་དང་བག་མ་ངན། །ཚེས་དྲུག་སྐྲ་འཁྲུ་རྒྱས་ལས་བཟང་། །རབ་བྱུང་ལམ་ཞུགས་ཆོས་ཉན༌བྲན། །བག་མ་མཁར་ལས་ཕྱུགས་ཉོ་ངན། །ཚེས་བདུན་དཀྱིལ་འཁོར་མཁར་ལས་ལམ། །རྫིང་ཡུར་ཁྲོན་འདྲུ་ཁྱིམ་གསར་འཛིན། །ཐབ་བཅའ་གཤིན་དང་རྒྱལ་ལས་བཟང་། །སྐྲ་འཁྲུ་རབ་བྱུང༌བྲན་བསྟེན་བག །ཞལ་ལྕེ་གཅོད་དང་ཕྱུགས་ཉོ་སྤང་། །ཚེས་བརྒྱད་དཀྱིལ་འཁོར་སྒྲུབ་མཆོད་དང་། །རབ་གནས་རྒྱལ་བ་ལྷ་རྟེན་བཞེངས། །ཞལ་ལྕེ་དགྲར་རྒོལ་དགྲ༌བྲུབ་རྐུན། །མནའ་སྐྱེལ་སྲི་མནན་ཐབ་བཅའ་བཟང་། །སྐྲ་བཀྲུ་གོས་དྲ་བག་མ་ལེན། །རབ་བྱུང་གཏར་ཁ་འབྲུ་འདེབས་ཁྲུས། །ཕྱུགས་ཉོ་རྫིང་ཡུར་ཁྲོན་འདྲུ་ངན། །ཚེས་དགུ་རྒྱལ་ས་སྲི་མནན་དང་། །ལམ་ཞུགས་ཞི་བའི་ལས་རྣམས་བཟང་། །སྐྲ་འཁྲུ་བག་མ་གཡོག་བསྟེན་པ། །ནོར་ཕྱུགས་ཉོ་དང་གཤིན་ལས་ངན། །ཚེས་བཅུ་རབ་བྱུང་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལྷ་ཁང་མཆོད་རྟེན་རྩིག །རྟེན་བཞེངས་རྒྱལ་ས་ཞིང་འདེབས་པ། ཞི་དང་རྒྱས་པའི་ལས་རྣམས་བཟང་། །ལམ་ཞུགས་གཡོག་བསྟེན་གཤིན་ལས་དང་། །ནོར་ཕྱུགས་ཉོ་རྣམས་ངན་པས་སྤང་། །བཅུ་གཅིག་རབ་བྱུང་སྐྲ་འཁྲུ་ཁྲུས། །འབྲེལ་འདོགས་རྒྱལ་ས་དཀྱིལ་འཁོར་ལས། །ལྡུམ་ར་འཆུ་དང་སྟོན་མོ་ལམ། །བུ་ལོན་འཇལ་དང་ས་ཁ་འབྱེད། །གཏར་སྲེག་དྲག་པོའི་ལས་རྣམས་བཟང་། །འབྲུ་གདབ༌བྲན་བསྟེན་ཕྱུགས་ཉོ་བ། །རྟ་གླང་འདུལ་བ་རྣམས་ངན་ནོ། །བཅུ་གཉིས་ལྷ་ཁང་རྟེན་བཞེངས་བ། །རྒྱལ་ས་ཐབ་བཅའ་རྫིང་ཡུར་འདྲུ། །ས་བོན་འདེབས་དང་ཞིང་ལས་བཟང་། །རབ་བྱུང་སྐྲ་འཁྲུ་སྦྱིན་སྲེག་དང་། །ལམ་ཞུགས་བྲན་བསྟེན་ཕྱུགས་ཉོ་ངན། །བཅུ་གསུམ་རབ་གནས་དཀྱིལ་འཁོར་འདྲི། །སྐྲ་འཁྲུ་ལམ་ཞུགས་རྒྱལ་ས་འཛིན། །ལྷ་ཁང་རྟེན་བཞེངས་ཆུ་རགས་རྩིག །སྦྱིན་སྲེག་རྒྱས་པའི་ལས་རྣམས་བཟང་། །རྫིང་ཁྲོན་ཕྱུགས་ཉོ༌བྲན་བསྟེན་ངན། །བཅུ་བཞི་དཀྱིལ་འཁོར་རབ་བྱུང་མཁར། །སྐྲ་འཁྲུ་ཕྱུགས་ཉོ་དབང་ལས་བཟང་། །འབྲུ་གདབ་ལམ་ཞུགས༌བྲན་བསྟེན་ངན། །བཅོ་ལྔ་རབ་གནས་དཀྱིལ་འཁོར་བསྒྲུབ། །དབང་བསྐུར་ཆོས་སྐྱོང་ལྷ་གསོལ་ལམ། །རྒྱལ་ས་སྐྲུ་འཁྲུ་གཡང་ནོར་བསྒྲུབ། །མཁར་ལས་རྟེན་བཞེངས་ཁྱིམ་གསར་འཛིན། །གཤིན་ལས་བཟློག་པ་ས་བོན་གདབ། །ཕྱུགས་ཉོ་ཞི་རྒྱས་ལས་རྣམས་བཟང་། །རབ་བྱུང་བག་མ་བུ་འབོགས་པ། །མནའ་སྐྱེལ་བུ་ལོན་འཇལ་རྣམས་ངན། །བཅུ་དྲུག་སྐྲ་འཁྲུ༌བྲན་ནོར་ཉོ། །ས་ཁ་འབྱེད་དང་ཞི་ལས་བཟང་། །ལམ་ཞུགས་རབ་གནས་རྒྱལ་སར་འཇུག །མཁར་ལས་ཇག་དང་ཁྲ་སྨྲས་ངན། །བཅུ་བདུན་ལམ་ཞུགས་གཤིན་ལས་དང་། །ཐབ་བཅའ་མཁར་ལས་རྫིང་ཁྲོན་འདྲུ། །ས་བོན་འདེབས་དང་རྒྱས་ལས་བཟང་། །ཆུ་རགས་སྐྲ་འཁྲུ་སྦྱིན་སྲེག་དང་། །ཕྱུགས་ཉོ་བ་དང་བག་མ་ངན། །བཅོ་བརྒྱད་སྐྲ་འཁྲུ་རབ་བྱུང་དང་། །དགེ་ལས་ཐབ་བཅའ་ས་བོན་འདེབས། །རྟེན་བཞེངས་ཆུ་རགས་སྦྱིན་སྲེག་དང་། །སྲི་མནན་དྲག་པོའི་ལས་རྣམས་བཟང་། །སྒོ་འཛུགས་ཐོག་བཞུགས་ལམ་ཞུགས་བག །གཤིན་ལས་རྒྱལ་ས་གཏར་སྲེག་དང་། །ཕྱུགས་ཉོ་རྫིང་ཡུར་ཁྲོན་འདྲུ་ངན། །བཅུ་དགུ་སྐྲ་འཁྲུ་ས་ཁ་འབྱེད། །ལལ་ཞུགས་སྲི་མནན་ཞི་ལས་བཟང་། །རབ་གནས་གཤིན་ལས་རྒྱལ་ས་བག །ལྷ་ཁང་རྟེན་བཞེངས་ཕྱུགས་ཉོ་ངན། །ཉི་ཤུ་རྒྱས་པའི་ལས་ལ་བཟང་། །རབ་གནས་སྐྲ་འཁྲུ་རྒྱལ་སར་བསྐོ། །ལྷ་རྟེན་བཞེངས་དང་ལམ་ཞུགས་ངན། །ཉེར་གཅིག་ཞིང་འདེབས་ལམ་དུ་འཇུག །ཕྱུགས་ཉོ་དབང་གི་ལས་ལ་བཟང་། །རབ་གནས་རྒྱལ་ས༌བྲན་བསྟེན་བག །ལྷ་ཁང་རྟེན་བཞེངས་སྐྲ་འཁྲུ་ངན། །ཉེར་གཉིས་བཟོ་རིག་ཡིག་རྩིས་སློབ། །ཆུ་འདྲུ་གཏང་རྒྱག་སྲི་མནན་དང་། །ཞིང་འདེབས་ཐབ་བཅའ་སྐྲ་འཁྲུ་བ། །ཕྱུགས་ཉོ་དྲག་པོའི་ལས་ཀུན་བཟང་། །རྒྱལ་ས་རྟེན་བཞེངས་རབ་གནས་ལམ། །འདུན་མ་ཁང་ས་དུར་ས་འཚོལ། །རྐང་འགྲོས་འདུལ་དང༌བྲན་གཡོག་བསྟེན། །བག་མ་ནོར་ཉོ་ཁང་གསར་འཛིན། །སྦྱིན་སྲེག་ཤྭ་རགས་རྩིག་པ་ངན། །ཉེར་གསུམ་སྐྲ་འཁྲུ་རབ་བྱུང་ལམ། །འབྲུ་འདེབས་མཁར་ཐབ་ཆུ་རགས་བཅའ། །སྦྱིན་སྲེག་ཞི་དྲག་ལས་ལ་བཟང་། །རབ་གནས་རྒྱལ་ས་རྫིང་ཡུར་འདྲུ། །བྲན་བསྟེན་ནོར་ཕྱུགས་ཉོ་བ་ངན། །ཉེར་བཞི་འབྲུ་འདེབས༌བྲན་གཡོག་བསྟེན། །ཕྱུགས་ཉོ་དབང་རྒྱས་ལས་ལ་བཟང་། །རབ་གནས་རྒྱལ་ས་སྐྲ་འཁྲུ་བ། །ལམ་དུ་འཇུག་པ་རྣམས་ལ་ངན། ཉེར་ལྔ་ཞིང་ཉོ་ས་ཁ་འབྱེད། །མཁར་རྩིག་གཤིན་ལས་ས་བོན་གདབ། །སྲི་མནན་དྲག་པོའི་ལས་ལ་བཟང་། །ནོར་འཇལ་དམག་འདྲེན་དགྲ་ལ་རྒོལ། །རབ་གནས་རྒྱལ་ས༌བྲན་བསྟེན་པ། །ཕྱུགས་ཉོ་སྐྲ་འཁྲུ་རྣམས་ངན་ནོ། །ཉེར་དྲུག་སྐྲ་འཁྲུ་ས་ཁ་འབྱེད། །ས་བོན་འདེབས་དང་དྲག་ལས་བཟང་། །ལམ་ཞུགས་རབ་གནས་རྒྱལ་ས༌བྲན། །མཁར་ལས་ནོར་ཕྱུགས་ཉོ་བ་ངན། །ཉེར་བདུན་ལམ་ཞུགས་སྐྲ་འཁྲུ་གཤིན། །འབྲུ་འདེབས་ཐབ་བཅའ་རྒྱས་ལས་བཟང་། །རབ་གནས་རྒྱལ་ས་ལྷ་རྟེན་བཞེངས་། །དྲན་བསྟེན་ནོར་ཉོ་བག་མ་དང་། །སྦྱིན་སྲེག་ཤྭ་རགས་རྩིགས་པ་ངན། །ཉེར་བརྒྱད་ལ་ནི་སྦྱིན་སྲེག་དང་། །ཆུ་རགས་རྩིག་དང་དབང་ལས་བཟང་། །ལལ་ཞུགས་སྐྲ་འཁྲུ་བག་མ་དང་། །གཤིན་ལས༌བྲན་བསྟེན་རྫིང་ཡུར་འདྲུ། །རབ་གནས་རྒྱལ་ས་ས་བོན་འདེབས། །ནོར་ཕྱུགས་ཉོ་རྣམས་ངན་པས་སྤང་། །ཉི་ཤུ་དགུ་ལ་ལམ་ཞུགས་དང་། །དགྲ་འདུལ་ཧོམ་པར་ཐོག་སེར་དབབ། །བཟློག་པ་སྲི་མནན་དྲག་ལས་བཟང་། །ཆོས་བྱ་ཆང་བཙོ་ས་བོན་འདེབས། །སྐྲ་འཁྲུ༌བྲན་བསྟེན་རྐང་འགྲོས་འདུལ། །རབ་གནས་བག་མ་རྒྱལ་ས་གཤིན། །གཏར་སྲེག་རྟེན་བཞེངས་ཕྱུགས་ཉོ་ངན། །གནམ་གང་ལ་ནི་ས་བོན་འདེབས། །དབང་དང་དྲག་པོའི་ལས་རྣམས་བཟང་། །སྐྲ་འཁྲུ་ལམ་ཞུགས་རབ་གནས་བག །རྒྱལ་ས་གཤིན་ལས་གཏར་སྲེག་དང་། །བྲན་བསྟེན་ནོར་ཕྱུགས་ཉོ་བ་ངན། ༈ དེ་ནས་ཚེས་འབྲས་ཐོར་བུ་བཤད། །རྒྱུད་ལས་ལུས་ཀྱི་གཡས་གཡོན་ཆ། །བཅུ་དྲུག་གནས་སུ་ཁམས་རྣམས་ནི། །ཡི་གེའི་རྣམ་པར་གནས་པ་ལ། །ཚེས་ཀྱི་དབང་གིས་རིམ་པ་ལྟར། །ནུས་པ་འཕོ་ལ་བླ་གནས་ཞེས། །བརྩི་ཚུལ་གསུངས་པ་འདི་ལྟ་སྟེ། །ཡར་ངོ་སྔོན་འགྲོའི་དབང་བྱས་ནས། །སྐྱེས་པའི་གཡོན་དང་བུད་མེད་ཀྱི། །གཡས་ཕྱོགས་ནས་བརྩམས་ཚེས་གཅིག་ལ། །རྐང་སོར་ཚིགས་པ་དང་པོར་ཨཿ །གཉིས་པར་ཨེ་དང་གསུམ་པར་རྀ། །བཞི་པར་ལོང་བུར་ཨུ་ཡིག་སྟེ། །ལྔ་པར་པུས་མོར་ལྀ་ཡིག་གོ། །དྲུག་པར་དཔྱི་མཚམས་ཨའི་ཡི་གེ། །བདུན་པར་ལག་སོར་དང་པོར་ཨེ། །བརྒྱད་པར་སོར་ཚིགས་གཉིས་པར་ཨར། །དགུ་པར་སོར་ཚིགས་གསུམ་པར་ཨོ། །བཅུ་པར་མཁྲིག་མའི་མཚམས་སུ་ཨལ། །བཅུ་གཅིག་གྲུ་མོར་ཧ་ཞེས་བྱ། །བཅུ་གཉིས་པ་ལ་དཔུང་མགོར་ཡ། །བཅུ་གསུམ་པ་ལ་མགྲིན་པར་ར། །བཅུ་བཞི་པ་ལ་མཚོག་མར་ཝ། །བཅོ་ལྔ་པ་ལ་དཔྲལ་བར་ལ། །དཀར་ནག་ཚིགས་མཚམས་སྤྱི་བོར་ཨཾ། །སླར་ཡང་བཅུ་དྲུག་ལྟག་པར་ལཱ། །བཅུ་བདུན་པ་ལ་གཉའ་བར་ཝཱ། །བཅོ་བརྒྱད་སྙིང་གར་རཱ་ཡིག་གོ། །བཅུ་དགུ་དཔུང་པའི་ཚིགས་སུ་ཡཱ། །ཉི་ཤུ་པ་ལ་གྲུ་མོར་ཧཱ། །ཉེར་གཅིག་ལ་ནི་མཁྲིག་མར་ཨཱལ། །ཉེར་གཉིས་སོར་ཚིགས་གསུམ་པར་ཨཽ། །ཉེར་གསུམ་སོར་ཚིགས་གཉིས་པར་ཨཱར། །ཉེར་བཞི་སོར་ཚིགས་དང་པོར་ཨཻ། །ཉེར་ལྔ་དཔྱི་རུས་མཚམས་སུ་ཨཱ། །ཉེར་དྲུག་པ་ལ་པུས་མོར་ལཱྀ། །ཉེར་བདུན་པ་ལ་ལོང་བུར་ཨཱུ། །ཉེར་བརྒྱད་སོར་ཚིགས་གསུམ་པར་རཱྀ། །ཉེར་དགུ་སོར་ཚིགས་གཉིས་པར་ཨཱི། །གནམ་གང་སོར་ཚིགས་དང་པོར་ཨཱ། །དཀར་ནག་ཚིགས་མཚམས་རྐང་མཐིལ་ཨཿ །འདི་དང་སྤྱི་བོའི་ཨཾ་གི་དུས། །ལུས་ཀུན་ཁྱབ་པས་ཤིན་ཏུ་གཉན། །གཞན་ཡང་ཧེ་རུ་ཀ་ཀ་ལྤོ། །སྡོམ་འབྱུང་མཁའ་འགྲོ་རྒྱ་མཚོ་ལས། །དབྱངས་ཡིག་བཅུ་དྲུག་དང་སྦྱར་གསུངས། །དེ་བཞིན་སྲིད་པའི་གཏེར་ཁྱིམ་དུ། །དུས་ཚོད་དང་སྦྱར་བརྩི་ཚུལ་ཀྱང་། །གསུངས་མོད་འདིར་ནི་མ་བརྗོད་དོ། །དིང་སང་རྩིས་པ་ཕལ་ཆེ་བ། །བཞེད་པའི་མི་རྟའི་བླ་གནས་ཀྱང་། །ཚེས་གཅིག་མི་ཡི་རྐང་པ་ཡི། །མཐེ་བོང་རྟ་སོགས་རྐང་མཐིལ་ལ། །གཉིས་ལ་མི་ཡི་རྐང་པོལ་ཚིགས། །རྟ་ལ་སོགས་པའི་ཚིལ་ལ་གནས། །གསུམ་པར་མི་ཡི་བྱིན་པའི་ཉྭ། །རྟ་ལ་སོགས་པའི་ངར་གདོང་ཡིན། །བཞི་ལ་མིའི་སྐེད་རྟའི་སྲེ་ལོང་། །ལྔ་ལ་མི་ཡི་སྒྱིད་ཁུང་དང་། །རྟ་ལ་སོགས་པའི་སེ་ར་རུས། །དྲུག་ལ་མི་ཡི་བརླའི་སུལ་དང་། །རྟ་སོགས་དཔྱི་མིག་ལ་གནས་སོ། །བདུན་ལ་མི་ཡི་དཔྱི་མིག་ཚིགས། །རྟ་ལ་སོགས་པའི་གྲུ་མགོར་གནས། །བརྒྱད་ལ་མི་ཡི་མཁལ་མ་དང་། །རྟ་ལ་སོགས་པའི་མཁལ་ཁུང་ཡིན། །དགུ་ལ་མི་ཡི་རྩིབ་ལོགས་དང་། །རྟ་ལ་སོགས་པའི་ལག་པའི་མཐིལ། །བཅུ་ལ་མི་ཡི་དཔུང་སོག་སྟེང་། །རྟ་ལ་སོགས་པའི་ལག་མཐིལ་ལ། །བཅུ་གཅིག་མི་ཡི་ལག་ངར་སྟེང་། །རྟ་ལ་སོགས་པའི་ཚིལ་ལ་གནས། །བཅུ་གཉིས་མི་ཡི་ལག་མཐིལ་དང་། །རྟ་ལ་སོགས་པའི་ལག་ངར་རོ། །བཅུ་གསུམ་མི་ཡི་སྐེ་མགུལ་དང་། །རྟ་ལ་སོགས་པའི་རྩ་དཀར་ལ། །བཅུ་བཞི་མི་ཡི་རྣ་ལྟག་དང་། །ཟ་འགྲམ་རྟ་སོགས་དཔུང་པར་གནས། །བཅོ་ལྔར་མི་ཡི་སོག་པ་དང་། །རྟ་ལ་སོགས་པའི་ལུས་སྤྱི་ལ། །བཅུ་དྲུག་མི་ཡི་ལྟག་ཟ་འགྲམ། །རྟ་ལ་སོགས་པའི་སྐེ་མཇིང་ལ། །བཅུ་བདུན་མི་རྟའི་སེ་མཇིང་ངོ། །བཅོ་བརྒྱད་མི་ཡི་ལག་མཐིལ་དང་། །རྟ་ལ་སོགས་པའི་ཟེ་བར་གནས། །བཅུ་དགུར་མི་ཡི་ལག་ངར་དང་། །རྟ་ལ་སོགས་པའི་ལྟག་སྒོར་གནས། །ཉི་ཤུར་མི་ཡི་དཔུང་སོག་དང་། །རྟ་ལ་སོགས་པའི་དཔུང་པའོ། །ཉེར་གཅིག་མིའི་རྩིབ་རྟ་སོགས་སོ། །ཉེར་གཉིས་མིའི་མཁལ་རྟ་སོགས་རྐན། །ཉེར་གསུམ་མི་ཡི་དཔྱི་མིག་ཚིགས། །རྟ་ལ་སོགས་པའི་ལྕེ་ལ་གནས། །ཉེར་བཞི་མི་ཡི་བརླ་སུལ་ལ། །རྟ་སོགས་མིག་དང་དཔྲལ་བར་གནས། །ཉེར་ལྔར་མི་ཡི་སྒྱིད་ཁུང་དང་། །རྟ་ལ་སོགས་པའི༌བྲང་ཟེ་ལ། །ཉེར་དྲུག་མི་ཡི་པུས་མོ་དང་། །རྟ་ལ་སོགས་པའི་ཨོ་སྟོང་ལ། །ཉེར་བདུན་མི་ཡི་བྱིན་པའི་ཉྭ། །རྟ་ལ་སོགས་པའི་མཚན་མར་གནས། །ཉེར་བརྒྱད་མི་ཡི་ལོང་བུའི་ཚིགས། །རྟ་ལ་སོགས་པའི་སྒྲོ་བར་གནས། །ཉེར་དགུ་མི་ཡི་ངར་གདོང་དང་། །རྟ་ལ་སོགས་པའི་སྤངས་ཁུངས་ལ། །གནམ་གང་མི་རྟའི་ལུས་སྤྱིར་ཁྱབ། །དེ་ལྟར་བརྟགས་ཏེ་ཚེས་གང་ལ། །གང་དུ་གནས་པ་དེ་དང་དེར། །གཏར་སྲེག་ལ་སོགས་སྤང་བར་བྱ། ༈ ལམ་རྩིས་ཉི་མ་དྲུག་སྐོར་ནི། །ཚེས་གཅིག་བདུན་དང་བཅུ་གསུམ་དང་། །བཅུ་དགུ་ཉེར་ལྔ་དབང་ཐང་གི། །ཉི་མར་ཤར་མིན་ཕྱོགས་གཞན་ལ། །ཕྱིན་ན་བསམ་པའི་དོན་འགྲུབ་ཅིང་། །སྙིང་སྡུག་མཛའ་བཤེས་དང་འཕྲད་འགྱུར། །ཁྱད་པར་སྟག་ཉི་ལམ་འཇུག་བཟང་། །ཚེས་གཉིས་བརྒྱད་དང་བཅུ་བཞི་དང་། །ཉི་ཤུ་ཉེར་དྲུག་ཆུ་ཚགས་ཀྱི། །ཉི་མར་རྟ་འཆི་སྒ་ཆག་ཅིང་། །དགྲ་རྐུན་དང་འཕྲད་ནོར་འཆོར་རོ། །ཁྱད་པར་ཡོས་ཉིར་ལམ་འཇུག་ངན། །ཚེས་གསུམ་དགུ་དང་བཅོ་ལྔ་དང་། །ཉེར་གཅིག་ཉེར་བདུན་གྱིམ་ཧང་གི། །ཉི་མར་ལྷཱུ་མིན་ཕྱོགས་གཞན་ལ། །ཕྱིན་ན་ཚོང་རྒྱལ་བསམ་པ་འགྲུབ། །ཁྱད་པར་འབྲུག་ཉི་ལམ་འཇུག་བཟང་། །ཚེས་བཞི་བཅུ་དང་བཅུ་དྲུག་དང་། །ཉེར་གཉིས་ཉེར་བརྒྱད་ཞུན་ཡང་གི། །ཉི་མར་ནུབ་མིན་ཕྱོགས་གཞན་དུ། །ཕྱིན་ན་མི་ཆེན་དང་འཕྲད་ཅིང་། །དོན་འགྲུབ་ནོར་ཕྱུགས་འཕེལ་བ་ཡིན། །ཁྱད་པར་སྦྲུལ་ཉི་ལམ་འཇུག་བཟང་། །ཚེས་ལྔ་བཅུ་གཅིག་བཅུ་བདུན་དང་། །ཉེར་གསུམ་ཉེར་དགུ་ཞི་ཡང་གི། །ཉི་མར་ནུབ་མིན་ཕྱོགས་གཞན་དུ། །ཕྱིན་ན་ཤ་ཆང་དང་འཕྲད་འབྲིང་། །ཁྱད་པར་རྟ་ཉིར་ལམ་འཇུག་བཟང་། །ཚེས་དྲུག་བཅུ་གཉིས་བཅོ་བརྒྱད་དང་། །ཉེར་བཞི་གནམ་གང་རཱ་ཧུ་ལ། །མི་རྒོད་དང་འཕྲད་ཉི་མ་ལ། །རང་རྨས་ནོར་འཆོར་ཁྱད་པར་དུ། །ཤར་དང་ལུག་ཉིར་ཤིན་ཏུ་ངན། ༈ གཉིས་པ་དབྱངས་འཆར་བླང་དོར་ནི། །འཆར་རྒྱུ་རང་བྱུང་ཡི་གེ་ལྔ། །ཨ་ཨི་རྀ་ཨུ་ལྀ་རྣམས་ཡིན། །གང་ལ་འཆར་གཞིའི་གཙོ་བོ་ནི། །ཚེས་གྲངས་དགའ་བཟང་རྒྱལ་སྟོང་རྫོགས། །དབྱངས་ཚེས་གཉིས་དང་གཟའ་སྐར་དག །འཕྲད་པའི་འབྲས་བུ་འདི་ཡིན་ཏེ། །དགའ་བའི་ཚེས་ལ་ཨ་འཆར་དུས། །རེས་གཟའ་ཉི་མ་དང་ལྷན་ཅིག །ཟླ་སྐར་སྨིན་དྲུག་འཛོམ་པ་ན། །མིང་ཡིག་དང་པོར་ཨ་ཡོད་པའི། །སྐྱེས་བུ་རྣམས་ལ་ངན་པ་ཡིན། །བཟང་པོར་ཨི་དང་ལྷག་མཆུ་འཛོམ། །མིང་ཐོག་ཨི་ཡིག་ཅན་ལ་ངན། །རྒྱལ་བར་རྀ་ཡིག་ཕུར་སྐག་འཛོམ། །མིང་ཐོབ་རྀ་ཡིག་ཅན་ལ་ངན། །སྟོང་པར་ཨུ་སངས་མོན་གྲུ་འཛོམ། །མིང་ཐོག་ཨུ་ཡིག་ཅན་ལ་ངན། །རྫོགས་པར་ལྀ་སྤེན་བྲ་ཉེ་འཛོམ། །མིང་ཐོག་ལྀ་ཡིག་ཅན་ལ་ངན། །དེས་ན་ཚེས་དབྱངས་གཟའ་སྐར་མ། །དེ་རྣམས་འཛོམ་དུས་དབྱངས་རང་རང་། །མིང་གི་དང་པོར་ཡོད་པ་དེ། །ནད་ཀྱིས་བཏབ་བམ་གཡུལ་ཞུགས་ན། །འཆི་བའི་འཇིགས་པ་འབྱུང་བར་འགྱུར། །དེ་བཞིན་དགའ་བར་ཨ་འཆར་དུས། །ཉི་མ་ཤར་ན་ཨ་མིང་ཅན། །བཟང་པོར་ཨི་འཆར་དུས་ཟླ་བ། །ཤར་ན་ཨི་ཡིག་མིང་ཅན་དང་། །ཡང་མིག་གིས་བསྡུས་རྒྱལ་བ་ལ། །དམར་སྐག་འཛོམ་ན་རྀ་མིང་ཅན། །སྟོང་པར་ལྷག་པ་མོན་གྲུ་འཛོམ། །ཨུ་མིང་ཅན་དང་རྫོགས་པ་ལ། །པ་སངས༌བྲ་ཉེ་འཛོམ་པ་ན། །ལྀ་ཡིག་མིང་གི་ཐོག་མ་ཅན། །དེ་རྣམས་གཡུལ་ཞུགས་རྨ་འབྱུང་ལ། །ནད་བཏབ་ནད་ཚབས་ཆེན་པོར་འགྱུར། །དེ་བཞིན་ལམ་དུ་འཇུག་པ་དང་། །བག་མ་ལེན་ལའང་མི་དགེའོ། །དེ་དག་ཚེས་རེར་དབྱངས་རེ་རེ། །འཆར་བའི་རྣམ་བཞག་ཕྲ་བ་སྟེ། །རགས་པ་ཕྱོགས་དང་ཟླ་བ་དང་། །བགྲོད་པ་ལོ་གཅིག་ལོ་དྲུག་ཅུར། །དབྱངས་ལྔ་ཚར་རེ་འཆར་ཚུལ་གསུངས། །ཕྲ་རགས་ཀུན་ལ་དབྱངས་དང་པོ། །འཆར་བའི་དུས་ལ་དགའ་བ་དང་། །གཉིས་པ་འཆར་དུས་བཟང་སོགས་འདྲ། །དགའ་བ་ལ་སོགས་ཚེས་ལྔ་ལ། །ཨ་སོགས་དབྱངས་ལྔ་འཆར་བ་ཡང་། །མཁའ་རླུང་མེ་ཆུ་སའི་ཁམས་དང་། །སྒྲ་རེག་རོ་གཟུགས་དྲི་ལྔ་ཡི། །རང་ཚེས་ཡོན་ཏན་དབང་གིས་ཏེ། །བྱིས་གཞོན་དར་བབ་རྒན་ནུབ་ལྔ། །རང་རང་འཆར་དུས་དེ་བྱིས་པ། །དེ་ལས་གཉིས་གཞོན་གསུམ་དར་བབ། །བཞི་རྒན་ལྔ་པར་ནུབ་པའོ། །གཞན་ཡང་ཡར་ངོའི་ཚེས་གཅིག་ནས། །བཅོ་ལྔའི་བར་གྱི་ལྔ་ཚན་གསུམ། །དང་པོར་ཨ་ཨི་རྀ་ཨུ་ལྀ། །བར་པར་ཨ་ཨ་ཨར་ཨོ་ཨལཱ། །གསུམ་པར་ཧ་ཡ་ར་ཝ་ལ། །འཆར་ཞིང་མར་ངོའི་ཚེས་གཅིག་ནས། །དེ་རྣམས་རིང་པོ་ལུགས་ལྡོག་འཆར། །དེ་མཐུན་གསལ་བྱེད་འཆར་ཚུལ་ཀྱང་། །ཀར་སེང་བུ་སྲང་སྡིག་གཞུ་སྟེ། །ལྷོ་བགྲོད་ཁྱིམ་ཟླ་དྲུག་པོ་ལ། །ཀ་ཙ་ཊ་པ་ཏ་ས་ཡི། །སྡེ་པའི་ཡི་གེ་ལྔ་ལྔ་པོའི། །ལྔ་པ་ནས་བགྲངས་ཡི་གེ་རེར། །ཨ་ཨི་རྀ་ཨུ་ལྀ་ཨཾ་དྲུག །ཞུགས་པས་སྡེ་རེར་སུམ་ཅུ་སྟེ། །ཟླ་རེར་སྤྲོ་བའི་རིམ་པས་འཆར། །དེ་བཞིན་ཆུ་བུམ་ཉ་ལུག་གླང་། །འཁྲིག་སྟེ་བྱང་བགྲོད་ཁྱིམ་ཟླ་ལ། །སྡེ་པ་གོ་ལྡོག་ཉིས་བརྩེགས་དྲུག །རེ་རེའི་ཡི་གེ་ལྔ་ལྔ་པོའི། །དང་པོ་ནས་བགྲངས་ཡི་གེ་རེར། །ཨཱཿལཱྀ་ཨཱུ་རཱྀ་ཨཱི་ཨཱ་དྲུག །ཞ་གས་པའི་སུམ་ཅུས་ཟླ་བ་རེར། །སྡུད་རིམ་ཚུལ་དུ་འཆར་བ་ཡིན། །གན་ཡང་ཞག་རེར་ཡུད་ཙམ་པ། །སུམ་ཅུར་བྱས་ལ་དེ་རེ་རེར། །དབྱངས་གསལ་དེ་རྣམས་རིམ་འཆར་སོགས། །གསུངས་ཀྱང་འདིར་ནི་མ་སྤྲོས་སོ།། ༈ གསུམ་པ་རེས་གཟའི་འབྲས་བུ་ལ། །སྤྱི་དང་བྱེ༌བྲག་ཐོར་བུ་གསུམ། །དང་པོ་འཇམ་དཔལ་རྩ་རྒྱུད་ལས། །ཟླ་བ་ལྷག་པ་ཕུར་བུ་དང་། །པ་སངས་བཞི་ལ་ལམ་དུ་འཇུག །སྦྱིན་སྲེག་སྔགས་སྒྲུབ་ལ་སོགས་པ། །དགེ་ལས་བདེ་བའི་བྱ་བར་བཟང་། །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དུ། །ཟླ་བ་ལྷག་པ་པ་སངས་གསུམ། །མཆོག་ཏུ་བདེ་བྱེད་ཞི་གཟའ་སྟེ། །ཞི་རྒྱས་ལས་དང་དགེ་ལས་བཟང་། །ཉི་དམར་སྤེན་གསུམ་དྲག་གཟའ་སྟེ། །དབང་དྲག་ལས་ལ་བཟང་བར་བཤད། །ཕུར་བུ་ལུས་དྲག་བསམ་པ་ཞི། །དེ་ཕྱིར་དགེ་བའི་ལས་ལ་བཟང་། ༈ བྱེ༌བྲག་སོ་སོའི་བླང་དོར་ནི། །ཉི་མ་ལྷའི་གཟའ་སྐྱེས་པ་དང་། །རྒྱལ་པོའི་བླ་གཟའ་རྒྱལ་རིགས་ཏེ། །ཞི་བ་དམར་སྐྱ་མེ་ཡི་ཁམས། །ལྷ་གསོལ་སྐྱེས་པས་བསྒྲུབ་པའི་ལས། །ཁྱད་པར་རྒྱལ་པོར་བསྐོ་བ་དང་། །ཕོ༌བྲང་འདེབས་སོགས་རྒྱལ་སྲིད་དང་། །རྒྱལ་རིགས་ཀྱིས་སྒྲུབ་བྱ་བའི་ལས། །མི་ཆེན་མཇལ་དང་ཕྱག་འབུལ་བ། །མེའི་ལས་ཁྱད་པར་དབང་དྲག་ཧོཾ། །ཐབ་བཅའ་བུ་བཙས་རབ་ཏུ་བྱུང་། །སྨན་སྦྱོར་ཁྲུས་དང་དྲི་ཡི་ལས། །དངོས་པོ་ཚུར་ལེན་རྟ་ཕྱུགས་འདུལ། །གསེར་ཤིང་རུས་པ་པགས་པའི་བཟོ། །འབྲོག་དགོན་ནགས་ཁྲོད་འགྲོ་བ་དང་། །གསོན་སྟོན་ཡོ་ལང་དགེ་ཤིས་སོགས། །གསོན་པོའི་བྱ་བ་སྒྲུབ་པ་བཟང་། །ཁྱད་པར་ཉིན་མོ་ཟླ་བའི་སྨད། །བྱང་བགྲོད་དུས་དང་སེང་ཁྱིམ་སླེབས། །དར་བའི་དུས་སུ་སྟོབས་ཆེའོ། །ལྷ་ཁང་ཁང་གསར་རྨང་གཞི་འདིང་། །ཕྱིར་གཏོང་ལལ་ཞུགས་མནའ་སྐྱེལ་དགག །ནད་འདྲི་བག་མ་གོས་དྲ་གྱོན། །མི་ཤི་གཤིན་ཆོས་ཤིད་རོ་འདོན། །སྐྲ་སེན་འདྲེག་དང་སྦྲ་ཕྱར་འཚེམ། །གཏར་སྲེག་སྲི་མནན་བསྡུམས་བྱེད་པ། །རྫིང་ཡུར་ས་ཁ་ཞིང་འདེབས་དང་། །མེ་ཏོག་ཤིང་འཛུགས་རབ་གནས་སྐྱས། །ཁྱིམ་འཛིན་བང་མཛོད་རྩིག་རྣམས་དང་།། ༈ ཟླ་བ་ཀླུ་གཟའ་བུད་མེད་བླ། །རྗེ་རིགས་དཀར་སེར་ཆུ་ཁམས་བཞི། །ལྷ་ཁང་རྨང་འདིང་རྟེན་བཞེངས་བཟོ། །དཀྱིལ་འཁོར་འབྲི་སྒྲུབ་རབ་གནས་བྱ། །བླ་མར་ཕྱག་ཡོན་ཀླུ་སྨན་གསོལ། །ཆར་དབབ་རྫིང་ཡུར་སོགས་ཆུའི་ལས། །གཉེན་བག་རྒྱན་འདོགས་བུད་མེད་ལས། །ཁྱད་པར་རྗེ་རིགས་དང་བཙུན་མོའི། །ལས་སྒྲུབ་སྨན་དཔྱད་བཅུད་ལེན་གཡང་། །ཆང་བཙོ་ཁྲུས་དང་སྐྲ་སེན་འདྲེག །ཕོ་མོ་བཙས་དང་གོས་འདྲ༌བྲན། །མེ་ཏོག་ཤིང་འཛུགས་ས་ཁ་འབྱེད། །ཞིང་འདེབས་ཁྱིམ་འཛིན་ཐབ་བཅའ་བ། །ལྟད་སྟོན་བསྡུམས་བྱ་རྟ་གླང་འདུལ། །དགེ་ཤིས་ཞི་རྒྱས་ལས་རྣམས་བཟང་། །ཁྱད་པར་ཕྱོགས་གཉིས་མཚན་མོ་དང་། །བྱང་བགྲོད་ཀརྚའི་ཁྱིམ་དུ་སླེབས། །དར་པའི་དུས་སུ་སྟོབས་ཆེར་བརྗོད། །རབ་བྱུང་ཆོས་ཉན་གཡང་ཅན་ནོར། །ཕྱིར་གཏོང་ལམ་ཞུགས་གོས་གྱོན་པ། །མཁར་ལས་ཆུ་རགས་རོ་སྲེག་པ། །སྲི་མནན་ཁ་མཆུ་དགྲར་རྒོལ་བ། །དབང་དང་དྲག་པོའི་ལས་རྣམས་ངན། ༈ མིག་དམར་ལྷ་མིན་སྐྱེས་པ་དང་། །དམག་དཔོན་བླ་གཟའ་རྒྱལ་རིགས་ཏེ། །དྲག་པོ་དམར་ནག་མེ་ཁམས་ལ། །དམག་དཔོན་བསྐོ་དང་དམག་དྲང་བ། །དགྲ་གཞོམ་ཁ་མཆུ་རྐུན་ཇག་བྱ། །སྐྱེས་པའི་ལས་དང་ཁྱད་པར་དུ། །རྒྱལ་སར་འཇུག་དང་སྒྱུ་རྩལ་འཕོང་། །བུ་ལོན་སྙེག་དང་གྲི་མཚོན་ལས། །ཡུལ་འཛིན་ཆུ་རགས་དྲག་པོའི་ཧོཾ། །བཟློག་པ་མཐུ་གཏད་མདོས་ཟོར་འཕེན། །གྲོང་བཤིག་ཕྲ་མ་མེ་བཙའ་རྒྱག །རྟ་རྒྱུག་སྒ་རྒྱག་ཁྱི་གསོ་བ། །དབང་དང་མཆོག་ཏུ་དྲག་ལས་བཟང་། །ཁྱད་པར་ཕྱོགས་གཉིས་ལྷོ་བགྲོད་མཆིན། །འཁྱོག་འགྲོས་དར་དུས་ལུག་སྡིག་གི། །ཁྱིམ་དུ་དགུག་ལས་སྟོབས་ཆེར་དྲན། །རབ་བྱུང་དབང་རབ་བག་མ་ཁྲུས། །དུར་ཤིད་གསང་གྲོས་ནོར་ཕྱིར་གཏོང་། །མཁར་ལས་ལྷ་རྟེན་བཞེངས་ཆོས་ཉན། །སྨན་སྦྱོར་འདུ་འཚོག་དྲ་གྱོན་བཟོ། །ལམ་ཞུགས་ལྟད་སྟོན་སྐྲ་སེན་འདྲེག །ལྷ་མཆོད་ཐབ་བཅའ་བང་མཛོད་འཛིན། །རྫིང་ཡུར་ས་ཁང་ཞིང་གི་ལས། །མེ་ཏོག་ཤིང་འཛུགས་གཡང་བསླན་ཚོང་། །བུ་བཙས༌བྲན་བསྟེན་བསྡུམས་བྱ་སྐྱས། །དཀར་ཕྱོགས་ཞི་རྒྱས་ལས་རྣམས་ངན། ༈ ལྷག་པ་གནོད་སྦྱིན་མ་ནིང་དང་། །རྒྱལ་བུའི་བླ་གཟའ་དམངས་རིགས་ཏེ། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །དབང་བསྐུར་རབ་གནས་བསྟན་བཅོས་རྩོམ། །སྒྲ་སྙན་ཡིག་རྩིས་ཆོས་འཆད་ཉན། །སྔགས་བཟླ་རིན་ཆེན་ས་ཆུའི་ལས། །བསྡུམས་བྱ་འབྲེལ་སྙེག་ཁྱིམ་གསར་འཛིན། །མཁར་ལས་ལྷ་ཁང་རྟེན་བཞེངས་པ། །རྫིང་ཡུར་ཁྲོན་འདྲུ་བང་མཛོད་འཛིན། །སྐྲ་འཁྲུ་རྒྱན་འདོགས་གོས་དྲ་གྱོན། །གཡང་བསླན༌བྲན་བརྟེན་གཉེན་སྒྲིག་ཚོང་། །ས་ཁ་འབྲུ་འདེབས་སྐྱེ་ཤིང་འཛུགས། །མེ་ཏོག་ལས་དང་འཕོ་སྐྱས་བཟོ། །ཡོན་འབུལ་ཕྱུགས་འདུལ་གཏར་སྲེག་བྱ། །རྟ་དྲེལ་སྒ་རྒྱག་གསོན་ལས་ཤིད། །མོ་རྩིས་རྒྱལ་བུའི་ཁྲུས་ཚུར་ལེན། །རང་དོན་སྒྲུབ་དང་དཀར་ཕྱོགས་དགེ། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་པོ་སྟོད་དང་ནག་པོའི་སྨད། །ལྷོ་བགྲོད་ཉིན་མཚན་གཉིས་ཀ་དང་། །མྱུར་འགྲོས་དར་དུས་འཁྲིག་བུ་མོའི། །ཁྱིམ་དུ་སླེབས་ཚེ་སྟོབས་ཆེ་ཞིང་། །ཁྱད་པར་རྒྱས་པའི་ལས་ལ་བསྔགས། །རབ་བྱུང་ཕྱིར་གཏོང་དུར་གདབ་པ། །བག་མ་ཐབ་བཅའ་ཆང་བཙོ་མདོས། །ཆུ་རགས་སྨན་སྦྱོར་རྐུན་ཇག་དམག །རྩོད་དང་ཞལ་ཆེ་བཟློག་པ་བྱེད། །དྲག་པོའི་ལས་རྣམས་ངན་པས་སྤང་།། ༈ ཕུར་བུ་བྱང་སེམས་སྐྱེས་པ་བློན། །བེནྡེའི་བླ་གཟའ༌བྲམ་ཟེའི་རིགས། །ཞི་དྲག་འདྲེས་མ་རླུང་གི་ཁམས། །རབ་བྱུང་སྡོམ་འབོགས་དབང་བསྐུར་བ། །དཀྱིལ་འཁོར་སྔགས་བཟླ་རབ་ཏུ་གནས། །སྦྱིན་སྲེག་སྤྱི་དང་སྒོས་རོ་སྲེག །འཆང་ཉན་རྟེན་བཞེངས་རྒྱལ་སར་འདོན། །སྐྱེས་བློན་ཁྱད་པར་བེནྡེ་ཡི། །བྱ་བ་སྒྲུབ་དང་དྲ་གྱོན་བག །ལྷ་ཁང་ཁང་རྨང་འདིང་ཐབ་བཅའ། །མཐུ་གཏད་བཟློག་མནན་རྒྱན་འདོགས་ཚོང་། །རིན་ཆེན་ལྔའི་ལས་རྟ་གླང་འདུལ། །བྲན་བསྟེན་དོན་གཉེར་ལམ་དུ་ཞུགས། །གསོན་གཤིན་སྟོན་མོ་སྐྲ་འཁྲུ་བ། །གཏར་སྲེག་མོ་རྩིས་ཁྱིམ་གསར་འཛིན། །ཆང་བཙོ་སྦྲ་ཕྱར་འཚེམ་འཕོ་སྐྱས། །བ་དན་མེ་ཏོག་སྐྱེ་ཤིང་འཛུགས། །ཞིང་སོགས་ས་བོན་གདབ་པ་དང་། །རྟ་དྲེལ་སྒ་རྒྱག་བསྡུམས་མདུན་གྲོས། །བརྟན་ལས་དགེ་ཤིས་རྒྱས་ལས་བཟང་། །ཟླ་བའི་ཡར་ངོ་ཉིན་མོ་དང་། །དར་དུས་ལྷོ་བགྲོད་མྱུར་བའི་འགྲོས། །ཉ་དང་གཞུར་སླེབས་སྟོབས་ལྡན་ཞིང་། །ཁྱད་པར་བསྐྲད་ལས་སྟོབས་ཆེར་དྲན། །མོ་སྐྱེས་ནད་བཏབ་ཐོག་འབུབས་པ། །མནའ་སྐྱེལ་ཕྱུགས་གཏོང་བཙོན་དུ་ཚུད། །སྐྲ་སེན་འདྲེག་རྣམས་ངན་པས་སྤང་།། ༈ པ་སངས་སྟག་གཟིག་རྒྱལ་བློན་དང་། །བུད་མེད་བླ་གཟའ༌བྲམ་ཟེའི་རིགས། །ཞི་བ་ས་ཁམས་སྣ་ཚོགས་མདོག །ཆོས་འཆད་རབ་བྱུང་རབ་གནས་དང་། །དཀྱིལ་འཁོར་སྔགས་སྒྲུབ་ལྷ་རྟེན་བཞེངས། །ལྷ་གསོལ་གཉེན་སྒྲིག་བག་མ་ཚོང་། །ལམ་ཞུགས་ཁང་རྨང་སྦྲ་ཁྱིམ་འབུབས། །རྒྱལ་སར་འཇུག་སོགས་རྒྱལ་བློན་དང་། །བུད་མེད་ཀྱིས་བསྒྲུབ་བྱ་བའི་ལས། །དྲ་གྱོན་ལྟད་སྟོན་རྫིང་ཡུར་འདྲུ། །གྲོགས་བཙལ་འཁོར་བསྟེན་དྲི་སྨན་སྦྱོར། །གཏར་སྲེག་གཤིན་གྱི་བྱ་བ་སྤྱི། །ཆང་བཙོ་སྟོན་མོ་སྐྲ་འཁྲུ་འདྲེག །ས་ཁ་སོ་ནམ་ས་བོན་གདབ། །རིན་ཆེན་ལྔའི་བཟོ་ཁྱིམ་འཛིན་པ། །མོ་རྩིས་རིག་སློབ་བསྡུམས་ཐབ་བཅའ། །རྟ་རྒྱུག་སྒ་རྒྱག་རྩེད་མོ་གྲོས། །རྒྱན་འདོགས་བུད་མེད་དག་ལ་བགྲོད། །ཆུ་རགས་དཀར་ཕྱོགས་རིམ་གྲོ་སོགས། །ཞི་དང་རྒྱས་པའི་ལས་རྣམས་བཟང་། །དཀར་ཕྱོགས་དར་དུས་ལྷོ་བགྲོད་ཉིན། །དལ་འགྲོས་སྟོབས་ཆེ་ཁྱད་པར་དུ། །གླང་སྲང་ཁྱིམ་དུ་དབང་ལས་འགྲུབ། །འཕོ་སྐྱས་ཤགས་འདེབས་འཁོན་བར་པ། །ནད་ཐེབས་ཇག་རྐུན་དུར་སྦ་སྲེག །བུ་ལོན་འཇལ་དང་དྲག་ལས་ངན། ༈ སྤེན་པ་དབུལ་པོ་མ་ནིང༌བྲན། །བྱིས་པའི་བླ་གཟའ་དམངས་རིགས་ཏེ། །དྲག་པོ་མདོག་ནག་སའི་ཁམས་ལ། །ཁང་པ་རྩིག་བཟུང་ལ་བསྲོ་བ། །ས་ཁ་ལམ་འཕྲང་རྫིང་ཡུར་འཆོས། །ཚེ་གཡང་འགུགས་དང་ནོར་ཕྱུགས་ལེན། །ནོར་སྒྲུབ་སྒྱེད་འཛུགས་རྐུན་ཇག་དམག །ཞིང་ལས་མེ་ཏོག་སྐྱེ་ཤིང་འཛུགས། །ལྕགས་དང་མདའ་མཚོན་ནག་པོའི་ལས། །སྲི་མནན་རྒྱལ་མཚན་བང་མཛོད་འཛིན། །ཡུལ་མཁར་མིང་འདོགས་བུད་མེད་བགྲོད། །ཁྱི་གསོ་ས་བོན་འདེབས་དང་རྩིས། །དབུལ་ཕོངས༌བྲན་དང་བྱིས་པ་ཡིས། །བསྒྲུབ་བྱའི་ལས་དང་དྲག་ལས་བཟང་། །ནག་ཕྱོགས་དར་དུས་ལྷོ་བགྲོད་མཚན། །དལ་འགྲོས་སྟོབས་ཆེ་ཁྱད་པར་དུ། །ཆུ་བུམ་ཁྱིམ་གནས་བསད་ལས་འགྲུབ། །རབ་བྱུང་རང་གནས་ཁྲིམས་ལུགས་འཆའ། །འཆད་ཉན་སྨན་སྦྱོར་གོས་དྲ་གྱོན། །རྒྱན་འདོགས་ལྷ་གསོལ་རྒྱལ་ས་འཛིན། །ནོར་ཕྱུགས་ས་ཞིང་ཡུལ་མཁར་རྣམས། །ཕྱིར་གཏོང་སྐྲ་འཁྲུ་སྐྲ་སེན་འདྲེག །གསོན་དགེ་བག་མ་གཤིན་གྱི་ལས། །གཏར་སྲེག་ཕྲུ་སློག་ཟློག་པ་ཚོགས། །ལྷ་ཁང་རྟེན་བཞེངས་བྲན་བསྟེན་བསྡུམས། །རྟ་དྲེལ་སྒ་རྒྱག་སྦྲ་ཕྱར་འཚེམ། །རྒྱལ་པོར་ཕྱག་མཆོད་ཞལ་ཆེ་སྐྱས། །ཞི་དང་རྒྱས་པའི་ལས་རྣམས་ངན། ༈ དེ་ནས་གཟའ་འབྲས་ཐོར་བུ་ནི། །རང་གཟའ་བླ་གཟའ་ཤར་བའི་ཚེ། །ཤགས་འདེབས་ཚོང་བྱ་སྟོབས་འགྱེད་དང་། །ཤོ་རྒྱན་རྟ་རྒྱུག་རྩལ་འགྲན་པ། །གཡུལ་འཇུག་དགྲ་བོ་གཞོམ་རྣམས་བཟང་། །ཉི་ཟླ་ཕུར་བུར་ཕྱིར་རྒོལ་དང་། །དམར་སངས་སྤེན་གསུམ་སྔ་རྒོལ་རྒྱལ། །ཁྱད་པར་དྲག་གཟའ་དར་ཚེ་རྒོལ། །རྒྱལ་ཞིང་ཞི་གཟའ་དར་བ་དང་། །དྲག་གཟའ་གུད་དུས་བཏང་སྙོམས་སོ། །གཟའ་བདུན་གང་ལ་རེས་བབས་ཀྱང་། །གྲོགས་ཕྱོགས་དོན་འགྲུབ་ནོར་དང་འཕྲད། །མ་ཕྱོགས་གཏམ་སྙན་ཐོས་པའི་ས། །རང་ཕྱོགས་ཁ་མཆུ་མྱ་ངན་འོང་། །བུ་ཕྱོགས་བྱེ༌བྲལ་སྟོར་བརླག་ཡོང། །དགྲ་ཕྱོགས་རྩོད་དང་འཐབ་པའི་རྒྱུ། །འདུ་འཚོག་བྱ་བ་གང་བྱེད་ཀྱང་། །ཕྱོགས་ཀྱི་གནད་འདི་ཤིན་ཏུ་གཅེས། །ཁྱད་པར་རྩལ་འགྲན་དྲག་ལས་དུས། །མ་རྒྱབ་གྲོགས་མདུན་གཏོད་པ་གནད། །གཞན་ཡང་ལམ་ཞུགས་འཁོར་ལོ་ནི། །ཤར་ནས་མེར་བརྩམས་གཡས་སྐོར་དུ། །ཉི་མ་པ་སངས་དམར་རཱ་ཧུ། །སྤེན་ཟླ་ལྷག་ཕུར་རིམ་པ་བཞིན། །དབང་ལྡན་མཐར་ཐུག་དགོད་པར་བྱ། །ཉི་མ་ཤར་དགེ་ནུབ་ཏུ་ངན། །དེ་ཡིས་ཀུན་ལ་ཤེས་བྱ་སྟེ། །རང་ཕྱོགས་བཟང་ཞིང་ཐད་ཀར་ངན། །རེས་གཟའ་གང་ལ་བབས་པ་དེའི། །དར་ཞུད་གྱོད་གུད་ལེགས་བརྟགས་ནས། །དར་བ་ལ་ནི་ནད་གཞི་མེད། །ཞུད་ལ་ཆོ་ག་ཕྲ་མོས་འཚོ། །གྱོད་ལ་གརྩོ་ཆོག་ཆེ་བར་དྭོགས། །གུད་ལ་ཤི་ཆད་ནད་གཞི་ཆེ། །གསོན་གཤིན་བྱ་བ་གང་ལ་ཡང་། །དེ་ཡི་བཅོས་དང་རིམ་གྲོ་བྱ། །ཞི་དྲག་གང་ལའང་དར་བ་བཟང་། །དར་ཀྱང་དམིགས་བསལ་སྤང་བྱ་ནི། །ཉི་མ་དར་ཡང་ཤིད་མི་བྱ། །ཟླ་བ་དར་ཡང་ཧོཾ་མི་སྤོར། །མིག་དམར་དར་ཡང་གྲི་མི་འདུལ། །ལྷག་པ་དར་ཡང་དུར་མི་གདབ། །ཕུར་བུ་དར་ཡང་ཟོར་མི་འཕེན། །པ་སངས་དར་ཡང་ཕྱུགས་མི་སྤེལ། །སྤེན་པ་དར་ཡང་ནོར་མི་གཏོང་།། ༈ བཞི་པ་རྒྱུ་སྐར་འབྲས་བུ་ལ། །སྤྱི་དང་བྱེ༌བྲག་ཐོར་བུ་གསུམ། །དང་པོ་འཇམ་དཔལ་རྩ་རྒྱུད་དུ། །ཐ་སྐར་སྣར་མ་རྒྱལ་ནམ་གྲུ། །ཁྲུམས་སྟོད་ཁྲུམས་སྨད་ལྷ་མཚམས་ལ། །བཟླས་པ་བྱ་དང་དཀྱིལ་འཁོར་འདྲི། །སྒྲུབ་པའི་བྱ་བ་བཟང་བར་གསུངས། །སྟག་རྣའི་མདོ་ལས་བདེ་བྱེད་བཞི། །དབོ་དང་ཆུ་སྨད་ཁྲུམས་སྨད་སྣར། །རྒྱལ་པོར་དབང་བསྐུར་གནས་རྩིག་དང་། །བཤིག་སྲེག་བཅིང་སོགས་བྱ་བ་བཟང་། །དེར་སྐྱེས་བཀྲ་ཤིས་འབྱོར་པ་ལྡན། །མེ་བཞི་བྱི་བཞིན་ཐ་སྐར་རྒྱལ། །བཞི་པོའང་བདེ་བྱེད་སྐར་མ་སྟེ། །ཁ་ཏོན་མཆོད་སྦྱིན་ལམ་ཞུགས་དང་། །རྟ་འདུལ་མཚོན་ཆ་སྨན་གྱི་ལས། །བཤིག་སྲེག་བཅིང་དང་མྱུར་ལས་བཟང་། །འདི་ལ་གང་སྐྱེས་རྒྱལ་པོ་ཡི། །མདུན་ན་འདོན་དུ་འགྱུར་བ་ཡིན། །གྲེ་དང་ཆུ་སྟོད་ཁྲུམས་སྨད་མཆུ། །བྲ་ཉེ་དྲག་པོའི་རྒྱུ་སྐར་ལྔར། །བཤིགས་སྲེག་བཅིངས་ན་གྲོལ་མི་འགྱུར།། ༈ ལུ་གུ་གདོང་གི་འབྲས་རྩིས་སུ། །ལས་མཐུན་ཕྱོགས་བསྡེབས་འདི་སྐད་བཤད། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ། །མི་བརྟན་འགྱུར་བའི་སྐར་མ་བཞི། །དེ་བཞིན་རབ་ཏུ་བརྟན་པ་བཞི། །མྱུར་ཞིང་བཟང་བ་རྣམ་པ་བཞི། །འབྲས་བུ་ཤིན་ཏུ་ངན་པ་བཞི། །མྱུར་བར་འགྱུར་བའི་སྐར་མ་ལྔ། །དེ་བཞིན་བརྟན་པའི་དོན་གྲུབ་ལྔ། །བཏང་སྙོམས་བྱེད་པ་གཉིས་ཡོད་དོ། །དེ་རྣམས་ལས་དང་ཡོན་ཏན་བཤད། །མི་བརྟན་འགྱུར་བ་རྣམ་བཞི་ནི། །རྒྱལ་དང་ཐ་སྐར་མེ་བཞི་དང་། །ནམ་གྲུ་རྣམས་ལ་མཆོད་ཆོག་དང་། །ཆོས་འཆད་སྡོམ་པ་འབོགས་པ་དང་། །གོང་མར་ཞུ་ནོར་འབུལ་བ་སོགས། །རང་དོན་མྱུར་པོ་སྒྲུབ་རྣམས་བཟང་། །དེ་ལ་ཆར་བབས་ཐན་པ་འབྱུང་། །འདི་ལ་སྐྱེས་པའི་ཁྱིའུ་དེ། །ཚེ་ལོ་བརྒྱད་ཅུའི་བར་དུ་འཚོ། །ལྕེ་བདེ་གཟུགས་བཟང་ལག་པ་བཟོ། །བློ་ལུས་མི་བརྟན་འདུག་མི་ཚུགས། །རང་བཞིན་ཤིན་ཏུ་ངན་པ་ཡིན། །ནད་ནི་ཆུང་ངུ་འབྱུང་འགྱུར་ཏེ། །བཏབ་མ་ཐག་ཏུ་འཚོ་བར་འགྱུར། །རབ་ཏུ་བརྟན་པའི་སྐར་མ་བཞི། །སྣར་མ་དབོ་དང་ཆུ་སྨད་དང་། །མོན་གྲུ་རྣམས་ལ་ཡུལ་གསར་བཟུང་། །གནས་གཞི་འཛུགས་དང་དཔོན་པོ་བྱེད། །ཤིང་དང་མེ་ཏོག་བསྐྲུན་པ་དང་། །ལྡུམ་ར་ཀུན་དགའ་ར་བ་སོགས། །བརྟན་ཞིང་ཡུན་དུ་གནས་རྣམས་བྱ། །དེ་ཚེ་ཆར་བྱུང་ཆར་མང་འབབ། །དེར་སྐྱེས་ལོ་ནི་བརྒྱར་འཚོ་ཞིང་། །ཕྱུག་ཅིག་སྦྱིན་ལ་དགའ་བ་སྟེ། །རང་གཞན་ཟས་སྦྱོར་སྲོང་པོར་སྨྲ། །རང་བཞིན་ཤིན་ཏུ་ངན་ན་ཡང་། །ནད་ཀྱིས་བཏབ་ན་མྱུར་དུ་འཚོ། །མྱུར་ཞིང་བཟང་བ་རྣམ་བཞི་ནི། །མགོ་དང་ནག་པ་ལྷ་མཚམས་དང་། །ཁྲུམས་སྨད་རྣམས་ལ་ཞིང་ལས་དང་། །གོས་རྒྱན་བཟོ་སོགས་མྱུར་ལས་བཟང་། །དེ་ལ་ཆར་བབས་སླར་མྱུར་འབབ། །དེར་སྐྱེས་ལོ་ནི་ཉེར་བརྒྱད་དམ། །དགུ་བཅུའི་བར་འཚོ་སྨྲ་ལྕེ་བདེ། །བློ་རྣོ་གཟུགས་བཟང་བདེན་པར་སྨྲ། །སྙན་གྲགས་ལྡན་ཞིང་སེམས་མྱུར་ལ། །མི་གཞན་དེ་ལ་དགའ་བ་དང་། །ངག་བཙན་ཉི་ཤུ་སུམ་ཅུའི་བར། །རང་བཞིན་ངན་ཡང་སླར་འགྱུར་ནས། །རབ་ཏུ་བཟང་སྟེ་དགེ་བར་འགྱུར། །ནད་བཏབ་རིམ་གྱིས་ཞི་བར་འགྱུར། །འབྲས་བུ་ངན་པ་བཞི་པོ་ནི། །ལག་སྐག་སྣྲོན་དང་སྣྲུབས་ཞེས་བྱ། །གྲོང་འཇོམས་དམག་དྲང་བསོད་རྐུ་སོགས། །དྲག་པོའི་ལས་དང་ངན་སྤྱོད་བཟང་། །དེ་ལ་ཆར་བབས་ཇེ་ཆུང་འགྲོ། །དེར་སྐྱེས་སུམ་ཅུ་ལྔ་བཅུ་དང་། །དྲུག་ཅུ་བདུན་ཅུའི་བར་དུ་འཚོ། །བྱ་བ་བཟང་པོ་མི་བྱེད་དེ། །ངན་པའི་ལས་ལ་རབ་ཏུ་བརྩོན། །མ་ཤིའི་བར་དུ་རང་བཞིན་ངན། །ནད་ཀྱིས་བཏང་ན་འཚོ་བ་སླ། །མྱུར་བར་འགྱུར་བ་ལྔ་པོ་ནི། །ནབས་སོ་ས་རི་གྲོ་བཞིན་དང་། །བྱི་བཞིན་མོན་དྲེ་ཞེས་བྱ་སྟེ། །གཞན་ཡུལ་ཐག་རིང་འགྲོ་བ་དང་། །ཚོང་སོགས་བརྟན་མིན་ཐམས་ཅད་དང་། །མྱུར་བར་འགྲུབ་པའི་ལས་རྣམས་བྱ། །དེའི་ཚེ་ཆར་བབས་མྱུར་མང་འབབ །དེར་སྐྱེས་ལོ་ནི་དྲུག་ཅུ་འཚོ། །སེམས་ནི་རབ་ཏུ་བཟང་བ་སྟེ། །རང་བཞིན་གཉེན་ཞིང་ཡང་བ་དང་། །བགྲོད་པ་དང་ནི་བརྩོན་ལ་སྤྲོ། །ན་ཚ་ཆུང་ངུ་ཆུང་ངུ་ཡང་། །རང་བཞིན་ཉིད་ཀྱིས་ཞི་བར་འགྱུར། །རྟག་ཏུ་རྫུན་སྨྲ་རང་བཞིན་ངན། །བརྟན་པའི་དོན་གྲུབ་སྐར་མ་ལྔ། །མཆུ་གྲེ༌བྲ་ཉེ་ཆུ་སྟོད་དང་། །ཁྲུམས་སྟོད་རྣམས་ལ་གཉེན་སྦྱོར་དང་། །ཉོ་ཚོང་འཁོར་བརྟེནཁང་རྨང་འདིང་། །དབང་བསྐུར་རབ་གནས་སྦྱིན་སྲེག་དང་། །བཟོ་བྱ་དགེ་བའི་ལས་རྣམས་བཟང་། །དེ་ལ་ཆར་བབས་སླར་ཡང་འབབ། །དེར་སྐྱེས་ལོ་ནི་གོ་ལྔ་འཚོ། །བཟོ་ཡི་རིག་བྱེད་མཁས་པ་དང་། །མ་ཤིའི་བར་དུ་རང་བཞིན་ངན། །ནད་ཀྱི་བཏབ་ཚེ་ཉེས་མི་འབྱུང་། །འདི་དང༌བྲ་ཉེའི་སྒོས་འབྲས་དག །འགལ་ཚབས་ཆེ་བས་དཔྱད་པར་བྱ། །བཏང་སྙོམས་བྱེད་པའི་སྐར་མ་གཉིས། །སྨིན་དྲུག་དང་ནི་ས་ག་སྟེ། །དེ་ལ་དོན་གཉེར་བཏང་སྙོམས་བྱེད། །རིན་ཆེན་ལྔ་དང་ས་ཡི་བཟོ། །དེ་སོགས་བཟོ་དང་སྦྱིན་སྲེག་བཟང་། །དེ་གཉིས་ལ་སྐྱེས་ཚེ་སྟོད་ལ། །ངན་ཡང་ཚེ་སྨད་བཟང་པོར་འགྱུར། །ནད་ཀྱིས་བཏབ་ཀྱང་གསོ་བ་སླ།། ༈ བྱེ༌བྲག་སོ་སོའི་བླང་དོར་ནི། །དབྱུ་གུ་དགྲ་སྐར་རླུང་གི་ཁམས། །མི་བརྟན་འགྱུར་བ་རྐུན་པོའི་སླར། །ཆོས་འཆད་སྡོམ་འབོགས་དཀྱིལ་འཁོར་ལས། །ལྷ་མཆོད་གཡང་འགུགས་དྲ་གྱོན་ཚོང་། །རྟ་གླང་འདུལ་སྦྱོར་བུ་ལོན་ལས། །ཐབ་བཅའ་ས་བོན་སྨན་སྦྱོར་གཏོང་། །སྲི་མནན་ཤིད་རོ་འདོན་དང་དམག །དོན་གཉེར་རྒྱལ་མཚན་བ་དན་འཛུགས། །བོན་ཆོག་བཟློག་པ་བྱོལ་ཟོར་འཕེན། །སྐྲ་འཁྲུ་འདྲེག་དང་རྫིང་ཡུར་འདྲུ། །དགྲ་འདུལ་ཡུལ་བསྐྲད་རྐུན་ཇག་བསྡུམས། །གཏམ་ཁུངས་དཔྱད་དང་བན་བོན་རྫོང་། །མིང་འདོགས་རིམ་གྲོ་ལྟད་མོ་ལམ། །ཕྱིར་འཇལ་རྒྱས་དང་དྲག་ལས་བཟང་། །ས་ཁ་འདུ་ལོང་ཆེན་པོའི་ལས། །རྒྱན་འདོགས་གསོན་ལས་གཏེར་སྲེག་མཁར། །གཉེན་སྒྲིག་བག་མ་ཚེ་འགུགས་སྐྱས། །མི་ཤི་བུ་སྲིང་ཕྱིར་གཏོང་ངན།། ༈ བྲ་ཉེ་དམེ་སྐར་མེ་ཡི་ཁམས། །འཕུང་བྱེད་ར་ཡི་བླ་སྐར་ལ། །བྲན་བསྟེན་རང་ཐག་སྒྱེད་བུ་འཛུགས། །བྲེས་རྩིག་ར་ཕྱུགས་ལེན་དང་ཉོ། །དགྲ་ལིང་འདྲི་དང་མནན་ཟོར་འཕེན། །འདྲེ་བསྐྲད་ཡུགས་སྐྲ་འཁྲུ་བ་དང་། །རིགས་ངན་དབྱེན་སྦྱོར་གཏད་སེལ་འཛུགས། །རྐུན་མ་ལིངས་བྱེད་རིགས་ངན་ཤིད། །གཞི་རྩོད་དྲག་པོའི་ལས་ཀུན་བཟང་། །ལམ་ཞུགས་ལྷ་གསོལ་ས་བོན་འདེབས། །མཁར་ལས་ལྷ་ཁང་རྟེན་བཞེངས་བ། །རྒྱལ་ས་ཆེ་འདོན་གོས་དྲ་གྱོན། །མོ་རྩིས་བུ་བཙས་དུར་འདེབས་བག །བང་མཛོད་རྩིག་དང་ས་ཁ་འབྱེད། །ར་ཕྱུགས་ཕྱིར་གཏོང་གཡང་བསླན་སྨན། །རིམ་གྲོ་གཏར་སྲེག་སྐྱེ་ཤིང་འཛུགས། །རྒྱལ་མཚན་བ་དན་འཕྱར་འཛུགས་བཟོ། །རབ་གནས་ལ་སོགས་ཞི་རྒྱས་དང་། །དཀར་ཕྱོགས་དགེ་བའི་ལས་རྣམས་ངན།། ༈ སྨིན་དྲུག་ཟློས་སྐར་མེ་ཡི་ཁམས། །བཏང་སྙོམས་ཅན་ཏེ་བུད་མེད་བླར། །ཆོས་སློབ་ལྷ་ཁང་མཆོད་རྟེན་གསོ། །ལྷ་གསོལ་ཚེ་གཡང་རྒྱལ་སར་བསྐོ། །ཚུར་ལེན་སྐྱིད་སྟོན་སྦྲ་ཁྱིམ་འབུབས། །ཐབ་བཅའ་ལྷས་རྩིག་ར་ལུག་ཉོ། །སྦྱིན་སྲེག་རིན་ཆེན་བཞུ་དང་བཟོ། །མཚོན་ཆ་ཁྱིམ་འཛིན་གོས་གྱོན་པ། །རྐུན་མ་ཕྱུགས་འགྱེད་རྟ་བོང་སྒ། །སྐྲ་འཁྲུ་རྒྱན་འདོགས་བུད་མེད་བརྟེན། །བུ་བཙས་ལྟད་མོ་གཉེན་འཕྲད་དང་། །ཆུ་རགས་ཡོན་འབུལ་སྨན་སྦྱོར་རྩིས། །མེ་ལས་དྲག་པོའི་ལས་སྒྲུབ་བཟང་། །གོས་ཉོ་ཕར་འཇལ་ལམ་ཞུགས་བག །གཤིན་ལས་གོས་དྲ་འཕོ་སྐྱས་མཁར། །རྒྱལ་མཚན་ཕན་འཛུགས་བང་མཛོད་དབྱེ། །རྫིང་ཡུར་ས་ཁ་ས་བོན་འདེབས། །བུ་འབོགས་སྐྱེ་ཤིང་འཛུགས་རྣམས་ངན།། ༈ སྣར་མ་གཡང་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་ཕྱུགས་ཀྱི་བླར། །ཡུལ་གསར་གནས་གཞི་བཟུང་བ་དང་། །ཁང་པ་ལྷས་རྩིག་རབ་ཏུ་བྱུང་། །རབ་གནས་རྒྱལ་ས་འཆད་ཉན་བྱེད། །ཚེ་གཡང་སྐྱོབ་དང་ནོར་ཕྱུགས་ལེན། །ཕྱུགས་སྦྱོར་རྟ་འདུལ་སྒ་རྒྱག་རྒྱུག །སྨན་སྦྱོར་གཏར་སྲེག་ས་ཁ་འབྱེད། །ས་བོན་སྐྱེ་ཤིང་མེ་ཏོག་འཛུགས། །ཀུན་ར་ལྡུམ་ར་ཆུ་རགས་རྩིག །དྲ་གྱོན་སྐྲ་འཁྲུ་བང་མཛོད་བཅའ། །སྦྲ་ཁྱིམ་འབུབས་སོགས་གཏན་ལས་བཟང་། །བུ་ལོན་འདོད་དང་སྟོན་མོ་ལམ། །ཆང་བཙོ་ནོར་ཕྱུགས་འཇལ་དམག་ཇག །གཉེན་སྒྲིག་བག་མ་གཤིན་གྱི་ལས། །འཕོ་སྐྱས་བུ་སྲིང་རྫོང་རྣམས་ངན།། ༈ མགོ་ནི་དམེ་སྐར་རླུང་གི་ཁམས། །མྱུར་ཞིང་བཟང་བ་རྩད་པོའི་བླར། །རབ་བྱུང་རབ་གནས་ཆོས་འཆད་གཉེན། །ལྷ་གསོལ་ཚེ་གཡང་ཁྱིམ་སྒོ་འཛུགས། །རྒྱལ་ས་མཁར་ལས་ལྷ་རྟེན་བཞེངས། །གྲོས་ཀྱི་གཞི་འདིང་ས་ཁ་དབྱེ། །ཞིང་ལས་བག་མ་ཚུར་ལེན་དང་། །རྟ་ཕྱུགས་འདུལ་དང་སྒ་རྒྱག་བཅོས། །སྨན་སྦྱོར་དམག་ཇག་དགྲ་འདུལ་སོགས། །རྩུབ་ལས་ཐབ་བཅའ་འདུ་ལོང་ཁྲུས། །བཟློག་པ་སྲི་མནན་སྐྲ་སེན་འདྲེག །ལྟད་སྟོན་མོ་རྩིས་མིང་འདོགས་ཚོང་། །གསོན་ཆོས་རྒྱས་དང་དྲག་ལས་བཟང་། །མི་ནོར་ཕྱིར་གཏོང་ལམ་དུ་འཇུག །དྲ་གྱོན་རྒྱན་འདོགས་དུར་འདེབས་ཤིད། །ཁ་སྨྲས་ཞལ་ཆེ་འཕོ་སྐྱས་ངན།། ༈ ལག་ནི་དགྲ་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་བཤན་པའི་བླར། །རབ་བྱུང་རབ་གནས་བཟོ་ཡིག་སློབ། །ཞལ་ཆེ་སྲི་མནན་ས་བོན་འདེབས། །ཁྲོན་འོབས་རྫིང་འདྲུ་ཆང་འཚོང་བ། །སྣུམ་འཚིར་ཕྱུགས་ཉོ་ཚེ་གཡང་འགུགས། །རྒྱན་སྤྲོད་སྐྲ་འཁྲུ་བོན་ཆོག་བྱ། །དགེ་ལས་རོ་ལམ་འཇལ་ལེན་བྱེད། །ཞུ་འབུལ་ཐུག་འགྱེད་དམག་ཇག་དང་། །གསོད་རྐུ་དགྲ་སྲི༌བྲུབས་པ་སོགས། །ངན་སྤྱོད་དྲག་པོའི་ལས་རྣམས་བཟང་། །གཉེན་སྦྱོར་བག་མ་ཕྱུགས་འཇལ་བ། །ལྷ་གསོལ་གཤིན་ལས་གོས་དྲ་གྱོན། །ལམ་ཞུགས་རྒྱལ་ས་བསྡུམས་དང་སྐྱས། །ལྷ་ཁང་རྟེན་བེང་བ་དན་འཛུགས། །གཏར་སྲེག་ཐབ་བཅའ་ཆུ་རགས་རྒྱག །སྦྲ་ཕྱར་འཚེམ་པ་ལ་སོགས་ངན།། ༈ ནབས་སོ་གཡང་སྐར་རླུང་གི་ཁམས། །མྱུར་ཞིང་འགྱུར་བ་ལུག་གི་བླར། །རབ་བྱུང་རབ་གནས་ཆོས་འཆད་ཉན། །སྦྱིན་སྲེག་ལྷ་གསོལ་གཡང་འགུགས་པ། །དཀྱིལ་འཁོར་འདྲི་སྒྲུབ་ས་བོན་འདེབས། །ལྷ་ཁང་མཁར་རྨང་འདིང་ཐོག་འབུབས། །རྟེན་བཞེངས་ཚུར་ལེན་གོས་དྲ་གྱོན། །དོན་གཉེར་རྒྱན་སྤྲོད་རྒྱལ་སར་བསྐོ། །བག་མ་ལེན་དང་གཙུག་ཕུད་འཇོག །སྒྱེད་འཛུགས་ཐུག་འགྱེད་བུ་ལོན་འཇལ། །ཞུ་གསོལ་བཟློག་ཟོར་འཐབ་མོ་ཤིད། །བ་ལང་སྦྱིན་དང་བང་མཛོད་བཅའ། །ས་ཁ་ཞིང་འདེབས་སྦྲ་ཕྱར་འཚེམ། །ཁྱིམ་འཛིན༌བྲན་བརྟེན་ལམ་ཞུགས་ཚོང་། །རྟ་བོང་སྒ་རྒྱག་གཏར་སྲེག་བཅོས། །མིང་འདོགས་ལུག་ལེན་གསོན་སྟོན་དང་། །ཡང་ཡང་བྱ་བ་རྣམས་ལ་བཟང་། །བུ་འབོགས་རོ་འདོན་འབྲིང་པོ་སྟེ། །དམག་ཇག་ཕར་རྒོལ་ལུག་ཕྱིར་འཇལ། །ནོར་གཏོང་ས་འཛིན་སྐྱེ་ཤིང་འཛུགས། །ཐབ་བཅའ་སྡིག་ལས་བྱ་བ་ངན།། ༈ རྒྱལ་ནི་གྲུབ་སྐར་མ་ཡི་ཁམས། །མི་བརྟན་འགྱུར་བ་ལུག་གི་བླར། །དཀྱིལ་འཁོར་འདྲི་སྒྲུབ་དབང་རབ་གནས། །རབ་བྱུང་ཆོས་འཆད་བླ་མ་བཀུར། །རྒྱལ་བློན་བསོ་དང་མཆོད་ཆོག༌བྲན། །ལྷ་གཡང་ཚེ་བསྲིང་གོས་དྲ་གྱོན། །རྒྱན་འདོགས་སྐྲ་འདེག་གཙུག་ཕུད་འཇོག །མིང་འདོགས་བག་མ་ཚུར་ལེན་ལམ། །སྨན་སྦྱོར་གཏར་ཁ་རྟ་གླང་འདུལ། །སྒ་རྒྱག་སྐྱེ་ཤིང་རྒྱལ་མཚན་འཛུགས། །ལྷ་ཁང་རྟེན་བཞེངས་ཐབ་མཛོད་བཅའ། །ཆུ་རགས་མོ་རྩིས་ནོར་ཕྱུགས་ལེན། །གོང་མར་ཞུ་འབུལ་རང་གི་དོན། །མྱུར་སྒྲུབ་གསོན་གཤིན་ལས་ཀུན་དང་། །བསོད་ནམས་སྙན་གྲགས་ལ་སོགས་པ། །མཆོག་གི་བྱ་བ་ཐམས་ཅད་དང་། །ཞི་རྒྱས་ཁྱད་པར་དབང་ལས་བཟང་། །འཁོན་དང་འཐབ་མོ་ཞལ་ཆེ་ཚོང་། །གཡང་མི་ཕྱུགས་ལུག་ཕྱིར་གཏོང་སྐྱས། །སྲི་མནན་སྐྲ་འཁྲུ་སྟོན་མོ་མཁར། །རྐུན་ཇག་རྔོན་པ་ཞིང་ལས་ངན།། ༈ སྐག་ནི་འགྲོན་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་ཁྱི་གཅན་བླར། །དཀྱིལ་འཁོར་འདྲི་སྒྲུབ་གྲོང་ཁྱེར་གཞོམ། །དམག་ཇག་གསོད་གཅོད་སེར་བ་དབབ། །རྒྱན་བརྡུང་རྫིང་ཡུར་འདྲུ་ལམ་འཆོས། །ར་བ་རགས་རྩིག་ཞུ་གསོལ་ཚོང་། །དགྲ༌བྲུབ་སྲི་མནན་བུ་ལོན་འཇལ། །མི་ཤི་སྒབ་ཆོག་གཤིན་ཆོས་དང་། །གསེབ་གཏོང་གྲོས་ཐག་གཅོད་ཆུ་སྒྱུར། །ཕ་རོལ་གཡོ་བསླུས་སྐྱེ་ཤིང་འཛུགས། །ཞི་བའི་ལས་དང་ཁྱད་པར་དུ། །མངོན་སྤྱོད་དྲག་པོའི་ལས་ཀུན་བཟང་། །རབ་གནས་ལྷ་གསོལ་སྨན་སྦྱོར་སྐྱས། །དྲ་གྱོན་རྒྱན་འདོགས་རྒྱལ་སར་བསྐོ། །མཁར་ལས་ལྷ་ཁང་རྟེན་བཞེངས་བ། །མོ་རྩིས་དོན་གཉེར་ཁྱིམ་གསར་འཛིན། །ཕྱུགས་འདུལ་འབྲེལ་སྙེག་ལམ་དུ་འཇུག །ཐབ་བཅའ་སྦྲ་ཕྱར་ར་ཕྱིར་གཏོང་། །རྟ་བོང་སྒ་བཅོས་ཞལ་ཆེ་བག །རོ་འདོན་ལྟད་མོ་ཐག་ཁྲི་འཛུགས། །དག་ཆོས་བརྟན་པའི་ལས་རྣམས་ངན།། ༈ མཆུ་ནི་དགྲ་སྐར་མེ་ཡི་ཁམས། །བརྟན་པའི་དོན་འགྲུབ་ཕྱུགས་ཇག་བླར། །དཀྱིལ་འཁོར་འདྲི་སྒྲུབ་དབང་རབ་བྱུང་། །འཆད་ཉན་སྨྲ་མཆུ་ལྷ་རྟེན་བཞེངས། །མོ་རྩིས་ཡིག་སློབ་ཁྱིམ་གསར་འཛིན། །རྒྱུན་སྤྲོད་ས་འཛིན༌བྲན་གཡོག་བསྟེན། །མཛོད་བཅའ་ས་བོན་གདབ་འབྲུ་བསྡུ། །ནོར་ལེན་གཡང་བསླན་རྟ་ཕྱུགས་ཉོ། །བཟོ་དང་ཞུ་བ་སྐྲ་སེན་འདྲེག །བཤིག་སྲེག་བཅིང་སོགས་ཕར་རྒོལ་ལས། །མཐུ་གཏད་བཟློག་ཟོར་སྲི་མནན་ཧོཾ། །གཏར་སྲེག་ཕ་མའི་དགེ་སྒྲུབ་སོགས། །དཀར་ཕྱོགས་ཁྱད་པར་དབང་ལས་བཟང་། །རབ་གནས་རྒྱལ་ས་ལམ་ཞུགས་སྐྱས། །མཁར་ལས་ཐབ་བཅའ་ལྷ་གསོལ་བསྡུམས། །དགེ་བཤེས་ཆེ་འདོན་ལྷ་གསོལ་དང་། །སྐྲ་འཁྲུ་བག་མ་གོས་དྲ་གྱོན། །ཆུ་རགས་རྫིང་ཁྲོན་ས་ཁ་འབྱེད། །རྟ་བོང་འདུལ་དང་སྒ་རྒྱག་གཅོས། །མི་ཤི་གཤིན་ལས་སྦྲ་ཕྱར་འཚེམ། །བོན་ཆོག་ནོར་རྫས་ཕྱིར་གཏོང་ངན།། ༈ གྲེ་ནི་དམེ་སྐར་མེ་ཡི་ཁམས། །བརྟན་པའི་དོན་འགྲུབ་ཇག་པའི་བླར། །རབ་བྱུང་འཆད་ཉན་དཀྱིལ་འཁོར་དབང་། །སྦྱིན་སྲེག་ལྷ་གསོལ་ས་འཛིན་མཁར། །གཉེན་སྦྱོར་གཉེན་འཕྲད་ནོར་ཕྱུགས་ལེན། །ཚེ་གཡང་མདོས་གཏོར་བང་མཛོད་དབྱེ། །ཐུག་འགྱེད་ཚུར་འགུགས་གཞིས་ཚོང་བ། །རྒྱན་སྤྲོད་མོ་རྩིས་གསོན་ལས་དང་། །འབྲས་ལྡན་ཤིང་གདབ་ཞིང་ལས་ཁྲུས། །ཐབ་བཅའ་ཆུ་རགས་བརྟན་པའི་ལས། །དགེ་ཞིང་ཞི་བའི་ལས་རྣམས་བཟང་། །རབ་གནས་སྟོན་མོ་གཤིན་ལས་ཤིད། །རྟ་ཉོ་དགྲ་འདུལ་ལམ་ཞུགས་བག །གཏར་སྲེག་བོང་བུ་ནོར་ཕྱིར་གཏོང་། །རྟ་བོང་སྒ་བཅོས་བང་མཛོད་བཅའ། །རྫིང་ཡུར་ས་ཁ་གོས་དྲ་གྱོན། །སྨན་བཅོས་བུ་ལོན་འཇལ་ཕྱུགས་འདུལ། །སྦྲ་ཕྱར་འཚེམ་འབུབས་མིང་འདོགས་དང་། །རྒྱལ་མཚན་འཕེན་འཛུགས་དྲག་ལས་ངན།། ༈ དབོ་ནི་དགྲ་སྐར་རླུང་གི་ཁམས། །རབ་ཏུ་བརྟན་པ་ལུག་གི་བླར། །རབ་གནས་ཡུལ་གསར་གནས་གཞི་བཟུང་། །རྒྱལ་སར་བསྐོ་དང་ལྷ་རྟེན་བཞེངས། །འཆད་ཉན་ལྷ་གསོལ་ཚེ་གཡང་འགུགས། །མཁར་ལས་ཐབ་བཅའ་རགས༌བྲེས་རྩིག །སྦྲ་ཕྱར་འཚེམ་དང་རྒྱལ་མཚན་འཛུགས། །གཉེན་སྦྱོར་བག་མ་གཏོང་ལེན་དང་། །སྒྱེད་འཛུགས་བུ་འབོགས་མོ་རྩིས་བྱ། །སྐྲ་འཁྲུ་རྒྱན་འདོགས་བཟློག་ཟོར་འཕེན། །མིང་འདོགས་སྟོན་མོ་རྟ་ཕྱུགས་འདུལ། །རྟ་བོང་སྒ་རྒྱག་མདུན་གྲོས་དང་། །དོན་གཉེར་འཕོ་སྐྱས་རྫས་ཕྱིར་གཏོང་། །རྩུབ་ལས་གསོད་གཅོད་དྲག་པོའི་ལས། །བརྟག་ཅིང་བརྟན་པའི་ལས་རྣམས་བཟང་། །གོས་དྲ་གོས་གྱོན་བུ་སྲིང་རྫོང་། །རྫིང་ཡུར་ཁྲོན་འདྲུ་སྦྲ་ཁྱིམ་འབུབས། །རོ་འདོན་ས་ཁ་ས་བོན་འདེབས། །མེ་ཏོག་ཤིང་འཛུགས་ལམ་ཞུགས་བསྡུམས། །འབྲི་གནག་ར་ལུག་ཕྱིར་གཏོང་བ། །བཟོ་དང་སྐྲ་སེན་འདྲེག་རྣམས་ངན།། ༈ མེ་བཞི་གཤིན་སྐར་རླུང་གི་ཁམས། །མི་བརྟན་འགྱུར་བ་ལུག་གི་བླར། །རབ་བྱུང་དཀྱིལ་འཁོར་འབྲི་སྒྲུབ་དབང་། །རབ་གནས་འཆད་ཉན་སྡོམ་པ་འབོགས། །མཆོད་འབུལ་ལྷ་གཡང་རྒྱལ་སར་བསྐོ། །སྨན་སྦྱོར་དྲ་གྱོན་རྒྱན་འདོགས་པ། །མཁར་ལས་ཐབ་བཅའ་ཡུལ་ཁྱིམ་འཛིན། །གཉེན་སྦྱོར་དགའ་སྟོན་མདུན་གྲོས་བྱ། །ས་ཁ་ཞིང་ལས་ས་བོན་གདབ། །རྫིང་འདྲུ་ཕར་རྒོལ་དམག་ཇག་རྐུན། །ཕྱུགས་འདུལ་ཕྱུགས་བསྲེལ་གླང་ཆེན་ཞོན། །རྟ་བོང་ཟེ་རྔོག་འདྲེག་སྒ་རྒྱག །གནག་ལུག་ཁྱུ་འཛུགས་ཤྭ་རགས་བསྡུམས། །རྫིང་འདྲུ་མནན་པ་སྐྲ་སེན་འདྲེག །ཡིག་སློབ་བཟོ་དང་སྦྲ་ཕྱར་འཚེམ། །མོ་རྩིས་ཞུ་ནོར་འབུལ་བ་སོགས། །རང་དོན་མྱུར་སྒྲུབ་དྲག་ལས་བཟང་། །ཕྱུགས་མ་ནང་ལེན་ལུག་ཕྱིར་གཏོང་། །བང་བ་ཁ་འབྱེད་རྫས་ཕྱིར་འཇལ། །སྦྲ་ཁྱིམ་འབུབས་དང་ལམ་དུ་འཇུག །ཤིད་རོ་འདོན་སྲེག་ཕྱུགས་གཉའ་སྲོ། །ལྷ་ཁང་རྟེན་བཞེངས་ལྟད་མོ་སྐྱས། །ཚོང་དང་མེ་ཏོག་ཤིང་འཛུགས་ངན།། ༈ ནག་པ་ཟློས་སྐར་རླུང་གི་ཁམས། །མྱུར་བཟང་གནག་ཕྱུག་ར་ཡི་བླར། །རྟེན་བཞེངས་དཀྱིལ་འཁོར་འདྲི་སྒྲུབ་དབང་། །རབ་བྱུང་ཆོས་ཉན་ཆ་གཡང་འགུགས། །མདུན་གྲོས་དྲ་གྱོན་རྒྱན་འདོགས་པ། །སྨན་སྦྱོར་སྐྲ་འཁྲུ་བཟོ་ཡི་རིགས། །ར་དང་གནག་ཕྱུགས་ཚུར་ལེན་པ། །ཞིང་ལས་ས་བོན་ཕྱུགས་འདུལ་རྒྱུག ཁང་གསར་འཛིན་དང་མདོས་གཏོར་འཕང་། །གཡོས་བྱ་གསོན་གྱི་དགེ་ལས་དང་། །དབང་རྒྱས་དྲག་དང་མྱུར་ལས་བཟང་། །ལྷ་གསོལ་རབ་གནས་རྒྱལ་སར་བསྐོ། །དགེ་བཤེས་ཆེ་འདོན་ཞུ་བ་བྱེད། །ར་ཕྱུགས་ཕར་འཇལ་ལམ་དུ་འཇུག །རྒྱལ་སྲིད་བྱ་བ་བསྙེན་བཀུར་དང་། །དགྲ་འཐབ་ཞལ་ཆེ་བུ་འབོགས་བག །དུར་འདེབས་དུར་ཁ་འབྱེད་ཤིང་སྐྱས། །རྐུན་ཇག་རྫིང་ཡུར་བང་མཛོད་དབྱེ། །ལྟད་མོ་ཆུ་རགས་མིང་འདོགས་པ། །དོན་གཉེར་མོ་རྩིས་ཞི་ལས་ངན།། ༈ ས་རི་གཡང་སྐར་རླུང་གི་ཁམས། །མྱུར་བར་འགྱུར་བ་འབྲུ་གནག་བླར། །རབ་བྱུང་དགེ་ལས་དཀྱིལ་འཁོར་དབང་། །འཆད་ཉན་སྨན་སྦྱོར་ཆ་གཡང་འགུགས། །ལྷ་སྒྲུབ་གཉེན་སྦྱོར་བག་མ་དང་། །ས་ཁ་ཞིང་ལས་ས་བོན་འདེབས། །ཞལ་གསོ་རྟེན་བཞེངས་བཟློག་མནན་བསྡུམས། །རྒྱལ་ས་ཞལ་ཆེ་བང་མཛོད་འཛིན། །དྲ་གྱོན་ཆུ་རྒལ་ལམ་དུ་འཇུག །རྟ་གླང་འདུལ་བཅོས་སྟོན་མོ་ཁྲུས། །ས་ཞིང་ཡུལ་མཁར་ཚུར་ལེན་པ། །སྦྲ་ཁྱིམ་འབུབས་དང་ཁྱིམ་དུ་འཇུག །ཆུ་རགས་གཏར་སྲེག་ལྡུམ་ར་འདེབས། །གསོན་གཤིན་ལས་ཕལ་དྲག་ལས་དང་། །ཚོང་སོགས་མྱུར་སྒྲུབ་ལས་རྣམས་བཟང་། །ས་ཞིང་ཡུལ་མཁར་ཕྱིར་གཏོང་དང་། །ཕར་འཇལ་དོན་གཉེར་འབྲུ་བང་འབྱེད། །དུར་འདེབས་རྟ་རྒྱུག་ལྟད་མོ་སྐྱས། །མཁར་རྩིག་རྐུན་ཇག་ལས་རྣམས་ངན།། ༈ ས་ག་གྲུབ་སྐར་མེ་ཡི་ཁམས། །བཏང་སྙོམས་ཅན་ཏེ་ཞིང་གི་བླར། །དཀྱིལ་འཁོར་འདྲི་སྒྲུབ་དབང་རབ་བྱུང་། །སྦྱིན་སྲེག་འཆད་ཉན་གཉེན་སྦྱོར་བ། །བག་མ་ལེན་དང་བུ་ལོན་འཇལ། །བཟོ་དང་ཁྱིམ་གསར་བང་མཛོད་འཛིན། །དྲ་གྱོན་སྲི་མནན་རྟ་ཕྱུགས་འདུལ། །ས་ཁ་ས་བོན་ཞིང་གི་ལས། །ཆུ་རགས་སྐྲ་སྲེན་འདྲེག་དགྲ་འདུལ། །དྲག་ལས་ཁྱད་པར་དབང་ལས་བཟང་། །ས་ཞིང་ཡུལ་མཁར་ཕྱིར་གཏོང་དང་། །མཁར་ལས་ཁྱིམ་འབུབས་བང་མཛོད་དབྱེ། །ཤིད་དང་དུར་འདེབས་མགྲོན་འགྲོ་ལམ། །ལྷ་གཡང་ཞུ་གསོལ་ལྷ་རྟེན་བཞེངས། །རྒྱལ་ས་སྨན་སྦྱོར་འབྲུ་འཇལ་སྐྱས། །ཁ་མཆུ་སྐྲ་འཁྲུ་སྟོན་མོ་བསྡུམས། །མོ་རྩིས་མེ་ཏོག་ཤིང་འཛུགས་པ། །ཞི་དང་རྒྱས་པའི་ལས་རྣམས་ངན།། ༈ ལྷ་མཚམས་ཟློས་སྐར་ས་ཡི་ཁམས། །མྱུར་ལ་བཟང་བ་བེནྡེའི་བླར། །རབ་བྱུང་རབ་གནས་ལྷ་གཡང་སྨན། །དགེ་ལས་ཆོས་སྟོན་མཆོད་རྟེན་གསོ། །ཞིང་ལས་སོན་གདབ་ཚེ་སྒྲུབ་པ། །དྲ་གྱོན་རྒྱན་འདོགས་རྒྱལ་སར་བསྐོ། །གཏར་སྲེག་སྐྲ་འཁྲུ་རི་མོ་བཟོ། །ནོར་ལེན་ཁ་མཆུ་ཤེ་སྡུད་པ། །རྩོད་འཇོ་ལམ་ཞུགས་ནོར་ཕྱུགས་ལེན། །དམག་ཇག་ཕར་རྒོལ་གཏད་དྲག་ལས། །རྩོད་བསྡུམས་མཚོན་དང་མྱུར་ལས་བཟང་། །ཁྱིམ་འབུབས་གཤིན་ལས་ཤིད་བག་མ། །ཕྱིར་འཇལ་མདུན་གྲོས་མཁར་ལས་དང་། །ཡུལ་ཁྱིམ་གསར་འཛིན་ས་ཁ་དབྱེ། །སྟོན་མོ་བཟློག་མནན་བུ་འབོགས་པ། །རྟ་བོང་དྲེའུ་འདུལ་བཅོས་བྱེད། །ཐབ་བཅའ་ཞི་བའི་ལས་རྣམས་ངན།། ༈ སྣྲོན་ནི་འགྲོན་སྐར་ས་ཡི་ཁམས། །འབྲས་བུ་ངན་པ་ར་ཡི་བླར། །རབ་བྱུང་དཀྱིལ་འཁོར་འདྲི་སྒྲུབ་དང་། །རབ་གནས་རྒྱལ་སར་བསྐོ་བ་སོགས། །རྒྱལ་པོའི་ལས་དང་ལྷ་གཡང་ཚེ། །བཀྲ་ཤིས་ཞུ་གསོལ་དགེ་ལས་སོན། །སློབ་གཉེར་རྒྱན་སྤྲོད་བུ་ལོན་སྙེག །སྐྱེ་ཤིང་ཟམ་འཛུགས་ཆུ་རྐ་ལེན། །ཁང་བཟང་འཇུག་དང་ཡུལ་གྲོགས་འཛིན། །ནོར་བླང་གཏར་སྲེག་ཐུག་འགྱེད་དང་། །རྟ་ཕྱུགས་ཁྱུར་གཏོང་གསོན་གྱི་ལས། །ཕུར་སྒྲུབ་གཏད་མནན་འཇོམས་འཕྲོག་རྐུ། །དམག་སོགས་དྲག་ལས་ངན་ཐབས་བཟང་། །གོས་དྲ་གོས་གྱོན་རྟེན་བཞེངས་བ། །མོ་རྩིས་སྨན་སྦྱོར་འཐབ་མོ་བསྡུམས། །བྲན་བརྟེན་ར་ཕྱུགས་ཕྱིར་གཏོང་དང་། །མིང་འདོགས་དོན་གཉེར་བཤེས་བྱེད་པ། །བག་མ་གཏོང་ལེན་གཤིན་ལས་ངན།། ༈ སྣྲུབས་ནི་དམེ་སྐར་ཆུ་ཡི་ཁམས། །འབྲས་བུ་ངན་པ་དམངས་པོའི་བླར། །དམག་དྲང་བསད་དྲག་གྲོང་ཁྱེར་གཞོམ། །རབ་གནས་ཚེ་གཡང་རྟེན་བཞེངས་ཚོང་། །འཕོ་སྐྱས་ལྷ་གསོལ་ཞལ་གསོ་དང་། །ཁྲུས་བྱ་མཁར་ལས་བང་བ་རྩིག །སྒོ་འཛུགས་སྟོན་མོ་གཏམ་གཏོང་བ། །ཐུག་འགྱེད་མོ་རྩིས་ས་བོན་འདེབས། །ནོར་རྫས་ཚུར་ལེན་ཆུ་སྲུང་གཏོང་། །བྲན་བརྟེན་གཤིན་དགེ་མདོས་གཏོང་མནན། །དབང་དྲག་མངོན་སྤྱོད་ལས་རྣམས་བཟང་། །ཕར་འཇལ་ལམ་ཞུགས་རྒྱལ་སར་འཇུག །དྲ་གྱོན་བག་མ་དུར་གདབ་པ། །སྡུང་ཁ་ཟ་འགོ་འཛུགས་མིང་འདོགས། །སྦྲ་ཕྱར་ཐབ་བཅའ་རྒྱལ་མཚན་འཛུགས། །ཆུ་རགས་ཁྱིམ་འཛིན་ཆེན་པོའི་ལས། །སྦྱིན་སྲེག་ཞི་རྒྱས་ལས་རྣམས་ངན།། ༈ ཆུ་སྟོད་གཡང་སྐར་ཆུ་ཡི་ཁམས། །བརྟན་པའི་དོན་གྲུབ་ནས་ཀྱི་བླར། །རབ་བྱུང་དབང་བསྐུར་རབ་གནས་དང་། །བཀྲ་ཤིས་ཞལ་གསོ་ལྷ་གཡང་ཚེ། །གཉེན་སྦྱོར་འཁོར་བརྟེན་རྒྱལ་སར་བསྐོ། །ཞུ་གསོལ་ཉོ་ཚོང་ཁང་རྨང་འདིངས། །ཆུ་སྒྱུར་རྫིང་ཁྲོན་ཆུ་འཆུ་བ། །ས་ཁ་ས་བོན་ནོར་ཕྱུགས་ལེན། །སྐྲ་འཁྲུ་རྒྱན་སྤྲོད་མིང་འདོགས་པ། །བཟློག་རིམ་སྦྱིན་སྲེག་བང་མཛོད་བཅའ། །ལྟད་མོ་ལམ་ཞུགས་བཟོ་ཡི་རིགས། །དགེ་བའི་ལས་དང་གསོན་ལས་བཟང་། །འབྲུ་ནོར་ཕྱིར་གཏོང་བང་བ་འབྱེད། །གཤིན་ལས་ཐབ་བཅའ་གོས་དྲ་གྱོན། །འཕོ་སྐྱས་རྟ་རྒྱུག་སྟོན་མོ་བག །རགས་རྩིག་ཞི་རྒྱས་ལས་ཕལ་ངན།། ༈ ཆུ་སྨད་གྲུབ་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་འབྲུ་ཡི་བླར། །རབ་གནས་བསྙེན་སྒྲུབ་འཆད་ཉན་དབང་། །སྡོམ་ལེན་རྒྱལ་ས་གནས་གཞི་འཛུགས། །ཡུལ་གསར་འཛིན་དང༌བྲན་གཡོག་བརྟེན། །འབྲུ་ནོར་ཚུར་ལེན་གོས་དྲ་བ། །རྟེན་བཞེངས་ལྷ་གསོལ་ཚེ་གཡང་འགུགས། །མཁར་ལས་མེ་ཏོག་ཤིང་སྒྱེད་འཛུགས། །གྲོང་དཔོན་ཚོང་དཔོན་ཕྱུགས་རྫི་བསྐོ། །མོ་རྩིས་ས་བོན་གདབ་མཛོད་བཅའ། །མདུན་གྲོས་བག་མ་གཤིན་ལས་སྨན། །སྐྱས་བསྡུམས་རྫིང་ཡུར་སྦྲ་ཕྱར་དྲུབ། །རྟ་བོང་དྲེའུ་སྒ་རྒྱག་བཅོས། །མིང་འདོགས་རྒྱལ་མཚན་བ་དན་འཛུགས། །ཞི་རྒྱས་དབང་གི་ལས་ཕལ་དང་། །གསོན་ལས་བརྟན་པའི་ལས་ཀུན་བཟང་། །དགྲར་རྒོལ་གོས་གྱོན་སྦྲ་ཁྱིམ་འབུབས། །ཕྱུགས་དང་མར་ནས་ཕྱིར་གཏོང་བ། །བང་མཛོད་ཁ་འབྱེད་ལམ་དུ་འཇུག །རོ་སྲེག་དུར་སྦ་སྐྲ་སེན་འདྲེག །ཆུ་རགས་གཞན་ཡུལ་དོན་གཉེར་ངན།། ༈ གྲོ་བཞིན་ཟློས་སྐར་ས་ཡི་ཁམས། །མྱུར་བར་འགྱུར་བ་བོན་པོའི་བླར། །རབ་གནས་རྟེན་བཞེངས་རྒྱལ་སར་བསྐོ། །བློ་གྲོས་གཞི་འདིང་རྫིང་ཡུར་འདྲུ། །ཆུ་ལས་སོ་ནམ་སྐྱིད་སྟོན་དང་། །དགེ་ལས་ཚེ་གཡང་གཉེན་སྒྲིག་པ། །བག་མ་ཚུར་ལེན་ལྷ་གསོལ་བ། །དྲ་གྱོན་རྒྱན་འདོགས་ཁྱིམ་གསར་འཛིན། །ཕར་རྒོལ་བང་མཛོད་རྩིག་དང་འབྱེད། །བཟློག་རིམ་མོ་རྩིས་འཐབ་མོ་བསྡུམས། །སྨན་སྦྱོར་གཏར་སྲེག་ས་ཁ་དབྱེ། །ས་བོན་ནོར་འཇལ་རྟ་གླང་འདུལ། །ལམ་ཞུགས་ཚོང་སོགས་བརྟན་མིན་དང་། །མྱུར་འགྲུབ་རྒྱས་པའི་ལས་རྣམས་བཟང་། །རབ་བྱུང་བོན་ཆོག་བུ་ལོན་འཇལ། །གསོན་ཆོས་མཁར་ལས་སྲི་མནན་དང་། །རྐུན་ཇག་ཤིད་ཀྱི་སྟོན་མོ་ངན།། ༈ བྱི་བཞིན་གཤིན་སྐར་ས་ཡི་ཁམས། །མྱུར་བར་འགྱུར་བ་བོན་པོའི་བླར། །ཚངས་པའི་ལྷ་མཆོད་རབ་གནས་དང་། །སྐྲ་འདྲེག་སེལ་བྱེད་དགྲ་ལྷ་གསོལ། །དགྲར་རྒོལ་ཕྱིར་འཇལ་གསོན་དགེ་དང་། །མཁར་ལས་ཆང་བཙོ་ཚེ་འགུགས་པ། །སོན་གདབ་མོ་འདེབས་སྲི་མནན་དང་། །ལམ་ཞུགས་ཚོང་སོགས་མྱུར་ལས་བཟང་། །མདུན་གྲོས་དོན་གཉེར་རྒྱལ་སར་བསྐོ། །ཐུག་འགྱེད་གསེབ་གཏོང་གོས་དྲ་གྱོན། །བག་མ་གཏོང་ལེན་ཤིན་སྟོན་ངན།། ༈ མོན་དྲེ་འགྲོན་སྐར་ཆུ་ཡི་ཁམས། །མྱུར་བར་འགྱུར་བ་རྟ་བོང་བླར། །རབ་བྱུང་རབ་གནས་དབང་བསྐུར་བ། །རྒྱལ་སར་འཇུག་སོགས་དཔོན་བསྐོ་དང་། །ལྷ་གསོལ་གཡང་འགུགས་སྨན་སྦྱོར་ཚོང་། །རྟེན་བཞེངས་མཁར་ལས་ཁྱིམ་གསར་འཛིན། །རྟ་བོང་བཅོས་བྱེད་ཚུར་ལེན་པ། །གོས་དྲ་གོས་གྱོན་རྒྱན་འདོགས་དང་། །བྲེས་རྩིག་དོན་གཉེར་ཞུ་བ་གསོལ། །སྐྲ་འཁྲུ་གསོན་ལས་ཆོས་སྟོན་འདྲེན། །ལམ་ཞུགས་ཞིང་འདེབས་ས་ཁ་དབྱེ། །དམག་སོགས་དྲག་པོའི་ལས་རྣམས་བཟང་། །རྟ་བོང་ནོར་རྫས་ཕྱིར་གཏོང་བ། །བཟློག་མནན་ཐབ་བཅའ་སྐྱས་དང་གཉེན། །བག་མ་གཏོང་ལེན་གཤིན་ལས་ངན།། ༈ མོན་གྲུ་འགྲོན་སྐར་ས་ཡི་ཁམས། །རབ་ཏུ་བརྟན་པ་རྟ་བོང་བླར། །རབ་བྱུང་ཆོས་འཆད་དབང་རབ་གནས། །རྒྱལ་སར་བསྐོ་དང་གནས་གཞི་གཟུང་། །གཞན་གྱི་སློབ་དཔོན་རྟེན་བཞེངས་པ། །བང་མཛོད་ས་ཁ་ས་བོན་འདེབས། །ལམ་ཞུགས་རྟ་བོང་འདུལ་བཅོས་ཉོ། །ཚུར་ལེན་སྨན་སྦྱོར་གཤིན་ཆོས་བསྡུམས། །ལྷ་གཡང་དོན་གཉེར་སྒྲུབ་མཆོད་དམག །ས་ཞིང་ཡུལ་འཛིན་རྒྱས་ལས་བཟང་། །དྲ་གྱོན་རྒྱན་འདོགས་རྫིང་ཡུར་འདྲུ། །བཟློག་པ་ཟོར་དང་སྐྲ་སེན་འདྲེག །རྟ་བོང་ཕྱིར་གཏོང་སྣོད་ཁ་འབྱེད། །ཤིད་སྟོན་བག་མ་གཏོང་ལེན་ངན།། ༈ ཁྲུམས་སྟོད་གཤིན་སྐར་མེ་ཡི་ཁམས། །བརྟན་པའི་དོན་གྲུབ་བེནྡེའི་བླར། །དབང་བསྐུར་རབ་གནས་སྦྱིན་སྲེག་དང་། །གཉན་སྦྱོར་ཚེ་འགུགས་ཁང་རྨང་འདིང་། །ལྷ་གསོལ་མདུན་གྲོས་སྨན་སྦྱོར་བསྡུམས། །རྟ་ཕྱུགས་ཉ་འདུལ་ནོར་ཚུར་ལེན། །ཐབ་བཅའ་རྒྱལ་མཚན་ལྗོན་ཤིང་འཛུགས། །བྲན་བརྟེན་ས་འཛིན་ས་བོན་འདེབས། །གཤིན་ལས་སེལ་འཛུགས་བཟོ་རིགས་ཚོང་། །སྦྲ་ཕྱར་རགས་རྩིག་དགེ་བའི་ལས། །མིང་འདོགས་གསོན་པོའི་བྱ་བ་དང་། །དྲག་པོའི་སྦྱོར་བ་ཐམས་ཅད་བཟང་། །ནོར་འཇལ་ཞལ་ཆེ་ཁ་སྨྲས་དང་། །ལམ་ཞུགས་དྲ་གྱོན་རྫིང་ཡུར་འདྲུ། །སྐྲ་འཁྲུ་ས་ཁ་སོ་ནམ་འཛུགས། །དོན་གཉེར་ཐག་རིང་སྟོན་མོ་དང་། །རྐུན་ཇག་བག་མ་གཏོང་ལེན་ངན།། ༈ ཁྲུམས་སྨད་གཤིན་སྐར་ཆུ་ཡི་ཁམས། །མྱུར་ཞིང་བཟང་བ་གཤིན་གྱི་བླར། །རབ་གནས་འཆད་ཉན་དབང་སྡོམ་ལེན། །རྒྱལ་ས༌བྲན་བསྟེན་སྨན་སྦྱོར་ལམ། །འབྲུ་ནོར་སྡུད་དང་ཕྱུགས་འཇལ་ལེན། །གོས་རྒྱན་བཟོ་བྱ་གྱོན་ཞིང་འདོགས། །མདུན་མ་ཉོ་ཚོང་གཤིན་ལས་ཤིད། །ས་ཁ་སྐྱེ་ཤིང་མེ་ཏོག་འཛུགས། །རྫིང་ཡུར་ཞིང་ལས་ས་བོན་གདབ། །རྟེན་བཞེངས་བཟློག་མནན་སྐྲ་འཁྲུ་བ། །ཆང་བཙོ་ཞི་ལས་མྱུར་སྒྲུབ་བཟང་། །ལྷ་གསོལ་གཡང་འགུགས་འདུ་ལོང་བྱེད། །མཁར་ལས་ཁྱིམ་འཛིན་ཐབ་བཅའ་བ། །སྦྲ་ཕྱར་འཚེམ་དང་གཏར་སྲེག་བསྡུམས། །བག་མ་གཏོང་ལེན་སྐྲ་སེན་འདྲེག །གསོན་ལས་དོན་གཉེར་ལྟད་སྟོན་དང་། །ཆུ་རགས་བུ་བཙས་དུར་འདེབས་ངན།། ༈ ནམ་གྲུ་གྲུབ་སྐར་ཆུ་ཡི་ཁམས། །མི་བརྟན་འགྱུར་བ་རྩིས་པའི་བླར། །རབ་བྱུང་ཆོས་འཆད་རབ་གནས་དབང་། །ལྷ་སྒྲུབ་སྡོམ་འབོགས་རྒྱལ་སར་བསྐོ། །མཁར་ལས་ཞལ་ཆེ་ལྷ་གཡང་སྨན། །མཆོད་ཚོག་གོང་མར་ཞུ་ནོར་འབུལ། །དགེ་ལས་སྟོན་མོ་ཕྱུགས་འགྱེད་ཚོང་། །ས་ཁ་ས་བོན་སྐྱེ་ཤིང་འཛུགས། །རོ་དྲང་གཤིན་ལས་ཤིད་དང་སྐྱས། །མིང་འདོགས་གཏར་སྲེག་སྐྲ་འཁྲུ་བ། །རིན་ཆེན་འབྲུ་སྒྲུབ་བང་མཛོད་བཅའ། །གོས་གྱོན་དབྱིག་བླང་ཁྱིམ་གསར་འཛིན། །ཆུ་བསྒྱུར་ལམ་འཚོས་གསོན་གྱི་ལས། །རང་དོན་མྱུར་སྒྲུབ་ལས་རྣམས་བཟང་། །གོས་འདྲ་ལམ་ཞུགས་ཆུ་རགས་བསྡུམས། །འབྲུ་ནོར་ཕྱིར་གཏོང་བུ་འབོགས་པ། །དམག་ཇག་འཕྲོག་འཇོམས་བརྟན་ལས་དང་། །ཐབ་བཅའ་བཟློག་རིམ་སྦྲ་ཕྱར་འཚེམ། །ཐུག་འགྱེད་གསེབ་སྤྲོད་བག་མ་ངན།། ༈ དེ་ནས་སྐར་འབྲས་ཐོར་བུ་ནི། །ཁྲོམ་རྩིས་ལེའུ་བརྒྱད་ཅུ་པར། །ནག་པ་གྲོ་བཞིན༌བྲ་ཉེ་མཆུ། །རྒྱལ་ས་ཆེ་འདོན་རབ་གནས་སྤང་། །མོན་དྲེ་ལྷ་མཚམས་ནམ་གྲུ་སྨིན། །ཆུ་སྟོད་ཆུ་སྨད་ལག་མེ་བཞིར། །བག་མ་བླངས་ན་ཁྱོ་དེ་འཆི། །ཆུ་སྟོད་ལྷ་མཚམས་ཁྲུམས་སྟོད་སྣར། །སྟོན་མོ་བྱས་ན་ཤུལ་དེ་འཕུང་། །བྱི་བཞིན༌བྲ་ཉེ་སྐག་ས་གར། །ཤིད་བྱས་ལོ་ནི་མི་འགོར་འཆི། །ནབས་སོ་དབོ་དང་ནམ་གྲུ་སྣར། །འཇམ་སྐར་ཡིན་ཏེ་ཀླད་པ་མེད། །དམག་ཇག་བྱས་ན་མི་ཐོབ་ཕམ། །རྒྱལ་དང་ནབས་སོ་ཆུ་སྟོད་དབོ། །མེ་བཞི་ནམ་གྲུ་ཆུ་སྨད་མགོ། །ཕན་པ་བཀྲ་ཤིས་སྐར་མ་བརྒྱད། །རྒྱལ་སར་འདོན་དང་རབ་གནས་བྱ། །མགོ་དང་ས་ག་ཆུ་སྨད་རྣམས། །བག་མའི་ལམ་ལ་ཤིས་པ་ཡིན། །ནབས་སོ་དབྱུག་པ་ས་རི་རྣམས། །ཤིད་ཀྱི་ལས་ལ་ཤིས་པ་ཡིན། །ལག་དང་མེ་བཞི་ཁྲུམས་སྨད་རྣམས། །དམག་ཇག་ལས་ལ་ཤིས་པ་ཡིན། །གཞན་ཡང་ལམ་ཞུགས་ཕྱོགས་རིགས་ནི། །གྲོ་བཞིན་སྣྲུབས་ལ་ཤར་དུ་སྤང་། །དབྱུག་པ་ཆུ་སྨད་ལྷོ་ཕྱོགས་སྤང་། །སྣར་མ་རྒྱལ་ལ་ནུབ་ཏུ་སྤང་། །མེ་བཞི་དབོ་ལ་བྱང་དུ་སྤང་། །དེ་ལྟར་ངན་པའི་ཕྱོགས་ལ་འཇོམ།། ༈ རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལས། །ས་ག་ཆུ་སྨད་ནམ་གྲུ་རྒྱལ། །གྲུབ་སྐར་བཞི་ཡིན་གང་ཡང་བཟང་། །བྲེ་ཉ་མགོ་གྲེ་སྣྲུབས་བཞི་ནི། །དམེ་སྐར་ཡིན་ཏེ་གང་ཡང་ངན། །ནབས་སོ་ས་རི་ཆུ་སྟོད་སྣར། །གཡང་སྐར་བཞི་སྟེ་ནོར་མི་འཇལ། །ཐ་སྐར་ལག་མཆུ་དབོ་བཞི་པོ། །དགྲ་སྐར་ཡིན་པས་དགྲ་ལ་རྒོལ། །སྐག་སྣྲོན་མོན་དྲེ་མོན་གྲུ་བཞི། །འགྲོན་སྐར་ཡིན་ཏེ་ལམ་དུ་འཇུག །མེ་བཞི་བྱི་བཞིན་ཁྲུམས་སྟོད་སྨད། །གཤིན་སྐར་བཞི་སྟེ་གཤིན་ལས་བྱ། །སྨིན་དྲུག་ལྷ་མཚམས་གྲོ་བཞིན་ནག །ཟློས་སྐར་བཞི་ཡིན་ཤིད་སོགས་སྤང་། །མེ་རླུང་ངན་ཞིང་ས་ཆུ་བཟང་། །རང་སྐྱེས་སྐར་མ་གང་ཡིན་ལ། །སྐྲ་བཞར་དོན་གཉེར་ལ་སོགས་ངན། །སེམས་དགེ་བསོད་ནམས་གསོག་པ་བཟང་། །ལས་གཞན་གང་ཡང་བྱར་མི་རུང་། །མདོར་ན་གཟའ་དང་སྐར་མ་གཉིས། །སྐར་བཟང་དེ་སླེབས་གཟའ་ཡིས་སྒྱུར། །གཟའ་བཟང་དེ་སླབས་ཁྱིམ་གྱིས་སྒྱུར། །དེ་ཕྱིར་རིག་པའི་འཁྲུལ་འཁོར་བསྐོར། །ཕྱོགས་རེརེ་ཞེན་པ་བློ་གྲོས་དམན། །བློ་ལྡན་རིག་པ་མཁའ་འདྲ་སྟེ། །བཟང་ངན་ཀུན་ཤོང་དེ་དོན་ཕྱིར། །ཞིབ་མོར་དཔྱད་པས་ལེགས་པར་འགྲུབ།། ༈ ལྔ་པ་འཕྲོད་ལ་སྐར་རྩིས་དང་། །འབྱུང་རྩིས་པ་ཡི་ལུགས་གཉིས་ཡོད། །སྐར་རྩིས་ལུགས་ལའང་ཐུན་མོང་དང་། །ཐུན་མོང་མིན་པ་རྣམ་པ་གཉིས། །དང་པོ་ཐུན་མོང་དྲང་སྲོང་གི། །ལུགས་ལའང་གསུམ་ལས་འབྱུང་འཕྲོད་ནི། །ཉི་མ་མིག་དམར་མེ་ཡི་ཁམས། །ཟླ་བ་ལྷག་པ་ཆུ་རུ་འདོད། །ཕུར་བུ་སྒྲ་གཅན་རླུང་ཡིན་ལ། །པ་སངས་སྤེན་པ་ས་ཡི་ཁམས། །སྨིན་དྲུག་རྒྱལ་དང་མཆུ་དང་གྲེ། །ས་ག་ཁྲུམས་སྟོད༌བྲ་ཉེ་མེ། །སྣར་མ་ལྷ་མཚམས་སྣྲོན་ཆུ་སྨད། །གྲོ་བཞིན་བྱི་བཞིན་མོན་གྲུ་ས། །མགོ་དང་ནབས་སོ་དབོ་མེ་བཞི། །ནག་པ་ས་རི་ཐ་སྐར་རླུང་། །ལག་སྐག་སྣྲུབས་དང་ཆུ་སྟོད་དང་། །མོན་དྲེ་ཁྲུམས་སྨད་ནམ་གྲུ་ཆུ། །ས་གཉིས་ནང་འཕྲད་དངོས་གྲུབ་སྦྱོར། །དངོས་གྲུབ་སྦྱོར་བས་ཅི་བསམ་འགྲུབ། །རྟེན་བཞེངས་མཁར་རྩིག་ཞིང་ཉོ་བ། །རྒྱས་པའི་ལས་རྣམས་བྱ་བ་དང་། །མདུན་མ་བྱེད་སོགས་བརྟན་ལས་བཟང་། །ཆུ་གཉིས་ནང་འཕྲད་བདུད་རྩི་སྦྱོར། །བདུད་རྩི་སྦྱོར་བས་ཚེ་སྟོབས་འཕེལ། །སྨན་སྦྱོར་ཁྲུས་བྱེད་བག་མ་ལེན། །ཚེ་དབང་ཚེ་སྒྲུབ་ཆོ་ག་དང་། །གཉེན་དང་ཚོང་བསྐྱེད་འཕེལ་ལས་བཟང་། །ས་ཆུ་འཕྲད་པ་ལང་ཚོ་སྦྱོར། །ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད། །དགའ་སྟོན་བྱ་ཞིང་ཆེ་སར་འདོན། །གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་། །མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར། །འཕེལ་འགྱུར་སྦྱོར་བས་ཟས་གོས་རྙེད། །ཚོང་བྱ་སྦྱིན་གཏོང་ས་བོན་འདེབས། །ནོར་རྒྱུན་མ་སྒྲུབ་ཆུ་སྦྱིན་སྟེར། །ནོར་ལྷ་མཆོད་ཅིང་དངོས་གྲུབ་ཞུ། །རླུང་གཉིས་ནང་འཕྲད་ཕུན་ཚོགས་སྦྱོར། །ཕུན་ཚོགས་སྦྱོར་བས་བསམ་མྱུར་འགྲུབ། །འགྲུལ་བྱ་དོན་གཉེར་ཁ་མཆུ་བསྡུམས། །གཡོ་དྲག་མྱུར་བའི་ལས་རྣམས་བཟང་། །མེ་རླུང་འཕྲད་པ་སྟོབས་ལྡན་སྦྱོར། །སྟོབས་ལྡན་སྦྱོར་བས་བཀྲ་ཤིས་བྱེད། །རིམ་གྲོ་ལྷ་གསོལ་ཆོས་སྤྱོད་བྱ། །ཞི་རྒྱས་དབང་གི་ལས་རྣམས་འགྲུབ། །ས་རླུང་འཕྲད་པ་མི་འཕྲོད་སྦྱོར། །མི་འཕྲོད་སྦྱོར་བས་ཟས་ནོར་འཛད། །རྐུན་ཇག་འཇོམས་འཕྲོག་བྱེད་པ་སོགས། །མྱ་ངན་འོང་བས་དོན་མི་འགྲུབ། །ཆུ་རླུང་འཕྲད་པ་མི་མཐུན་སྦྱོར། །མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད། །དབྱེན་དང་ཕྲ་མ་གཞུགས་པ་དང་། །དགྲ་བོ་དབྱུང་བའི་ལས་རྣམས་བྱ། །ས་མེ་འཕྲད་པ་སྲེག་པའི་སྦྱོར། །སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད། །དམག་འདྲེན་དགྲ་གཞོམ་དྲག་ལས་རྩོད། །ཕ་རོལ་སྡུག་བསྔལ་བསྐྱེད་ཀུན་བྱ། །མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཕ་རོལ་གསོད་དང་དུག་སྦྱོར་དང་། །མཐུ་གཏད་ལ་སོགས་རིག་པས་བསྒྲུབ། །འདིར་ནི་བཟང་གསུམ་གསོ་ཐུབ་གསུམ། །ངན་གསུམ་ཐ་ཆད་གཅིག་དང་བཅུས། །བྱ་བ་ཀུན་ལ་བཟང་ངན་བྱེད།། ༈ གཉིས་པ་འཕྲོད་སྦྱོར་ཉེར་བརྒྱད་ནི། །ཀུན་དགའ་ལ་ནི་ནོར་རྙེད་འགྱུར། །དུས་ཀྱི་དབྱིག་ལ་འཇིགས་པ་ཆེ། །དུལ་བས་ནོར་མང་ཕྱུག་པོར་འགྱུར། །སྐྱེ་དགུ་ལ་ནི་སྐྱེ་དགུ་བདེ། །གཞོན་ལ་བྱ་བ་ཐམས་ཅད་འགྲུབ། །བྱ་རོག་ཁ་འཐབ་འཇིགས་ཤིང་བཀྲེས། །རྒྱལ་མཚན་གོས་དང་ནོར་ཐོབ་འགྱུར། །དཔལ་བེ་ལ་ནི་རིན་ཆེན་འདུ། །རྡོ་རྗེར་ཐོག་འབེབས་འཇིགས་པ་སྐྱེ། །ཐོ་བས་འཆི་བའི་འཇིགས་པ་འབྱུང་། །གདུགས་ལ་དགྲ་བོ་འཇོམས་པར་འགྱུར། །གྲོགས་ཀྱི་གྲོགས་དང་འཕྲད་པར་བྱེད། །ཡིད་ལ་དཔལ་ནི་རྙེད་པར་འགྱུར། །འདོད་བྱས་ཡིད་ལ་སྨོན་པ་འགྲུབ། །འགལ་མེ་ལ་ནི་འཐབ་རྩོད་འབྱུང་། །རྩ་བཏོན་ལ་ནི་ཚེ་ཟད་འགྱུར། །འཆི་བདག་འཆི་བའི་འཇིགས་པ་རྩོམ། །མདའ་ལ་སྣ་དང་ཡན་ལག་ཉམས། །གྲུབ་ལ་བྱ་བ་གང་བརྩམས་འགྲུབ། །མདུང་ལ་ནད་ཀྱི་འཇིགས་པ་འབྱུང་། །བདུད་རྩི་ལ་ནི་དགྲ་བོ་འཕུང་། །གཏུན་ཤིང་མགོ་ཆག་འཇིགས་པ་སྟེར། །གླང་པོ་ལ་ནི་དོན་ཀུན་འགྲུབ། །སྟག་མྱོས་ལ་ནི་བཞོན་པ་རྙེད། །ཟད་ལ་ནོར་དང་སྐྱེ་བོ་འཛད། །གཡོ་ལ་རྒྱལ་པོའི་བྱ་བ་འགྲུབ། །བརྟན་ལ་སྲིད་སྡེ་འཕུང་བར་བྱེད། །འཕེལ་བས་ནོར་དང་ལོངས་སྤྱོད་འཕེལ། །འདི་ནི་དྲང་སྲོང་བདུན་གྱི་ལུགས། །གསུམ་པ་སྲེག་སྦྱོར་བདུན་པོ་ནི། །ལས་རྣམས་ཀུན་ལ་མི་དགེ་སྟེ། །ཁྱད་པར་གཏར་སྲེག་འཛེམ་པར་བྱ།། ༈ གཉིས་པ་རྒྱུད་འགྲེལ་ལས་གསུངས་བའི། །ཐུན་མོང་མ་ཡིན་འཕྲོད་གསུམ་གྱི། །དག་པའི་གཟའ་ཞེས་འགྲུབ་སྦྱོར་བདུན། །གང་ཤར་བདུད་རྩིའི་སྦྱོར་བ་སྟེ། །བྱ་བའི་ལས་རྣམས་ཅི་བསྒྲུབ་བཟང་། །འཆི་སྦྱོར་བདུན་པོ་གང་ཤར་བ། །མ་དག་པ་ཡི་གཟའ་ཞེས་བྱ། །ལས་དང་བྱ་བ་གང་ཡིན་ངན། །སྲེག་ཚེས་བཅུ་བཞི་གང་ཤར་ཡང་། །དགེ་བའི་ལས་དང་གཏར་སྲེག་འཛེམ། །འོན་ཀྱང་མི་དགེའི་ལས་བསྒྲུབ་ཤིས།། ༈ གཉིས་པ་འབྱུང་རྩིས་པའི་ལུགས་ཀྱི། །འཕྲོད་ལའང་ལྔ་ལས་བདུད་ཉི་བདུན། །དྲག་པོའི་ལས་ལ་ཤིས་པ་ཡིན། །ལམ་ཞུགས་བག་མ་ཤིད་ལས་དང་། །དབང་པོའི་བྱ་བ་ཐམས་ཅད་ངན། །ཁྱད་པར་ཉི་མ་སྨིན་དྲུག་འཛོམ། །ལྷ་གསོལ་བདུད་ཀྱི་ཉི་མ་ཡིན། །དེ་བཞིན་ཟླ་དབོ་མོ་བཙུན་དང་། །མིག་དམར་སྐག་འཛོམ་དམག་དཔོན་ཏེ། །ལྷག་པ་ཆུ་སྟོད་ནས་འཇལ་དང་། །ཕུར་བུ་མགོ་འཛོམ་བན་བོན་ལས། །པ་སངས་རྒྱལ་འཛོམ་ཆེ་བརྩོན་དང་། །སྤེན་པ་མོན་གྲུར་རྟ་ཚོང་སྟེ། །རང་རང་ལས་ལ་འཛེམ་པར་བྱ། །བདུད་ལས་རྒྱལ་བ་རྣམ་པ་བདུན། །བྱ་བ་ཀུན་དང་ཁྱད་པར་དུ། །ཕར་རྒོལ་དྲག་པོའི་ལས་ལ་བཟང་། །འཇིག་ཉི་དང་ནི་མི་འཕྲོད་ཉིད། །མི་མཐུན་པ་ཡི་ཉི་རྣམས་ལ། །བག་མ་ཤིད་ཀྱི་བྱ་བ་འཛེམ། །གཟའ་སྐར་སོ་སོ་བཟང་ན་ཡང་། །འཕྲོད་ངན་དེ་ཡི་འབྲས་བུར་འགྱུར། །གལ་ཏེ་གཟའ་སྐར་གཉིས་ངན་ཀྱང་། །འཕྲོད་བཟང་གྱུར་ན་དེ་འབྲས་འགྲུབ། །དེ་ཕྱིར་གཟའ་དང་སྐར་ཚེས་ཀྱི། །འཕྲོད་སྦྱོར་སྤྱི་དང་ཁྱད་པར་དུ། །ཐུན་མོང་མ་ཡིན་འཕྲོད་གསུམ་གྱི། །འབྲས་བུ་ཞིབ་བརྟགས་སྤང་བླང་གཅེས།། ༈ དྲུག་པ་སྦྱོར་བའི་འབྲས་བུ་ལ། །སྤྱི་དང་བྱེ༌བྲག་རྣམ་པ་གཉིས། །སྤྱི་ལ་བཟང་ངན་ཕྱོགས་བསྡེབས་དང་། །སྤང་བྱའི་ཆུ་ཚོད་གྲངས་བཤད་པའོ། །དེ་ལ་བཟང་ངན་ཕྱོགས་བསྡེབས་ནི། །སེལ་བ་ཤིན་ཏུ་སྐྲངས་ཟུག་རྔུ། །སྐྲངས་དང་ཀུན་འཇོམས་རྡོ་རྗེ་དང་། །ཤིན་ཏུ་ལྟུང་དང་ཡོངས་འཇོམས་དང་། །འཁོན་འཛིན་དགུ་པོ་ངན་པ་སྟེ། །དེ་ལྷག་བཅོ་བརྒྱད་བཟང་པོར་བཤད། །བཟང་བ་རྣམས་ལ་དགེ་ལས་དང་། །ངན་པ་རྣམས་ལ་སྡིག་ལས་ཤིས། །དགུ་པོ་རང་རང་སླེབས་མཚམས་ནས། །བརྩམས་ཏེ་ཆུ་ཚོད་སྤང་བྱའི་གྲངས། །སེལ་བའི་གསུམ་དང་ཟུག་རྔུའི་ལྔ། །སྐྲངས་དང་ཤིན་ཏུ་སྐྲངས་ཀྱི་དྲུག །ཀུན་འཇོམས་རྡོ་རྗེའི་ཆུ་ཚོད་དགུ། །ཤིན་ལྟུང་ཡོངས་འཇོམས་འཁོན་འཛིན་གསུམ། །ངན་པས་ཆུ་ཚོད་གྲངས་ཀུན་སྤང་། །བྱེ༌བྲག་སོ་སོའི་བླང་དོར་ནི། །སེལ་བར་ལམ་སེལ་བྱེད་པ་བཟང་། །མཛའ་བོ་ཀུན་དང་མཛའ་བར་འགྱུར། །ཚེ་ལྡན་ཚེ་རིང་དཔལ་ཐོབ་བོ། །སྐལ་བཟང་ཕུན་སུམ་ཚོགས་པ་ཡིན། །བཟང་པོ་ཀུན་གྱི་ཡིད་དུ་འོང་། །ཤིན་ཏུ་སྐྲངས་ལ་ནོར་ཕྱུགས་འཛད། །ལས་བཟང་ཕྱི་མའི་ལམ་སྣ་ཟིན། །འཛིན་པ་བུ་ནོར་ལོངས་སྤྱོད་རྙེད། །ཟུག་རྔུ་དོན་བྱས་གནོད་པ་ཆེ། །སྐྲངས་ནི་ཀླུ་ནད་ལྡང་བ་ཡིན། །འཕེལ་ལ་ཟས་ནོར་འཕེལ་བར་བཤད། །ངེས་པ་དགྲ་བོ་གཏན་དུ་འཇོམས། །ཀུན་འཇོམས་ལ་ནི་མཛེ་ནད་ལྡང་། །དགའ་བ་འབྲིང་སྟེ་ཚེ་ལ་དགའ། །རྡོ་རྗེ་འདོད་པ་ཐམས་ཅད་འཇོམས། །དངོས་གྲུབ་ཅི་བསམ་འགྲུབ་པ་ཡིན། །ཤིན་ཏུ་ལྟུང་ལ་བྱེས་འགྲོ་ངན། །མཆོག་ཅན་དགྲ་ལས་རྒྱལ་བ་ཡིན། །ཡོངས་འཇོམས་བཙོན་དུ་འཆིང་བར་འགྱུར། །ཞི་བ་འབྲས་བུ་ངེས་པར་སྟེར། །གྲུབ་པ་བསམ་པ་ཐམས་ཅད་འགྲུབ། །བསྒྲུབ་བྱ་ཚོང་ལ་འགྲོ་བ་བཟང་། །དགེ་བ་གསོན་སྟོན་བྱེད་པ་བཟང་། །དཀར་པོ་འགྲོ་འདུག་བྱེད་པ་བཟང་། །ཚངས་པ་ལྷ་ཡི་གོ་འཕང་ཐོབ། །དབང་པོ་སློབ་གཉེར་བྱེད་པ་བཟང་། །ཁོན་འཛིན་བུད་མེད་མཛའ་དང་འབྲལ།། ༈ བདུན་པ་བྱེད་པ་བཅུ་གཅིག་ལས། །འཕོ་བྱེད་བདུན་གྱི་འབྲས་བུ་ནི། །གདབ་པར་སྨན་སྦྱོར་རྒྱས་པའི་ལས། །དགེ་བ་དང་ནི་བརྟན་གཡོའི་ལས། །ཆོས་སྤྱོད་པ་དང་རྩོད་པའི་དོན། །སྔགས་བཟླ་བ་རྣམས་རབ་ཏུ་བཟང་། །བྱིས་པར་སློབ་དཔོན་བསྙེན་བཀུར་སོགས། །ཞབས་ཏོག་བྱ་ཞིང་རབ་ཏུ་བྱུང་། །གཙང་སྦྲ་ལ་སོགས༌བྲམ་ཟེའི་དོན། །ཕ་མའི་དོན་དང་སྦྱིན་སྲེག་དང་། །བ་ལང་གི་ནི་ལས་རྣམས་བཟང་། །རིགས་ཅན་ལ་ནི་རང་གཞན་གྱི། །ལས་ཀུན་འགྲུབ་སྟེ་ཁྱད་པར་དུ། །སྐུ་གཟུགས་བཞེངས་དང་རབ་གནས་སོགས། །མི་གཡོ་བརྟན་པའི་ལས་ཀུན་དང་། །རྩོད་དང་ཚོང་དང་དབང་གི་ལས། །ནོར་རྫས་སྤོ་བའི་ལས་རྣམས་བཟང་། །ཏིལ་རྡུང་དབང་སྡུད་བཀྲ་ཤིས་གསོལ། །དབང་དང་རྒྱས་པའི་ལས་ཀུན་བཟང་། །ཁྱིམ་སྐྱེས་ལ་ནི་ཞིང་ལས་དང་། །ཁྱིམ་རྩིག་འཛིན་སོགས་ལས་ཀུན་བཟང་། །ཚོང་པ་ལ་ནི་ཉོ་ཚོང་དང་། །བརྟན་པར་བྱེད་པའི་ལས་རྣམས་བཟང་། །བིཥྚི་ལ་ནི་གཞན་གསོད་དང་། །དྲུག་སྦྱོར་རྩུབ་པའི་ལས་རྣམས་བྱ། །དགེ་ལས་དབང་བསྐུར་རབ་གནས་དང་། །དོན་གཉེར་བག་མ་ལ་སོགས་ངན། །དྲག་ལས་བཟང་ཡང་གདོང་ལ་འཇོམ། །རྟག་བྱེད་བཞི་ཡི་འབྲས་བུ་ནི། །བཀྲ་ཤིས་ལ་ནི་སྨན་སྦྱོར་དང་། །སྔགས་དང་དམོད་པ་རྒྱས་ལས་བཟང་། །རྐང་བཞི་ལ་ནི༌བྲམ་ཟེ་མཆོད། །རྒྱལ་སྲིད་བྱ་བ་བ་ལང་ལས། །མཚུན་གཏོར་ལ་སོགས་བྱ་བ་བཟང་། །ཀླུ་ལ་གཏད་དང་མི་ཟད་ལས། །བཤེས་འབྱེད་ཕྲ་མའི་ལས་རྣམས་བཟང་། །མི་སྡུག་པ་ལ་དགེ་ལས་དང་། །བསད་འཕྲོག་སྐལ་བ་བཟང་པོའི་ལས། །མངོན་འདོད་རྒྱས་ལས་དབང་བསྐུར་བཟང་།། ༈ བརྒྱད་པ་རྟེན་འབྲེལ་བཅུ་གཉིས་འབྲས། །ཐུན་མོང་མིན་པ་དུས་འཁོར་དང་། །ཐུན་མོང་རྒྱུད་གཞན་ལས་བཤད་པའོ། །དང་པོ་ཐུན་མིན་རྒྱུད་འབྲེལ་ལུགས། །མ་རིག་རྣམ་ཤེས་སྐྱེ་མཆེད་དང་། །ཚོར་ལེན་དྲུག་གི་ཡན་ལག་ནི། །མི་མཉམ་པའི་འབྲས་དགེ་བ་སྟེ། །ཞི་རྒྱས་དབང་དང་དགེ་ལས་ཤིས། །འདུ་བྱེད་མིང་གཟུགས་རེག་སྲེད་སྲིད། །རྒ་ཤི་དྲུག་གི་ཡན་ལག་ནི། །མཉམ་པའི་འབྲས་བུ་མི་དགེ་བས། །དབང་དང་བགྲོད་པ་བག་མ་སོགས། །ཞི་ཞིང་དགེ་བའི་ལས་ཀུན་ངན། །གཡུལ་དང་མནན་གཏད་འཕྲོག་འཇོམས་སོགས། །དྲག་པོའི་ལས་ལ་ཤིས་པར་འགྱུར། །གཉིས་པ་ཐུན་མོང་རྒྱུད་གཞན་དུ། །རྟེན་འབྲེལ་བརྟག་པ་མང་གསུངས་ལས། །ལས་དང་ཕྱོགས་འབྲས་ཙམ་ཞིག་འདྲི། །མ་རིག་པ་ཡི་ཉི་མ་ལ། །མཆོད་སྦྱིན་ཞིང་ས་ཁང་ས་བརྩམ། །ལུས་འཁྲུ་ཤར་དང་བྱང་འགྲོ་བཟང་། །མི་ཆེན་འཇལ་དང་གོས་གྱོན་པ། །ལྷོ་དང་ནུབ་ཏུ་འགྲོ་བ་ངན། །འདུ་བྱེད་རིག་པ་ཡི་གེ་བསླབ། །མདའ་གཞུ་བཟུང་དང་བག་མ་ལེན། །དགའ་བའི་ལས་དང་ཁྲུས་བྱ་བ། །དགྲ་བོ་ཚར་གཅོད་ཁང་པ་རྩིག །ཤར་ལྷོ་ནུབ་བྱང་གར་ཕྱིན་བཟང་། །གལ་ཏེ་མགོ་བཀྲུས་གོས་གསར་པ། །གྱོན་ན་ནད་དང་ཡེ་འབྲོག་འོང་། །རྣམ་ཤེས་ཉི་མར་དགྲ་འདུལ་བ། །རྒྱལ་པོར་དབང་བསྐུར་གྲོང་ཁྱེར་གཞོམ། །མགོ་འཁྲུ་གོས་གསར་གྱོན་པ་དང་། །ལྷོ་དང་བྱང་ཕྱོགས་འགྲོ་བ་བཟང་། །ལུས་བཀྲུ་ཤར་དང་ནུབ་འགྲོ་ངན། །མིང་གཟུགས་ཉི་མར་འཇིགས་ལས་འབྲོས། །བླ་མའི་དྲུང་གནས་བཀྲ་ཤིས་བརྗོད། །སྐྲ་དང་ཁ་སྤུ་སེན་མོ་འདྲེག །ཤར་དང་ལྷོ་ཕྱོགས་འགྲོ་བ་བཟང་། །མགོ་ལུས་བཀྲུ་དང་གོས་བགོ་བ། །ནུབ་དང་བྱང་དུ་འགྲོ་བ་ངན། །སྐྱེ་མཆེད་དྲུག་ལ་གྲོང་ཁྱེར་འཛིན། །རྒྱལ་པོ་ཁྲུས་བྱེད་ཁྱིམ་དུ་ཡིབ། །གཏེར་སྦེད་མགོ་འཁྲུ་གོས་བགོ་བ། །ཕྱོགས་བཞི་གར་ཡང་འགྲོ་རྣམས་བཟང་། །གཞན་ལ་ཕྱག་བྱ་ལུས་བཀྲུ་ངན། །རེག་པར་རྐུ་འཕྲོག་སྲོག་གཅོད་སོགས། །དྲག་ཅིང་རྩུབ་པའི་ལས་རྣམས་བཟང་། །ཕྱོགས་ནི་ལྷོར་སོང་མཛེས་པ་དང་། །བྱང་དུ་ནོར་རྙེད་ཡུན་རིང་འགོར། །མགོ་དང་ལུས་འཁྲུ་གོས་གྱོན་ངན། །གལ་ཏེ་གྱོན་ན་དགེ་སློང་གི། །མདུན་དུ་ཕྱག་བྱས་བགོ་བར་བྱ། །ཤར་དང་ནུབ་ཏུ་འགྲོ་བའང་ངན། །ཚོར་བར་ཡིད་འོང་མཛའ་གཅུགས་དང་། །ཚོང་བྱ་འཁོར་ནོར་སྡུད་པ་དང་། །ཞི་ལས་ཆུ་རྒལ་གོས་གྱོན་པ། །ཤར་དང་བྱང་དུ་འགྲོ་བ་བཟང་། །མགོ་དང་ལུས་འཁྲུ་ལྷོ་ཕྱོགས་དང་། །ནུབ་ཏུ་འགྲོ་བ་ངན་པར་བཤད། །སྲེད་པར་ནོར་འབྲུ་རྫས་བསྡུ་བ། །མྱུར་ལས་ཤར་ལྷོ་བྱང་གསུམ་དུ། །དོན་གཉེར་འགྲོ་བ་བཟང་བ་སྟེ། །མགོ་ལུས་འཁྲུ་དང་ནུབ་འགྲོ་ངན། །ལེན་པར་མི་སྨྲའི་བརྟུལ་ཞུགས་དང་། །སྐྲ་དང་ཁ་སྤུ་སེན་མོ་འདྲེག །སྨན་སྦྱོར་གཞན་གྱི་བུད་མེད་བགྲོད། །མགོ་དང་ལུས་འཁྲུ་ཕོ་ཉ་གཏོང་། །ལྷོ་དང་བྱང་དུ་འགྲོ་རྣམས་བཟང་། །གོས་གྱོན་ཤར་ནུབ་འགྲོ་བ་ངན། །སྲིད་པར་བུད་མེད་མཛའ་བོ་འགུགས། །གཞན་ཡང་ལས་ཀུན་འགྲུབ་འགྱུར་ཞིང་། །མགོ་དང་ལུས་འཁྲུ་ལྷོ་བྱང་དུ། །འགྲོ་བ་བཟང་ཞིང་འཐབ་རྩོད་དང་། །ཤར་དང་ནུབ་ཏུ་འགྲོ་བ་ངན། །གོས་གྱོན་མཛེས་ཀྱང་བགོ་མི་བྱ། །སྐྱེ་བའི་ཉི་མར་ཁྱིམ་བཅོས་དང་། །རྒྱལ་བློན་ཁྱིམ་བདག་གི་ནི་ལས། །མགོ་ལུས་འཁྲུ་དང་བྱང་ལྷོ་ནུབ། །འགྲོ་བཟང་གོས་གྱོན་ཤར་འགྲོ་ངན། །རྒ་ཤིར་ཕྱུག་པོའི་ནོར་རྐུ་སོགས། །ཚུར་ལེན་མགོ་འཁྲུ་ལྷོ་བྱང་ཤར། །འགྲོ་བ་རྣམས་བཟང་མཆོད་སྦྱིན་དང་། །རྩོད་པ་ལུས་འཁྲུ་གོས་གྱོན་པ། །ནུབ་ཏུ་འགྲོ་རྣམས་ངན་པས་སྤང་།། ༈ དགུ་པ་ཉི་མ་བཅུ་གཉིས་ལ། །སོ་སོའི་བླང་དོར་བཤད་པ་དང་། །བདུན་ཟུར་ཕྱོགས་བསྡེབས་འབྲས་བུའོ། །དང་པོ་སོ་སོའི་འབྲས་བུ་ནི། །སྟག་ཉིར་རབ་གནས་སྦྱིན་སྲེག་དང་། །གཡང་སློན་མཁར་ལས་བག་མ་གདགས། །དམག་དྲངས་གསོད་སོགས་དྲག་ལས་བཟང་། །ལྷ་གསོལ་ཇག་ཆོམ་སྨན་ཁྲུས་གཉེན། །དབང་བསྐུར་གླུད་དང་བོན་ཆོག་ངན། །ཡོས་ལ་གླང་ལུག་ལས་རྣམས་དང་། །ཞུ་གསོལ་རྒྱལ་ས་བཟུང་བ་བཟང་། །དམག་དང་མཁར་ལས་གཉེན་སྒྲིག་པ། །ས་རྐོ་རྡོ་སློག་རྫིང་ཡུར་འདྲུ། །ཤིད་དང་གཡང་སློན་སྟོན་མོ་དང་། །ས་བོན་རྨོས་བྱ་ཆུ་རགས་སྐྱས། །ཆུ་མིག་འདྲུ་དང་ཡོ་ལང་སྲང་། །འབྲུག་ལ་དགེ་ལས་ཐོག་སེར་དབབ། །ལྷ་གསོལ་དྲག་ལས་དགྲ་འདྲེ་འདུལ། །ཡུལ་འཕྲོག་ལྟད་མོ་རྔ་འབུབས་བཟང་། །གྲུ་གཟིངས་ཟམ་འཕྲང་རང་འཐག་བཟོ། །གཏར་སྲེག་བརྐོ་འདྲུ་རོ་འདོན་པ། །མྱ་ངན་དུ་སྐད་སྒྲོག་རྣམས་ངན། །སྦྲུལ་ལ་ཕྱུགས་གཏོར་ཀླུ་ཆོག་དང་། །ནད་པ་ཕྱོགས་འདོན་སྐྱེལ་བསུ་བྱེད། །དམག་དང་བུ་ལོན་གཏོང་བ་བཟང་། །ཤིང་ནགས་གཅོད་འདྲེན་སྨན་དཔྱད་གཤིན། །རྒྱལ་པོ་བན་བོན་ལ་འཁོན་བྱེད། །ཆུ་བསུབ་བག་མ་གཏོང་ལེན་སྐྱས། །ཧོཾ་སྤར་མནན་རིམ་ཉོ་ཚོང་དང་། །རྒྱལ་ས་ཐབ་བཅའ་ས་ཁ་འབྱེད། །ནོར་འཇལ་དྲག་པོའི་ལས་རྣམས་ངན། །མྱ་ངན་བྱས་ན་རོ་ཟླ་འོང་། །རྟ་ལ་གསང་གྲོས་རྩེ་ལྷ་གསོལ། །གྲོགས་བཙལ་རྒྱལ་ས་མནའ་དཀར་བཟང་། །ཁང་ཁྱིམ་འབུབས་དང་འཐབ་རྩོད་བག །ཞལ་ཆེ་རྟ་ཡི་ཉོ་ཚོང་བཅོས། །དོན་གཉེར་སྨྲེང་དང་གཤིན་ལས་ངན། །ལུག་ལ་ལྷ་གསོལ་ལུག་རྫི་འཛུགས། །མཁར་ལས་ཕྱུགས་འགྱེད་ཕྲུ་སློག་དང་། །བག་མ་ཟས་སྦྱོར་སྟོན་མོ་བཟང་། །སྡོམ་ལེན་གཏར་སྲེག་དབྱུག་དཔྱད་དང་། །སྨན་སྦྱོར་དམག་སྐྱས་དོན་གཉེར་ངན། །སྤྲེའུར་བག་མ་སྐྱེ་ཤིང་འཛུགས། །ལྡུམ་རར་བསྐྱེད་དང་རྒྱན་སྤྲོད་པ། །རོལ་རྩེད་དར་འཕྱར་ཇག་ཆོམས་བཟང་། །གོས་གསར་དྲ་གྱོན་བཟོ་རིག་དང་། །སྦྲ་འཚེམ་སྐྱེས་པ་ཕོ་ཆས་གཞུག །མདུན་གྲོས་བྱེད་རྣམས་ངན་པས་སྤང་། །བྱ་ལ་ནད་པ་སྲིའུ་ཡི། །སྨན་དཔྱད་བྱས་ན་བདུད་རྩིར་འགྱུར། །ཤིང་འཛུགས་ཚོང་ཇག་དོན་གཉེར་བཟང་། །གསང་གྲོས་སྟོན་མོ་དགེ་རྩ་དང་། །སྦྱིན་གཏོང་མནན་པ་ལྟད་མོ་ངན། །ཁྱི་ལ་བུ་འབོགས་བཟོ་རིག་སློབ། །ཡོ་ལང་ཞལ་ཆེ་ཞུ་གསོལ་འདེབས། །ཧོཾ་སྤོར་རྔོན་པར་འགྲོ་བ་བཟང་། །བག་མ་དོན་གཉེར་འཕོ་སྐྱས་དང་། །གསང་གྲོས་བྱི་ཤོར་སྒྱིད་བུ་འཛུགས། །རྐུ་འཕྲོག་འཐབ་མ་སྐྲ་འཁྲུ་ངན། །ཕག་ལ་དབང་བསྐུར་ཆོས་སྟོན་དྲང་། །ཁྱིའུ་དགའ་སྟོན་རབ་བྱུང་བཟང་། །དུར་གདབ་བརྐོ་སློག་རི་མོ་འདྲི། །བོན་ཆོག་མཁར་ལས་ས་ཁ་དབྱེ། །མནན་བ་ཤིད་དང་ཁྲོན་འདྲུ་ངན། །བྱི་བར་སྒོ་འཛུགས་རྐུན་ཇག་ཚོང་། །དོན་གཉེར་བྱི་གཤོར་ནལ་ཕྲུག་བླང་། །བྱིས་གསོ་བུད་མེད་འཕྲོག་པ་བཟང་། །དམར་ལས་བུ་སྲིང་རྫོང་བ་དང་། །མོ་འདེབས་རྟ་རྒྱུག་ལ་སོགས་ངན། །གླང་ལ་ཕྱུགས་ཉོ་མཁར་རྩིག་པ། །མཚོན་བཟོ་མགར་ཐབ་ཞལ་ཆེ་བཟང་། །ཚོང་དང་རིག་པ་སློབ་པ་དང་། །བག་མ་ནས་བང་ཁ་འབྱེད་ངན། །གཉིས་པ་བདུན་ཟུར་ཕྱོགས་བསྡེབས་ནི། །སྟག་སྤྲེ་གཉིས་ལ་མདུན་ཁྲོམ་སྤང་། །བྱ་ཡོས་གཉིས་ལ་ལྟད་སྟོན་སྤང་། །ཁྱི་འབྲུག་གཉིས་ལ་དམག་ཇག་སྤང་། །ཕག་སྦྲུལ་ཤིད་དང་ས་བརྐོ་སྤང་། །བྱི་རྟར་རྟ་རྒྱག་དམར་ཤས་སྤང་། །གླང་ལུག་ཁྲི་བརྩིག་དར་འཕྱར་སྤང།། ༈ བཅུ་པ་སྤར་ཁ་ཚེས་འཆར་བའི། །བཟང་ངན་བླང་དོར་འབྲས་བུ་ནི། །ལི་ལ་ལྕགས་རྫའི་ཞུན་གཏོང་བ། །རྒྱན་འགྱེད་མཚུན་གསོལ་ཧོཾ་སྤར་བཟང་། །མཐུན་སྦྱོར་བག་མ་དམར་ལས་དང་། །རྐུན་ཇག་རོ་ཡི་ལས་རྣམས་ངན། །ཁོན་ལ་ས་སྒོ་སྡོམ་པ་དང་། །ཤིང་འཛུགས་སྒབ་གཅོད་སྲི་མནན་བཟང་། །ཁང་རྨང་འདིང་དང་འཁོན་བར་འགྲོ། །རོ་སྦ་མདུན་མ་ཁྲུས་གསོལ་ངན། །དྭ་ལ་ཤིང་གཅོད་ཤར་དུ་འགྲོ། །མནའ་བགག་ལིང་དང་རྐུན་ཇག་བཟང་། །བུ་ཚ་རྐང་འཛུགས་མཛེ་རོ་བསྲེག །དམག་འདྲེན་ལ་སོགས་ངན་པས་སྤང་། །ཁེན་ལ་གནམ་སྒོ་སྡོམ་རྒྱལ་མདོས། །མི་ཆེན་མཇལ་དང་དགེ་ལས་བཟང་། །ནད་པ་ཐོག་འདོན་ལྷ་ཁང་ཉལ། །མཁར་རྨང་ཐོག་འབུབས་འཕོ་སྐྱས་དང་། །ཁྱི་ཡི་ཉོ་ཚོང་བྱེད་རྣམས་ངན། །ཁམ་ལ་ལྷ་ཀླུ་མཆོད་སེར་འབེབས། །བཟློག་པ་ལྕགས་བཟོ་བྱ་བ་བཟང་། །ཆུ་ཆེན་རྒལ་དང་ས་གཉེན་འདུལ། །ཉ་གཤོར་མནའ་སྐྱེལ་རྫིང་ཡུར་འདྲུ། །དགྲར་རྒོལ་དགྲ་སར་འགྲོ་བ་ངན། །གིན་ལ་ལྷ་གསོལ་ཆོས་སྒོར་འཇུག །ཕུར་བཟློག་མནན་པ་རྟ་གླང་འདུལ། །ཁང་རྨང་འདིང་དང་ཁྱིམ་འབུབས་བཟང་། །ཆེ་འདོན་ཆོས་ཀློག་ཉོ་ཚོང་ངན། །ཟིན་ལ་ལྷ་གསོལ་རྒྱན་འདོགས་པ། །ཤིང་འཛུགས་ཁང་རྨང་འདིང་བ་བཟང་། །ཤིང་གཅོད་མནའ་དཀར་བྱེད་པ་ངན། །ཟོན་ལ་སྔགས་བཟླ་བཟློག་པ་དང་། །དྲག་ལས་སྨྱོན་པ་འདུལ་བ་བཟང་། །རང་འཐག་འཛུགས་དང་མནའ་དཀར་བྱེད། །འདུ་ལོང་བྱ་བ་ཕལ་ཆེར་ངན།། ༈ བཅུ་གཅིག་སྨེ་བ་དགུ་ཚེས་ལ། །འཆར་བའི་བླང་དོར་བཤད་པར་བྱ། །གཅིག་དཀར་ལ་ནི་ཁྲུས་བྱེད་པ། །ལྷ་ཀླུ་གསོལ་མཆོད་བྱ་བ་བཟང་། །བྱིས་པ་རྐང་འཛུགས་སྒོར་འཁྲིད་ངན། །གཉིས་ནག་བདུད་དང་མ་གཤིན་མཆོད། །མཐུ་གཏད་མནན་པ་བཟློག་པ་བཟང་། །མྱ་ངན་ངུ་འབོད་མཚན་འགྲོས་བྱེད། །ལྷ་གསོལ་བག་མའི་ལས་རྣམས་ངན། །གསུམ་ཐོན་ཆབ་གཏོར་ཀླུ་གཏོར་དང་། །ཀླུ་གཉན་ས་སྨན་བསེན་མཆོད་བཟང་། །ས་བརྐོ་ཕྲུ་སློག་ཤིང་གཅོད་རྫིང་། །ཁྲོན་དུ་ལྷ་གསོལ་བག་མ་ངན། །བཞི་ལྗང་སྨན་སྦྱོར་ཀླུ་བརྒྱད་དང་། །མཆོད་སྦྱིན་ལྷ་གསོལ་གཏད་བྱེད་བཟང་། །ཡུགས་ས་མོ་ཡི་སྐྲ་འཁྲུ་དང་། །བྱིས་པ་སྒོར་འཁྲིད་བྱེད་པ་ངན། །ལྔ་སེར་རྒྱལ་གསོལ་ལྷ་ཁང་གསོ། །རབ་གནས་རབ་བྱུང་ཆོས་སྟོན་བཟང་། །ས་འདྲེ་སྟོན་མོ་ཁྱི་ཉོ་ངན། །དྲུག་དཀར་ལྷ་གསོལ་གཡང་འགུགས་ཁྲུས། །བཤགས་པ་བག་མ་འཕོ་སྐྱས་བཟང་། །མྱ་ངན་སྨྲེ་སྔགས་འདོན་པ་དང་། །བཙོག་མནོལ་འཁོན་གྱི་ལས་རྣམས་ངན། །བདུན་དམར་ལ་ནི་གཟའ་དང་བཙན། །དམུ་དང་ལྷ་རྣམས་གསོལ་བ་བཟང་། །དམག་ཇག་ཧོཾ་བསྲེག་དམར་ཐབ་ངན། །བརྒྱད་དཀར་ལྷ་གསོལ་ཁྲུས་དང་བསངས། །བསྐང་བཤགས་བག་མ་ཤིས་བརྗོད་དང་། །བསྲུང་མར་གཏང་རག་གཏོང་རྣམས་བཟང་། །ཐབ་གཞོབ་མནོལ་ཡུགས་ལས་རྣམས་ངན། །དགུ་དམར་ལ་ནི་ཚེ་སྒྲུབ་དང་། །གཡང་འགུགས་ཚུར་ལེན་བྱ་བ་བཟང་། །འོད་ཅན་ཕྱིར་གཏོང་ཕར་འཇལ་དང་། །རྒན་རྒོན་ཤི་ན་གཡང་རལ་ངན།། ༈ བཅུ་གཉིས་ཚེས་ཀྱི་ས་བདག་གི། །བཟང་ངན་བྱེ༌བྲག་བཤད་པར་བྱ། །ངམ་ཤིང་དགེ་བཤེས་ཆེ་འདོན་གྱི། །ཁྲི་བརྩིག་བཤད་གསར་དམག་ལས་སྤང་། །དབུལ་ལག་མཁར་ལས་མགོ་འཛུགས་དང་། །བཤད་གསར་རྟེན་བཞེངས་རབ་ཏུ་གནས། །བག་མ་བུ་འབོགས་སྒྱེད་བུ་འཛུགས། །ལྟད་སྟོན་ཐོག་འབུབས་དར་འཕྱར་བ། །ནོར་ཕྱུགས་ཕྱིར་གཏོང་བང་མཛོད་འབྱེད། །རོ་འདོན་ཞིང་འདེབས་ལ་སོགས་པ། །གསོན་གཤིན་ལས་རྣམས་ངན་པས་འཛེམ། །གཟའ་རྒོད་འབྱུང་བ་ཟས་འཚོལ་དུས། །བག་མ་གཏོང་ལེན་རོ་དྲང་བ། །བུ་བཙས་ནད་ཐེབས་དྲག་ལས་ངན། །ཟླ་ནག་མཐུ་གཏད་མནན་སེལ་དང་། །དགྲ་ལིང་འདྲི་སོགས་དྲག་ལས་བཟང་། །མཁར་ལས་བཤུ་འབུབས་རྟེན་བཞེང་བ། །རབ་གནས་རབ་བྱུང་བག་མ་དང་། །ནོར་གཏོང་གསོན་གཤིན་ལས་ཕལ་ངན། །ཉི་ནག་ངན་བྱེད་དྲག་ལས་ལ། །བཟང་བ་ཙམ་སྟེ་དེ་ལས་གཞན། །གསོན་གཤིན་བྱ་བ་རྩི་བྱས་ངན། །ཁྱད་པར་དབང་རབ་བག་མ་མཁར། །དགེ་བཤེས་ཆེ་འདོན་དུར་གདབ་ཚོང་། །ནོར་རྫས་ཕྱིར་གཏོང་ལ་སོགས་ངན། །བྱེ༌བྲག་དམིགས་བསལ་སྤང་བྱ་ནི། །ཟླ་བཤད་ནང་བཞིན་འཛེམ་པ་གཅེས། ༼བར༽ བར་གནམ་ཧལ་ཁྱི་རྒྱུ་བའི་དུས། །བག་མ་ཐོག་འབུབས་རོ་སྲེག་པ། །རྟེན་བཞེངས་རབ་གནས་སྒྱེད་བུ་འཛུགས། །ལྟད་སྟོན་མཁར་ལས་དོན་གཉེར་སོགས། །ལས་རྣམས་ཀུན་དང་དར་འཕྱར་འཛེམ། །ཧལ་ཁྱི་ཟས་འཆོལ་དུས་སུ་ཡང་། །ཁྱི་ལེན་མཁར་ལས་བག་མ་སྐྱས། །ལྟད་སྟོན་དམག་རོ་གཤིན་ལས་འཛེམ། །གནམ་ཁྱི་ལ་ནི་རོ་བཏོང་བ། །ཆུང་དུར་མཁར་ལས་ཁྲོམ་ཤིད་དམག །འབྲེལ་འཇལ་ལྟད་སྟོན་འཕོ་སྐྱས་སོགས། །ལས་ཀུན་ངན་ཞིང་ཁྱད་པར་དུ། །བག་མ་གཏོང་ལེན་འཛེམ་པར་བྱ། །ཀི་ཀང་མཁར་ལས་ལྟད་སྟོན་ཤིད། །གཤིན་ལས་བག་མ་བུ་བཙས་དམག །བུ་ལོན་འཇལ་དང་ལེན་པ་ངན། །པི་ལིང་འཕར་མ་ཞེས་བྱ་བ། །ས་བདག་རྗེ་བློན་བཅུ་གཅིག་པ། །བཟང་ངན་ཀུན་ལ་ཀོ་ལོང་སྡོམ། །མནན་གཏད་ཟོར་འཕེན་སེར་བ་དབབ། །སེལ་དང་རླུང་འཁོར་འཛུགས་མདོས་གཏོར། །ཕར་རྒོལ་དྲག་པོའི་ལས་ཀུན་བཟང་། །ཁོ་དང་བསྡོངས་ན་ཤིན་ཏུ་ཐེབས། །མཁར་ལས་མཆོད་རྟེན་བརྩིག་པ་དང་། །གཤིན་ལས་ཤིད་བྱ་ཆེ་སར་འདོན། །བག་མ་བུ་བཙས་རབ་གནས་དང་། །ལྟད་སྟོན་ས་ལས་དུར་གདབ་སྐྱས། །འཕན་ཤིང་འཛུགས་དང་དཀྱིལ་འཁོར་འདྲི། །དེ་སོགས་དགེ་བའི་ལས་ཀུན་འཛེམ། །ཉི་མ་ངན་དང་ཟླ་འཁོར་ནི། །སྟོན་མོ་ལ་ནི་བརྩི་བར་བྱ། །ས་སྒོ་གནམ་སྒོ་དུར་ཉི་དང་། །ས་བདག་རྣམས་ལ་མཁར་ལས་འཛེམ། །གནམ་ཁྱི་བསྟན་མ་ཐེ་ཁྱིམ་དང་། །སྐར་ངན་རྣམས་ལ་བག་མ་སྤང་། །གཟའ་བདུན་ཟས་འཚོལ་ཕོ་ཉ་འགྱེད། །ལྟད་སྟོན་ཤིད་བག་མཁར་ལས་སྐྱས། །ཁྱིའུ་དགའ་སྟོན་ས་ལས་དང་། །བྱིས་པ་སྒོ་འཁྲིད་རོ་འདྲེན་ངན། །ཕུང་པོ་ཟོར་ཐོགས་ཉི་མ་ལ། །རོ་དྲང་དུར་གདབ་འཕུང་སར་འགྲོ། །སྒྲུབ་པ་དབང་བསྐུར་སྡོམ་པ་འབོགས། །ཆོས་འཆད་མཁར་ཐབ་རང་འཐག་འཛུགས། །དོན་གཉེར་བྱིས་པ་སྒོ་ཁྲིད་བག །དགེ་ལས་སྟོན་ཤིད་འདུ་ལོང་སོགས། །གསོན་གཤིན་བྱ་བ་ཕལ་ཆེར་འཛེམ། ༼ནག༽ །ནག་ཆུང་ལྟད་མོ་བག་མ་ཤིད། །རབ་གནས་དཀར་ཕྱོགས་སྒྱེད་འཛུགས་དང་། །ལམ་ཞུགས་ནོར་རྫས་ཕྱིར་གཏོང་བ། །བུ་བཙས་གསོན་གཤིན་ལས་ཀུན་འཛེམ། །རཱ་ཧུ་ནག་པོའི་འབྲས་རྩིས་ནི། །དྲག་ལས་མ་གཏོགས་ཀུན་ལ་ངན། ༼དྲ༽ དྲ་ཆེན་རྒྱུ་དུས་བག་མ་དང་། །སྟོན་མོ་དམག་རོ་བསྒུལ་བསྐྱོད་སྤང་། །གནམ་སྦྱོར་བཟའ་གསར་མཉམ་སྦྱོར་དང་། །རོ་དུར་བག་མའི་ལས་རྣམས་འཛེམ། །ས་བདག་ཟིན་ཕུང་ནག་པོ་ནི། །ལས་དང་བྱ་བ་ཀུན་ལ་ངན། །བུ་སྐྱེས་འཆི་ཞིང་ཕ་མ་འབྲལ། །དྲག་པོའི་ལས་ལ་འདི་དང་བསྟུན། །གདོང་ཐུག་མི་བྱ་ངེས་པར་ཐེབས། །ལྷ་དགུ་འཚོག་སར་ཟོར་གཏད་དང་། །རོ་དང་བག་མ་ལ་སོགས་འཛེམ། །ལྷ་ལྔ་འཚོག་སར་གསོན་གཤིན་ལས། །ཁྲོམ་གྱི་འདུ་འཚོག་སྤང་བྱ་ཞིང་། །ཟོར་གཏད་ཁྲམ་སེར་དྲག་ལས་བཟང་། །ཚེས་ནག་བྱ་བ་སྤྱི་ལ་བྱོལ། ༼ཀ༽ །ཚེས་གཉན་གསོན་གཤིན་བྱ་བར་ཟློས། །ཞག་ངན་འདུས་བྱས་བྱ་བའི་རིགས། །ཁྱད་པར་ནོར་རྫས་མི་བཏང་ངོ། །སྤྱིར་ན་ཉི་ཚེས་དུས་ཚོད་ལ། །དབང་བའི་དྲག་པོའི་ས་བདག་རྣམས། །དགེ་ལས་གསོན་གཤིན་བྱ་བར་འཛེམ། །དྲག་ལས་རྒྱུ་ཕྱོགས་བསྟུན་པས་ཐེབས། ༈ བཅུ་གསུམ་ཐེབས་བཟློག་འབྲས་བུ་ནི། །སྡེ་བརྒྱད་ཐེབས་དུས་མདོས་གཏོར་ཟོར། །མཐུ་གཏད་སྲེག་མནན་དམག་ཇག་སོགས། །ཕར་རྒོལ་དྲག་པོའི་ལས་རྣམས་བཟང་། །བཟློག་དུས་དེ་རྣམས་སྤང་བར་བྱ། །ཀླུ་ཐེབས་དུས་སུ་ཆར་དབབ་པ། །ཀླུ་ཆོག་ཀླུ་གཏོར་གཏོང་བ་དང་། །ཀླུ་ལ་མནན་གཏད་སྐྱེལ་སོགས་བཟང་། །ཀླུ་བཟློག་དུས་སུ་དེ་རྣམས་འཛེམ།། ༈ བཅུ་བཞི་གནམ་སྒོའི་འབྲས་བུ་ནི། །མགྲོན་གྱི་གནམ་སྒོར་དོན་གཉེར་དང་། །མགྲོན་བྱས་ཁྱིམ་དེ་གུད་པར་འགྱུར། །ཚོང་གི་གནམ་སྒོར་ཚོང་བྱས་ན། །ཚོང་ཉེས་གོད་ཁ་རྒྱུན་མི་ཆད། །བུ་ཆུང་གནམ་སྒོར་བུ་བཙས་དང་། །སྒོར་ཁྲིད་བྱས་ན་བར་ཆད་འོང་། །དམག་གི་གནམ་སྒོར་དམག་དྲངས་ན། །གཡུལ་འཕམ་གཡུལ་ཉེས་ལན་དགུ་ཟློས། །གཉེན་གྱི་གནམ་སྒོར་གཉེན་བྱས་འགྲས། །སྟོན་མོ་བྱས་ན་སྟོར་བརླག་ཡོང་། །མཁར་གྱི་གནམ་སྒོར་མཁར་གྱི་ལས། །བྱས་ན་འཕྲལ་དུ་གྱོད་འབྱུང་ངོ་། །བག་མའི་གནམ་སྒོར་བག་མ་ཡི། །གཏོང་ལེན་བྱས་ན་ཡུགས་ས་འབབ། །དུར་གྱི་གནམ་སྒོར་དུར་བཏབ་ན། །དུར་སྲི་བཏུད་ཅིང་ཐ་མར་འཕུང་། །ཤིད་ཀྱི་གནམ་སྒོར་ཤིད་སྟོན་དག །བྱས་ན་འཕྲལ་དུ་གཤིན་ལས་འབབ། །སྤྱི་ཡི་གནམ་སྒོའི་དུས་སུ་ནི། །ལས་དང་བྱ་བ་ཅི་བྱས་འཕུང་། །ཁྱད་པར་སྤྱི་ཡི་མདུན་གྲོས་འཛེམ།། ༈ བཅོ་ལྔ་པ་ནི་ཉེར་མཁོ་ཡི། །འབྲས་རྩིས་སྣ་ཚོགས་བཏུས་པ་ལས། །དྲུག་ཅུ་སྐོར་གྱི་ལོའི་འབྲས་བུ། །དུས་བསྟན་དྲང་སྲོང་ཕུར་བུའི་རྩིས། །རྒྱ་ནག་སྟག་རྣ་ཆེ་ཆུང་ལས། །ཕྱོགས་གཅིག་བཏུས་ཏེ་བརྗོད་པར་བྱ། །རབ་བྱུང་མེ་མོ་ཡོས་ཀྱི་ལོར། །ཆར་འབབ་ཐང་ཞིང་ལོ་ཏོག་རྒྱས། །བྲ་སྲན་གནག་ལེགས་དཀར་མོ་ཉེས། །ཡུལ་འགར་ཐན་པ་ནམ་སྨད་ཞོད། །ཚ་བའི་ནད་སོགས་ཁྲེའུར་འོང་། །ཚོང་འཕེལ་དམག་འཁྲུག་འཚེ་བ་འབྱུང་། །རྣམ་བྱུང་ས་འབྲུག་ནད་འཁྲུག་ལྡང་། །འབྲུ་འཕེལ་ཁྱད་པར་སོ་ཟར་ལེགས། །གནག་འབྲིང་བཞོན་ལེགས་ཟོང་གསར་མོད། །རྗེ་བློན་གཡོ་ཞིང་ཡུལ་ཐོན་མང་། །སྤྱིར་ན་བཀྲ་ཤིས་བཟང་བར་བརྗོད། །དཀར་པོ་ས་སྦྲུལ་ལ་ཆར་འབབ། །ལོ་མཇུག་ངན་ཞིང་མི་ཕྱུགས་ལ། །ནད་འབྱུང༌བྲ་སྲན་མི་སྨིན་ཞིང་། །དཀར་མོ་ལེགས་ལ་འཁྲུག་པ་འོང་། །སྔར་མེད་ཡ་མཚན་ལྟད་མོ་འབྱུང་། །རབ་མྱོས་ལྕགས་རྟར་ཆར་པ་ཆེ། །འབྲུ་རྒྱས་ཁྱད་པར་སོ་ཟར་ལེགས། །ནད་ལས་ལེགས་ཐར་བདེ་བར་སྤྱོད། །སྐྱེས་བདག་ལྕགས་ལུག་ཆར་པ་ཆེ། །ཆུས་ཉེན་རེས་ཐན་གཤོང་ཞིང་འཕམ། །ནད་རྣམས་རིམ་ཞི་རྩོད་པ་འདུམས། །བཞོན་ལེགས་ལོ་ཏོག་ངང་གིས་བཟང་། །ཨངྐི་ར་ཞེས་ཆུ་སྤྲེའི་ལོར། །ལོ་ལེགས་ཕྱུགས་ནད་ཡུལ་འགར་འཁྲུག །ནམ་སྟོད་ཐན་ལ་ནམ་སྨད་ཞོད། །འབྲུ་རྒྱས་ཁྱད་པར་སྔ་བཏབ་ལེགས། །ཕྱུགས་ནད་འཐབ་མོ་འཁོལ་བུར་ལྡང་། །སྤྱི་ཙམ་དུ་ནི་བདེ་བར་སྤྱོད། །ན་ཚོད་ལྡན་པ་ཤིང་ཕག་ལོར། །སྔ་ཆར་འབབ་ཅིང་རེས་འགའ་ཐན། །མི་འབྲུ་སྙི་དང་མུ་གེ་འབྱུང་། །བཞོན་ངན་ནད་རིམས་ཁྲེའུར་འོང་། །རྒྱལ་བློན་འཐབ་ཅིང་བུ་ཚ་འཕེལ། །འཛིན་བྱེད་མེ་བྱིར་བར་ཐན་འོང་། །གནག་འབྲིང་དཀར་ལེགས་འཐབ་རྩོད་མང་། །སེར་ཐན་ལ་སོགས་ལོ་དགྲ་དང་། །རིམས་ཕྲན་རྐུན་པོའི་འཇིགས་པ་འབྱུང་། །དབང་ཕྱུག་མེ་གླང་ཆར་པ་ཆུང་། །ནད་མེད་འབྲུ་དཀོན་ཕྱུགས་རྣམས་ཉེས། །རས་ཚྭ་སྦྲང་བུར་ཆང་རྣམས་དཀོན། །གློ་བུར་དུ་ནི་འཁྲུག་པ་འོང་། །འབྲུ་མང་ས་སྟག་རླུང་ལྡང་ཞིང་། །ཆར་འབབ་འབྲུ་འཕེལ་ཕྱུགས་ནི་འབྲིང་། །ཁྲིམས་བཙན་འབངས་མཐུན་མི་འཁྱམས་འགའ། །འཁོན་ཞིང་རྐུན་པོ་ཁོལ་བུར་འོད། །ནད་མང་སྤྱི་ཙམ་བདེ་བར་འགྱུར། །མྱོས་ལྡན་ས་ཡོས་ཐན་པ་ཆེ། །ནད་འཁྲུག་དར་ཞིང་མུ་གེ་འབྱུང་། །རྣམ་གནོན་ལྕགས་འབྲུག་ལོ་ཏོག་ལེགས། །དགྲ་རྐུན་འཇིགས་མེད་ནམ་སྨད་ཞོད། །ཟོང་དཀོན་ཀུན་ལ་བཟང་ཞིང་དགེ། །ཁྱུ་མཆོག་ལྕགས་སྦྲུལ་ནད་ཕྲན་འབྱུང་། །འབྲས་སོ༌བྲ་སྲན་ལེགས་ཁྲེ་ཉེས། །སྤྱིར་ན་ཀུན་ལ་བཟང་ཞིང་ལེགས། །སྣ་ཚོགས་ཆུ་རྟར་ནམ་སྟོད་ཐན། །གྲོ་ནས་ངནི་ང་སོ་ཟར་ལེགས། །རིམ་ཕྲན་ལྷོ་ཕྱོགས་མུ་གེ་འབྱུང་། །དགྲ་ཡི་འཇིགས་མེད་སྐྱེ་བོ་རྣམས། །ཡིད་བདེ་སྤྱིར་ན་འབྲིང་དུ་བརྗོད། །ཉི་མ་ཆུ་ལུག་དམག་འཁྲུག་དང་། །མི་ཕྱུགས་ནད་འོང་སྔ་ཐན་ཆེ། །གཤོངས་ཞིང་འཕམ་ཞིང་ཕྱུགས་རྣམས་འབྲིང་། །འབྲས་སོ་ཁྲེ་ལེགས་སད་འོང་ངན། །ཉི་སྒྲོལ་བྱེད་ཅེས་ཤིང་སྤྲེ་ལ། །ནམ་ཞུགས་ཆར་ཆེ་འབྲུ་རྣམས་ཉམས། །མི་ཕྱུགས་ནད་མང་ཚོང་འཕེལ་འགྱུར། །ས་སྐྱོང་ཤིང་བྱར་ཆར་འབབ་ཅིང་། །གྲོ་ནས་ཅུང་ངན་ལོ་ཕྱོགས་འབྲིང་། །སད་འབྱུང་ནད་རིམས་ཁྲེའུར་འོང་། །ཡུལ་ཕྱོགས་སྤྱི་ཙམ་བདེ་བར་འགྱུར། །མི་ཟད་མེ་ཁྱིར་ལོ་འབྲས་ལེགས། །ཕྱུགས་འཕེལ་ལ་ལར་ཐན་པ་དང་། །དགྲ་རྐུན་འཇིགས་པས་འཚེ་བར་བྱེད། །ཐམས་ཅད་འདུལ་ཞེས་མེ་ཕག་ལ། །ཆར་སྙོམས་ལོ་ལེགས་ཕྱུགས་རྣམས་འཕེལ། །ནད་འཁྲུག་ལ་སོགས་འཇིགས་པ་འབྱུང་། །ཀུན་འཛིན་ས་བྱིར་རིམས་ནད་དང་། །ཆོམ་རྐུན་དར་ཞིང་འབྲས་སོ་ཉེས། །གནག་འབྲིང་ལོ་ལེགས་བཟང་བ་ཡིན། །འགལ་བ་ས་གླང་ནམ་སྟོད་ཐན། །ནད་རིམས་ཁྲིའུར་འཁྲུག་འཇིགས་འོང་། །ལོ་ཏོག་འབྲིང་པོ་ཙམ་དུ་བརྗོད། །རྣམ་འགྱུར་ལྕགས་སྟག་ལོ་ལེགས་ཤིང་། །ཕྱུགས་ཉེས་རིམས་ནད་ལྷོ་ཕྱོགས་སུ། །དམག་འཁྲུག་གིས་འཇིགས་བུད་མེད་བདེ། །བོང་བུ་ལྕགས་ཡོས་སད་སེར་དང་། །བྱ་བྱིའི་གནོད་པས་ལོ་རྣམས་འབྲིང་། །ཆོམ་རྐུན་འཇིགས་དང་ཡུལ་ཤོར་མང་། །དགའ་བ་ཞེས་པ་ཆུ་འབྲུག་ལ། །སྐྱ་རྒྱས་ནད་འཁྲུག་ཅུང་ཟད་འོང་། །བཞོན་ལེགས་སྤྱིར་ན་བཟང་བར་བརྗོད། །རྣམ་རྒྱལ་ཆུ་སྦྲུལ་ནད་འཁྲུག་དང་། །ཐན་པ་བག་ཙམ་འབྱུང་ན་ཡང་། །གནག་ལེགས་གྲོ་དང་དཀར་མོ་འབྲིང་། །སྐྱ་ཡང་ཅུང་ཟད་འཕམ་པར་འགྱུར། །རྒྱལ་བ་ཤིང་རྟར་ལོ་འགོ་ནས། །རྒྱལ་ཞིང་སད་འབྱུང་ནམ་སྨད་ཞོད། །གཤོངས་ཞིང་ངན་ལ་ཕྱུགས་རྣམས་ཉེས། །དཔྱིད་ཀྱི་ར་འབྲིང་ནད་འཁྲུག་ལྡང་། །མྱོས་བྱེད་ཤིང་ལུག་འབྲས་སོ་ཉེས། །ཆར་ཆུང་མཐའ་ལེགས་སད་ཕྲན་འབྱུང་། །མི་ཕྱུགས་ནད་རྒོད་ཤར་ཕྱོགས་སུ། །མུ་གེ་འབྱུང་ཞིང་སྤྱི་ཙམ་འབྲིང་། །གདོང་ངན་མེ་སྤྲེར་གྲོ་ནས་འབྲིང་། །ཏིལ་རྒྱས་གནག་ལེགས་དགྲ་མང་ལ། །སྔ་ཐན་འཁྲུག་དར་སྤྱིར་ངན་ནོ། །གསེར་འཕྱང་མེ་བྱར་ཆར་མི་འབབ། །ལོ་ཉེས་ཁྱད་པར་སོ་ཟར་ཉེས། །ཕྱི་བཏབ་ཅུང་ལེགས་འབངས་ཀྱིས་རྗེར། །རྒོལ་ཞིང་མི་འབྲུ་སྙི་བས་ངན། །རྣམ་འཕྱང་ས་ཁྱིར་སྔ་ཐན་དང་། །སད་ཀྱིས་ལོ་ངན་ཕྱུགས་རྣམས་ཉེས། །རྒྱལ་པོ་ཆོམ་རྐུན་འཇིགས་པས་མནར། །འཁྲུགས་པ་ཡམས་ནད་བག་ཙམ་འོང་། །སྒྱུར་བྱེད་ས་ཕག་ཁ་ཆར་ཚེ། །ལོ་འབྲིང་སྐྱ་རྒྱལ་ནད་འཁྲུག་འོང་། །ཆོམ་རྐུན་གྱིས་འཇིགས་སྤྱིར་འབྲིང་ཉིད། །ཀུན་ལྡན་ལྕགས་ཁྱིར་ནད་རིམས་འོང་། །སྟོན་འབྲིང་ཐན་པས་མུ་གེ་ལྡང་། །ཉོ་ཚོང་མེད་ཅིང་དགྲ་རྐུན་དར། །འཕར་བ་ལྕགས་གླང་ཞོད་མི་སྙོམས། །གྲོ་ནས་འབྲིང་སྟེ་སྐྱ་རྒྱལ་ལ། །ནད་མཚོན་དར་ཡང་སྤྱི་ལ་བཟང་། །དགེ་བྱེད་ཆུ་སྟག་རིན་ཆེན་འབྲུ། །འཕེལ་ཞིང་ཇུ་ཙེ་གནག་རྣམས་འབྲིང་། །དབྱར་སྟོད་ཐན་དང་བྱང་ཕྱོགས་ནས། །འཁྲུག་པ་ལྡང་ཡང་སྤྱིར་བཟང་ངོ་། །མཛེས་བྱེད་ཆུ་ཡོས་ནད་འཁྲུག་དང་། །མུ་གེ་ཁོལ་བུར་འབྱུང་ན་ཡང་། །སྐྱ་རྒྱལ་སྤྱི་ལ་བཟང་བར་བརྗོད། །ཁྲོ་མོ་ཤིང་འབྲུག་སྔ་ཐན་འོང་། །ཞོད་ཆེ་ལོ་ལེགས་ཕ་བུ་འཁྲུག །ནད་དང་དགྲ་རྐུན་འཚེ་བ་མང་། །སྣ་ཚོགས་དབྱིག་ཅེས་ཤིང་སྦྲུལ་ལོར། །ཇུ་ཙེ་ཕལ་རྒྱས་འབྲས་སོ་གྲོ། །དཀར་མོ་འབྲིང་ལ་ནད་འཁྲུག་འབྱུང་། །ཟིལ་གནོན་མེ་རྟར་ལོ་ཕྱུགས་ལེགས། །ལ་ལར་ནད་འབྱུང་རྗེ་དཔོན་གྱི། །ཆད་པས་ཁོལ་ཞིང་སྤྱིར་ན་འབྲིང་། །སྤྲེའུ་མེ་ལུག་ཆར་པ་སྙོམས། །ཅུང་ཟད་སད་ལྡང་སྤྱིར་ལོ་ལེགས། །ཁྱད་པར་བོད་ཡུལ་བདེ་བར་བྱེད། །ཕུར་བུ་ས་སྤྲེར་འབྲས་སོ་འབྲིང་། །ཁྲེ་ཉེས་གནག་ལེགས་བྱང་ཤར་དུ། །མུ་གེ་འཁྲུག་པ་ཅུང་ཟད་འབྱུང་། །འོན་ཀྱང་བོད་ཁམས་བདེ་བར་འགྱུར། །ཞི་བ་ས་བྱར་ནད་འཁྲུག་འོང་། །ནས་བཟང་སོ་ཟར་འབྲས་རྣམས་ཉེས། །ཕྱི་བཏབ་ལེགས་ཀྱང་སྐྱ་འཕམ་འགྱུར། །ཐུན་མོང་ལྕགས་ཁྱིར་སྔ་ཐན་ཀྱང་། །འབྲུ་ལེགས་སྐྱ་རྒྱལ་ནད་ཁྲེའུར། །འོང་ཞིང་རྒྱལ་པོའི་ཆད་པས་འཇིགས། །འགལ་བྱེད་ལྕགས་ཕག་ཆར་མི་སྙོམས། །སྤྱིར་ན་ལོ་འབྲིང་སྐྱ་རྒྱལ་ཀྱང་། །ལྷོ་ཕྱོགས་མུ་གེ་ཅུང་ཟད་འོང་། །ཡོངས་འཛིན་ཆུ་བྱིར་ཆར་འབྲིང་ལ། །ཤྭ་འོད་གྲོ་དང་དཀར་མོ་དག །ཉེས་ཀྱང་སྐྱ་རྒྱལ་ནད་འཁྲུག་ལྡང་། །འཕགས་ཡུལ་རྗེ་འབངས་རྣམས་ལ་གནོད། །བག་ཡོད་ཆུ་གླང་ཆར་ལྷགས་ཆེ། །སོ་ཟར་བཟང་ཞིང་དཀར་མོ་ངན། །གནག་འབྲིང་སྐྱ་རྒྱལ་མི་ཆེན་དང་། །ཕྱུགས་རྣམས་ལ་ངན་འཁྲུག་པ་ལྡང་། །ནད་རིམས་ཁོལ་བུར་འོང་ཞེས་བརྗོད། །ཀུན་དགའ་ཤིང་སྟག་ཐན་པ་ཆེ། །དཔོན་རྩོད་གནག་ལེགས་འབྲས་སོ་རྒྱས། །སྐྱ་རྒྱལ་མེ་ཏོག་དམར་འབྲས་ཉམས། །རྐུན་དར་ཤར་ཕྱོགས་མུ་གེ་འབྱུང་། །སྲིན་པོ་ཤིང་ཡོས་སྔ་ཐན་ཞིང་། །གཤོངས་ཞིང་ལོ་ལེགས་སྐྱ་རྒྱལ་ལ། །ལོ་དགྲ་ཕྲན་འོང་སྤྱིར་བཟང་ངོ། །མེ་ཞེས་མེ་འབྲུག་ལ་རིམས་འོང་། །ཅུང་ཟད་སྐྱ་འཕམ་སོ་ཟར་ལེགས། །དཀར་མོ་གནག་འབྲིང་སེར་བ་རྒོད། །དམར་སེར་ཅན་ཞེས་མེ་སྦྲུལ་ལོར། །ཞོད་ན་ནད་འབྱུང་ཐན་ནད་དཀོན། །གནག་ལེགས་ཕྱི་བཏབ་བཟང་སྐྱ་རྒྱལ། །དམག་འོང་ཤར་ཕྱོགས་མུ་གེ་ལྡང་། །དུས་ཀྱི་ཕོ་ཉ་ས་རྟ་ལ། །སྔ་ཐན་ལོ་ལེགས་སད་ཕྲན་འབྱུང་། །ཕྱུགས་ཉོས་རིམས་ནད་ཁྲི་འུར་འོང་། །དོན་གྲུབ་ས་ལུག་སྔ་ཐན་ཞིང་། །ལོ་ལེགས་སྐྱ་རྒྱལ་ཕ་སྤུན་འཁྲུག །རིམས་དང་ཁྱད་པར་རྟ་ནད་འབྱུང་། །དྲག་པོ་ལྕགས་སྤྲེར་སྔ་བཏབ་ལེགས། །འགྲོ་ཀུན་ནད་འཚེ་འཁྲུག་པ་འོང་། །བློ་ངན་ལྕགས་བྱར་སྔ་ཐན་པས། །ལོ་སྤྱིར་ཉེས་ཀྱང་ཕྱི་བཏབ་ལེགས། །ཡམས་རིམས་གོད་ཁ་ལྷོ་ཕྱོགས་སུ། །སྐྱ་འཕམ་རྐུན་མ་འཁྲུག་རྩོད་འོང་། །རྔ་ཆེན་ཆུ་ཁྱིར་ཆར་པ་ཆེ། །ལོ་ལེགས་རྒྱལ་པོར་དམངས་ཀྱིས་རྒོལ། །ཕྱུགས་ནད་ཐོར་བུ་འབྱུང་བར་འགྱུར། །ཁྲག་སྐྱུག་ཆུ་ཕག་ནམ་སྨད་ཞོད། །སད་སར་རྒོད་ཀྱང་ལོ་ཏོག་ལེགས། །ནད་འཁྲུག་ཁོལ་བུ་འོང་ཞེས་ཐོས། །མིག་དམར་ཤིང་བྱིར་ནས་འབྲིང་ལ། །འབྲས་སོ་ལེགས་ཞིང་ཆོམ་རྐུན་རྒོད། །འཁྲུག་རྩོད་དར་ལ་མི་འབྲུ་སྙི། །ཁྲོ་བོ་ཤིང་གླང་སྔ་ཐན་ལ། །ཕྱི་ཞོད་ལོ་ལེགས་འཁྲུག་པ་ལྡང་། །ནད་རྐུན་མང་ཡང་སྤྱར་བཟང་ངོ་། །ཟད་བྱེད་མེ་སྟག་ལོ་འབྲིང་ལ། །ཕྱུགས་ཉེས་སྔ་ཐན་དཔྱིད་ལྷགས་འབྱུང་། །ས་གཡོ་མི་མ་ཡིན་གྱིས་འཚེ།། ༈ དེ་ནས་གྲུབ་ཐའི་ལོ་གཟའི་འབྲས། །བྱེད་ལོ་རྒྱལ་བློན་བཅས་པ་ཡི། །གཟའ་ལའང་ཁ་བསྒྱུར་བཀོད་ཆོག་པའི། །འབྲས་བུ་བསྡོམས་ཏེ་བཤད་པར་བྱ། །ཉི་མ་ལ་ནི་ཐན་པ་ཆེ། །རྩི་ཤིང་ངན་ཞིང་ལོ་ནད་མང་། །གཟའ་སྐར་འོད་དམན་སྨན་སྟོབས་ཆུང་། །ཡུལ་འཁྲུག་མི་ནད་ཕྱུགས་ནད་འབྱུང་། །ཟླ་བ་ལ་ནི་ཆར་པ་ཆེ། །རྩི་ཤིང་ལོ་ཏོག་བཞོན་རྣམས་རྒྱས། །སྨན་རྣམས་བཅུད་ལྡན་མི་ཕྱུགས་དར། །མི་བདག་ཁྲིམས་བཙན་ཡུལ་ཁམས་བདེ། །མིག་དམར་ལ་ནི་ཆར་པ་ཆུང་། །རྩི་ཤིང་ལོ་ཏོག་འབྲས་བུ་ངན། །ཆོམ་རྐུན་འཐབ་རྩོད་ནད་ཀྱིས་འཚེ། །མི་བདག་བྱམས་པས་འབངས་མི་སྐྱོང་། །ལྷག་པ་ལ་ནི་ཆར་ཞོད་སྙོམས། །སྨན་བཅུད་ལྡན་ཞིང་ལོ་འབྲས་རྒྱས། །ངོ་མཚར་སྒྱུ་མས་འགྲོ་བ་བསླུ། །རྒྱལ་ཁྲིམས་བཙན་ཞིང་འབངས་ཀུན་བདེ། །བསྟན་བཅོས་མངོན་ཤེས་བློ་ལྡན་འགྱུར། །ཕུར་བུ་ལ་ནི་ཆར་པ་ཆེ། །ལོ་ལེགས་མེ་ཏོག་རྩི་ཤིང་རྒྱས། །མི་ཕྱུགས་ཀུན་བདེ་ཡ་རབས་དང་། །རྒྱལ་པོ་གཞིར་གནས་འཐབ་རྩོད༌བྲལ། །མཆོད་སྦྱིན་རྣམ་པར་འཕེལ་ཞིང་རྒྱས། །པ་ཝ་སངས་ལ་ཆར་ཆུ་སྙོམས། །ལོ་ལེགས་འབྲུ་དང་རྩི་ཐོག་རྒྱས། །དགའ་སྟོན་རྣམ་འཕེལ་ཟས་རྒོལ་སྡེ། །འཇོམས་ཤིང་སྐྱེ་དགུ་བདེ་སྐྱིད་ལྡན། །སྤེན་པ་ལ་ནི་ཐན་པ་ཆེ། །ནོར་དང་འབྲུ་རྣམས་མི་འཕེལ་ཞིང་། །སྐྱེ་བོ་ཀུན་རྩོད་ཆོམ་རྐུན་དང་། །ནད་མུག་འཇིགས་པས་ཀུན་ཏུ་མནར། །དེ་ཡང་ཉི་མ་ལོར་ཞུགས་སོགས། །རང་རང་ཁ་བསྒྱུར་ཁྱད་པར་དུ། །རྒྱལ་བློན་གང་ཡིན་འབྲས་བཤད་རྗེས། །རྒྱལ་ཁ་བློན་གྱིས་བསྒྱུར་བའི་ཕྱིར། །རྒྱལ་པོ་ལས་ཀྱང་བློན་པོ་ཡི། །འབྲས་བུ་གཙོ་བའི་ཁ་བྱང་གདགས།། ༈ དེ་ནས་ལོ་སྐར་འབྲས་བུ་ནི། །ཐ་སྐར༌བྲ་ཉེ་ཆར་ཆེན་འབབ། །རྒྱལ་པོ་སྟོབས་ཆེ་འབྲུ་རྣམས་རྒྱས། །ཡུལ་ཁམས་བདེ་སྐྱིད་ལྡན་པར་འགྱུར། །སྨིན་དྲུག་སྣར་མར་ཤིང་མཁན་དང་། །མགར་བ་བ་ལང་ནད་ཀྱིས་འཇིགས། །མི་རྣམས་བདེ་ཞིང་ལོ་ལེགས་ལ། །མེ་ཏོག་དཀར་སེར་ལས་སྐྱེས་པའི། །འབྲས་བུ་རྣམ་རྒྱས་རྒྱལ་པོ་རྩོད། །མགོ་ལག་ཆར་འབབ་རྒྱལ་པོ་འཁྲུག །རིར་གནས་སྒོང་སྐྱེས་སེམས་ཅན་དག །མི་དགེ་སྐྱ་ཡར་ཅུང་ཟད་འཕམ། །ནབས་སོ་རྒྱལ་ལ་རྩོད་པ་འདུམས། །ལོ་ལེགས་སྔགས་བོན་དར་བར་འགྱུར། །སྐག་མཆུ་གྲེ་ལ་ཆར་ཆུ་དང་། །ལོ་ལེགས་ཀུན་མཛའ་བདེ་བར་སྤྱོད། །དབོ་དང་མེ་བཞིར་ལོ་ལེགས་ཉེས། །མི་སྙོམས་ཆོམ་རྐུན་རྒྱལ་པོས་འཇིགས། །ནག་པ་ས་རིར་ཆར་མི་འབབ། །འབྲུ་དཀོན་མུ་གེས་མནར་བར་འགྱུར། །ས་ག་ལྷ་མཚམས་ལ་ལོ་ལེགས། །འགྲོ་ཀུན་ཆོས་སྤྱོད་འཇིགས་དང༌བྲལ། །སྣྲོན་སྣྲུབས་གཉེན་གྱི་དམ་པ་ནི། །ཕུ་ནུར་བཅས་པ་ལོངས་སྤྱོད་རྒྱས། །རྒྱལ་ཁམས་ཀུན་བདེ་ལོ་ལེགས་ལ། །ཆོས་སྤྱོད་སྐྱེས་བུར་ནད་ཕྲན་འབྱུང་། །ཆུ་སྟོད་ཆུ་སྨད་ཆར་དང་ལོ། །མི་སྙོམས་དགེ་སྡིག་འདྲེས་མར་སྤྱོད། །གྲོ་བྱི་བཞིན་དང་མོན་དྲེ་ལ། །ལོ་ལེགས་མེ་ཏོག་སྨིན་པའི་སར། །ནད་འོང་གཞན་ཀུན་བདེ་བར་སྤྱོད། །མོན་གྲུ་ཁྲུམས་སྟོད་གཉིས་པོ་ལ། །ལོ་ལེགས་སྐྱ་རྒྱལ་བདེ་བར་འགྱུར། །ཁྲུམས་སྨད་ནམ་གྲུར་ཡུལ་ཁྲེའུར། །ལོ་ལེགས་རྒྱལ་ཁྲིམས་བཙན་ཞིང་དགེ། ༈ སྨེ་བ་དབུས་ཞུགས་འབྲས་བུ་ནི། །གཅིག་དཀར་དབུས་ཞུགས་ཡུལ་ཁམས་འཁྲུག །ཆུ་ཆེ་ཡུལ་འཕོ་མི་འབྲུ་སྙི། །གཉིས་ནག་དབུས་ཞུགས་ཡུལ་འཕོ་མང་། །ཆུ་ཆེ་སྐྱེས་པ་མི་འབྲུ་སྙི། །འབྲས་བུ་མི་སྨིན་གཟེར་ནད་དང་། །འཁྲུག་པ་ཆེན་པོ་ལྡང་བར་འགྱུར། །གསུམ་མཐིང་སྐྲང་ལོ་ལྷོག་ནད་འོང་། །ཤིང་འབྲས་སྐེམས་ཤིང་བྱིས་པར་ངན། །བཞི་ལྗང་བུད་མེད་ལ་ངན་ཞིང་། །འབྲུམ་རིམས་མ་མོའི་ནད་ཡམས་འོང་། །ལྔ་སེར་དགེ་བཤེས་ཆེན་པོར་ངན། །རྒྱལ་པོ་དམངས་འབེབས་ལོ་ཉེས་འཁྲུག །དྲུག་དཀར་མི་ལ་གཟའ་ནད་འབྱུང་། །ཡ་རབས་གོང་མ་རྣམས་ལ་ངན། །བདུན་དམར་ལ་འཁྲུག་དམར་ངོ་ཆེ། །ཕྱུགས་དང་རྐང༌བྲན་རྣམས་ལ་ངན། །བརྒྱད་དཀར་ཐན་ཆེ་རླུང་དམར་ལྡང་། །རྩད་པོའི་བུར་ངན་འཐབ་མོ་འབྱུང་། །དགུ་དམར་རྒྱལ་པོ་རྒན་རིམ་དང་། །བུད་མེད་ལ་ངན་ལོར་བཙའ་འོང་། །མི་འབྲུ་སྙི་ཞིང་ཕྱུགས་རྣམས་ཉེས། །བྱིས་པ་རྣམས་ནི་དྭ་བོར་ལུས། །ཁྱད་པར་སྟག་སྤྲེ་ཕག་སྦྲུལ་བཞིའི། །ལུས་སྨེ་གཉིས་ནག་དབུས་ཞུགས་ཚེ། །ལོ་ནག་ཅེས་གྲགས་དེ་ཡི་དུས། །ཁང་གསར་རྨང་འདིང་ཁང་རྙིང་བཤིག །རྟེན་ཆེན་བཞེངས་དང་ཆུ་འདྲུ་བ། །རི་བརྡལ༌བྲག་གཤགས་ཤིང་གཅོད་དང་། །བག་མ་གཏོང་ལེན་དམག་ཇག་སོགས། །འདུ་ལོང་གལ་ཆེན་བྱ་བ་འཛེམ། །གསུམ་མཐིང་དབུས་ཞུགས་ནག་ཆུང་སྟེ། །འབྲས་བུ་སྔར་དང་ཆ་འདྲ་ཡང་། །ཅུང་ཟད་ཉེས་པ་ཆུང་བར་བཤད།། ༈ གཞན་ཡང་ཁྱིམ་སླེབས་གཟའ་འབྲས་ནི། །དྲག་མོ་ལ་ནི་དམངས་རིགས་དང་། །ཚོང་པ་ཐམས་ཅད་བདེ་བར་བྱེད། །བྱ་རོག་མ་ལ་རྗེ་རིགས་བདེ། །གསུས་པོ་ཆེ་ལ་རྐུན་མ་མང་། །ཐམས་ཅད་བདེ་བར་མི་འགྱུར་རོ། །མཐོ་རིས་གངྒཱ་མ་ཡིས་ནི། །མི་བདག་ཐམས་ཅད་བདེ་བར་བྱེད། །དལ་མས༌བྲམ་ཟེ་ཀུན་བདེར་བྱེད། །སྣ་ཚོགས་མ་ཡིས་ཕྱུགས་རྣམས་བདེ། །ཕྱུགས་ཀྱི་ལས་ཀུན་དེ་ལ་བྱ། །སྲིན་པོའི་རྣལ་འབྱོར་མས་གཏུམ་སྟེ། །གདོལ་པ་ཐམས་ཅད་བདེ་བར་བྱེད།། ༈ དེ་ནས་བུམ་སྟོང་འབྲས་བུ་ནི། །ལུག་སེང་གཞུ་གསུམ་ཤར་ན་གནས། །གླང་དང་བུ་མོ་ཆུ་སྲིན་ལྷོ། །འཁྲིག་པ་སྲང་དང་བུམ་པ་ནུབ། །ཀརྚ་སྡིག་པ་ཉ་རྣམས་བྱང་། །ཁྱིམ་གང་ཉི་མ་གནས་པའི་ཕྱོགས། །བུམ་སྟོང་ཕྱོགས་གཞན་གསུམ་པོ་ནི། །གང་བའི་བུམ་པའོ་འབྲས་བུ་ཡང་། །བུམ་སྟོང་ཕྱོགས་དེར་ལྟད་མོ་དང་། །ལམ་ཞུགས་གཏམ་གཏོད་དམག་ཤགས་འགྱེད། །དགེ་བཤེས་ཁྲི་ཁ་བསྟན་སོགས་ལ། །འཆི་ལ་ཐུག་པའི་ཉེས་པ་འབྱུང་། །གང་བའི་བུམ་པའི་ཕྱོགས་ཕྱིན་ན། །མི་མཐུན་ལས་རྒྱལ་བཀྲ་ཤིས་སོ། །ཁྱད་པར་གང་བའི་བུམ་པའི་སར། །བསོད་ནམས་གཟའ་དང་རང་ཉིད་ཀྱི། །སྐྱེ་མིང་སྐར་མ་སྣང་གྱུར་ན། །ཕྱོགས་དེར་དགྲ་ཐུལ་རྙེད་པ་ཐོབ། །དོན་ཀུན་འགྲུབ་པས་བཟང་བར་བརྗོད། །དེ་ལས་བཟློག་ནས་བུམ་སྟོང་སར། །རང་གི་སྐྱེས་མིང་སྐར་མ་དང་། །དྲག་གཟའ་འཛོམ་ན་མི་དགེའོ།། ༈ རྀ་ཥི་ཤར་ནས་ཞག་བདུན་བར། །ཆུ་རྣམས་བདུད་རྩིར་འགྱུར་བའི་འབྲས། །ཉི་མའི་འོད་ཀྱིས་གདངས་བྱས་ཤིང་། །ཟླ་བའི་འོད་ཀྱིས་བསིལ་བྱས་ལ། །རྀ་ཥི་ཤར་བས་དུག་མེད་བྱས། །ཉིན་མཚན་གཉིས་ཀར་སྦྱང་ཆུ་བཏུང་། །ཞེས་སོགས་ཡན་ལག་བརྒྱད་པར་བཤད།། ༈ ཕག་ཞག་འབྲས་བུ་ཞག་བདུན་བར། །ཆར་བབ་དུག་ཆར༌འབྲུ་བཅུད་ཉམས། །བཞོན་མ་ཕྱིར་གཏོང་སྨན་དཔྱད་དང་། །ཆུ་ཡི་ལས་རྣམས་ངན་པས་འཛེམ།། ༈ དབང་ཕྱུག་མཇལ་འཕྲད་འབྲས་བུ་ནི། །གཟིམས་མཇལ་སྐར་མདའ་ས་གཡོས་རླུང་། །ཐོག་དང་རྒྱལ་པོའི་ཆད་པས་འཇིགས། །དམག་འཁྲུག་རྐུན་པོ་མང་བ་དང་། །ཉི་ཟླ་གཟའ་སྐར་འོད་མི་འབྱིན། །བཞུགས་མཇལ་ཐམས་ཅད་བློ་མི་བདེ། །ནད་མང་འཇིགས་དང་གྲོད་པ་ཆེ། །རྫུན་མང་མཛའ་བ་འཐབ་པར་འགྱུར། །བཞེངས་མཇལ་ཆར་ཆུ་ལོ་འབྲས་ལེགས། །མུ་གེ༌བྲལ་ཞིང་འཁྲུག་པ་མེད། །རྒྱལ་པོ་དགེ་བྱེད་སྟོབས་དང་ལྡན། །འགྲོ་ཀུན་བདེ་སྐྱིད་དཔལ་ལ་སྤྱོད།། ༈ དེ་ནས་ཉེ་བར་མཁོ་བ་ཡི། །སྒོས་འབྲས་ཐོར་བུ་འགའི་ག་བཤད།། ༈ རབ་བྱུང་འཆད་ཉན་བྱེད་པའི་རྩིས། །ཉི་མ་ཕུར་བུ་པ་སངས་བཟང་། །དམར་སྤེན་ངན་ཞིང་ཟླ་ལྷག་གཉིས། །རབ་བྱུང་ངན་ཀྱང་འཆད་ཉན་བཟང་། །སྐར་མ་མགོ་ལག་ནབས་སོ་རྒྱལ། །མཆུ་དང་མེ་བཞི་ནག་ས་རི། །ས་ག་མོན་དྲེ་མོན་གྲུ་དང་། །ཆུ་སྟོད་རྣམས་བཟང་རབ་བྱུང་ནི། །སྣྲོན་འབྲིང་གྲོ་བཞིན་ངན་པ་སྟེ། །འཆད་ཉན་ལ་ནི་གྲེ་དབོའང་བཟང་། །ལུག་གླང་ཆུ་སྲིན་སེང་གེ་བུམ། །ཉ་བཟང་འཁྲིག་གཞུ་བུ་མོ་ངན། །ཚེས་གྲངས་གསུམ་ལྔ་བཅུ་བཅུ་གཅིག །བཅུ་བཞི་ཉེར་གསུམ་བཟང་བ་ཡིན། །ཉི་མ་འབྲུག་དང་ཕག་གཉིས་དགེ། །ལུག་གླང་གཉིས་པ་ངན་པ་ཡིན།། ༈ དཀྱིལ་འཁོར་འབྲི་དང་སྒྲུབ་མཆོད་ནི། །ཧོར་ཟླ་དགུ་པའི་བཅོ་ལྔ་ནས། །བཞི་པའི་ཉ་བར་བདུན་པོ་ཡི། །ཡར་ངོའི་ཚེས་གཅིག་གསུམ་ལྔ་བདུན། །བརྒྱད་ཅུ་བཅུ་གཅིག་བཅུ་གསུམ་ནང་། །བཅུ་བཞི་བཅོ་ལྔར་གཟའ་ཕུར་བུ། །ཟླ་བ་པ་སངས་ཉི་མ་བཞི། །སྐར་མ་རྒྱལ་སྐག་ས་ག་དང་། །མེ་བཞི་ཐ་སྐར་སྣྲོན་རྣམས་བཟང་། །ཁྱད་པར་ཡར་ངོའི་ཚེས་བརྒྱད་དང་། །གཟའ་ཕུར་སྐར་མ་རྒྱལ་རྣམས་ལ། །མཆོག་ཏུ་བཟང་ཞིང་གཟའ་སྐར་དག །ལེགས་ན་མར་ངོ་ལ་ཡང་རུང་། །སྦྱོར་ངན་དགུ་དང་བིཥྚི་རྣམས། །སྤངས་ནས་དཀྱིལ་འཁོར་འབྲི་བསྒྲུབ་བྱ། །རབ་གནས་བྱ་བའི་རྩིས་འབྲས་ནི། །དགུན་ཉི་ལོག་ནས་བྱང་བགྲོད་ཀྱི། །ཟླ་བ་དྲུག་པོའི་ཡར་ངོ་ཡི། །ཚེས་གཉིས་གསུམ་བརྒྱད་བཅུ་གསུམ་དང་། །བཅོ་ལྔ་རྣམས་བཟང་གཟའ་སྐར་དག །འཛོམ་ན་ཉེར་དགུ་གནམ་གང་གཉིས། །སྤངས་པའི་མར་ངོའི་ཕྱོགས་ལའང་རུང་། །གཟའ་ནི་ཕུར་ལྷག་སངས་ཟླ་བཟང་། །སྐར་མ་སྣར་མགོ་ལག་རྒྱལ་དབོ། །མེ་བཞི་ལྷ་མཚམས་སྣྲོན་དང་སྣྲུབས། །ཆུ་སྟོད་ཆུ་སྨད་ཁྲུམས་སྨད་བཟང་། །གཟའ་ཚེས་འཕྲོད་སྦྱོར་བཟང་བ་ནི། །ཚེས་གསུམ་དྲུག་པ་བདུན་པ་དང་། །བཅུ་དང་བཅུ་གཅིག་ཟླ་བ་ཤིས། །གཉིས་བཞི་བརྒྱད་བཅུ་བཅུ་གཅིག་ལྷག །གཉིས་བདུན་དགུ་དང་བཅུ་གཅིག་ཕུར། །དྲུག་བདུན་བཅུ་དོར་པ་སངས་དགེ། །ཞེས་པ་དེ་རྣམས་རབ་གནས་རྒྱུད། །རིག་པ་མཆོག་ལས་གསུངས་པ་ཡིན། །གཞན་ལས་དེ་སྟེང་ཚེས་ལྔ་བཅུ། །གཟའ་ནི་ཉི་མ་སྐར་མ་ཡང་། །བྱི་བཞིན་ཁྲུམས་སྟོད་བཟང་བར་བཤད། །དུས་སྦྱོར་གླང་སེང་སྡིག་བུམ་ཤིས། །ཉི་མ་གླང་སྟག་ཡོས་འབྲུག་བཟང་། །བིཥྚི་སྲེག་ཚེས་འཆི་སྦྱོར་དང་། །ས་བདག་ངན་རྣམས་སྤངས་ཏེ་བྱ།། ༈ རྒྱལ་སར་བསྐོ་སོགས་ཆེ་འདོན་རྩིས། །ཉི་མ་ཕུར་བུ་བཀྲ་ཤིས་བཟང་། །ཟླ་ལྷག་སངས་འབྲིང་སྤེན་པ་ངན། །སྣར་མགོ་རྒྱལ་སྣྲོན་ལྷ་མཚམས་དང་། །ཆུ་སྨད་མོན་གྲུ་དབོ་ཁྲུམས་སྨད། །ནམ་གྲུ་སྨིན་དྲུག་ས་རི་དང་། །ནབས་སོ་མེ་བཞི་ཆུ་སྟོད་བཟང་། །གྲོ་བཞིན་བྱི་བཞིན་སྣྲུབས་ས་ག །བྲ་ཉེ་ལག་སྐག་མཆུ་ནག་པ། །མོན་དྲེ་རྣམས་ནི་ངན་པས་སྤང་། །ཚེས་གཅིག་གཉིས་བརྒྱད་དགུ་བཅུ་དང་། །བཅུ་གཅིག་བཅུ་གཉིས་བཅུ་གསུམ་པ། །བཅོ་ལྔ་བཅོ་བརྒྱད་རྣམས་ལ་བཟང་། །ཉི་མ་སྟག་ཡོས་འབྲུག་རྟ་དགེ། །སྦྲུལ་སྤྲེ་ངན་ལ་དུས་སྦྱོར་ནི། །སེང་གེ་བཟང་ཞིང་གཞུ་བུམ་ཉ། །རུང་བ་ཙམ་སྟེ་ཆུ་སྡིག་ངན།། ༈ བྲན་གཡོག་བརྟེན་པའི་རྩིས་འབྲས་ནི། །ཟླ་བ་ལྷག་པ་པ་སངས་བཟང་། །ཉི་ཕུར་འབྲིང་སྟེ་དམར་སྤེན་ངན། །སྐར་མ་ནབས་སོ་རྒྱལ་མཆུ་དབོ། །སྣྲུབས་དང་ཆུ་སྟོད་ཆུ་སྨད་དང་། །ཁྲུམས་སྟོད་ཁྲུམས་སྨད་རྣམས་བཟང་སྟེ། །གྲེ་དང་སྣྲོན་ངན་ཚེས་གྲངས་ནི། །བཞི་ལྔ་བཅུ་དྲུག་ཉེར་བཞི་བཟང་། །གཅིག་གཉིས་བརྒྱད་དང་ཉ་བཅུ་དྲུག །བཅུ་བདུན་བཅོ་བརྒྱད་བཅུ་དགུ་རྣམས། །བཏང་སྙོམས་དེ་ལྷག་ཀུན་ངན་ནོ། །དུས་སྦྱོར་ལུག་གླང་སེང་གེ་གཞུ། །ཆུ་སྲིན་བཟང་ལ་ཀར་སྲང་ངན། །ཉི་མ་རྟ་བཟང་སྦྲུལ་ཉི་དང་། །སྤར་ཁོན་ས་ཡི་འཕུང་བྱེད་ངན།། ༈ བྱིས་པ་སྒོ་འཁྲིད་བྱེད་པའི་རྩིས། །དྲག་གཟའ་གསུམ་དང་སྨིན་དྲུག་སྐག །བྲ་ཉེ་སྤངས་བའི་ཡར་ངོ་ཡི། །གཟའ་སྐར་འཕྲོད་སྦྱོར་བཟང་པོར་བྱ། །དེ་བཞིན་སྲས་བུ་ལ་སོགས་པ། །གནས་རྒྱུའི་ས་བདག་ངན་པ་དང་། །ཁྱད་པར་བུ་ཆུང་གནམ་སྒོ་མེད།། ༈ སྤར་ཁའི་གཉན་དུས་གཅིག་དཀར་དང་། །འདྲེ་ལྔ་བདུད་གཅོད་སྒྲ་གཅན་སོགས། །དྲག་པོའི་གདོང་ཐུག་ཕྱོགས་རྣམས་འཛེམ།། ༈ བག་མ་གཏོང་ལེན་བྱེད་པའི་རྩིས། །ཟླ་བ་ཕུར་བུ་པ་སངས་བཟང་། །ཉི་མ་མིག་དམར་ལྷག་སྤེན་ངན། །ས་རི་ཆུ་སྨད་དབོ་གསུམ་བཟང་། །གྲོ་བཞིན་ཚུར་ལེན་བཟང་བ་སྟེ། །ནབས་སོ་མགོ་རྒྱལ་ས་ག་བཞི། །ལེན་པར་བཟང་ཡང་གཏོང་བ་ངན། །དེ་ལྷག་ཐམས་ཅད་ངན་པས་སྤང་། །དུས་སྦྱོར་གླང་འཁྲིག་སེང་གཞུ་ཉ། །བུ་མོ་རྣམས་བཟང་ལུག་སྲང་སྡིག །ཆུ་སྲིན་རྣམས་ནི་ངན་པ་ཡིན། །རྟེན་འབྲེལ་འདུ་བྱེད་སྐྱེ་མཆེད་ཚོར། །ལེན་སྲེད་རྣམས་བཟང་ཉི་མ་ནི། །ཡོས་ལུག་སྤྲེའུ་བཟང་སྟག་སྦྲུལ་ཁྱི། །བྱི་བ་གླང་རྣམས་ངན་པ་ཡིན། །བིཥྚི་རྒྱུ་དང་འཆི་སྦྱོར་དང་། །འཇིག་བདུད་མི་འཕྲོད་མི་མཐུན་ཉི། །སྤར་ལི་གཉིས་ནག་གསུམ་མཐིང་འཆར། །ལོ་ཟླ་ཉི་མ་ནག་པ་སོགས། །ལོ་ཟླ་ཞག་དུས་གནས་རྒྱུ་ཡི། །ས་བདག་ངན་པའི་ཕྱོགས་དུས་འཛེམ། །གདགས་ཀྱི་ལྷ་དྲུག་གནས་ཕྱོགས་དང་། །བདུད་རྩི་ཐུན་མཚམས་གཟའ་སྐར་གྱི། །འཕྲོད་སྦྱོར་བཟང་པོ་རྣམས་ལ་བྱ།། ༈ སྐྲ་འཁྲུ་བ་དང་ཁྲུས་བྱེད་རྩིས། །ཟླ་ལྷག་པ་སངས་ཕུར་བུ་བཟང་། །མིག་དམར་སྤེན་པ་ངན་པ་ཡིན། །ཉི་མར་ཁྲུས་བཟང་སྐྲ་འཁྲུ་ངན། །དབྱུག་སྨིན་སྣར་མགོ་ལག་ས་རི། །ལྷ་མཚམས་ཆུ་སྟོད་ཆུ་སྨད་ནག །བྱི་བཞིན་མོན་དྲེ་ཁྲུམས་སྨད་དང་། །ནམ་གྲུ་རྣམས་ནི་སྤྱིར་བཟང་ཞིང་། །ཁྱད་པར་གྲོ་བཞིན་སྐྲ་འདྲེག་བཟང་། །བྲ་ཉེ་རྒྱལ་མཆུ་གྲེ་ས་ག །ཁྲུམས་སྟོད་རྣམས་ངན་གཞན་བཏང་སྙོམས། །བུ་མོ་ཆུ་སྲིན་བུམ་ཉ་བཟང་། །སྲང་དང་ཀརྚ་ངན་པ་ཡིན། །ཚེས་གསུམ་བཞི་ལྔ་དྲུག་བརྒྱད་བཅུ། །དྲག་འདོད་ཚེས་དང་མི་བདག་སྐྱོན། །བཅུ་དགུ་ཉེར་གཉིས་ཉེར་གསུམ་དང་། །ཉེར་དྲུག་རྣམས་བཟང་ལྷག་རྣམས་ངན། །ཉི་མ་སྟག་ཁྱི་གཉིས་པོར་འཛེམ།། ༈ གོས་དྲ་གོས་གྱོན་རྒྱན་འདོགས་རྩིས། །ལྷག་ཕུར་སངས་གསུམ་དྲ་གྱོན་བཟང་། །ཉི་ཟླ་དམར་སྤེན་ངན་པར་བརྗོད། །སྣར་མ་ནབས་སོ་རྒྱལ་མེ་བཞི། །ས་རི་ས་ག་ལྷ་མཚམས་ནག །མོན་དྲེ་ཁྲུམས་སྨད་ཆུ་སྨད་དང་། །གྲོ་བཞིན་དབྱུ་གུར་དྲ་གྱོན་དང་། །ནམ་གྲུར་གྱོན་བཟང་དེ་ལྷག་ངན། །གླང་འཁྲིག་བུ་མོ་སེང་བཞི་པོ། །དྲ་གྱོན་སྤྱིར་བཟང་བྱེ༌བྲག་ཉ། །དྲ་དང་གཞུ་ནི་གྱོན་པར་བཟང་། །ཆུ་སྲིན་དྲ་དང་ཀར་སྡིག་གཉིས། །གྱོན་པར་ངན་ལ་ཁྱི་ཉི་ནི། །དྲར་བཟང་ཚེས་གྲངས་བརྒྱད་པ་དང་། །སྤྲེའུ་ཉི་དར་གྱོན་གཉིས་ཀར་ངན། །རྒྱན་འདོགས་པ་ལ་ཉི་ཟླ་ལྷག །སངས་ཕུར་བཟང་ཞིང་དམར་སྤེན་ངན། །སྨིན་དྲུག་མགོ་ལག་ནབས་སོ་རྒྱལ། །མཆུ་གྲེ་དབོ་དང་མེ་བཞི་ནག །ལྷ་མཚམས་སྣྲོན་སྣྲུབས་ཆུ་སྟོད་སྨད། །གྲོ་བཞིན་བྱི་བཞིན་མོན་དྲེ་དང་། །ཁྲུམས་སྨད་རྣམས་བཟང༌བྲ་ཉེ་དབྱུག །སྐག་དང་མོན་གྲུ་ངན་པ་ཡིན། །གླང་འཁྲིག་བུ་མོ་གཞུ་སེང་གེ །ཉ་ཡི་དུས་སྦྱོར་རྟ་སྤྲེའི་ཉི། །བདུད་རྩི་ཐུན་མཚམས་ཟིན་ཚེས་འཆར། །རྟེན་འབྲེལ་འདུ་བྱེད་འབྱུང་འཕྲོད་ནི། །ས་ཆུ་འཕྲད་པ་རྣམས་བཟང་ངོ་།། ༈ །རྟ་ཕྱུགས་འདུལ་བཅོས་བྱེད་པའི་རྩིས། །རྟ་འདུལ་ཉི་མིག་སངས་ཕུར་བཟང་། །ཟླ་ལྷག་འབྲིང་ལ་སྤེན་པ་ངན། །བཅོས་བྱེད་ཟླ་ལྷག་བཟང་བ་སྟེ། །ཉི་སྤེན་ངན་ལ་མིག་དམར་ནི། །མེ་རྒྱག་བཟང་ཡང་བཅོས་གཞན་ངན། །སྨིན་དྲུག་སྣར་མ་མེ་བཞི་ནག །རྟ་འདུལ་བཟང་ཞིང་ཆུ་སྨད་དང་། །མོན་དྲེ་མོན་གྲུ་ས་རི་རྣམས། །བཅོས་བྱེད་ལ་བཟང་མགོ་ནབས་སོ། །གྲོ་བྱི་བཞིན་རྣམས་འདུལ་བཅོས་བཟང་། །ས་རི་མོན་གྲུ་ཁྲུམས་སྟོད་དང་། །ཆུ་སྟོད་འདུལ་ངན་ལྷ་མཚམས་སྐག །བཅོས་ངན་མཆུ་གྲེ་གཉིས་ཀར་ངན། །མེ་བཞི་ཟེ་རྔོག་འདྲེག་པ་དང་། །ནམ་གྲུ་སྐག་ལ་བྱ་གཅོད་བཟང་། །གྲོ་བཞིན་བྱི་བཞིན་བྱ་གཏོང་ངན། །དུས་སྦྱོར་གླང་སེང་གུ་བཟང་སྟེ། །ཀར་བུམ་གཉིས་ངན་ཉི་མ་ནི། །ཡོས་བཟང་བྱི་རྟ་ངན་པར་དྲན། །གནག་ཕྱུགས་འདུལ་བ་ཟླ་ལྷག་སངས། །ཕུར་སྤེན་བཟང་ལ་ཉི་མིག་ངན། །ཐ་སྐར་མེ་བཞི་ས་རི་སྣར། །ས་ག་ཆུ་སྟོད་གྲོ་བྱི་བཞིན། །མགོ་རྒྱལ་ནག་པ་ཁྲུམས་སྟོད་དང་། །མོན་དྲེ་ནམ་གྲུ་ཕྱུགས་འདུལ་བཟང་། །ནབས་སོ་མོན་གྲུ་གཉིས་འབྲིང་སྟེ། །བྲ་ཉེ་སྨིན་དྲུག་སྐག་མཆུ་གྲེ། །དབོ་དང་ལྷ་མཚམས་རྣམས་ལ་ངན། །དུས་སྦྱོར་སྲང་གཞུ་བུམ་ཉ་དང་། །ཉི་མ་ཡོས་བཟང་ཚེས་དྲུག་དྲག །མི་བདག་བཅུ་དགུ་ཉེར་ལྔ་དང་། །ཉེར་དྲུག་རྣམས་ལ་བཟང་བ་ཡིན།། ༈ གསོན་དགེ་བྱ་བའི་འབྲས་རྩིས་ནི། །ལྷག་ཕུར་སངས་བཟང་ཟླ་ཉི་འབྲིང་། །མིག་དམར་སྤེན་པ་ངན་པར་བརྗོད། །སྣར་མགོ་ལག་དང་ནབས་སོ་རྒྱལ། །མེ་བཞི་ས་རི་མོན་དྲེ་དབོ། །མོན་གྲུ་བྱི་བཞིན་ཁྲུམས་སྟོད་སྣྲོན། །མཆུ་གྲེ་ནག་པ་ནམ་གྲུ་བཟང་། །བྲ་ཉེ་ཁྲུམས་སྨད་གྲོ་བཞིན་དང་། །སྐག་ངན་དུས་སྦྱོར་གླང་སེང་གཞུ། །བུམ་པ་བུ་མོ་བཟང་བ་སྟེ། །སྲང་སྡིག་ཆུ་སྲིན་ལུག་རྣམས་ངན། །ཉི་མ་འབྲུག་དགེ་བྱ་ཉིར་འཛེམ།། ༈ གཤིན་ལས་བྱེད་པའི་འབྲས་རྩིས་ནི། །ཟླ་ལྷག་ཕུར་སངས་གཤིན་ལས་སྤྱིར། །བཟང་ཡང་ལྷག་པར་དུར་སྤོ་འདེབས། །པ་སངས་མེར་སྲེག་སར་སྦ་དང་། །ཉི་མིག་སྤེན་གསུམ་ཀུན་ལ་ངན། །ཕུར་བུར་རོ་སྲེག་བཟང་བ་སྟེ། །གཟའ་གན་རྣམས་ལ་རོ་སྲེག་འཛེམ། །སྐར་མ་ཐ་སྐར་ནབས་སོ་དང་། །ནམ་གྲུ་རྣམས་ནི་སྤྱི་ལ་བཟང་། །ཁྲུམས་སྨད་སྣྲུབས་རྒྱལ་སྐག་ས་རི། །ནག་པར་ཤིད་བཟང་དུར་ལས་ངན། །མོན་གྲུ་ཁྲུམས་སྟོད་བྱི་བཞིན་ལ། །ཤིད་ངན་དུར་གྱི་ལས་རྣམས་བཟང་། །སྨིན་དྲུག༌བྲ་ཉེར་གཞན་ངན་ཡང་། །སྲེག་བཟང་ཆུ་སྨད་སྲེག་སྦ་ངན། །རྒྱལ་ལ་སྐྱེས་པའི་ཕུང་པོ་དང་། །ནམ་གྲུར་བུད་མེད་ཕུང་པོ་ལ། །བསྒུལ་བསྐྱོད་བྱེད་པ་གཏན་བཀག་ཡིན། །དབོ་ལ་གཤིན་ལས་འབྲིང་པོ་སྟེ། །སྣར་མ་མགོ་ལག་མཆུ་དང་གྲེ། །མེ་བཞི་ས་ག་ལྷ་མཚམས་སྣྲོན། །ཆུ་སྟོད་གྲོ་བཞིན་མོན་དྲེ་ལ། །གཤིན་གྱི་ལས་ཀུན་འཛེམ་པར་བྱ། །ཉི་མ་སྟག་སྤྲེ་ཁྱི་གསུམ་བཟང་། །བྱ་ཡོས་སྦྲུལ་ཕག་ཤིད་སྟོན་དང་། །འབྲུག་ལ་རོ་འདོན་ཕག་ཉི་ལ། །དུར་འདེབས་ངན་ཞིང་ཚེས་གྲངས་ནི། །གསུམ་བདུན་བཅོ་ལྔ་ཉེར་ལྔ་བཟང་། །གཅིག་ལྔ་བཅུ་དང་ཉི་ཤུ་དང་། །ཉེར་གཉིས་ཉེར་བརྒྱད་གནམ་གང་ངན། །བིཥྚི་སྲེག་ཚེས་བདུད་ཉི་སོགས། །འཕྲོད་སྦྱོར་ངན་དང་སྤར་ཁ་ལི། །སྨེ་བ་བདུན་དམར་གཉིས་ནག་དང་། །གནས་རྒྱུའི་ས་བདག་ངན་པའི་རིགས། །ཤིད་ཀྱི་གནམ་སྒོར་བཅས་པ་འཛེམ།། ༈ ལམ་ཞུགས་དོན་གཉེར་འབྲས་བུ་ནི། །ཉི་མ་མིག་དམར་སྤེན་གསུམ་ངན། །ཟླ་བ་ལྷོར་བཟང་ཕྱོགས་གཞན་ངན། །ཕུར་ལྷག་སངས་གསུམ་སྤྱིར་བཟང་ཡང་། །ཕུར་བུ་ནུབ་དང་ལྷག་དབང་ལྡན། །པ་སངས་ལྷོ་དང་ནུབ་ཕྱོགས་ངན། །དབྱུ་གུ་ནབས་སོ་རྒྱལ་ས་རི། །ལྷ་མཚམས་གྲོ་བཞིན་ཆུ་སྟོད་དང་། །མོན་དྲེ་མོན་གྲུ་ཁྲུམས་སྨད་བཟང་། །བྲ་ཉེ་སྨིན་དྲུག་སྣར་མ་མགོ། །ལག་སྐག་མཆུ་གྲེ་དབོ་མེ་བཞི། །ནག་པ་ས་ག་སྣྲོན་དང་སྣྲུབས། །ཆུ་སྨད་ཁྲུམས་སྟོད་ནམ་གྲུ་ངན། །ཕྱོགས་འབྲས་མགོ་ལག་སྣར་ནབས་རྒྱལ། །མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཐ་སྐར་ཤར་དང་བྱང་། །དོན་གྲུབ་ལྷོ་དང་ནུབ་འགྲོ་ངན། །གྲེ་དབོ་མེ་བཞི་ལྷ་མཚམས་སྣྲོན། །སྣྲུབས་ཆུ་སྟོད་སྨད་གྲོ་བྱི་བཞིན། །ལྷོ་དང་ནུབ་དགེ་ཤར་བྱང་ངན། །ནག་པ་ས་རི་ས་ག་མཆུ། །བྲ་ཉེ་སྨིན་དྲུག་སྐག་རྣམས་ལ། །ཕྱོགས་མཚམས་གང་དུ་ཕྱིན་ཀྱང་ངན། །ཚེས་གྲངས་གསུམ་བདུན་བཅུ་གཅིག་དང་། །བཅུ་བདུན་བཅུ་དགུ་ཉེར་གསུམ་དང་། །ཉེར་བདུན་རྣམས་ལ་བཟང་བར་བཤད། །གཞན་ཡང་ཉི་མ་དྲུག་སྐོར་སོགས། །ལམ་རྩིས་ཚེས་གྲངས་སྔར་བཤད་བཞིན། །དུས་སྦྱོར་ཆུ་སྲིན་བུ་མོ་གཞུ། །ཉ་རྣམས་བཟང་ཞིང་དེ་ལྷག་ངན།། ༈ ཉོ་ཚོང་བྱེད་པའི་འབྲས་རྩིས་ནི། །ལྷག་པ་ཕུར་བུ་པ་སངས་བཟང་། །ཉི་ཟླ་འབྲིང་ལ་དམར་སྤེན་ངན། །ཐ་སྐར་སྣར་མགོ་ནབས་སོ་སག །ས་རི་ཆུ་སྟོད་མོན་དྲེ་སྣྲུབས། །གྲོ་བཞིན་བྱི་བཞིན་ཁྲུམས་སྨད་དང་། །ནམ་གྲུ་རྣམས་བཟང་བྱེ༌བྲག་ཏུ། །ཁྲུམས་སྟོད་གྲེ་ལ་གཞིས་ཚོང་བཟང་། །ཁྲུམས་སྟོད་མོན་གྲུ་མཆུ་རྣམས་ལ། །རྟ་ཕྱུགས་ཉོ་བ་བཟང་བ་ཡིན། །མེ་བཞི་མོན་དྲེ་རྒྱལ་རྣམས་ལ། །ཉོ་ཚོང་སྤྱི་ངན་ས་མཁར་ཞིང། །ཚོང་དད་ལག་ལ་ཕྱུགས་ཉོ་ངན། །དུས་སྦྱོར་གླང་འཁྲིག་སེང་སྲང་སྡིག །བུ་མོ་རྣམས་བཟང་ལུག་ལ་ངན། །གླང་ཉིར་གླང་ཚོད་ངན་པ་སོགས། །རང་ཉིར་རང་རང་ཉོ་ཚོང་ངན། །ནོར་རྫས་གཏོང་ལེན་བྱེད་པའི་རྩིས། །ཉི་སྤེན་གཏོང་ངན་ལེན་པ་བཟང་། །ཕུར་བུ་སྤྱིར་འབྲིང་ཕྱུགས་གཏོང་ངན། །མིག་དམར་ལྷག་པར་ཕྱིར་གཏོང་ངན། །ཚུར་ལེན་འབུན་འདེད་བཟང་བ་ཡིན། །ཟླ་སངས་གཏོང་ལེན་གཉིས་ཀ་ངན། །བྲ་ཉེ་སྨིན་སྣར་མགོ་ནབས་རྒྱལ། །མཆུ་གྲེ་སྣྲོན་སྣྲུབས་ཆུ་སྟོད་དང་། །མོན་གྲུ་ཁྲུམས་སྟོད་ནམ་གྲུ་ལ། །ཕྱིར་གཏོང་ངན་ལ་ཚུར་ལེན་བཟང་། །ལག་ལ་ཕྱུགས་མིན་གཏོང་ལེན་དང་། །སྐག་ལ་འབུན་འཇལ་ར་ལེན་པ། །མཆུ་ལ་རྟ་ཕྱུགས་ཉོ་བ་དང་། །གྲོ་བྱི་བཞིན་དབྱུག་ཕྱིར་གཏོང་དང་།། །བྲ་ཉེར་ས་ཞིང་ཚོང་རྣམས་བཟང་། །མེ་བཞི་དབོ་ནག་མོན་དྲེ་ལ། །ཕྱིར་གཏོང་ཀུན་ངན་ཁྱད་པར་ཕྱུགས། །བྲ་ཉེ་སྐག་ལ་ར་གཏོང་ངན། །ཁྲུམས་སྨད་ཕྱུགས་ཀྱི་འཇལ་ལེན་དང་། །འབྲུ་ནོར་ཚུར་ལེན་བཟང་བ་སྟེ། །ས་ག་འབྲུ་འཇལ་འབུན་གཏོང་ངན། །ཁྱད་པར་སོ་སོའི་གཡང་སར་ལ། །རང་རང་གཏོང་ངན་ལེན་འགུགས་བཟང་། །བུ་ལོན་གཏོང་ལེན་དམར་ལྷག་དགེ། །པ་སངས་བུ་ལོན་འཇལ་བ་ངན། །སྣར་ལག་ནབས་སོ་སག་རྣམས་བཟང་། །སྣྲོན་ལ་སྙེག་བཟང་ས་རི་དང་། །ས་ག་ལྷ་མཚམས་སྣྲུབས་གྲོ་བཞིན། །གཏོང་དང་ཕྱིར་འཇལ་ངན་པ་ཡན།། ༈ མཁར་ལས་བརྩིག་བཟོའི་འབྲས་བུ་ནི། །ཉི་ཟླ་དམར་སྤེན་སྤྱིར་ངན་ཡང་། །བྱེ༌བྲག་ཉི་མར་རྒྱལ་པོ་ཡི། །ཕོ༌བྲང་ཟླ་བར་ལྷ་ཁང་བཞེངས། །ཉི་ཟླ་གཉིས་ལ་ཐབ་བརྩིག་དང་། །ཉི་མིག་ཆུ་རགས་སྤེན་པ་ལ། །ས་ཡི་ལས་རྣམས་དགེ་བ་ཡིན། །ལྷག་ཕུར་པ་སངས་སྤྱིར་བཟང་ཡང་། །ལྷག་ཕུར་ཐོག་འབུབས་ཟླ་ལྷག་ལ། །ཆུ་རགས་བརྩིག་པ་ངན་པར་བཤད། །མགོ་དབོ་ནབས་སོ་གྲེ་ཁྲུམས་སྟོད། །མོན་གྲེ་ནམ་གྲུ་ཆུ་སྟོད་སྨད། །སྣུབས་རྣམས་སྤྱིར་བཟང་བྱེ༌བྲག་ཏུ། །སྣར་མ་ཁྲུམས་སྨད་དབོར་རགས་དང་། །ར་བ་ལྡུམ་ར་བརྐོ་རྣམས་བཟང་། །བྲ་ཉེ་རྒྱལ་སྐག་ཁྲུམས་སྨད་དང་། །སྨིན་དྲུག་ས་རི་ལྷ་མཚམས་མཆུ། །གྲོ་བཞིན་སྤྱིར་ངན་ཁྱད་པར་དུ། །རྒྱལ་ལ་ཁང་རྨང་ཐབ་མོན་གྲུར། །ཀུན་ར་ནབས་སོ་མགོ་སྣྲུབས་ལ། །སྒོ་འཛུགས་སྨིན་སྣར་ས་རི་ལ། །སྦྲ་ཁྱིམ་འབུབས་དང་སྨིན་དྲུག་མཆུ། །གྲོ་བཞིན་ས་རི་ས་ག་དང་། །ཁྲུམས་སྟོད་རྣམས་ལ་རགས་བརྩིག་བཟང་། །ས་ག་སྣྲོན་དབྱུག་ཀུན་ར་དང་། །སྣྲུབས་ལ་ཁྱིམ་དཀྱུས་དབོ་མེ་བཞི། །ས་ག་ཆུ་སྨད་བཞི་པོ་ལ། །སྦྲ་ཁྱིམ་འབུབས་རྣམས་ངན་པས་འཛེམ། །གླང་སེང་བུ་མོ་གཞུ་བུམ་བཟང་། །ལུག་སྡིག་ཀར་སྲང་ཆུ་སྲིན་ངན། །འཁྲིག་པར་མཁར་དང་ཉར་ལྷ་ཁང་། །ངན་ཞིང་དེ་གཉིས་ལྡོག་ན་བཟང་། །རྟེན་འབྲེལ་མ་རིག་འདུ་བྱེད་སྐྱེ། །ཉི་མ་གླང་སྟག་ལུག་གསུམ་པོ། །སྤྱིར་བཟང་བྱ་ལ་སྒོ་འཛུགས་དང་། །སྤྲེའུར་ལྡུམ་ར་བསྐྱེད་པ་དགེ །ཡོས་འབྲུག་ཁྱི་ཕག་སྤྱི་ལ་ངན། །བྱེ༌བྲག་སྦྲུལ་ལ་ཤིང་གཅོད་དང་། །རྟ་ལ་ཐོག་འབུབས་འཛེམ་པར་བྱ། །ཚེས་གསུམ་བདུན་དྲག་འདོད་ཡིད་ཚེས། །བཅུ་བདུན་ཉེར་གསུམ་ཉེར་ལྔ་བཟང་། །རོ་སྐྱོན་ཉེར་གཉིས་སྤྱི་གནམ་དང་། །མཁར་གྱི་གནམ་སྒོར་ངན་པས་འཛེམ།། ༈ བང་མཛོད་བཅའ་དང་ཁ་འབྱེད་ནི། །ལྷག་སྤེན་བཟང་ལ་ཉི་མིག་ངན། །ཟླ་ཕུར་སངས་གསུམ་འབྲིང་པོ་ཡིན། །ནབས་སོ་སྣར་རྒྱལ་གྲོ་བྱི་བཞིན། །ས་རི་སྣྲུབས་བཟང་ས་ག་དང་། །ཆུ་སྟོད་ཆུ་སྨད་མོན་གྲུ་ལ། །བཅའ་བ་བཟང་ཡང་ཁ་འབྱེད་ངན། །བྲ་ཉེ་སྨིན་གྲེར་མཛོད་བཅའ་དང་། །མཆུ་གྲེ་ས་རི་ནག་པ་ལ། །བང་མཛོད་དབྱེ་བ་ངན་པ་ཡིན། །གླང་བུམ་ཉ་བཟང་ཀར་སྡིག་ངན། །ཉི་མ་ལུག་ཁྱི་བྱི་བ་བཟང་། །ཕག་སྦྲུལ་བྱ་གླང་ངན་པ་ཡིན། །དབུལ་པོ་ལག་སྟོང་དུས་ལ་འཛེམ།། ༈ རྒྱལ་མཚན་བ་དན་འཛུགས་པའི་རྩིས། །ཉི་ཕུར་སྤེན་བཟང་མིག་དམར་ངན། །ཟླ་ལྷག་སངས་འབྲིང་ཐ་སྐར་མགོ །རྒྱལ་དབོ་ཁྲུམས་སྟོད་ཆུ་སྨད་བཟང་། །བྲ་སྨིན་ལག་མཆུ་གྲེ་སྣྲུབས་ངན། །དུས་སྦྱོར་གླང་འཁྲིག་སེང་གཞུ་བཟང་། །ཆུ་སྲིན་སྡིག་སྲང་ཀརྚ་ངན། །ཉི་མ་གླང་ལུག་གཉིས་པོར་འཛེམ།། ༈ ཁྱིམ་གསར་འཛིན་པར་བྱེད་པའི་རྩིས། །ཉི་མ་ངན་ལ་གཟའ་གཞན་དགེ །སྣར་མགོ་ནབས་རྒྱལ་མཆུ་གྲེ་དབོ། །མེ་བཞི་ས་རི་ས་ག་ནག །ཆུ་སྨད་གྲོ་བཞིན་མོན་དྲེ་དང་། །མོན་གྲུ་ཁྲུམས་སྟོད་ནམ་གྲུ་བཟང་། །ཐ་སྐར་ལྷ་མཚམས་ཁྲུམས་སྨད་སྐག །སྣྲུབས་ངན་དུས་སྦྱོར་བུམ་གླང་དགེ །ཚེས་གསུམ་བདུན་དྲག་འདོད་ཡིད་ཉ། །བཅུ་བདུན་བཅུ་དགུ་ཉེར་ལྔ་བཟང་། །ཉེར་གཉིས་དང་ནི་སྤྱི་གནམ་ངན།། ༈ ས་ཁ་ལུད་ཁ་འབྱེད་པའི་རྩིས། །ཟླ་ལྷག་སངས་སྤེན་བཟང་བ་སྟེ། །ཕུར་བུ་འབྲིང་ལ་ཉི་མིག་ངན། །མེ་བཞི་ས་རི་ས་ག་སྣར། །མོན་དྲེ་ཆུ་སྟོད་གྲོ་བཞིན་མགོ །ནམ་གྲུ་ནབས་སོ་མོན་གྲུ་དང་། །ཁྲུམས་སྨད་རྣམས་བཟང་ཐ་སྐར་དང་། །བྲ་ཉེ་སྨིན་དྲུག་ལྷ་མཚམས་མཆུ། །གྲེ་དབོ་ཁྲུམས་སྟོད་སྐག་རྣམས་ངན། །དུས་སྦྱོར་སྲང་གཞུ་བུམ་ཉ་བཟང་། །ཚེས་གྲངས་གཅིག་དྲུག་དྲག་བཅུ་དྲུག །བཅུ་དགུ་ཉེར་ལྔ་ཉེར་དྲུག་བཟང་། །བརྐོ་མཁན་ས་ཁོན་དུར་ཞུགས་མེད། །ཉི་མ་ཡོས་སྦྲུལ་ཕག་གསུམ་དང་། །ལྔ་སེར་འཆར་དང་ཕྱོགས་ལ་འཛེམ།། ༈ རྫིང་ཡུར་ཁྲོན་པ་འདྲུ་བ་ནི། །ཟླ་ལྷག་སངས་སྤེན་བཟང་བ་སྟེ། །ཕུར་བུ་འབྲིང་ལ་ཉི་མིག་ངན། །དབྱུག་ལག་སྐག་དབོ་གྲོ་བཞིན་དང་། །བྱི་བཞིན་ས་རི་ཆུ་སྨད་སྣྲོན། །ཁྲུམས་སྨད་རྣམས་བཟང་སྨིན་དྲུག་མཆུ། །མེ་བཞི་ནག་པ་གྲེ་མོན་གྲུ། །ཁྲུམས་སྟོད་རྣམས་ངན་དུས་སྦྱོར་གླང་། །འཁྲིག་ཀར་ཆུ་སྲིན་གཞུ་བུམ་བཟང་། །ལུག་སེང་གཉིས་ངན་ཉི་མ་ནི། །ལུག་བཟང་འབྲུག་སྦྲུལ་ཕག་ཡོས་ངན། །ཚེས་གྲངས་གཉིས་བདུན་བཅུ་གཉིས་དང་། །བཅུ་བདུན་ཉེར་གཉིས་ཉེར་བདུན་བཟང་། །གསུམ་བརྒྱད་བཅུ་གསུམ་བཅོ་བརྒྱད་དང་། །ཉེར་གསུམ་ཉེར་བརྒྱད་ངན་པ་ཡིན།། ༈ ཞིང་ལས་ས་བོན་གདབ་པའི་རྩིས། །ཟླ་ལྷག་ཕུར་སངས་སྤེན་པ་བཟང་། །ཉི་མིག་ངན་ལ་ནབས་སོ་སྣར། །མགོ་མཆུ་མེ་བཞི་ནག་པ་ལག །མོན་དྲེ་མོན་གྲུ་གྲོ་བྱི་བཞིན། །ས་རི་ནམ་གྲུ་ཆུ་སྟོད་སྨད། །སྣྲོན་དང་སྣྲུབས་རྣམས་བཟང་ཞིང་དགེ །བྲ་ཉེ་སྨིན་རྒྱལ་ས་ག་དབོ། །ཁྲུམས་སྟོད་རྣམས་ངན་ལྷ་མཚམས་དང་། །ཁྲུམས་སྨད་ས་བོན་འདེབས་པ་ལ། །བཟང་ཡང་ཞིང་ས་རྨོ་བ་ངན། །གླང་སྲང་ཆུ་སྲིན་བུམ་ཉ་བཟང་། །ལུག་སྡིག་ཀར་ངན་ཚེས་གཉིས་བཅུ། །ཉི་ཉ་བཅུ་དྲུག་བཅུ་བདུན་སྐྱོན། །བཅུ་དགུ་ཉེར་གཅིག་ཉེར་གཉིས་དང་། །ཉེར་གསུམ་ཉེར་བཞི་ཉེར་ལྔ་པ། །ཉེར་དྲུག་ཉེར་བདུན་གནམ་གང་བཟང་། །བཞི་བརྒྱད་བཅུ་བཞི་ཉེར་བརྒྱད་དང་། །ཉེར་དགུ་རྣམས་ངན་ཉི་མ་ནི། །ལུག་ཁྱི་གླང་བཟང་ཡོས་འབྲུག་སྦྲུལ། །ཕག་ངན་གཞན་རྣམས་བཏང་སྙོམས་སོ།། ༈ ཆར་པ་དབབ་པའི་རྩིས་འབྲས་ནི། །ཟླ་བ་པ་སངས་ལྷག་པ་བཟང་། །སྤེན་འབྲིང་ཉི་མིག་ཕུར་གསུམ་ངན། །བྲ་ཉེ་མགོ་ལག་ནབས་སོ་གྲེ། །ས་ག་ལྷ་མཚམས་ཆུ་སྟོད་དབོ། །ཆུ་སྨད་གྲོ་བཞིན་མོན་དྲེ་ནག །མོན་གྲུ་ཁྲུམས་སྟོད་རྣམས་ལ་བཟང་། །སྨིན་རྒྱལ་མེ་བཞི་སྣྲོན་སྣྲུབས་མཆུ། །ནམ་གྲུ་སྐག་ངན་གཞན་བཏང་སྙོམས། །ཉི་མ་བྱི་ཕག་བྱ་སྤྲེལ་བཟང་། །རྟ་སྦྲུལ་ཁྱི་འབྲུག་གླང་ལུག་ངན། །དུས་སྦྱོར་ཀརྚ་ཆུ་སྲིན་བུམ། །ཉ་བཟང་ལུག་སྲང་སྡིག་རྣམས་ངན། །ཀླུ་དང་སྡེ་བརྒྱད་ཐེབས་དུས་བཟང་། །དེ་རྣམས་བཟློག་དུས་སྤང་བར་བྱ།། ༈ སྨན་སྦྱོར་གཏར་སྲེག་རྩིས་འབྲས་ལས། །སྨན་སྦྱོར་ཉི་ཟླ་སངས་ཕུར་བཟང་། །ལྷག་སྤེན་འབྲིང་ལ་མིག་དམར་ངན། །སྨིན་སྣར་མགོ་རྒྱལ་མེ་བཞི་ནག །ས་རི་གྲོ་བཞིན་ཁྲུམས་སྟོད་སྨད། །མོན་དྲེ་མོན་གྲུ་ཆུ་སྨད་དང་། །ནམ་གྲུ་རྣམས་བཟང་ནབས་སོ་དང་། །ལྷ་མཚམས་བྱི་བཞིན་འབྲིང་ཡིན་ཏེ། །བྲ་ཉེ་སྐག་སྣྲོན་གྲེ་ས་ག །ཐ་སྐར་རྣམས་ངན་གཞན་བཏང་སྙོམས། །བུ་མོ་འཁྲིག་གཞུ་ཉ་རྣམས་བཟང་། །ཆུ་སྲིན་སྡིག་པ་ཀརྚ་ངན། །ཉི་མ་བྱ་ཁྱི་གཉིས་བཟང་ལ། །སྟག་སྦྲུལ་ལུག་གསུམ་ངན་པ་ཡིན། །བདུད་རྩི་ཐུན་མཚམས་འཆར་དུས་དང་། །གཟའ་སྐར་ས་ཆུ་འཕྲད་པ་བཟང་། །རིགས་ལྡན་འཆར་དུས་ངན་པས་སྤང་། །གཏར་སྲེག་ཟླ་ལྷག་སངས་ཕུར་བཟང་། །ཉི་སྤེན་ངན་ཞིང་མིག་དམར་ལ། །གཏར་ཁ་ངན་ཞིང་མེ་བཙའ་བཟང་། །ལྷ་མཚམས་ནམ་གྲུ་གྲོ་བྱི་བཞིན། །སྣར་མ་ནབས་སོ་རྒྱལ་ས་རི། །མཆུ་སྣྲོན་རྣམས་བཟང་ལག་ཁྲུམས་སྨད། །གྲེ་དབྱུག༌བྲ་ཉེ་ངན་པར་དཔྱད། །གླང་འཁྲིག་བུ་མོ་ཉ་བཟང་ཞིང། །ཀར་སེང་སྲང་གུ་འབྲིང་པོ་སྟེ། །ལུག་སྡིག་ཆུ་སྲིན་བུམ་པ་ངན། །ཚེས་གྲངས་བཅུ་གཅིག་བཅོ་བརྒྱད་བཟང་། །བཞི་བརྒྱད་ཉེར་དགུ་གནམ་གང་ངན། །བྱ་ཁྱི་བཟང་ཞིང་འབྲུག་སྦྲུལ་དང་། །ལུག་ཉི་རྣམས་ངན་སོ་སོ་ཡི། །བླ་གནས་འཕོ་བའི་གནས་རྣམས་འཛེམ།། ༈ མདུན་གྲོས་བྱེད་པའི་རྩིས་འབྲས་ནི། །སངས་ཕུར་བཟང་ལ་མིག་སྤེན་ངན། །ཟླ་ལྷག་འབྲིང་སྟེ་ཉི་མ་ལ། །རྒྱལ་པོའི་གྲོས་བཟང་གཞན་བཏང་སྙོམས། །སྐར་མ་སྣར་མགོ་སྐག་མོན་གྲུ། །མེ་བཞི་མོན་དྲེ་ཁྲུམས་སྟོད་སྨད། །ནམ་གྲུ་ཆུ་སྨད་ནག་དབོ་བཟང་། །ལྷ་མཚམས་བྱི་བཞིན་སྣྲུབས་རྣམས་ངན། །གླང་སེང་བུ་མོ་གཞུ་བུམ་བཟང་། །ལུག་ཀར་སྲང་སྡིག་ཆུ་སྲིན་ངན། །འཁྲིག་ཉ་འབྲིང་ཡིན་ཉི་མ་ནི། །རྟ་བཟང་སྟག་སྤྲེ་བྱ་ཁྱི་ངན། །ཚེས་གྲངས་ཉེར་གཉིས་ངན་པས་འཛེམ།། ༈ དམག་འདྲེན་རྩལ་སྤྲོད་བྱེད་པའི་རྩིས། །མིག་དམར་མཆོག་ཡིན་སྤེན་པ་བཟང་། །ཉི་ཕུར་ངན་ཞིང་ཟླ་ལྷག་གཉིས། །ཤིན་ཏུ་ངན་པས་འཛེམ་པར་བྱ། །པ་སངས་དམག་འབྲིང་རྩེད་མོ་བཟང་། །ཐ་སྐར་མཆོག་ཡིན་མགོ་ལག་སྐག །བྱི་བཞིན་མེ་བཞི་ལྷ་མཚམས་དབོ། །ཆུ་སྟོད་མོན་གྲུ་སྣྲོན་དང་སྣྲུབས། །ཁྲུམས་སྨད་ས་ག་མཆུ་རྣམས་བཟང་། །བྲ་ཉེ་སྨིན་དྲུག་ནབས་སོ་དབོ། །ནག་པ་ནམ་གྲུ་གྲེ་རྣམས་ངན། །སྣར་མ་གྲོ་བཞིན་དམག་ངན་ཡང་། །དགྲ་ལ་རྒོལ་བ་བཟང་བ་ཡིན། །དུས་སྦྱོར་ལུག་ཀར་སེང་གཞུ་བཟང་། །བུ་མོ་སྡིག་བུམ་ཉ་རྣམས་ངན། །ཉི་མ་སྟག་འབྲུག་གླང་བཟང་སྟེ། །ཡོས་སྦྲུལ་ལུག་སྤྲེལ་ཁྱི་རྣམས་ངན། །སྤྲེའུར་ཆོ་ལོ་རྩེད་རྒྱན་བཟང་། །ཚེས་གཅིག་བདུན་དང་ཉེར་ལྔ་ལ། །ཤར་མིན་ཕྱོགས་གཞན་གསུམ་ལ་བཟང་། །གསུམ་དགུ་བཅུ་ལ་ལྷོ་མིན་བཟང་། །བཅུ་གཉིས་ལྷོ་ནུབ་མ་གཏོགས་བཟང་། །བརྒྱད་དང་བཅུ་གཅིག་ཉེར་དགུ་བཟང་། །སྤྱི་དང་དམག་གི་གནམ་སྒོར་འཛེམ། །གཞན་ཡང་གནས་རྒྱུའི་ས་བདག་དང་། །ཐེབས་བཟློག་མནད་རྣམས་ཤེས་པར་བྱ།། ༈ འགྲས་པ་བསྡུམས་པར་བྱེད་པའི་རྩིས། །ཟླ་ལྷག་སངས་ཕུར་བཟང་ཞིང་དགེ །ཉི་མ་མིག་དམར་སྤེན་པ་ངན། །ཐ་སྐར་ས་རི་ཁྲུམས་སྟོད་དབོ། །ཆུ་སྨད་མེ་བཞི་གྲོ་བྱི་བཞིན། །མོན་གྲུ་ལྷ་མཚམས་རྒྱལ་རྣམས་བཟང་། །མགོ་ལག་སྐག་མཆུ་ས་ག་སྣྲོན། །ནག་པ་ཆུ་སྟོད་ཁྲུམས་སྨད་དང་། །ནམ་གྲུ་རྣམས་ངན་དུས་སྦྱོར་ནི། །ལུག་སེར་བུ་མོ་ཉ་བཟང་སྟེ། །ཀར་སྡིག་ཆུ་སྲིན་ངན་པར་བརྗོད། །ཚེས་བརྒྱད་བཟང་ལ་ཚེས་བཞི་ངན། །ཉི་མ་ཁྱི་དང་གླང་བཟང་ངོ་། །བཟློག་པ་རིམ་གྲོ་བྱེད་པའི་རྩིས། །མནན་སྲེག་ལ་སོགས་དྲག་ལས་ལ། །མིག་དམར་ཕུར་བུ་བཟང་བ་ཡིན། །འོན་ཀྱང་ཕུར་བུར་ཟོར་འཕེན་འཛེམ། །ཟླ་སངས་ལྷག་པར་འཇམ་པོ་ཡི། །རིམ་གྲོ་བཟང་ཡང་ལྷག་པ་ལ། །བཟློག་པའི་རིགས་རྣམས་ཐམས་ཅད་སྤང་། །ཉི་མ་ལ་ནི་ཞི་དྲག་གི །རིམ་གྲོ་བཟང་ཞིང་སྤེན་པ་ལ། །བསད་ལས་བཟང་ཡང་བཟློག་པ་ངན། །ལག་དང་ནབས་སོ་རྒྱལ་སྣྲོན་སྣྲུབས། །གྲོ་བཞིན་ཁྲུམས་སྨད་ཆུ་སྟོད་སྨད། །ནག་པ་མཆུ་དབོ་བཟློག་རིམ་བཟང་། །མགོ་ལ་དགེ་ཆོས་བཟློག་པ་དང་། །སྨིན་དྲུག་ཁྲུམས་སྟོད་གྲོ་བཞིན་གྲེར། །ཞི་བའི་རིམ་གྲོ་བྱ་བ་ཤིས། །དེ་དག་དྲག་པོའི་རིམ་གྲོར་སྤང་། །ས་རི་དབྱུག་པ་དྲག་ལས་དང་། །བྲ་ཉེར་ཟོར་འཕེན་བསྐྲད་ལས་བཟང་། །མོན་དྲེ་མོན་གྲུ་ལྷ་མཚམས་སྣར། །བྲ་ཉེ་ནམ་གྲུར་བཟློག་པ་ངན། །འཁྲིག་སེང་གླང་གཞུར་ཞི་བ་བཟང་། །དྲག་པོའི་ལས་ཀྱང་གཏུབས་པ་ཙམ། །ཀར་སྡིག་དྲག་ལས་བཟང་ན་ཡང་། །ཞི་བའི་རིམ་གྲོར་ངན་པ་ཡིན། །བཅོ་ལྔ་ཉེར་གཉིས་ཉེར་དགུ་བཟང་། །ཚེས་གཅིག་ངན་ཞིང་ཉི་མ་ནི། །སྟག་འབྲུག་བཟང་ལ་ཡོས་སྦྲུལ་ངན།། ༈ ཚེ་གཡང་འགུགས་དང་ནོར་སྒྲུབ་རྩིས། །སྤེན་པ་མཆོག་ཡིན་ལྷག་པ་བཟང་། །ཟླ་སངས་ཕུར་འབྲིང་ཉི་མིག་ངན། །སྣར་མ་ལག་རྒྱལ་ནབས་སོ་གྲེ། །དབོ་ནག་ས་རི་ལྷ་མཚམས་སྣྲོན། །ཆུ་སྟོད་ཆུ་སྨད་གྲོ་བྱི་བཞིན། །ཁྲུམས་སྟོད་སྣྲུབས་རྣམས་བཟང་བ་ཡིན། །ཐ་སྐར༌བྲ་ཉེ་སྐག་གསུམ་ངན། །དུས་སྦྱོར་གླང་དང་འཁྲིག་པ་བཟང་། །ལུག་ཀར་སྡིག་པ་ཆུ་སྲིན་ངན། །ཉི་མ་འབྲུག་བཟང་བྱི་བ་སྤྲེལ། །བྱ་རྣམས་འབྲིང་སྟེ་ལུག་ངན་ནོ། །གཟའ་སྐར་ཆུ་ནང་འཕྲད་པ་དང་། །བདུད་རྩི་ཐུན་མཚམས་རྟེན་འབྲེལ་ནི། །རྣམ་ཤེས་མིང་གཟུགས་ཚོར་སྲེད་དགེ། །བྱང་བགྲོད་ཡང་ངོའི་ཚེས་གྲངས་ནི། །དྲུག་བདུན་དགུ་སྤང་གཞན་ཀུན་བཟང་། །རྣམ་སྣང་མངོན་བྱང་ལས་གསུངས་པའི། །ལས་བཞི་སོ་སོའི་འབྲས་རྩིས་ནི། །ཡར་ངོའི་ཚེས་བཞི་ལྔ་དང་བཅུ། །ཟླ་བ་ཉ་ལ་ཞི་བ་བྱ། །ཁྲུམས་སྨད་གྲེ་དང་སྐག་དང་མཆུ། །བཞི་པོ་ཞི་བའི་རྒྱུ་སྐར་ཡིན། །ཟླ་བ་པ་སངས་ཞི་བའི་གཟའ། །ཚེས་གསུམ་བདུན་དང་ཟླ་བ་ཉ། །རྒྱུ་སྐར་གྲོ་བཞིན་མོན་གྲུ་དང་། །དབྱུག་པ་རྣམས་ལ་རྒྱས་པའི་ལས། །གཟའ་ལྷག་ཕུར་བུས་རྒྱས་པར་བྱེད། །མར་ངོའི་ཚེས་དགུ་དབང་གི་དུས། །རྒྱུ་སྐར་རྒྱལ་དང་སྨིན་དྲུག་དང་། །མཆུ་དང་ས་གར་དབང་གི་ལས། །གཟའ་ནི་ཉི་མ་མིག་དམར་འདོད། །དྲག་ཤུལ་སྤྱོད་པའི་དུས་ཚིགས་ནི། །མར་ངོའི་བརྒྱད་དང་བཅུ་བཞི་སྟེ། །མེ་བཞི་ནག་པ་ཐ་སྐར་དབོ། །ནབས་སོ་ས་རི་དྲག་ལས་སྐར། །རེས་གཟའ་མིག་དམར་སྤེན་པར་ཤིས། །དེ་ལྟར་ལོ་ཟླ་ཞག་ལ་སོགས། །མ་ཕྱེ་བར་ནི་ཉེར་མཁོ་ཡི། །སྒོས་འབྲས་སྣ་ཚོགས་བཏུས་པ་ཡིན།། ༈ བཅུ་དྲུག་པ་ནི་གཟའ་རྣམས་ཀྱི། །རང་རང་འགྲོས་ཀྱིས་སྐར་ཁྱིམ་ལ། །སྤྱད་ལས་མི་ཡི་འཇིག་རྟེན་དུ། །བཟང་ངན་འབྲས་བུ་འབྱུང་ཚུལ་བཤད། །ཐོག་མར་ཉི་དག་སྐར་མ་དང་། །ཚེས་འཁྱུད་ཟླ་སྐར་གཟའ་ལྔ་ཡི། །མྱུར་དག་སྒྲ་གཅན་གདོང་དུས་མེ། །མཇུག་རིང་བཅས་པའི་ཡུལ་ལོངས་བཙལ། །རང་ཁྱིམ་གར་གནས་བརྟག་པའི་ཕྱིར། །གང་བརྩིའི་སྐར་མ་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །ཐོབ་པ་ཉི་ཟླ་གཟའ་ལྔ་དང་། །མཇུག་རིང་བཅས་པ་ལུག་ཁྱིམ་ནས། །བརྩམས་ཏེ་ལུགས་འབྱུང་བགྲངས་པ་ཡི། །རང་རང་ཁྱིམ་ཟླ་འདས་པའི་གྲངས། །གདོང་མཇུག་གཉིས་པོ་ཉ་ཁྱིམ་ནས། །ལུགས་ལྡོག་བགྲངས་པ་འདས་ཁྱིམ་སྟེ། །ངོ་ཐོག་རང་ཁྱིམ་ད་ལྟར་བའོ།། ༈ དུས་སྦྱོར་གཟའ་དང་འབྲེལ་བའི་སྟོབས། །ཏཏྐལ་ལ་ཡི་དུས་སྦྱོར་རམ། །དེ་ལས་གཡས་བསྐོར་བདུན་པ་རུ། །གལ་ཏེ་དུས་མེ་ཤར་བ་ན། །དེ་ཚེ་དགེ་བའི་བྱ་བ་གང་། །དོན་དུ་གཉེར་རྣམས་འཆི་བར་འགྱུར། །ཉི་མ་ཡོད་ན་ནད་ཀྱིས་ཐེབས། །མིག་དམར་ཡོད་ན་རྨ་འབྱུང་འགྱུར། །སྤེན་པ་ཡོད་ན་ནོར་རྣམས་ཉམས། །དེ་ཕྱིར་མཁས་པས་འདི་དག་སྤང་། །དེ་བཞིན་འཆར་དང་བདུན་པ་ལ། །སྒྲ་གཅན་ཡོད་ན་དགྲ་བོ་ཉམས། །ཟླ་བར་རང་ཉིད་རྒྱས་པར་འགྱུར། །ལྷག་པ་ཡོད་ན་གཡུལ་ལས་རྒྱལ། །པ་སངས་ནོར་དང་བུད་མེད་ཐོབ། །ཕུར་བུ་ལ་ནི་བཏང་སྙོམས་སོ།། ༈ དེ་ནས་སྐར་མའི་སྟོབས་བརྟག་པ། །བརྩི་བྱའི་སྐྱེས་བུ་རང་རང་གི། །སྐྱེས་སྐར་རམ་མིང་སྐར་ནས་བརྩམས་ཏེ། །སྐར་མ་ཉི་ཤུ་རྩ་བདུན་པོ། །དགུ་ཚན་གསུམ་བཅད་སྐྱེས་མིང་གི། །སྐར་མ་ནས་བརྩམས་ཚན་གསུམ་ཀའི། །གསུམ་ལྔ་བདུན་པ་དགུ་པ་རྣམས། །མི་མཉམ་པའི་གནས་སྐར་མ་སྟེ། །དེ་རྣམས་གང་རུང་གཅིག་གི་སྟེང་། །ཉི་མིག་སྤེན་པ་དུས་མེ་བཞི། །གང་རུང་ཟླ་བ་དག་དང་འཛོམ། །ནད་པའམ་གཡུལ་དུ་ཞུགས་པ་འཆི། །གཉིས་བཞི་དྲུག་དང་བརྒྱད་པ་སྟེ། །མཉམ་པའི་གནས་ཀྱི་སྐར་མ་ལ། །གདུག་པའི་གཟའ་བཞི་གང་རུང་ཞིག །ཟླ་བ་དང་ནི་ལྷན་ཅིག་འཛོམ། །ནད་པ་འཚོ་ཞིང་གཡུལ་ཞུགས་རྒྱལ།། ༈ དེ་ནས་གདེངས་ཅན་འཁོར་ལོ་ལ། །གསུམ་ལས་འཁྱོག་པོ་ལྔ་པ་ནི། །རྩ་གསུམ་ལྡན་པ་འཁྱོག་ལྔ་པའི། །སྦྲུལ་ལ་ཐ་སྐར་ནས་བརྩམས་ཏེ། །རྒྱུ་སྐར་ཉེར་བདུན་རྩ་རེ་རེར། །བཀོད་ལ་ཉི་མིག་སྤེན་དུས་མེ། །གང་རུང་ཟླ་བ་དང་ལྷན་ཅིག །སྐྱེས་མིང་སྐར་མ་དང་བཅས་པ། །ནད་ཀྱིས་བཏབ་དང་རྩོད་པའི་ཚེ། །རྩ་རྒྱུད་གཅིག་ལ་གནས་པ་ན། །མི་དེ་འཆི་བས་ངན་པར་བརྗོད། །ཁྱོ་ཤུག་དཔོན་གཡོག་འདུ་བ་ནི། །སྐྱེས་མིང་སྐར་གནས་རྩ་རྒྱུད་ལ། །ཉི་མིག་སྤེན་པ་སྒྲ་གཅན་གནས། །འཆི་དང་ནོར་ཉམས་གཉེན་དང༌བྲལ། །གཞན་དུ་ཕྱོགས་དང་སྡུག་བསྔལ་འགྱུར། །བསོད་ནམས་གཟའ་གནས་བདེ་བ་བསྐྱེད། །དཔོན་གཡོག་གཉིས་ཀྱི་སྐྱེས་མིང་སྐར། །རྩ་རྒྱུད་གཅིག་གནས་མཐུན་ཞིང་དགེ། །ཁྱོ་ཤུག་སྐྱེས་མིང་སྐར་ལྷན་ཅིག །རྩ་གཅིག་ལ་གནས་སྐྱེས་པ་འཆི།། ༈ རྩ་གསུམ་ལྡན་པ་འཁྱོག་བཞི་པའི། །སྦྲུལ་ལ་ཐོག་མར་སྨིན་དྲུག་ནས། །བརྩམས་ཏེ་གསུམ་གསུམ་རྩ་ལ་གནས། །རེ་རེ་བར་ཁུག་རྩ་མེད་ལ། །བཀོད་པས་རྒྱུ་སྐར་ཉེར་བདུན་འགྲིག།༈ ཡང་ན་འཁྱོག་གསུམ་རྩ་གསུམ་པའི། །སྦྲུལ་ལ་ལག་ནས་འགོ་བརྩམས་ཏེ། །རྩ་དང་ཁུག་པ་ཐམས་ཅད་ལ། །གསུམ་གསུམ་བཀོད་པས་ཉེར་བདུན་འགྲིག །ཟླ་བ་གང་ལ་སོང་བ་བརྟག །འདི་གཉིས་ཀྱི་ནི་རྩ་རྒྱུད་ལ། །སྐྱས་མིང་སྐར་མ་དང་ཟླ་བ། །ལྷན་ཅིག་སོང་ན་སྔར་རྒོལ་རྒྱལ། །ཕྱི་རོལ་གནས་ན་ཕྱིར་རྒོལ་རྒྱལ།། ༈ པ་ཝ་སངས་དང་ཕུར་བུ་གཉིས། །གང་རུང་ཉི་མ་དང་ལྷན་ཅིག །འཛོམ་ན་རབ་ཏུ་གནས་པ་དང་། །བག་མའི་བྱ་བ་སྤང་བར་བྱ། །མདོ་སྡེ་མིག་ནི་བཅུ་གཉིས་པར། །ཟླ་བའི་ཟུར་དང་ཕུར་བུ་འཕྲད། །ནོར་ཉམས་སྤེན་པས་འཇིགས་པ་ཆེ། །རྒྱལ་པོའི་སྐྱེས་སྐར་སྟེང་དུ་ནི། །མཇུག་རིང་ཟླ་བ་འཛོམ་པ་ན། །རྒྱལ་པོ་ཕན་ཚུན་འཐབ་པ་སྟེ། །མཐར་ནི་དེ་ཉིད་འཇིག་པར་འགྱུར། །སྣར་མ་དང་ནི་སྨིན་དྲུག་ལ། །སྤེན་པ་ཤར་ན་གནོད་པ་ཆེ། །མཆུ་དང་གྲེ་ལ་ཟླ་བ་དང་། །པ་སངས་འཛོམ་ན་ལོ་ཏོག་འཇོམས། །ཕུར་བུ་དང་ནི་པ་ཝ་སངས། །ཁ་དོག་དམར་ན་ཡུལ་དེ་འཇིག །རྒྱལ་གྱི་སྟེང་དུ་མཇུག་རིང་ཤར། །ཕྱོགས་བཞི་ནས་ནི་དམག་འབྱུང་ངོ་། །ཕུར་བུ་དང་ནི་མིག་དམར་དག །གྲོ་བཞིན་སྟེང་དུ་འཛོམ་པ་ན། །ལོ་གསུམ་བར་དུ་འཇིགས་པ་འབྱུང་། །ཕུར་སྤེན་ས་གའི་སྟེང་འཛོམ་ན། །འཐབ་ཅིང་འཆི་བའི་འཇིགས་པ་འབྱུང་། །གཞན་རྣམས་འབྲས་བུ་བཏང་སྙོམས་སོ།། ༈ གཞན་ཡང་ཕྱིར་བཟློག་ལ་སོགས་པའི། །འབྲས་བུ་འགའ་ཞིག་བརྗོད་པར་བྱ། །མིག་དམར་ཁྱིམ་གཅིག་བསྡད་པའམ། །གལ་ཏེ་ཕྱིར་ནི་ལོག་པ་ན། །མི་དང་ར་ལུག་འཆི་འགྱུར་ཞིང། །ནད་ཡམས་དམག་འཁྲུག་ཆེན་པོ་འབྱུང་། །ལྷག་པ་ཕྱིར་ལོག་ཆར་མི་འབབས། །ནད་འཁྲུག་མུ་གེའི་འཇིགས་པ་ཆེ། །སྤྲིན་རྣམས་སར་འབྱར་མུན་ནག་འབྱུང་། །ཕུར་བུ་ཕྱིར་ལོག་ནད་མཚོན་དང་། །མུ་གེའི་འཇིགས་པ་འབྱུང་བར་བཤད། །པ་སངས་ཁྱིམ་གཅིག་བསྡད་ན་ཡང་། །དགྲ་མང་མེས་འཇིགས་རྩི་ཤིང་བསྐམས། །བུད་མེད་ནད་འབྱུང་བུ་ཡང་འཆོར། །གལ་ཏེ་ཕྱིར་ལོག་སྐྲན་འབྲས་དང་། །གཉན་སོགས་ནད་ཡམས་མུ་གེ་འབྱུང་། །ཁྱད་པར་རྒྱལ་བློན་རྣམས་ལ་ངན། །སྤེན་པ་ཕྱིར་ལོག་གླང་ཆེན་དང་། །མ་ཧེ་ཕག་དང་སྤྲེའུ་ལ། །ནད་ཀྱི་འཇིགས་པ་ཆེན་པོ་འབྱུང་། །ཟླ་བ་ཕྱེད་དང་གཉིས་ཀྱི་བར། །མི་ཕྱུགས་ནད་དང་འཆི་བས་མནར། །གླིང་བཞིའི་སེམས་ཅན་རྣམས་ལ་ངན། །པ་སངས་ཕུར་བུ་ཁྱིམ་གཅིག་ཏུ། །ཚོགས་ན་ཆར་དང་འཁྲུག་པ་འོང་། །སྤེན་པ་སྒྲ་གཅན་སྐར་མ་ནི། །གཅིག་གི་སྟེང་ཚོགས་འཁྲུག་རྩོད་དང་། །སྐྲན་དང་ཚད་ཡམས་ནད་མུག་འབྱུང་། །གལ་ཏེ་ཁྱིམ་གཅིག་ཚོགས་པ་ན། །ཡུལ་ཆེན་དྲུག་ཏུ་ནད་ཡམས་འབྱུང་། །ཆུ་བོ་ཆེན་པོ་འབྲི་ཆད་དང་། །སྟག་གཟིག་ཁ་ཆེའི་ཡུལ་རྣམས་སུ། །ནད་ཡམས་ཆེན་པོ་འབྱུང་བར་བཤད། །ཞུགས་ཚེ་ཆར་དང་རླུང་འཚུབ་གཡོ། །དེ་ཡང་ལུག་དང་ཀརྚ་གཞུ། །གསུམ་ལ་ཉི་མ་ཡོད་པ་དང་། །ལྷན་ཅིག་གནས་ན་ཞོ་ལ་ངན། །རྩི་ཤིང་མེ་ཏོག་སྐམས་པ་དང་། །བུད་མེད་ར་ལུག་བུ་ཚ་འཆོར། །སེང་གེ་བུ་མོ་སྲང་གསུམ་ལ། །ཉི་སངས་ལྷག་ཕུར་བཞི་འཛོམ་ན། །སད་སེར་དུས་མིན་ཆར་རླུང་དང་། །རྒྱལ་པོའི་ཆད་པས་སྲོག་འཕྲོག་མང་། །བྲ་ཉེ་ལ་འཚོགས་རླུང་འཚུབ་འོང་། །དབོ་ལ་ཆར་ཆེ་སྐག་ལོ་ལེགས། ༈ །གཞན་ཡང་མིག་དམར་སེང་གེའི་ཁྱིམ། །མཆུ་ཡི་སྐར་མའི་ཕྱེད་དུ་སྐྱེས། །ཞིང་ནི་ལུག་དང་སྡིག་པ་སྟེ། །དགུག་དང་དྲག་པོའི་ལས་ལ་བཟང་། །གཟའ་ལྷག་ཁྱིམ་ནི་སྡིག་པ་སྟེ། །སྐར་མ་ལྷ་མཚམས་ཕྱེད་དུ་སྐྱེས། །ཞིང་ནི་འཁྲིག་པ་བུ་མོའོ།། ༈ རྒྱས་པའི་ལས་ལ་བསྔགས་པ་ཡིན། །ལྷ་ཡི་བླ་མ་བུ་མོའི་ཁྱིམ། །མེ་བཞིའི་ཐོག་མར་སྐྱེས་པ་སྟེ། །ཞིང་ནི་གཞུ་དང་ཉ་ཡི་ཁྱིམ། །བསྐྲད་པའི་ལས་རྣམས་འགྲུབ་པར་བྱེད། །པ་སངས་སྐྱེས་ཁྱིམ་འཁྲིག་པ་ཡི། །ནབས་སོའི་ཐོག་མར་སྐྱེས་པ་ཡིན། །ཞིང་ནི་གླང་དང་སྲང་ཡིན་ནོ། །དབང་གི་ལས་ལ་རབ་ཏུ་བསྔགས། །སྤེན་པའི་སྐྱེས་ཁྱིམ་གཞུ་ཡི་ཁྱིམ། །སྣྲུབས་ཀྱི་ཐོག་མར་སྐྱེས་པ་སྟེ། །ཞིང་ནི་ཆུ་སྲིན་བུམ་པར་བརྗོད། །བསད་པའི་ལས་ལ་རབ་ཏུ་བསྔགས། །མཇུག་རིང་གཞུའི་མཐའ་ཆུ་སྨད་ཀྱི། །རྐང་པ་བཞི་ཆ་གཅིག་མཚམས་སྐྱེས། །ཞིང་ནི་ཀརྐ་ཊ་རུ་དྲན། །རེངས་དང་རྨོངས་པའི་ལས་ལ་ཤིས། །དེ་བཞིན་ཉི་མ་ཀརྚའི་ཁྱིམ། །ནབས་སོའི་བཞི་གསུམ་འདས་མཚམས་སྐྱེས། །ཞིང་ནི་སེང་གེའི་ཁྱིམ་ཡིན་ལ། །ཟླ་བ་ལུག་ཁྱིམ་ཐ་སྐར་གྱི། །ཐོག་མར་སྐྱེས་ཏེ་ཞིང་ཀརྚ།། ༈ མིག་དམར་དང་ནི་ལྷག་པ་གཉིས། །ཕན་ཚུན་དགྲ་ཟླ་ཡིན་པའི་ཕྱིར། །རང་རང་ཞིང་དང་ཁྱིམ་ལ་རྩོད། །དེ་བཞིན་ཕུར་བུ་པ་སངས་དང་། །སྤེན་པ་མཇུག་རིང་དགྲ་ཡིན་རྩོད། །ཉི་ཟླ་གཉིས་པོ་དེ་དག་དང་། །འཐབ་པ་མེད་ཀྱང་ཟླ་བ་ཡི། །ཞིང་ལ་སྤེན་པ་ཞུགས་པ་ན། །དེ་ཚེ་མཇུག་རིང་གིས་རྩོད་ཅིང་། །ཉི་མའི་ཞིང་ལ་མཇུག་རིང་ཞུགས། །དེ་ཚེ་སྤེན་པས་རྩོད་བྱེད་དེ། །དེ་དེ་ཉི་ཟླའི་རིགས་ཡིན་ཕྱིར། །དེ་ལས་གཞན་དུ་རྩོད་མི་བྱེད། །རང་ཞིང་ཁྱིམ་དུ་བདག་པོ་ཞུགས། །དུས་དེར་རང་རང་ལས་མཐུན་གྱི། །འབྲས་བུ་འཁྲུལ་མེད་འགྲུབ་པ་ཡིན། །གལ་ཏེ་གཟའ་གཞན་ཞུགས་ན་འབྲས། །ཕྱོགས་མཐུན་ཙམ་ལས་མི་སྟོན་ནོ། །རང་རང་བགྲོད་གཉིས་རྒྱུ་ལམ་ལས། །གཞན་དུ་སྤྱོད་ན་འཇིག་རྟེན་དུ། །དགེ་དང་མི་དགེ་བའི་འབྲས་བུ། །གསར་པ་རེ་རེ་ལུང་སྟོན་འགྱུར།། ༈ བྱང་བགྲོད་ཉི་མ་སྟོབས་འཕེལ་བས། །དེ་ཚེ་དྲག་གཟའ་སྟོབས་ཆེ་ཞིང་། །ལྷོ་བགྲོད་ཟླ་བ་སྟོབས་འཕེལ་བས། །ཞི་བའི་གཟའ་རྣམས་སྟོབས་དང་ལྡན། །སྒྲ་གཅན་གདོང་དང་མཇུག་མ་ནི། །རྣམ་པ་ཀུན་ཏུ་སྟོབས་ལྡན་ནོ།། ༈ ལྷག་པ་ཕུར་བུ་མྱུར་འགྲོས་ལ། །སྤེན་པ་པ་སངས་དལ་འགྲོས་ལ། །མིག་དམར་མཇུག་རིང་འཁྱོག་འགྲོས་ལ། །སྟོབས་ཆེ་གཞན་ལ་བཏང་སྙོམས་སོ།། ༈ ཉི་ཕུར་སངས་གསུམ་ཉིན་སྟོབས་ཆེ། །ཟླ་མིག་རཱ་ཧུ་སྤེན་མཚན་མོ། །གཟའ་ལྷག་གཉིས་ཀར་སྟོབས་དང་ལྡན། །ཕུར་སངས་དཀར་པོའི་ཕྱོགས་ལ་སྟེ། །ཉི་སྤེན་ནག་ཕྱོགས་གཉིས་ཀ་ལ། །དམར་ལྷག་ཟླ་བ་སྟོབས་དང་ལྡན། །ཟླ་སངས་གླང་སོགས་མོ་ཁྱིམ་ལ། །གཟའ་གཞན་ཕོ་ཁྱིམ་ལ་སྟོབས་ཆེ།། ༈ གཞན་ཡང་སྡིག་གཟའ་འཁྱུད་པ་དང་། །དུ་སོལ་མཆེ་གདོང་གནོད་པ་བཤད། །གཟའ་གང་རྒྱུ་སྐར་གང་གི་སྟེང་། །གནས་པ་རང་རང་འཁྱུད་པ་སྟེ། །ཟོས་ཟིན་སོལ་བ་ཟ་རྒྱུ་དུ། །མཆེ་གདོང་གནོད་པ་གཟའ་གང་ཞིག །ཐ་སྐར་ལ་གནས་མཆེ་གཡས་སྣྲོན། །གཡོན་སྣར་གྲེ་ལ་གདོང་ཚུགས་སོ། །བྲ་ཉེ་ལ་གནས་མཆེ་གཡས་གཡོན། །ལྷ་མཚམས་སྨིན་དྲུག་གདོང་ཚུགས་མཆུ། །སྨིན་གནས་མཆེ་གཡས༌བྲ་ཉེ་དང་། །མཆེ་གཡོན་ས་ག་གདོང་ཇི་བཞིན། །སྣར་མའི་སྟེང་གནས་མཆེ་གཡས་དབྱུག །མཆེ་གཡོན་ས་རི་གྲོ་བཞིན་གདོང་། །མགོར་གནས་མཆེ་གཡས་ནམ་གྲུ་སྟེ། །མཆེ་གཡོན་ནག་པ་གདོང་ཆུ་སྨད། །ལག་གནས་ཆེ་གཡས་ཁྲུམས་སྨད་དང་། །གཡོན་པ་མེ་བཞི་ཆུ་སྟོད་གདོང་། །ནབས་སོར་གནས་པའི་མཆེ་བ་གཡས། །ཁྲུམས་སྟོད་གཡོན་དབོ་གདོང་ཚུགས་སྣྲུབས། །རྒྱལ་གནས་མཆེ་གཡས་མོན་གྲུ་དང་། །མཆེ་གཡོན་གྲེ་ལ་གདོང་ཚུགས་སྣྲོན། །སྐག་གནས་མཆེ་གཡས་མོན༌དྲེ་དང་། །གཡོན་མཆུ་གདོང་ཚུགས་ལྷ་མཚམས་སོ། །མཆུར་གནས་མཆེ་གཡས་སྐག་ཡིན་ཏེ། །གཡོན་པ་བྱི་བཞིན་གདོང་ཚུགས་གྲེ། །གྲེར་གནས་མཆེ་གཡས་རྒྱལ་གཡོན་པ། །གྲོ་བཞིན་གདོང་ཚུགས་ཐ་སྐར་རོ། །དབོར་གནས་མཆེ་གཡས་ནབས་སོ་དང་། །མཆེ་གཡོན་ཆུ་སྨད་གདོང་ནམ་གྲུ། །མེ་བཞི་ལ་གནས་མཆེ་གཡས་ལག །གཡོན་པ་ཆུ་སྟོད་གདོང་ཁྲུམས་སྨད། །ནག་པའི་སྟེང་གནས་མཆེ་གཡས་མགོ། །གཡོན་སྣྲུབས་ཁྲུམས་སྟོད་ལ་གདོང་ཚུགས། །ས་རི་ལ་གནས་མཆེ་གཡས་སྣར། །གཡོན་སྣྲོན་གདོང་ཚུགས་མོན་གྲུའོ། །ས་ག་ལ་གནས་མཆེ་གཡས་སྨིན། །གཡོན་པ་ལྷ་མཚམས་མོན་དྲེ་གདོང་། །ལྷ་མཚམས་ལ་གནས་མཆེ་བ་གཡས། །ས་ག་གཡོན་གྲེ་གདོང་ཚུགས་སྐག །སྣྲོན་གནས་མཆེ་གཡས་ས་རི་དང་། །མཆེ་གཡོན་ཐ་སྐར་གདོང་ཚུགས་རྒྱལ། །སྣྲུབས་གནས་མཆེ་གཡས་ནག་པ་ལ། །མཆེ་གཡོན་ནམ་གྲུ་གདོང་ནབས་སོ། །ཆུ་སྟོད་ལ་གནས་མཆེ་བ་གཡས། །མེ་བཞི་མཆེ་གཡོན་ཁྲུམས་སྨད་དང་། །ལུག་ལ་གདོང་ཚུགས་གནོད་པའོ། །ཆུ་སྨད་ལ་གནས་མཆེ་གཡས་དབོ། །མཆེ་གཡོན་ཁྲུམས་སྟོད་མགོར་གདོང་ཚུགས། །གྲོ་བཞིན་ལ་གནས་མཆེ་གཡས་གྲེ། །མཆེ་གཡོན་མོན་གྲུ་གདོང་སྣར་མ། །བྱི་བཞིན་ལ་གནས་མཆེ་གཡས་མཆུ། །མཆེ་གཡོན་མོན་དྲེ་གདོང་སྨིན་དྲུག །མོན་དྲེ་ལ་གནས་མཆེ་བ་གཡས། །བྱི་བཞིན་གཡོན་སྐག་གདོང་ས་ག །མོན་གྲུ་ལ་གནས་མཆེ་བ་གཡས། །གྲོ་བཞིན་གཡོན་རྒྱལ་གདོང་ས་རི། །ཁྲུམས་སྟོད་ལ་གནས་མཆེ་བ་གཡས། །ཆུ་སྨད་གཡོན་ནབས་གདོང་ཚུགས་ནག །ཁྲུམས་སྨད་ལ་གནས་མཆེ་བ་གཡས། །ཆུ་སྟོད་གཡོན་ལག་གདོང་མ་བཞི། །ནམ་གྲུ་ལ་གནས་མཆེ་གཡས་སྣྲུབས། །མཆེ་གཡོན་མགོ་དང་གདོང་ཚུགས་དབོ། །དེ་རྣམས་འབྲས་བུ་མདོར་བསྡུས་ནི། །སོལ་བས་འཆི་ལ་ཐུག་པ་སྟེ། །འཁྱུད་པས་ལུས་ལ་ནད་འབྱུང་ཞིང་། །དུ་བས་འདོད་པ་མེད་པར་བྱེད། །གདོང་ཚུགས་རྒྱལ་པོ་ལ་སོགས་པའི། །འཇིགས་པས་སྨད་པའི་གནས་སུ་འགྱུར། །སྐྱེས་མིང་སྐར་མར་སྡིག་གཟའ་ཡི། །མཆེ་བ་གཅིག་ཟུག་དོན་ཉམས་ཤིང་། །གཉིས་ཀྱིས་ནད་འབྱུང་གསུམ་གྱིས་འཆི། །ཞི་གཟའ་གཅིག་གཉིས་ཟས་སྐོམ་མེད། །གསུམ་ཟུག་རིམས་དང་ནོར་ཉམས་འགྱུར། །དྲག་གཟའི་གཡས་གཡོན་མཆེ་བ་དང་། །གདོང་ཚུགས་བཅས་ཏེ་གསུམ་ཟུག་ན། །གླང་ཆེན་མྱོས་པའི་མཆེ་བ་ཡིས། །བཟུང་ནས་ཟ་དང་འདྲ་བའི་ཕྱིར། །མི་དེ་འཆི་བར་ཐེ་ཚོམ་མེད། །གཞན་ཡང་རྒྱུ་སྐར་སོ་སོ་ཡི། །རྐང་པའི་ཚད་དང་ཡི་གེ་དང་། །སྡིག་བསོད་གཟའ་རྣམས་རང་རང་གི །མཐོང་སའི་གནོད་པ་ལ་སོགས་པ། །མ་བརྗོད་སྤྲོ་ན་གཞན་དུ་ལྟོས།། ༈ བཅུ་བདུན་པ་ནི་གཟའ་རྣམས་ཀྱི། །ཚེ་ཡི་གནས་སྐབས་འབྲས་བུ་ནི། །འཁོར་ལ་རྩིབས་བརྒྱད༌བྲིས་པ་ལ། །ཤར་ནས་བརྩམས་ཏེ་དབང་ལྡན་བར། །ཉི་སོགས་གཟའ་བརྒྱད་ཀྱིས་སྤྱོད་པའི། །ཚེའི་ལོ་བརྒྱ་རྩ་བརྒྱད་རྣམས་དགོད། །དེ་ཡང་ཉི་མའི་ལོ་དྲུག་དང་། །ཟླ་བའི་ཚེས་དང་དམར་པོའི་ཀླུ། །ལྷག་པའི་རི་གཟུགས་དལ་འགྲོའི་ཕྱོགས། །བླ་མའི་བུག་གཟུགས་སྒྲ་གཅན་ཉི། །སྙན་ངག་མཁན་གྱི་གཟུགས་མིག་སྟེ། །ཕྱོགས་རྣམས་ཉུང་བ་ཁ་འཆམ་དང་། །མཚམས་རྣམས་མང་བ་ཁ་འཁྱར་བ། །གཉིས་ཀར་གཉིས་རེ་འཕེལ་བར་མཛད། །དེ་བཞིན་ཤར་དུ་ཉི་མ་ཡིས། །བདག་བྱེད་སྐར་མ་ཐ་སྐར་དང་། །བྲ་ཉེ་སྨིན་དྲུག་སྣར་མ་ཡི། །ཕྱེད་དེ་རྒྱུ་སྐར་ཕྱེད་དང་བཞི། །ཉི་མའི་ཁམས་ཀྱི་ཡི་གེ་ནི། །ཨ་ཨི་རྀ་ཨུ་ལྀ་ལྔ་དགོད། །ཤར་ལྷོར་སྣར་མའི་ཕྱེད་ནས་བཟུང་། །ནབས་སོའི་བར་གྱི་ཕྱེད་དང་བཞི། །ཟླ་བའི་ཁམས་ཀྱི་ཡི་གེ་ནི། །ཧ་ཡ་ར་ཝ་ལ་ལྔ་དགོད། །ལྷོ་རུ་རྒྱལ་ནས་གྲེའི་ཕྱེད་བར། །མིག་དམར་མཁའ་ཁམས་ཡི་གེ་ནི། །ང་གྷ་ག་ཁ་ཀ་ལྔ་དགོད། །ལྷོ་ནུབ་མཚམས་སུ་གྲེའི་ཕྱེད་ནས། །ནག་པའི་བར་དང་ལྷག་པ་ཡི། །རླུང་ཁམས་ཉ་ཛྷ་ཛ་ཚ་ཙའི། །ཡི་གེ་ལྔ་དགོད་ནུབ་ཕྱོགས་སུ། །ས་རི་ནས་བརྩམས་སྣྲོན་ཕྱེད་བར། །སྤེན་པའི་མེ་ཁམས་ཎ་ངྷ་ཊ། །ཋ་ཊའི་ཡི་གེ་ལྔ་རྣམས་དགོད། །རླུང་དུ་སྣྲོན་ཕྱེད་ནས་བརྩམས་ཏེ། །ཆུ་སྨད་བར་དང་ཕུར་བུ་ཡི། །ཆུ་ཁམས་མ་བྷ་པ་ཕ་བའི། །ཡི་གེ་ལྔ་དགོད་བྱང་ཕྱོགས་སུ། །གྲོ་བཞིན་ནས་བརྩམས་མོན་གྲུ་ཡི། །ཕྱེད་བར་སྒྲ་གཅན་ས་ཁམས་ཡིག །ན་དྷ་ད་ཐ་ཏ་ལྔ་དགོད། །བྱང་ཤར་མོན་གྲུའི་ཕྱེད་ནས་བརྩམས། །ནམ་གྲུའི་བར་དང་པ་སངས་ཀྱི། །ཡེ་ཤེས་ཁམས་ཀྱི་ཡི་གེ་ནི། །ྈྐ་ཤ་ཥ་་བ་ས་རྣམས་དགོད། །དབུས་སུ་ཡོན་ཏན་དང་འཕེལ་བའི། །ཡི་གེ་ཨེ་ཨཻ་ཨོ་ཨཽ། །ཨརྭ་ཨཱརྭ་ཨལྭ་ཨཱལྭ་རྣམས་དགོད་དོ། །དེ་ལྟར་བདག་པོའི་གཟའ་བརྒྱད་ཀྱི། །ལོ་གྲངས་གཅིག་བསྡོམས་སྐྱེས་བུ་ཡི། །ཚེ་ལོ་བརྒྱ་དང་བརྒྱད་ཐུབ་པའི། །དབང་དུ་བྱས་པས་སྐྱེས་བུ་དེ། །གང་སྐྱེས་སྐར་མའི་རེའུ་མིག་གི །བདག་པོའི་གཟའ་ནས་འགོ་བརྩམས་ཏེ། །རིམ་པར་བསྐོར་བས་ཉི་མའི་རིང་། །ཉི་མའི་ཁམས་ཀྱི་ཡི་གེ་ལྔ། །སྤྱད་པ་ལ་སོགས་རིགས་འགྲེ་སྦྱར། །དབྱངས་རེས་ཇི་ཙམ་སྤྱོད་པ་ཡང་། །རང་རང་ལོ་གྲངས་མཁའ་རོ་མེས། །བསྒྱུར་ལ་ལྔས་བགོས་ནོར་གྱིས་ཤེས། །གཞན་ཡང་ནང་གསེས་སོ་སོ་ལ། །ཉི་མའི་ཉི་མ་ཉི་མའི་ཟླ། །དེ་བཞིན་ཟླ་བའི་ཟླ་བ་དང་། །ཟླ་བའི་མིག་དམར་ལ་སོགས་པ། །གང་ཞིག་གང་ལ་དབང་བྱེད་པ། །དེ་ཉིད་དང་པོར་ལོངས་སྤྱོད་སོགས། །གཟའ་གཞན་བདུན་པོ་ཀུན་ལ་འགྲེ། །ནང་མཚན་མགོ་ཚུལ་གཟའ་བརྒྱད་པོའི། །རང་རང་ལོ་གྲངས་མཁའ་རོ་མེས། །བསྒྱུར་ལ་ཀླུ་ཡིས་བགོས་ཐོབ་པར། །མཁའ་མེས་རྙེད་པ་ཟླ་བ་སྟེ། །ལྷག་མ་ཞག་གི་གནས་སུ་འགྱུར། །འབྲས་བུ་ཉི་མིག་སྤེན་སྒྲ་སྟེ། །ཕྱོགས་ཀྱི་ལོངས་སྤྱོད་རྣམས་སྤྱོད་རིང་། །སྐྱེས་བུ་དེ་ལ་ནད་མང་ཞིང་། །ལོངས་སྤྱོད་ཉམས་སོགས་འཚེ་བ་འབྱུང་། །ཟླ་བ་ལྷག་པ་ཕུར་སངས་ཏེ། །མཚམས་བཞིར་སྤྱོད་རིང་སྐྱེས་བུ་དེ། །མི་མཐུན་ལས་རྒྱལ་དགེ་བར་འགྱུར། །གལ་ཏེ་སྐྱེས་སྐར་མི་ཤེས་ན། །མིང་གི་སྐར་མའམ་དྲི་ཚིག་གི །ཐོག་མ་ངོས་གཟུང་བརྟག་པར་བྱ། །ཡང་ན་དམོད་བོར་འཁོར་ལོ་ལ། །མེ་ཏོག་འཇོག་ཏུ་བཅུག་པ་ཡིས། །གང་བབས་དེ་ཡི་འབྲས་བུ་སྟོན།། ༈ དབྱངས་འཆར་རྒྱུད་དུ་རེའུ་མིག །དགུ་འཕྲེང་རིམ་པ་བཞི་བརྩེགས་ཀྱི། །སྟེང་མར་ཉི་མའི་ལོ་མཚམས་དང་། །ཟླ་བའི་ལོ་ཕྱོགས་མིག་དམར་ཐུབ། །སྒྲ་གཅན་སྐྱོན་དང་ལྷའི་བླ་མར། །མི་བདག་དལ་འགྲོར་བུག་གཟུགས་དང་། །ལྷག་པར་རི་གཟུགས་མཇུག་རིང་རི། །དཀར་པོའི་ལོངས་སྤྱོད་མཁའ་མིག་དགོད། །རེའུ་མིག་གཉིས་པར་སྨིན་དྲུག་སོགས། །དགུ་དང་གསུམ་པར་དབོ་སོགས་དགུ། །བཞི་པར་ཆུ་སྨད་སོགས་དགུ་འགོད། །གང་བརྩི་སྐྱེས་པའི་ཟླ་སྐར་གྱི། །ཆུ་ཚོད་གཅིག་ནས་བཅོ་ལྔའི་བར། །སྐྱེས་པ་མཆོག་ཚེ་བརྒྱ་ཉི་ཤུ། །བཅུ་དྲུག་ནས་བརྩམས་སུམ་ཅུའི་བར། །སྐྱེས་པ་དབུ་མའི་ཚེ་ལོ་བརྒྱ། །སོ་གཅིག་པ་ནས་ཞེ་ལྔའི་བར། །སྐྱེས་པ་འབྲིང་ཚེ་ལོ་བརྒྱད་ཅུ། །ཞེ་དྲུག་ནས་བཟུང་དྲུག་ཅུའི་བར། །སྐྱེས་པ་ཐ་མའི་ཚེ་བཞི་བཅུ། །རང་གི་སྐྱེས་སྐར་རྐང་པའི་དབྱུག །གཟུགས་ནས་ཚེས་བར་འདས་པ་རྣམས། །མཁའ་མིག་ཟླས་བསྒྱུར་མཁའ་བུག་གིས། །རྙེད་པ་ཚེ་ཚད་སོ་སོར་ཕྲི། །ལྷག་མ་སྐྱེས་བུའི་ཚེ་ཚད་དེ། །འཆི་བསླུ་བསླུས་ན་བསྣོན་རྒྱུའི་ཚེ། །ཆ་ཤས་དང་པོར་བསྣོན་པ་མེད། །གཉིས་པར་འབྱུང་བ་གསུམ་པར་ཕྱོགས། །བཞི་པར་འབྱུང་གཟུགས་བསྣན་པར་བྱ། །དེ་ཡི་རིགས་འགྲེ་ད་ལྟ་ཡི། །སྐྱེས་བུའི་ཚེ་ཚད་ལ་སྦྱར་ན། །རིང་མཐའ་མཆོག་ལ་གོ་ལྔ་དང་། །དབུ་མ་དོན་ལྔ་འབྲིང་ང་ལྔ། །ཐ་མ་སོ་ལྔའི་དབང་བྱས་ཏེ། །འདས་རྣམས་དབང་བུག་གིས་བསྒྱུར་ལ། །མཁའ་རོས་ཐོབ་ནོར་གང་ཡིན་དེས། །སྐབས་སུ་བབས་པའི་ཚེ་ཚད་ལ། །དབྲི་ཞིང་ལྷུས་ན་བསྣོན་པ་ཡང་། །གཉིས་པར་མེ་དང་གསུམ་པར་རོ། །བཞི་པར་རྩ་བསྣན་ཚེ་ཡི་ཚད། །དེ་ནས་གཟའ་དགུ་ཕྲ་བའི་རྩིས། །རང་རང་ལོ་གང་མཁའ་དུས་མེས། །བསྒྱུར་བ་སླར་ཡང་རང་རང་ལོས། །བསྒྱུར་ལ་སྐབས་བབས་ཚེ་ཚད་ཀྱིས། །བགོས་ནོར་སླར་ཡང་མཁའ་མས་བགོ །རྙེད་པ་ཉི་མའི་ཉི་མ་སོགས། །རང་རང་དབང་བྱེད་ཟླ་བའི་གྲངས། །ལྷག་མ་ཞག་གི་གནས་སུ་འགྱུར། །དེ་ཡིས་ནང་གསེས་སོ་སོ་ཡི། །གནས་སྐབས་འབྲས་བུ་གསལ་བར་སྟོན།། ༈ བཅོ་བརྒྱད་པ་ནི་དུས་སྦྱོར་གྱི། །འབྲས་བུ་སྤྱི་དང་བྱེ༌བྲག་གཉིས། །དང་པོ་སྤྱི་ཡི་འབྲས་བུ་ནི། །ལུག་ཀར་སྲང་དང་ཆུ་སྲིན་བཞི། །གཡོ་བ་ཡིན་པས་དེ་ཡི་དུས། །ལས་ཚོགས་སྒྲུབ་སོགས་མྱུར་ལས་བྱ། །གླང་སེང་སྡིག་བུམ་བརྟན་པ་སྟེ། །རབ་གནས་མཆོད་རྟེན་བརྩིག་པ་སོགས། །བརྟན་པའི་ལས་རྣམས་བྱ་བར་ཤིས། །འཁྲིག་པ་བུ་མོ་གཞུ་ཉ་བཞི། །གཉིས་ཀའི་རང་བཞིན་འབྲིང་པོ་སྟེ། །དེ་ཚེ་ལམ་དུ་འདེགས་སོགས་བཟང་། །འདི་དག་བྱ་བ་བྱེད་པ་དང་། །དེ་བཞིན་འདྲི་བའི་དུས་ལའང་སྦྱར། །གཉིས་པ་བྱེ༌བྲག་འབྲས་བུ་ནི། །དུས་སྦྱོར་རེ་ལ་འཆར་བའི་ཡུན། །རགས་པར་ཆུ་ཚོད་ལྔ་ལྔ་སྟེ། །ལུག་འཁྲིག་སེང་སྲང་གཞུ་བུམ་གྱི། །ཆུ་ཚོད་ལྔ་ལ་རིམ་པ་བཞིན། །མཁའ་རླུང་མེ་ཆུས་ས་ལྔ་པོ། །བསྐྱེད་པའི་རིམ་པས་འབྱུང་བ་ཡིན། །དེ་ལ་རིམ་བཞིན་སྒྲ་གཅན་ཟླ། །ལྷག་སངས་མཇུག་རིང་བདག་པོར་འཆར། །དེ་བཞིན་གླང་ཀར་བུ་མོ་སྡིག །ཆུ་སྲིན་ཉ་ཡི་ཆུ་ཚོད་ལྔར། །ས་ཆུ་མེ་རླུང་ནམ་མཁའ་ལྔ། །སྡུད་རིམ་གྱིས་འབྱུང་དེ་རྣམས་ལ། །སྤེན་ཕུར་མིག་ཉི་དུས་མེ་འཆར། །གང་ཚེ་ཕོ་ཉས་དགེ་མི་དགེའི། །འབྲས་བུ་གཡུལ་གྱི་སླད་འདྲི་ན། །དུས་མེར་འཐབ་མོ་བ་རྣམས་འཆི། །ཉི་མར་གཡུལ་འཕམ་ས་སྐྱེས་ལ། །རྨ་འབྱུང་བླ་མས་ཕན་ཚུན་འདུམས། །སྤེན་པས་འཐབ་མོ་ཞི་བར་བྱེད། །གལ་ཏེ་ནད་པའི་ཆེད་འདྲི་ན། །རིམ་བཞིན་འཆི་དང་ཉོན་མོངས་དང་། །རྨ་དོད་བཅོས་འཚོ་ནད་ཡུན་རིང་། །དེ་བཞིན་བག་མ་བྱེས་འགྲོ་སོགས། །ཞི་དང་རྒྱས་པའི་ལས་རྣམས་ཀུན། །འདི་དག་ལ་ནི་སྤང་བར་བྱ། །མི་མཉམ་བསྐྱེད་རིམ་དུས་སྦྱོར་ལ། །དམག་གི་ཆེད་དུ་འདྲི་བ་ན། །སྒྲ་གཅན་ལ་ནི་ཕས་རྒོལ་འཇོམས། །ཟླ་བས་དགྲ་བོ་གནད་ཅིང་འཕམ། །ལྷག་པ་དགྲ་ཉམས་རྨས་པར་འགྱུར། །པ་སངས་རང་གི་དོན་རྙེད་ལ། །མཇུག་རིང་དགྲ་བོ་རང་དབང་འགྱུར། །གཞན་པ་ནད་པ་འཚོ་ཞིང་བདེ། །བག་མ་བྱེས་འགྲོ་ལ་སོགས་པ། །དགའ་སྟོན་འཇིག་རྟེན་བྱ་བ་ཡི། །ཞི་རྒྱས་ལས་ཀུན་འགྲུབ་པས་དགེ །དེ་ལྟར་ལུང་སྟོན་མཁན་པོ་ལ། །དུས་སྦྱོར་ཆུ་ཚོད་དེ་དང་དེ། །འཆར་ཚེ་གཞན་གྱིས་དྲིས་ནའམ། །དུས་དེར་ལས་འགྲོ་བརྩམས་ཀྱང་རུང། །ཇི་ལྟར་རིག་པར་ལུང་སྟོན་ཅིག །ཕྲ་མོའི་རྣལ་འབྱོར་རླུང་སྦྱོར་གནད། །ཤེས་པས་གཡོན་གཡས་སྣ་བུག་གི །ལམ་ནས་བསྐྱེད་སྡུད་རིམ་པ་ཡི། །རྒྱུ་ཚུལ་གང་ཚེ་སྣ་བུག་གི། །ཀ་བ་ལྷུན་པོའི་རང་བཞིན་ཏེ། །ས་ནི་མཐུར་རྒྱུ་ཆུ་ཀ་ཕྱོགས། །མེ་ནི་འགྲམ་ཕྱོགས་རླུང་སྟེང་ནས། །དབུས་ནས་ནམ་མཁའི་རླུང་འབབ་བོ། །གཡས་ཕྱོགས་གླང་སོགས་མཉམ་པ་དང་། །གཡོན་ཕྱོགས་ལུག་སོགས་མི་མཉམ་པའི། །དུས་སྦྱོར་ཡིན་པས་གང་གི་ཚེ། །གཡོན་ནས་རྒྱུ་དུས་ངེས་པར་འགྲུབ། །གཡས་ཕྱོགས་མི་འགྲུབ་ངན་པ་སྟེ། །དབུ་མར་བཏང་སྙོམས་ལས་རྣམས་འགྱང་། །དེ་དག་རྣམས་ལ་འབྱུང་བ་དང་། །བདག་པོའི་གཟའ་རྣམས་སྦྱར་བྱས་ཏེ། །སྔར་ལྟར་ལུང་རྣམས་མ་འདྲེས་སྟོན། །གཞན་ཡང་འཇམ་དཔལ་རྩ་རྒྱུད་ལས། །དུས་སྦྱོར་སོ་སོའི་སྐར་མ་ལ། །སྐྱེས་པ་རྣམས་ཀྱི་ཚེ་ཚད་སོགས། །ལྟས་མཚན་མང་དུ་བཤད་པ་དང་། །གདན་གཞི་རོ་ཧི་ཏ་ལ་སོགས། །མིང་འདོགས་ཟུར་པ་རེ་མཛད་ནས། །དེར་སྐྱེས་ཚེ་ཚད་ལོངས་སྤྱོད་གཤིས། །བཟང་ངན་ལ་སོགས་གསུངས་ན་ཡང་། །འདིར་ནི་ལས་དང་བྱ་བ་ཡི། །འབྲས་བུ་མདོ་ཙམ་བཏུས་ཏེ་བཤད། །ལུག་ལ་དགྲར་རྒོལ་དབང་བསྐུར་དང་། །འབད་རྩོལ་ལས་དང་རང་གཞན་འབྲེལ། །ཁམས་སོགས་སྦ་དང་རྫུན་སྨྲ་སོགས། །དགུག་དང་གཡོ་བའི་ལས་རྣམས་བཟང་། །གླང་ལ་ཞིང་འདེབས་གཉེན་སྦྱོར་བག །མཁར་ལས་སྦྱིན་སྲེག་རྟ་ཚོང་དང་། །རྒྱན་གོས་སྒྲུབ་དང་ཞིང་ཉོ་བ། །དབང་དང་བརྟན་པའི་ལས་རྣམས་བཟང་། །འཁྲིག་པར་རྒྱུ་རྩལ་བཟོ་དང་རྒྱན། །སྨན་སྦྱོར་སྒོམ་དང་དེ་ལས་གཞན། །གླང་ལ་བཤད་ཀུན་ཁྱད་པར་དུ། །གཉིས་ཀའི་ལས་དང་རྒྱས་ལས་བཟང་། །ཀརྐ་ཊ་ལ་གྲུ་གཟིངས་ཟམ། །འཛུགས་དང་རྫིང་ཁྲོན་འདྲུ་ཆུ་བསྒྱུར། །མཐར་འདོན་གྲུབ་ལས་ཁྱད་པར་དུ། །ཞི་དང་གཡོ་བའི་ལས་ལ་ཤིས། །སེང་གེར་གདོན་བགེགས་གཞོམ་པ་དང་། །རྒྱལ་སར་དབང་བསྐུར་མི་བདག་མཆོད། །བུད་མེད་བགྲོད་དང་ཚོང་བྱེད་དང་། །བརྩོན་འགྲུས་བརྩོམ་དང་དེ་ལས་གཞན། །ལུག་ལ་བཤད་ཀུན་བཟང་བ་སྟེ། །ཁྱད་པར་ཞི་དང་བརྟན་ལས་དགེ །བུ་མོར་སྨན་སྦྱོར་རབ་ཏུ་བྱུང་། །ཆུ་ལ་འགྲོ་ཞིང་ཚོང་དང་བཟོ། །སྟན་འདིང་དགེ་སྒྲུབ་ཞིང་གི་ལས། །རྒྱས་དང་གཉིས་ཀའི་ལས་རྣམས་བཟང་། །སྲང་ལ་ཚོང་དང་སོ་ནམ་ལས། །སྲང་ལ་གཞལ་དང་རི་མོ་འདྲི། །ཚོང་འདུས་འགྲོ་དང་མི་ངན་འགྲོགས། །བུད་མེད་དོན་དང་གྲོགས་པོའི་དོན། །རྒྱལ་པོའི་གྲོགས་རྣམས་བྱ་བ་དང་། །དབང་དང་གཡོ་བའི་ལས་ལ་བཟང་། །སྡིག་པར་འབད་རྩོལ་ལས་དང་ནི། །རྒྱལ་པོར་བསྙེན་བསྐུར་དབང་བསྐུར་དང་། །དཔའ་བོ་མཚོན་ཆའི་ལས་རྣམས་དང་། །ཀླུ་ཡི་དོན་དང་དུག་སྦྱོར་དང་། །གསོད་དང་འཇིག་སོགས་དྲག་པོའི་ལས། །དགུག་དང་བརྟན་པའི་ལས་ལ་བཟང་། །གཞུ་ལ་རྒྱལ་པོའི་བྱ་བ་དང་། །ཡུལ་གཞན་འཛིན་དང་བག་མའི་ལས། །ཕྱུགས་འདུལ་སྒོམ་དང་བཅའ་ཁྲིམས་དང་། །མདོ་འདོན་སྨན་སྦྱོར་རྟ་ཕྱུགས་འདུལ། །གཉིས་ཀའི་ལས་དང་བསྐྲད་ལས་བཟང་། །ཆུ་སྲིན་དུས་སུ་ཞིང་ལས་དང་། །བརྟེན་ས་བཙལ་དང་ཆུ་ལས་འགྲོ། །བཅིངས་པ་དགྲོལ་དང་ཆུ་བརྟོལ་བ། །བྲན་བརྟེན་རྐང་བཞི་ཕྱུགས་ཀྱི་ལས། །ཤོག་ཕྲིན་རྫུན་དང་འཇོམས་པའི་ལས། །གཡོ་དང་བསད་པའི་ལས་ལ་བཟང། །བུམ་པར་ཆུ་བྱིན་ས་བོན་སྡུད། །གྲུ་དང་གཡོག་བརྟེན་མགོ་བསྐོར་དང་། །ངན་ལས་ཡུར་བ་འདྲུ་བ་དང་། །བརྟན་པའི་ལས་དང་བསད་ལས་བཟང་། །ཉ་ལ་རྩོམ་པ་ཆོས་སློབ་པ། །རྒྱན་འདོགས་སོ་ནམ་ཕྱུགས་ལྷས་དང་། །བག་མ་གཏོང་ལེན་བཟང་བ་དང་། །ཆོས་དང་ལས་སློབ་འཕོ་བ་དང་། །གཉིས་ཀའི་ལས་དང་བསྐྲད་ལས་བཟང་།། ༈ དུམ་དྲུག་དུས་སྦྱོར་བྱེད་ལས་ནི། །སྤྱིར་ན་གང་ཡིན་བདག་འབྲས་འབྱུང་། །བྱེ༌བྲག་དུས་སྦྱོར་གཅིག་པ་ཡིས། །རྙེད་དང་མི་རྙེད་འགྲུབ་མི་འགྲུབ། །བདེ་སྡུག་ལ་སོགས་བལྟ་བར་བྱ། །དུས་སྦྱོར་ཕྱེད་པའི་འབྲས་བུ་ནི། །སྦྲུམ་མའི་སྐྱེ་བ་བརྟག་པ་སྟེ། །གཅིག་གི་བདག་པོ་ཉི་མ་ཡིན། །དེ་ཚེ་བུ་ནི་སྐྱེ་བར་བརྗོད། །གཉིས་བདག་ཟླ་བས་བུ་མོ་སྐྱེ། །སུམ་ཆས་སྤྱི་ཁྱབ་འབྲས་གསུམ་སྟོན། །གཅིག་ནི་ཏཏྐཱལ་ལ་ཡིན་ཏེ། །དེ་ཚེ་རེ་བའི་འབྲས་བུ་སྟེར། །གཉིས་བྱུང་ལྔ་པའི་དུས་སྦྱོར་ཏེ། །དྭོགས་པའི་འབྲས་བུ་སྟེར་བ་ཡིན། །གསུམ་བྱུང་དགུ་པའི་དུས་སྦྱོར་ཏེ། །རེ་དྭོགས་གང་ཡང་མེད་པ་སྟོན། །གང་ཡིན་བདག་པོའི་འབྲས་བུ་འབྱུང་། །དགུ་ཆའི་འབྲས་བུ་རྐུན་མ་དང་། །རྨི་ལམ་ལ་སོགས་རྒྱས་པར་བཤད། །བཅུ་གཉིས་ཆས་ནི་བདག་གཞན་གྱི། །ཚོང་གི་འབྲས་བུ་ལ་སོགས་སྟོན། །དེ་ཡང་ཏཏྐཱལ་ནས་གྲངས་པའི། །གང་ཡིན་བདག་མོའི་འབྲས་བུ་འབྱུང་། །སུམ་ཅུ་ཆས་ནི་རྐུན་མ་དང་། །རྨི་ལམ་རྨི་བ་ལ་སོགས་པའི། །དུས་ཀྱི་བྱེ༌བྲག་སྟོན་པ་སྟེ། །དབུས་ཀྱི་བདག་པོའི་འབྲས་བུ་འབྱུང་། །མདོར་ན་དུམ་དྲུག་དུས་སྦྱོར་གྱི། །བཟང་ངན་འབྲས་བུ་ཁྱིམ་བདག་ཡིན། །རང་རང་ཁྱིམ་བདག་ཤར་ན་དགེ། །གྲོགས་བཟང་དགྲ་ངན་གཞན་བཏང་སྙོམས། །དེ་ལ་སོགས་པའི་སྤྲོས་པ་ནི། །རྒྱས་པར་དངོས་དོན་བཅུ་གཉིས་སུ། །རྣམ་པར་ཕྱེ་ནས་དབང་ཕྱུག་གིས། །བཤད་མོད་འདིར་ནི་མ་བརྗོད་དོ།། ༈ གཞན་ཡང་དྲིས་པའི་དབྱངས་གྲངས་ལས། །བཟང་ངན་བྱེ༌བྲག་བརྗོད་པར་བྱ། །ཕོ་ཉས་སྨྲས་པའི་དབྱངས་གྲངས་རྣམས། །ཕྱོགས་ཀྱིས་བསྒྱུར་ལ་ཉི་མ་བསྲེ། །སླར་ཡང་འབྱུང་བས་བསྒྱུར་བ་ལ། །རང་མ་གཏོགས་པའི་དྲུང་གནས་ཀྱི། །སྐྱེས་བུ་ཇི་སྙེད་ཡོད་པ་བསྲེ། །རི་བོས་དོར་བའི་ལྷག་མ་ལ། །གཟུགས་མེ་འབྱུང་བ་མཁའ་ཤར་ན། །དྲག་གཟའ་ཡིན་པས་དོན་མི་འགྲུབ། །མིག་དང་རྒྱ་མཚོ་རོ་ཤར་ན། །ཞི་གཟའ་ཡིན་པས་དོན་རྣམས་འགྲུབ། །བྱེ༌བྲག་ཉི་མས་ནོར་རྣམས་ཉམས། །རེག་པ་ཙམ་གྱིས་འཕུང་བར་བྱེད། །དམར་ངོ་ཁྲག་ངོ་ཡམས་ནད་སོགས། །སྡུག་བསྔལ་མང་པོས་མནར་བར་འགྱུར། །རིམ་གྲོར་འབུམ་འདོན་སྡོང་རྒྱན་སྒྲོག །སཱཙྪ་བཏབ་པས་ཉེས་པ་ཞི། །ཟླ་བ་ཤར་ན་དགོས་འདོད་འབྱུང་། །ཅི་བསམ་དོན་ཀུན་འགྲུབ་བར་བཤད། །མིག་དམར་ཤར་ན་མེའི་འཇིགས་པས། །བསྲེག་ཅིང་ནད་དང་ཁ་སྨྲས་འོང་། །མཛའ་བོ་དགྲར་ལྡང་ངན་སྦྱོར་བྱེད། །བསམ་པའི་དོན་ལ་བར་ཆད་འབྱུང་། །རིམ་གྲོར་ལམ་འཕྲང་བསལ་བ་དང་། །ཚེ་ཡི་དབང་ཞུ་སྲོག་བསླུ་བྱེད། །གཙུག་ཏོར་ལོ་གྲངས་སྒྲོགས་ན་བཟང་། །ལྷག་པར་ནོར་རྙེད་ཅི་བསམ་འགྲུབ། །ཕུར་བུར་ཚེ་ཐུང་ལོངས་སྤྱོད་ཉམས། །བསམ་པའི་དོན་ལ་བར་གཅོད་ལྡང་། །རིམ་གྲོར་དགེ་སློང་བི་སྡེ་མཆོད། །དབུ་དུམ་བཞི་དང་སྟོང་ཆེན་དང་། །འཇམ་དཔལ་མཚན་བརྗོད་འདོན་པར་བྱ། །པ་ཝ་སངས་ལ་ལུས་སེམས་བདེ། །འབྲུ་གོས་རྐང་བཞི་ལོངས་སྤྱོད་འཕེལ། །བུ་ཚ་འཁོར་འདབ་རྒྱས་པར་འགྱུར། །སྤེན་པར་ཡམས་རིམས་ཀླུ་ནད་དང་། །གཞོག་ཕྱེད་ནད་ཀྱིས་གདུང་བར་བྱེད། །ཡུལ་གཞན་འཕོ་དང་བྱེ༌བྲལ་འོང་། །རབ་བྱུང་ཡིན་ན་སྡོམ་པ་འཆོར། །གོང་མའི་ཞལ་ཆེ་ངན་པས་མནར། །མ་མགོན་གཏོར་སྒྲུབ་གཟུངས་འདུས་དང་། །གཙུག་གཏོར་ལོ་གྲངས་བཀླགས་ན་བཟང་།། ༈ བཅུ་དགུ་པ་ནི་དུས་ལྷ་རྣམས། །འཆར་བའི་རྩིས་ཀྱི་ངེས་པ་བརྗོད། །འདི་ལ་བདུན་ལས་དང་པོ་ནི། །ཁྱིམ་ཟླར་ལྟོ་འཕྱེ་འཁོར་ཚུལ་བཤད། །ཉིན་གུང་ཐུར་ཤིང་བཙུགས་པ་ཡིས། །ཕྱོགས་བཙལ་ཚངས་ཟུར་ཐིག་བཏབ་སྟེ། །ལོགས་བཞི་བཅད་བའི་ཕྱོགས་རེ་ལ། །ཆ་མཉམ་གསུམ་གསུམ་བགོས་པ་ཡིས། །བཅུ་གཉིས་འབྱུང་བ་ཁྱིམ་ཟླ་སྟེ། །རེ་རེ་བཞིན་ཡང་སུམ་ཅུ་རེར། །བསིལ་བས་ཁྱིམ་ཞག་གྲངས་སུ་འགྱུར། །ཁྲུམས་ཉ་སྟོན་རར་བརྩིས་པ་ཡི། །བུ་མོའི་ཁྱིམ་ཟླ་ནས་བརྩམས་ཏེ། །སྟོན་གསུམ་མགོ་ཤར་དགུན་གསུམ་ལྷོ། །དཔྱིད་གསུམ་ནུབ་ལ་དབྱར་གསུམ་བྱང་། །གཞོག་གཡོན་འོག་བཅུག་གཡས་སྐོར་གྱིས། །ཞག་རེར་རེའུ་མིག་རེ་རེ་འཕོ། །ལྟོ་བའི་ཐད་ནས་བརྐོ་བར་བཤད། །དེ་ཕྱིར་བརྐོ་ས་གློ་བུར་དུ། །བརྟག་པའི་ཐིག་གི་གདབ་ལུགས་ནི། །ས་གཞི་གང་ཡིན་བསྙམས་བྱས་ལ། །ཚངས་ཟུང་ཐིག་གིས་ཕྱོགས་བཙལ་ནས། །ཇི་ཙམ་འོས་པའི་ལོགས་བཞི་བཅད། །དེ་ཡི་སྟེང་ནས་ལྟོ་འཕྱེ་ཡི། །མགོ་བོ་གར་གནས་ཟླ་ཞག་བཙལ། །དེ་དང་ཐད་དྲང་ཕྱོགས་གཞན་སྟེང་། །ཐིག་བཏབ་བརྩི་བྱའི་ཚངས་ཐིག་སྟེ། །དེ་ཡི་དཀྱིལ་ནས་གདེངས་ཀའི་བར། །ཆ་མཉམ་ལྔ་རུ་བགོ་བྱས་ལ། །དེ་ཡི་ཆ་གཅིག་གིས་ཚད་པས། །གདེངས་ཀའི་རྩེ་ནས་མར་གསུམ་དང་། །ཚངས་ཐིག་མདུན་དུ་ཕྱེད་དང་གཉིས། །དོར་བའི་ཡས་མར་ཆ་གཅིག་དང་། །འཕྲེད་ལ་ཆ་ཕྱེད་གནས་པ་དེ། །ལྟོ་བའི་ཐད་ཡིན་བརྐོ་བའི་ས། །ཁྱིམ་གྱི་ཟླ་ཞག་འཚོལ་ལུགས་ནི། །གང་བརྩིའི་ཉ་སྐར་མཁའ་རོས་བསྒྱུར། །ཆུ་ཚོད་བཅུག་ལ་མདའ་ཡོན་ཟླས། །ཐོབ་པ་ལུག་ཁྱིམ་ནས་བརྩམས་ཏེ། །ཁྱིམ་ཟླ་འདས་པའི་གྲངས་ཡིན་ནོ། །ལྷག་མ་མཁའ་མེས་བསྒྱུར་བ་ལ། །ཆུ་སྲང་མིག་གིས་བགོས་ཐོབ་གཞུག །མདའ་ཡོན་ཟླས་ཐོབ་བརྩི་བཞིན་པའི། །ཞག་འདི་དང་བཅས་ད་ལྟར་བའི། །ཁྱིམ་གྱི་འདས་ཞག་རྟོགས་པར་འགྱུར། །ལུག་གླང་འཁྲིག་ཀར་སེང་བུ་མོ། །སྲང་སྡིག་གཞུ་ཆུ་བུམ་ཉ་རྣམས། །དཔྱིད་འབྲིང་ནག་ཟླ་ནས་བཟུང་སྟེ། །ལྟོ་འབྱོར་ཁྱིམ་ཟླ་བཅུ་གཉིས་མིང་།། ༈ གཉིས་པ་དུས་སྦྱོར་ཕྱེད་བདག་གཟའ། །བརྩི་ཚུལ་ཉིན་ཚད་མཚན་ཚད་གང་། །ཉི་མས་ཐོབ་ནོར་ཕྱེད་པའི་ཚད། །ཕྱེད་རེར་རེས་གཟའ་ནས་བརྩམས་ཏེ། །ཉིན་མོ་དྲུག་སྐོར་མཚན་མོ་ལ། །ལྔ་སྐོར་ཚུལ་གྱིས་འཆར་བ་ཡིན། །བརྟག་ཐབས་གང་བརྩིའི་དུས་ཡན་ཆད། །འདས་པའི་ཕྱེད་པ་ངོས་བཟུང་ལ། །ཚོགས་དེ་ཉིན་མོ་འབྱུང་བ་དང་། །མཚན་མོ་མཚོས་བསྒྱུར་བརྩི་ཉིན་གྱི། །རེས་གཟའི་གྲངས་བསྣན་ཐུབ་པས་དོར། །ལྷག་མ་གང་བྱུང་ཕྱེད་བདག་གཟའ། །སྤྱིར་ན་ཞི་གཟའ་དགེ་བ་སྟེ། །དྲག་གཟའ་ཤར་ན་མི་དགེ་ཞིང་། །ཁྱད་པར་ཕུར་བུ་ཤར་བའི་ཚེ། །བདུད་རྩི་ཐུན་མཚམས་འཆར་བ་ཡིན། །འབྲས་བུ༌དྲག་ལས་མ་གཏོགས་པ། །ལས་རྣམས་ཐམས་ཅད་འགྲུབ་པར་དགེ། ༈ གསུམ་པ་རིགས་ལྡན་འཆར་རྩིས་ནི། །ཕྱེད་བདག་སྤེན་པ་ཤར་བའི་ཚེ། །རིགས་ལྡན་གཞན་དུས་འཆར་བ་ཡིན། །དེ་ཡང་སྤེན་པའི་ཐོག་དབུས་མཐའི། །ཆུ་སྲང་འཆར་ཚད་རེས་གཟས་སྟོན། །རེས་གཟའ་ཉི་ཟླ་ཕུར་གསུམ་ལ། །དབུས་ནས་ཉི་མར་སྲང་མེ་བདག །ཟླ་ཀླུ་ཕུར་བུར་དུས་རྩེ་མོ། །རེས་གཟའ་མིག་དམར་ལྷག་པ་ཡི། །ཐོག་མ་ནས་བརྩམས་ཆུ་སྲང་ཚད། །མིག་དམར་རོ་དང་ལྷག་པ་མིག །རེས་གཟའ་པ་སངས་སྤེན་པའི་དུས། །ཐ་མའི་ཆུ་སྲང་བཞི་རེ་ལ། །རིགས་ལྡན་དྲག་པོ་འཆར་བར་འགྱུར།། ༈ རིགས་ལྡན་རང་དུས་ལ་འཆར་རྩིས། །ཐུན་ཕྱེད་རེ་ལ་གཟའ་རེ་དང་། །ལྷན་ཅིག་ཀླུ་རེ་འཆར་བ་སྟེ། །ཉི་མ་མཐའ་ཡས་ཟླ་ནོར་རྒྱས། །མིག་དམར་འཇོག་པོ་ལྷག་སྟོབས་རྒྱུ། །ཕུར་བུ་པདྨ་སངས་པད་ཆེན། །སྤེན་པ་དུང་སྐྱོང་བཅས་རྫོགས་རྗེས། །སྒྲ་གཅན་རིགས་ལྡན་ལྷན་ཅིག་འཆར། །དེ་ཡང་རེས་གཟའ་ཉི་མའི་དུས། །ཐུན་ཕྱེད་བདུན་པ་འདས་ནས་འཆར། །དེ་བཞིན་ཟླ་བའི་རེས་ལ་དྲུག །མིག་དམར་འབྱུང་བ་ལྷག་པར་མཚོ། །ཕུར་མེ་སངས་མིག་སྤེན་པར་གཟུགས། །འདས་མཚམས་རེས་གཟའ་རང་རང་གི །རིགས་ལྡན་འཆར་བའི་ཐུན་ཕྱེད་དོ། །ཐུན་ཕྱེད་ཚད་ནི་གང་བརྩི་ཡི། །ཉིན་ཚད་མཚན་ཚད་ཀླུས་བགོས་པའི། །རྙེད་པ་གང་བྱུང་ཚད་དང་བསྟུན། །རིགས་ལྡན་ཤར་དུས་གང་བརྩམས་པའི། །ལས་ཀུན་ཉམས་ཤིང་བརླག་པར་འགྱུར། །ཁྱད་པར་བཟང་བཏུང་སྤྱད་པ་དང་། །ནད་པས་སྨན་བསྟེན་དུག་ཏུ་འགྱུར། །དེ་ཕྱིར་ཤིན་ཏུ་གཟབ་ཏེ་སྤང་།། ༈ བཞི་པ་རྣལ་འབྱོར་མ་བརྒྱད་ཀྱི། །འཆར་ལུགས་དཀར་ནག་ཕྱོགས་གཉིས་ཀའི། །ཚེས་གཅིག་ཤར་དུ་ཚངས་མ་སྟེ། །གཉིས་ལ་བྱང་དུ་དྲག་མོའོ། །གསུམ་ལ་ཤར་ལྷོར་གཞོན་ནུ་མ། །བཞི་ལ་ལྷོ་ནུབ་ཁྱབ་འཇུག་མ། །ལྔ་ལ་ལྷོ་ཕྱོགས་ཕག་མོ་སྟེ། །དྲུག་ལ་ནུབ་ཏུ་དབང་མོའོ། །བདུན་ལ་ནུབ་བྱང་ཙཱ་མུབྲསྤྱབ། །བརྒྱད་ལ་བྱང་ཤར་དཔལ་མོ་ཆེ། །དགུ་ལ་ཤར་ཕྱོགས་ཚངས་མ་དང་། །བཅུ་ལ་བྱང་དུ་དྲག་མོའོ། །བཅུ་གཅིག་མེ་མཚམས་གཞོན་ནུ་མ། །བཅུ་གཉིས་སྲིན་པོར་ཁྱབ་འཇུག་མ། །བཅུ་གསུམ་གཤིན་རྗེར་ཕག་མོ་དང་། །བཅུ་བཞི་པ་ལ་ཆུར་དབང་མོ། །ཉ་དང་གནམ་སྟོང་སྔ་ཆ་ལ། །ནུབ་བྱང་མཚམས་སུ་ཙཱ་མུཎྜཱ། །ཕྱི་ཆར་འབྱུང་པོར་དཔལ་མོའོ། །མདོར་ན་རགས་པ་ཚེས་རེ་དང་། །ཕྲ་བ་ཉིན་བརྒྱད་མཚན་བརྒྱད་ཀྱི། །དང་པོར་ཚེས་བདག་ནས་བརྩམས་ཏེ། །རིམ་བཞིན་བརྒྱད་པོ་ལན་གཉིས་འཁོར། །འདི་ཉིད་གཡས་དང་རྒྱབ་བཞག་ན། །ཕ་རོལ་འཇོམས་པའི་སྟོབས་དང་ལྡན།། ༈ ལྔ་པ་བིཥྚི་འཆར་ཚུལ་ནི། །ཚེས་བཞིའི་ཕྱི་ཆར་ཤར་ཕྱོགས་སུ། །བརྒྱད་ཀྱི་སྔ་ཆར་ལྷོ་རུའོ། །བཅུ་གཅིག་ཕྱི་ཆར་ནུབ་ཏུ་སྟེ། །བཅོ་ལྔའི་སྔ་ཆར་བྱང་དུ་འཆར། །བཅོ་བརྒྱད་ཕྱི་ཆར་ཤར་ལྷོ་དང་། །ཉེར་གཉིས་སྔ་ཆར་ལྷོ་ནུབ་ཏུ། །ཉེར་ལྔའི་ཕྱི་ཆར་ནུབ་བྱང་ཕྱོགས། །ཉེར་དགུའི་སྔ་ཆར་བྱང་ཤར་དུ། །འཆར་ཚད་ཚེས་ལོངས་དག་ལ་ལྟོས། །རང་གི་གཡས་དང་རྒྱབ་ཕྱོགས་སུ། །བཞག་ནས་དྲག་ལས་བྱ་བར་བཟང་།། ༈ དྲུག་པ་དྲག་པོ་འཆར་ཚུལ་ནི། །ཉི་མའི་འཕོ་བ་ལ་བརྟག་ནས། །བྱང་བགྲོད་ཆུ་སྲིན་ཁྱིམ་ཟླ་དང་། །བུམ་པའི་ཟླ་ཕྱེད་ཤར་དུ་འཆར། །དེ་ཚེ་ནུབ་ཀྱི་ཕྱོགས་སུ་རྒྱུ། །བུམ་ཕྱེད་ཉ་ཁྱིམ་བྱང་ཤར་དུ། །ལུག་དང་གླང་ཕྱེད་བྱང་དུའོ། །གླང་ཕྱེད་འཁྲིག་པར་ནུབ་བྱང་དུ། །འཆར་བ་བྱང་ཁྱིམ་དྲུག་ལ་ཡིན། །དེ་ནས་ཉི་མ་ལྷོ་བགྲོད་ཚེ། །ཀརྐ་ཊ་དང་སེང་ཕྱེད་ནུབ། །སེང་ཕྱེད་བུ་མོར་ལྷོ་ནུབ་སྟེ། །སྲང་དང་སྡིག་པའི་ཕྱེད་ལ་ལྷོ། །སྡིག་ཕྱེད་གཞུ་ལ་ཤར་ལྷོར་འཆར། །ཕན་གནོད་སྔར་བཤད་འདིར་ཡང་དྲན།། ༈ བདུན་པ་ཐུན་ཕྱེད་སྒྲ་གཅན་ནི། །ཉིན་མཚན་ཐུན་ཆེན་བཞི་བཞི་སྟེ། །དེ་ཉིད་ཕྱེད་ཕྱེད་གཏུབས་བྱས་པས། །ཉིན་མཚན་ཐུན་ཕྱེད་བརྒྱད་རེར་རྒྱུ། །རྒྱུ་སའི་ཕྱོགས་ནི་ཤར་ནས་རླུང་། །དེ་ནས་ལྷོ་དང་དབང་ལྡན་དང་། །དེ་ནས་ནུབ་དང་དེ་ནས་མེ། །དེ་ནས་བྱང་དང་དེ་ནས་སྲིན། །དེ་ནས་སླར་ཡང་ཤར་དུ་འཁོར། །ཉིན་མཚན་གཉིས་ཀར་རེས་གཟའ་ནས། །འགོ་བརྩམས་གཡོན་སྐོར་གྱིས་རྒྱུ་བས། །ཉི་མའི་རེས་ལ་ཤར་ནས་བརྩམ། །དེ་བཞིན་ཟླ་བར་ཤར་ལྷོ་ནས། །བཀྲ་ཤིས་ལྷོ་དང་ལྷག་པ་སྲིན། །ཕུར་བུ་ནུབ་དང་པ་སངས་རླུང་། །སྤེན་པ་བྱང་དང་མཇུག་རིང་ནི། །དབང་ལྡན་མཚམས་ནས་འགོ་རྩོམ་ཞིང་། །ཁྱད་པར་རེས་གཟའ་སྤེན་པའི་དུས། །ཉིན་མོ་སྤེན་པ་ནས་འཛིན་ཏེ། །མཚན་མོ་མཇུག་རིང་ཐོག་མར་སྦྱར། །ཉིན་མཚན་ཚད་ནི་གང་ཡིན་པ། །བརྒྱད་ཀྱིས་བགོས་པའི་ཐོབ་ནོར་དེ། །ཐུན་ཕྱེད་སོ་སོའི་ཚད་དུ་འགྱུར། །རྩ་བའི་སྒྲ་གཅན་མ་གཏོགས་པ། །འདི་དང་སྟོབས་མཚུངས་དུས་ལྷ་གཞན། །མེད་པར་གསུངས་ཕྱིར་རྒྱུ་ཕྱོགས་སུ། །དྲག་ལས་བརྩམས་ན་རྣམ་པར་རྒྱལ།། ༈ །ཉི་ཤུ་པ་ནི་གཡུལ་རྒྱལ་གྱི། །རྩིས་ལ་མིང་དང་ས་སྟོབས་གཉིས། །ཐོག་མར་མིང་གི་སྟོབས་བཤད་བྱ། །སོ་སོར་རྩོད་པར་བྱེད་པ་ན། །ཕན་ཚུན་རྩོད་པར་བྱེད་པ་པོའི། །གཙོ་བོའམ་དམག་དཔོན་མིང་ལ་བརྟག །མིང་གི་དབྱངས་ཡིག་ཇི་སྙེད་པ། །གཅིག་གིས་གཅིག་ལ་དབྲི་བར་བྱ། །ལྷག་མ་གང་བྱུང་རྒྱལ་བར་འགྱུར། །གལ་ཏེ་གྲངས་ཙམ་མཉམ་གྱུར་ཀྱང་། །དབྱངས་ཡིག་ཐུང་དུ་རིང་པོས་འཇོམས། །རིང་པོའང་ཤིན་ཏུ་རིང་པོས་སོ། །དབུགས་ནི་ནང་དུ་འཇུག་པའི་ཚེ། །ཕོ་ཉས་གང་མིང་བརྗོད་དེ་རྒྱལ། །ཕྱིར་འཐོན་ལ་བརྗོད་དེ་འཆི་འགྱུར། །ཕོ་ཉས་བརྗོད་པའི་མིང་གཉིས་ལས། །དང་པོར་བརྗོད་པ་དེ་རྒྱལཞིང་། །ཕྱིས་བརྗོད་མིང་ཅན་ཕམ་པར་སྟོན།། ༈ གཉིས་པ་ས་སྟོབས་བརྟག་པ་ནི། །ཁྱིམ་གནས་འཁོར་ཚུལ་ལེགས་ཤེས་པས། །ལྔ་བསྡུས་གཟའ་ལྔ་སྒྲ་གཅན་དང་། །མཇུག་རིང་རྣམས་ནི་རྩིས་བྱས་ནས། །གཟའ་རྣམས་རྒྱུ་སྐར་གང་ལ་གནས། །བརྟགས་ཏེ་གཡུལ་དུ་འཇུག་པའི་ཚེ། །ཉི་མིག་མཇུག་རིང་སྤེན་པ་སྟེ། །གདུག་པའི་གཟའ་ཀུན་རང་ཉིད་ཀྱི། །གཡས་དང་རྒྱབ་ཀྱི་ཕྱོགས་སུ་གནས། །ཟླ་ལྷག་ཕུར་སངས་ཞི་བ་སྟེ། །རང་གི་གཡོན་དང་མདུན་དུ་ཡོད། །བདག་རྒྱལ་དགྲ་རྣམས་འཆི་བར་འགྱུར། །དེ་བཞིན་རྣལ་འབྱོར་མ་བརྒྱད་དང་། །བིཥྚི་དྲག་པོ་ཐུན་ཕྱེད་བཅས། །རང་གི་གཡས་དང་རྒྱབ་ཏུ་གནས། །དེ་ཚེ་དགྲ་རྣམས་འཆི་བར་བྱེད། །ཞི་དྲག་ཕྱེད་ཕྱེད་སྤེལ་མར་གནས། །གཉིས་ཀའི་དཔུང་རྣམས་འཇོམས་པར་འགྱུར། །གཞན་ཡང་རང་གི་སྐྱེས་སྐར་ལ། །ཟླ་བས་སྤྱོད་པར་བྱེད་པའམ། །སྐྱེས་སྐར་འཆར་བའི་དུས་སྦྱོར་དང་། །མིང་ཡིག་འཆར་ཞིང་ལང་ཚོར་བབས། །དྲག་པོའི་དབྱངས་གསལ་ནུབ་པའི་དུས། །དེ་ཚེ་དགྲ་ལ་རྒོལ་པར་བྱ།། ༈ ཁྱད་པར་རྩ་བའི་སྒྲ་གཅན་གྱི། །ལྟ་བ་དང་ནི་ལྟོ་བ་ཡི། །གནས་ལུགས་ངེས་པ་ཤེས་པ་གཅེས། །རྒྱུ་སྐར་ཉི་ཤུ་རྩ་བདུན་ལ། །སྒྲ་གཅན་ལུས་ཀྱིས་ནོན་པ་ཡི། །རྒྱུ་སྐར་བཅུ་གསུམ་ཕྱེད་དང་བཅས། །འཇིགས་བྱེད་གཡས་འཁོར་རྒྱུ་བ་ཡི། །ཤར་གདོང་ནུབ་ཏུ་འཇུག་ཡོད་ཚེ། །ལྷོར་ལྟ་བྱང་དུ་ལྟོ་བ་གནས། །དེ་གཉིས་ཆ་ནས་སྤང་བྱ་ནི། །གདོང་མཇུག་ནས་བརྩམས་ལྟ་བ་དང་། །ལྟོ་བ་གཉིས་ཀྱི་ཆ་ནས་ནི། །རྒྱུ་སྐར་བཞི་བཞི་བཅུ་དྲུག་ཡོད། །དེ་ལྷག་ཕྱེད་དང་དྲུག་དྲུག་པོ། །འཐབ་མོའི་ས་ཡིན་འཐབ་ཚུལ་ནི། །རང་གི་གཡོན་དུ་སྒྲ་གཅན་གདོང་། །མཇུག་གཡས་ལྟོ་བར་རྒྱབ་གཏད་དེ། །ལྟ་བར་ཁ་བལྟས་གཡུལ་བཤམས་ན། །ཕ་རོལ་ཁྱབ་འཇུག་སྟོབས་ལྡན་ཡང་། །ལྟ་བར་གནས་ཕྱིར་ངེས་པར་འཇོམས། །གཞན་དང་བྱ་བ་གལ་ཆེན་ལ། །འཇུག་དང་གཏོར་ཟོར་འཕེན་པ་སོགས། །སྲིད་གསུམ་རྣམ་རྒྱལ་དུས་སྦྱོར་དང་། །འགྲིག་པས་བྱ་བ་འགྲུབ་ཅིང་རྒྱལ། །གལ་ཏེ་གདོང་འཇུག་གང་རིགས་ལ། །ཁ་བལྟས་གཉིས་ཀའི་དཔུང་བརླག་འགྱུར། །བརྟག་ལུགས་གདོང་མཇུག་ཉི་སྐར་རྣམས། །ངེས་བྱས་སྐར་ཁོངས་གཞལ་བས་ཤེས། །བྱ་སླའི་ཆེད་དུ་འབྱུང་རྩིས་བཞིན། །ལོ་འགྲོས་གནས་ལུགས་འཁོར་ལོའི་དབུས། །ཁྱིམ་གནས་རྒྱུ་སྐར་བཅས་པ་དང་། །དེ་དབུས་སྒྲ་གཅན་ལུས་ཚད་བཞིན། །སུམ་བརྩེགས་ལྟ་བའི་ཐད་ཀ་ལ། །མདའ་གཞུ་བཀང་བའི་མདེའུ་རྩེ་གཏད། །བརྩི་དུས་ཉི་སྐར་དུས་ཚོད་ཐོག །བཀོད་ལ་གདོང་མཇུག་སྐར་མ་ཡང་། །གར་ཡོད་སྟེང་དུ་བཞག་བྱས་པས། །མདེའུའི་རྩེ་ཐད་ཐེབས་ཕྱོགས་ཡིན། །དེ་ལྟར་བརྟགས་ནས་གཡུལ་འགྱེད་པའི། །བློ་ལྡན་གང་ཞིག་ཕམ་མི་སྲིད། །བིཥྚི་དྲག་པོ་ལ་སོགས་པ། །བཟང་ངན་མཐུན་པར་མ་གྱུར་ན། །རྩིས་གཞན་འདི་ཡི་ཟིལ་གྱིས་གནོན། །དེ་ཕྱིར་དུས་ལྷ་དབྱངས་འཆར་སོགས། །བཏང་ནས་འདི་ཉིད་གཅིག་པུ་བཟུང་།། ༈ གཞན་ཡང་རྫོང་གི་འཁོར་ལོ་ནི། །གྲུ་བཞི་ར་བ་རིམ་པ་གསུམ། །ལྟེ་བ་དང་བཅས༌བྲིས་པ་ལ། །བྱང་ཤར་ནས་བརྩམས་སྨིན་དྲུག་སོགས། །མཚམས་བཞི་ནང་འཇུག་ཕྱོགས་བཞི་པོ། །ཕྱིར་འཐོན་གཡས་སྐོར་ཚུལ་དུ་འདྲི། །ཁྱིམ་བྱང་ཕྱོགས་རེར་གསུམ་གསུམ་སྟེ། །ཤར་ནས་གཡོན་སྐོར་རིམ་བཞིན་དགོད། །ར་བ་ཕྱི་ནང་བར་གསུམ་ལ། །ཀཱ་ལ་རཱུ་ཏྲ་ཨ་པར་བརྗོད། །དམག་དཔོན་སྐྱེས་མིང་སྐར་མ་གང་། །ཀཱ་ལར་གནས་ན་འཆི་བར་འགྱུར། །ཨ་པར་ཡོད་ན་སྟོབས་ཆུང་སྟེ། །རཱུ་ཏྲ་ལ་གནས་རྫོང་ཐོབ་འགྱུར། །ར་བ་ནང་མར་དྲག་གཟའ་ཡོད། །རྫོང་ཐོབ་ཕྱི་རོལ་དམག་མིར་དགེ། །དྲག་གཟའ་བར་གནས་ཕྱི་ནང་གཉིས། །ཤིན་ཏུ་འཁྲུག་འགྱུར་རིང་བས་ཐོབ། །ར་བ་ཕྱིར་སོང་དམག་མི་རྣམས། །ཚོགས་པ་དོན་མེད་རྫོང་མི་ཐོབ། །མཚམས་ལ་དྲག་གནས་ཕྱི་བར་དགེ །ཕྱོགས་ལ་སོང་ན་ནང་པར་ཤིས། །དེ་ལྡོག་བསོད་ནམས་གཟའ་ཤར་ན། །འབྲས་བུ་ལྡོག་སྟེ་སྨྲ་བར་བྱ། །བྱིས་པ་སྐྱོང་གི་རྫོང་འཁོར་རོ།། ༈ གཞན་ཡང་རིམ་པ་གསུམ་ལྡན༌བྲི། །དབང་ལྡན་ནས་བརྩམས་སྨིན་དྲུག་རྒྱལ། །སྐག་མཆུ་ས་རི་ས་ག་དང་། །ལྷ་མཚམས་གྲོ་བཞིན་བྱི་བཞིན་དང་། །མོན་དྲེ་ཐ་སྐར༌བྲ་ཉེ་རྣམས། །ར་བ་ཕྱི་མའི་མཚམས་སུ་ནི། །རེ་རེ་ཕྱོགས་སུ་གཉིས་གཉིས་བཀོད། །སྣར་མ་ནབས་སོ་གྲེ་ནག་སྣྲོན། །ཆུ་སྨད་མོན་གྲུ་ནམ་གྲུ་བརྒྱད། །ར་བ་བར་མའི་ཕྱོགས་མཚམས་དང་། །མགོ་ལག་དབོ་དང་མེ་བཞི་སྣྲུབས། །ཆུ་སྟོད་ཁྲུམས་སྟོད་ཁྲུམས་སྨད་རྣམས། །ར་བ་ནང་མའི་ཕྱོགས་མཚམས་སུ། །རེ་རེ་བཀོད་ལ་རཱ་ཧུ་ནི། །ར་བ་ནང་མར་སོང་བ་ན། །ཕྱི་རོལ་དམག་མིས་རྫོང་ཐོབ་འགྱུར། །ར་བ་ཕྱི་མར་རཱ་ཧུ་སོང་། །དཔུང་གིས་བསྐོར་ཀྱང་རྫོང་མི་ཐོབ། །ར་བ་བར་མར་རཱ་ཧུ་སོང་། །ཕྱི་ནང་རྒྱལ་ཕམ་མཉམ་པར་གྲགས། །སྦྲང་རྩི་སྐྱོང་གི་རྫོང་འཁོར་ཏེ། །དེ་སོགས་སྤྲོས་པ་དབང་ཕྱུག་གིས། །བཤད་མོད་འདིར་ནི་མེད་ཙམ་མོ།། ༈ ཉེར་གཅིག་ཉི་ཟླ་སྒྲ་གཅན་གྱིས། །བཟུང་བའི་འབྲས་བུ་བརྗོད་པར་བྱ། །ཟླ་བ་དྲུག་དྲུག་སྒྲ་གཅན་གྱིས། །ཉི་ཟླ་འཛིན་པས་དཀྱིལ་འཁོར་ནི། །མ་ལུས་རབ་ཏུ་ཟིན་གྱུར་ན། །མཚོན་ཆའི་ལས་སོགས་རྣམ་མང་པོའི། །མི་ཟད་བགེགས་ཀྱི་འཇིགས་པ་འབྱུང་། །ཐ་སྐར༌བྲ་ཉེ་སྨིན་དྲུག་སྣར། །ཟིན་ན་ལུས་ཅན་ཕལ་ཆེར་དང་། །ཁྱད་པར་བྱིས་པར་ནད་ཡམས་འབྱུང་། །མགོ་ལག་ནབས་སོ་རྒྱལ་སྐག་ལ། །མ་གྷ་དྷ་ཡི་རྒྱལ་བློན་དང་། །ཡུལ་མི་ཀུན་ལ་འཇིགས་པས་མནར། །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་ས་གར་ཤར་ཕྱོགས་དང་། །ལཱ་ཊ་ཨཾ་ག་མ་གྷ་དྷའི། །རྒྱལ་པོ་རྣམས་ལ་མིག་ནད་དམ། །བུ་འཆི་དགྲ་ལྡང་འཇིགས་པས་གདུང་། །ལྷ་མཚམས་སྣྲོན་ལ་ཡུལ་ཀུན་ཏུ། །ནད་དང་གནོད་པ་དུ་མ་འབྱུང་། །སྣྲུབས་ལ་ཤར་ཕྱོགས་རྒྱལ་པོར་ངན། །ཀླ་ཀློའི་དབང་པོ་ཤར་དུ་གསོད། །ཨོ་ཊའི་ཡུལ་ལ་ཅུང་ཟད་ངན། །ཆུ་སྟོད་ཆུ་སྨད་གྲོ་བཞིན་ལ། །ཟིན་ན་མུ་གེའི་གནོད་པ་འབྱུང་། །བྱི་བཞིན་མོན་དྲེ་མོན་གྲུ་དང་། །ཁྲུམས་སྟོད་ལ་ཟིན་མུ་གེ་དང་། །རྒྱལ་པོ་རྐུན་མའི་འཇིགས་པས་མནར། །ཁྲུམས་སྨད་ནམ་གྲུ་ལ་ཟིན་ན། །མ་གྷ་དྷ་པ་རྣམས་ལ་ངན། །ཉི་ཟླའི་དཀྱིལ་འཁོར་ཕྱོགས་གང་ནས། །ཟིན་པ་དེ་དང་དེའི་ཕྱོགས་སུ། །དགེ་དང་མི་དགེ་འབྱུང་བར་འགྱུར། །ཞེས་པ་འཇམ་དཔལ་རྩ་རྒྱུད་ལས། །གསུངས་པའི་ཚིག་སྣ་བསྡུས་ཏེ་བཀོད། །གཞན་ཡང་ཁ་ཆེ་པཎ་ཆེན་ལུགས། །ལུ་གུ་གདོང་གི་འབྲས་རྩིས་ལས། །བྲ་ཉེ་སྨིན་དྲུག་རྒྱལ་མཆུ་གྲེ། །ས་ག་ཁྲུམས་སྟོད་བདུན་པོ་ནི། །མེ་ཡི་མཚན་མ་ཡིན་པས་ན། །མེས་འཇིག་ནད་མུག་ཐན་པ་ཆེ། །བཞོན་བསྐམས་རྒྱལ་པོའི་སྲིད་ཉམས་འགྱུར། །ཐ་སྐར་མགོ་དང་ནབས་སོ་དབོ། །མེ་བཞི་ནག་པ་ས་རི་བདུན། །རླུང་གི་མཚན་མ་ཡིན་པས་ངན། །རླུང་ཆེན་དུས་འཁྲུག་ནད་མུག་དར། །བཞོན་ཉེས་ཁང་ཁྱིམ་ཡུལ་གྲོང་འཛིན། །རྒྱལ་པོ་རྟ་གླང་ན་འཆིས་འཚེ། །སྣར་མ་ལྷ་མཚམས་སྣྲོན་གྲོ་བཞིན། །བྱི་བཞིན་ཆུ་སྨད་མོན་གྲུ་བདུན། །ས་ཡི་མཚན་མ་ཡིན་པས་བཟང་། །ལོ་ལེགས་འབྲུ་འཕེལ་འདོད་ཀུན་འགྲུབ། །ཆོས་འདུན་ཆོས་ཉན་ཆར་པ་སྙོམས། །འཇིག་རྟེན་ཁམས་ཀུན་བདེ་བར་འགྱུར། །ལག་སྐག་སྣྲུབས་དང་ཆུ་སྟོད་དང་། །མོན་དྲེ་ཁྲུམས་སྨད་ནམ་གྲུ་བདུན། །ཆུ་ཡི་མཚན་མ་ཡིན་པས་བཟང་། །ཆར་ཆེ་རྩི་ཤིང་ལོ་འབྲས་འཕེལ། །བཟའ་བ་རྙེད་ཅིང་དགྲ་ལས་རྒྱལ། །དྲང་སྲོང་གཞུང་ལས་གཟས་བཟུང་རྗེས། །དང་པོའི་ཞག་ལ་ཆར་བབས་ན། །རྒྱལ་པོ་རྒྱལ་བར་འགྱུར་བ་སྟེ། །གཉིས་པར་བདེ་ཞིང་ལོ་ལེགས་འབྱུང་། །གསུམ་པར་རྐང་བཞིའི་ཕྱུགས་རྣམས་འཕེལ། །བཞི་པར་ཆར་བབས་དགྲ་དང་འཐབ། །ལྔ་པར་ཆར་བབས་མུ་གེ་འོང་། །དྲུག་པར་ཆར་བབས་ཐམས་ཅད་དགེ །ཞག་བདུན་བར་དུ་ཆར་མེད་ན། །མུ་གེ་ནད་ཀྱིས་ཡུལ་འཁོར་འཇིག །ཞར་བྱུང་དགེ་བའི་འགྱུར་ཁྱད་ནི། །ཇོ་བོས་མཛད་པར་གྲགས་པ་ལས། །ཉ་སྟོང་ཚེས་བརྒྱད་བརྒྱ་འགྱུར་དང་། །ཟླ་འཛིན་སྟོང་དང་ཉི་འཛིན་ཁྲི། །དུས་ཆེན་བཞི་ལ་འབུམ་འགྱུར་བཞེད། །མྱང་འདས་སིལ་བུར་དུས་ཆེན་བཞིར། །ས་ཡ་ཕྲག་བརྒྱའི་འགྱུར་དུ་གསུངས། །འཇམ་དཔལ་རྩ་བའི་རྒྱུད་ལས་ནི། །ཉ་སྟོང་ཚེས་བརྒྱད་བྱེ་བ་དང་། །ཟླ་བཟུང་བྱེ་བ་བདུན་འགྱུར་ཏེ། །ཉི་བཟུང་བྱེ་བ་འབུམ་ཞེས་གསུངས།། ༈ ཉེར་གཉིས་ས་གཡོས་འབྲས་བུ་དང་། །གློ་བུར་ལྟས་བཅས་འཇམ་དཔལ་གྱི། །རྩ་བའི་རྒྱུད་ལས་ཐ་སྐར་མཆུ། །ནབས་སོར་ས་གཡོས་ཡུལ་དབུས་ཀྱི། །རྐུན་མ་ལྷོ་ཕྱོགས་རྒྱལ་པོར་གནོད། །བྲ་ཉེ་སྨིན་དྲུག་མགོར་ནུབ་ཕྱོགས། །རྒྱལ་པོ་འཆི་ཞིང་ཀླ་ཀློ་རྐུན། །འབིགས་བྱེད་སྟེང་གནས་རྣམས་ལ་ངན། །ལག་སྐག་རྒྱལ་གྲེ་དབོར་གཡོས་ན། །རྒྱལ་པོ་རྩོད་ཅིང་ནད་མུག་འབྱུང་། །མེ་བཞི་ནག་པ་ས་རི་སྣྲོན། །ལྷ་མཚམས་ལ་གཡོས་བལ་ཡུལ་དང་། །ཁ་བ་ཅན་གནས་ཀླ་ཀློ་དང་། །ཁ་ཤའི་དཔོན་རྣམས་རྩོད་ཅིང་འཁྲུག །ཆུ་སྟོད་ཆུ་སྨད་སྣྲུབས་ལ་གཡོས། །པནྡྲེ་ཨོ་ཊཱ་ཀ་མ་རུ། །བྷངྒ་ལའི་རྒྱལ་ཤར་ཕྱོགས་མི། །གོ་ཊཱའི་བདག་དང་གངྒཱ་དང་། །རྒྱ་མཚོའི་འགྲམ་གནས་རྣམས་ལ་ངན། །གྲོ་བཞིན་མོན་དྲེ་མོན་གྲུ་དང་། །ཆུ་སྟོད་ཆུ་སྨད་ནམ་གྲུ་ཡི། །ཉི་ཕྱེད་ས་འགུལ་ལྷོ་དང་ནུབ། །བྱང་ཕྱོགས་གནས་པའི་རྒྱལ་པོ་འཁྲུག །མུ་གེས་ཡུལ་འཁོར་འབྱེད་པར་འགྱུར། །རྒྱུ་སྐར་གཞན་རྣམས་བཏང་སྙོམས་སོ།། ༈ དུས་ནི་ཐོ་རེངས་ས་འགུལ་ན། །ཚེ་རིང་ལོ་ལེགས་ནད་མེད་ཅིང་། །བཀྲ་ཤིས་འོན་ཀྱང་གྲོང་ཁྱེར་དུ། །མེ་ཡི་འཇིགས་པ་འབྱུང་བར་ཤེས། །ཉི་ཤར་དུས་གཡོས་ཨངྒ་དང་། །མ་གྷ་དྷ་པ་རྣམས་ལ་ངན། །ཉི་ཕྱེད་དུས་སམ་ཕྱི་དྲོ་འགུལ། །བདུན་པའི་རིམས་ཀྱིས་རབ་བྱུང་འཚེ། །ཕྱི་དྲོའི་མཐར་གཡོས༌བྲམ་ཟེ་དང་། །རྒྱལ་བློན་མཁས་རིག་ཀུན་ལ་ངན། །ཉི་མ་ནུབ་དང་དེ་ནས་ཀྱང་། །ཅུང་ཟད་སོང་ནས་ས་འགུལ་ན། །སེམས་ཅན་འདྲེས་དང་དུད་འགྲོ་དག །མི་ཡི་གཙོ་བོ་རྣམ་པར་འཇིག །མཚན་ཐུན་དང་པོར་དུད་འགྲོ་སོགས། །སེམས་ཅན་སྣ་ཚོགས་མིའི་རྗེར་ངན། །ཅུང་ཟད་ཐུན་དེ༌བྲི་ནས་འགུལ། །རླུང་དང་ཆར་པའི་འཇིགས་པ་འབྱུང་། །ཐུན་དེ་ཟད་མཐར་ནུབ་ཕྱོགས་ཀྱི། །རྒྱལ་པོར་ཕ་རོལ་དམག་ཚོགས་འབྱུང་། །མཚན་ཐུན་གཉིས་པའི་དང་པོར་འགུལ། །དམག་འཁྲུག་ནད་དང་འཆི་བས་འཇིགས། །གཉིས་པའི་ཐུན་དཀྱིལ་རླུང་ཆེན་ལྡང་། །ཤིང་དང་ཡང་ཐོག་ཁང་པ་འགྱེལ། །དུད་འགྲོ་རྣམས་ཀྱང་ལྟུང་བར་འགྱུར། །མཚན་ཕྱེད་ལ་འགུལ་མུ་གེ་འབྱུང་། །ཤར་ཕྱོགས་རྒྱལ་པོའམ་དེའི་བུ་འཆི། །བར་མའི་ཐུན༌བྲི་མཐར་ཉེར་འགུལ། །ཞི་ཞིང་ནད་མེད་དགེ་བར་འགྱུར། །མཚན་ཕྱེད་མཐར་གྱུར་ས་འགུལ་ན། །ཆར་ཆེ་ཡུལ་དབུས་རྒྱལ་པོར་ངན། །ཕན་ཚུན་འཐབ་རྩོད་འབྱུང་བར་འགྱུར། །མཚན་ཐུན་གསུམ་པར་བྱས་པ་བདེ། །ཕྱི་ལབ་སྦྲང་བུ་རྐུན་པོར་ངན། །ས་གཡོས་བྱུང་རྗེས་སྐར་མ་རྣམས། །ཁ་དོག་དཀར་ཞིང་སྐར་མདའ་དཀར། །བྱུང་ན་ངན་པའི་མཚན་མ་འཇོམས།། ༈ དེ་ནས་གློ་བུར་འབྱུང་བའི་ལྟས། །མཇུག་རིང་ལྷ་དང་ལྷ་མིན་འཐབ། །སྐར་མདའ་དམར་རམ་ནག་པོ་དང་། །གནམ་ལྕགས་ཉི་ཟླ་འོད་མེད་དུ། །རྡུལ་དང་ཁུག་སྣས་འཐུག་པོར་ཁེབས། །ནམ་གྲུམ་མཁའ་ལ་བུག་པ་མཐོང་། །མཚན་མོ་འཇའ་མཚོན་ཤར་བ་དང་། །བྱ་རོག་འདབ་མ་དཀར་རམ་གཞན། །ཕྱིན་ཅི་ལོག་གི་དུས་སྒྲ་དང་། །ཕྱིན་ཅི་ལོག་གི་བྱ་རྣམས་དང་། །ཕྱིན་ཅི་ལོག་གི་དུད་འགྲོ་དང་། །ཁྱི་ནི་གྱེན་བལྟས་ཡང་ཡང་ཟུག །དེ་ལྟར་གང་དུ་བྱུང་བ་ཡི། །ཡུལ་དེར་གནོད་པ་འབྱུང་བར་བཤད། །རྒྱས་པར་འཇམ་དཔལ་རྩ་རྒྱུད་དང་། །སྟག་རྣའི་རྟོགས་པ་བརྗོད་པའི་མདོ། །མིག་བཅུ་གཉིས་པ་གརྒའི་ལྟས། །དུས་བསྟན་མདོ་སྡེ་གསང་བ་སོགས། །ལྟས་ཀྱི་བྱེ༌བྲག་སྟོན་པ་ཡི། །གཙུག་ལག་རྣམས་ལ་བལྟ་བར་བྱོས།། ༈ ཉེར་གསུམ་བྱིས་པ་རྣམས་དོན་དུ། །རྩིས་ཕྲན་འགའ་ཞིག་བརྗོད་པར་བྱ། །ཁྱིམ་འཕོའི་དུས་ཀྱི་ཉི་སྐར་ལ། །ཚེས་གྲངས་བསྲེས་ལ་རེས་གཟས་བསྒྱུར། །མིང་ཡིག་དང་པོའི་གསལ་བྱེད་ནི། །རང་ཡན་རིམ་བསྲེ་མེས་དོར་བའི། །ལྷག་མའི་གྲངས་ཀྱིས་ཟོང་དཀོན་མོད། །རིན་གྱི་བྱེ༌བྲག་སྟོན་པ་སྟེ། །ཟོང་དཀོན་རིན་མོད་ལྷག་མར་གཟུགས། །ལྷག་ལ་མིག་ཤར་འབྲིང་མཉམ་ལ། །ཐིག་གྱུར་ཟད་མོད་རིན་དཀོན་འགྱུར། །ཁྱིམ་ཟླ་རེ་བཞིན་བརྟགས་ཏེ་སྨྲ།། ༈ གཞན་ཡང་རྐུན་མ་ངོས་འཛིན་ནི། །རང་ཉིད་གང་ལ་དྭོགས་པ་ཡི། །སྐྱེས་བུ་ཇི་སྙེད་སྣང་གྱུར་པ། །མི་རྣམས་རྒན་རིམ་བཞིན་མིང་གི །དབྱངས་དང་གསལ་བྱེད་ཇི་སྙེད་པ། །སོ་སོར་བསྡོམས་ལ་གསལ་བྱེད་ཚོགས། །གཉིས་ཀྱིས་བསྒྱུར་ལ་དབྱངས་ཀྱིས་ཕྲི། །སྐྱེས་བུའི་གྲངས་ཀྱིས་དོར་ལྷག་ལ། །གཅིག་བྱུང་རྒན་སོགས་རིམ་བཞིན་དུ། །བགྲངས་པས་གང་མཐུན་དེ་ཡིན་ནོ། །དེས་ཀྱང་གཅེར་འཕོག་མ་ཤེས་ན། །སླར་ཡང་སྐྱེས་བུ་ཇི་སྙེད་ཀྱི། །མིང་གི་དབྱངས་གསལ་རང་ཡན་ལ། །གང་ཡོད་རིམ་བགྲངས་རེ་རེ་བྲི། །གསལ་བྱེད་གཉིས་བསྒྱུར་དབྱངས་ཀྱིས་ཕྲི། །སྐྱེས་བུས་བགོས་ལྷག་ཐེ་ཚོམ་མེད།། ༈ དེ་ནས་དོན་ཆ་བརྟག་པ་ནི། །དྲི་ཚིག་གསལ་བྱེད་རང་རང་ཡན། །རིམ་བགྲངས་རེ་རེ༌བྲིས་པ་བསྡོམས། །གསུམ་གྱིས་བགོས་པའི་ལྷག་མ་ལ། །གཅིག་བྱུང་དོན་རྙེད་གཉིས་བར་མ། །ཐིག་ལེ་ཤར་ན་དོན་ཉམས་འགྱུར།། ༈ གཞན་ཡང་སེ་བ་ཙ་ཀྲ་བཤད། །མི་ཡི་གཟུགས༌བྲི་བརྩི་ཡུལ་གྱི། །བླ་དཔོན་སྐྱེས་མིང་སྐར་མ་ནས། །བརྩམས་ཏེ་མགོ་དང་རྒྱབ་སྙིང་ག །རྐང་པར་བདུན་བདུན་རིམ་པར་བཀོད། །རང་གི་སྐྱེས་མིང་སྐར་མ་དེ། །མགོ་བོར་སོང་དགེ་ཁྱད་པར་དུ། །བླ་དཔོན་སྐར་མར་སོང་ན་མཆོག །མཆོད་འགྱུར་ལེགས་སྟེར་རྗེས་འཛིན་འགྱུར། །རྒྱབ་སོང་བསམ་པའི་བཅུ་ཆ་རྙེད། །སྙིང་སོང་རང་ཉིད་དེའི་དབང་འགྱུར། །རྐང་པར་སོང་ན་ཕན་མི་ཐོགས། །དེ་ཚེ་གཉུག་མར་གནས་པའམ། །གཞན་དང་གཞན་དུ་རྟེན་འབྲེལ་སྒྲིག།། ༈ དེ་ནས་གཞན་ཡང་སྐྱེས་བུ་ཡི། །བརྩི་ཡུལ་མིང་གི་གསལ་བྱེད་ཀྱི། །དང་པོར་ཁ་སོགས་མཉམ་པ་ཡི། །ཡི་གེ་སྣང་ཚེ་གཡོན་སྔོན་འགྲིབ། །མི་མཉམ་ཀ་སོགས་ཡོད་གྱུར་ན། །མིག་གཡས་དང་པོར་འགྲིབ་པར་འགྱུར། །དེ་ལས་གཞན་ཡང་ཁྱོ་ཤུག་གཉིས། །སྔོན་ལ་གང་འཆི་བརྟག་འདོད་ན། །སོ་སོའི་མིང་ཡིག་ཇི་སྙེད་པ། །དབྱངས་དང་གསལ་བྱེད་སོ་སོར་ཕྱེ། །གཅིག་བསྡོམས་གསུམ་གྱིས་དོར་ལྷག་ལ། །གཟུགས་དང་ཐིག་ཤར་སྐྱེས་པ་སྔོན། །མིག་ཤར་བུད་མེད་སྔོན་ལ་འཆི། །གཞན་ཡང་དེ་ཡི་ཆོ་ག་བཤད། །གྱེན་དུ་རེ་ཁཱ་དགུ་འཐེན་ལ། །འཕྲེད་ལ་གསུམ་འཐེན་རེའུ་མིག །བརྒྱད་བརྒྱད་འབྱུང་བའི་སྟེང་བརྒྱད་པོར། །ཨ་ཀ་ཙ་ཊ་ཏ་པ་ཡ། །ཤ་བཀོད་འོག་མ་བརྒྱད་པོ་ལ། །རིམ་བཞིན་ཀླུ་འབྱུང་རོ་ཆུ་ཐུབ། །གཟུགས་མེ་ལག་རྣམས༌བྲིས་བྱས་ལ། །ཁྱོ་ཤུག་མིང་གི་ཡི་གེ་རྣམས། །སྟེང་མའི་སྡེ་ཚན་གར་གཏོགས་བརྟག །དབྱངས་རྣམས་བརྒྱད་ཀྱིས་བསྒྱུར་བ་སོགས། །རེའུ་མིག་འོག་མའི་གྲངས་ཀྱིས་བསྒྱུར། །དེ་ལྟར་དབྱངས་གསལ་ཐ་དད་དུ། །བསྒྱུར་བའི་གྲངས་རྣམས་སོ་སོར་བསྡོམས། །དབྱངས་མཚོ་གསལ་བྱེད་མིག་གིས་བསྒྱུར། །གཅིག་བསྡོམས་མེས་དོར་ལྷག་མ་ལ། །མཁའ་དང་གཟུགས་ཤར་སྐྱེས་པ་སྔོན། །གཉིས་ཤར་བུད་མེད་སྔོན་ལ་འཆི། །གཞན་ཡང་མིང་ཡིག་དང་པོ་ལ། །རིང་བའི་དབྱངས་ལྔ་ཀ་ཡིག་ནས། །དེའི་བར་བཅོ་ལྔ་གང་རུང་ཡོད། །དེ་ཚེ་ནག་པོའི་ཕྱོགས་ལ་འཆི། །ཐུང་བའི་དབྱངས་ལྔ་གསལ་བྱེད་ནི། །དྷ་ནས་ཧའི་བར་གང་རུང་ཡོད། །དཀར་པོའི་ཕྱོགས་ལ་འཆི་བ་ཡིན། །སྦྲུམ་མའི་སྐྱེ་བ་བརྟག་པ་ནི། །མ་ཡི་ལོ་བདག་བྱི་བ་སོགས། །ཕོ་ལོ་དྲུག་སྟེ་གླང་སོགས་དྲུག །མོ་ལོ་ཡིན་པ་ངེས་བྱས་ནས། །མ་དེས་དུ་ལོན་ལོ་དང་བསྟུན། །དེ་ཡང་བཅུ་བཞི་ནས་ཞེ་བརྒྱད། །བར་གྱི་གྲངས་ཆ་ལ་ལོ་བདག །ཕོ་ལོ་ཡིན་ན་བུ་སྐྱེ་ལ། །མོ་ལོ་ཡིན་ན་བུ་མོ་སྐྱེ། །དེ་བཞིན་བཅོ་ལྔ་ནས་ཞེ་དགུའི། །བར་གྱི་གྲངས་ཡར་ཕོ་ལོ་ལ། །བུ་མོ་སྐྱེ་ཞིང་མོ་ལོ་ལ། །བུ་སྐྱེ་དེ་ཡང་མངལ་ཞུགས་ཀྱི། །ལོ་བརྩི་ལོ་འགོ་སྤོར་ཐང་ལུགས། །འདི་དག་བྱིས་པ་དྲང་བའི་ཆེད། །རྣམ་པར་བཏུས་ཏེ་བཤད་པའོ།། ༈ ཉེར་བཞི་པ་ནི་དེ་ཀུན་གྱི། །ངོ་ལོན་ཆོ་ག་བཤད་པར་བྱ། །དེ་ལ་སྤྱི་དང་བྱེ༌བྲག་གཉིས། །སྤྱི་ནི་ཀུན་གྱི་གཙོར་གྱུར་པ། །ཕྱི་ནང་སྒྲ་གཅན་ངོ་ལོན་ཏེ། །ནང་གི་སྒྲ་གཅན་འཁྲུགས་པ་ལ། །བདག་མེད་དེ་བཞིན་ཉིད་བསྒོམ་ཞིང་། །དེ་ནས་རྡོ་རྗེའི་བཟླས་པའམ། །བཙན་ཐབས་བུམ་ཅན་སྦྱོར་བ་ཡིས། །རླུང་ཉམས་གསོས་པས་འཆི་ལས་རྒྱལ། །ཕྱི་ཡི་སྒྲ་གཅན་གཉེན་པོ་ལ། །ལྷ་ཡི་བསྐྱེད་རྫོགས་རྣལ་འབྱོར་བསྒོམ། །དེ་མ་ནུས་ལ་ཐུན་མོང་དུ། །བསྲུང་བའི་འཁོར་ལོ༌བྲི་བ་ནི། །མུ་ཁྱུད་བཅུ་གཅིག་བསྐོར་བ་ལ། །ཕྱི་ནས་རྡོ་ར་རྟེན་སྙིང་དང་། །གསལ་བྱེད་དབྱངས་བཀོད་དེ་ནང་གི །ནག་དམར་དཀར་སེར་ཟླུམ་སྐོར་བཞི། །རླུང་མེ་ཆུ་སའི་དཀྱིལ་འཁོར་ཡིན། །དེ་ནང་ཟླུམ་སྐོར་དཀར་དམར་ནག །ཟླ་བ་ཉི་མ་སྒྲ་གཅན་ཏེ། །ལྟེ་བ་སྒྲ་གཅན་ནག་པོའི་དབུས། །ཚེག་དྲག་ལྡན་པའི་ཧྃཿཡིག་བཀོད། །ཡེ་དྷར་མཇུག་ཏུ་འཆར་བ་ལ། །གཟའ་སྐར་དུས་སྦྱོར་སྒྲ་གཅན་གྱི། །གནོད་པ་སྲུངས་ཤིག་ཅེས་པ༌བྲི། །རྡོ་རྗེ་ཤུགས་ཀྱི་ང་རྒྱལ་གྱིས། །གཟའ་སྐར་དུས་སྦྱོར་སྒྲ་གཅན་ལ། །གཏོར་མ་བྱིན་ནས་བཀའ་བསྒོས་ལ། །རབ་གནས་བྱས་ཏེ་སྲང་བུ་ལྔས། །བཅིངས་ལ་རྒྱ་སྐྱགས་ཀྱིས་གཏུམས་ཏེ། །བསྲུང་བྱའི་མགུལ་དུ་བཏགས་པ་ན། །གཟའ་སྐར་དུས་སྦྱོར་གནོད་པ་ཀུན། །ཞི་བྱེད་རྟེན་འབྲེལ་ཆེ་བ་ཡིན།། ༈ བྱེ༌བྲག་སོ་སོའི་ངོ་ལོན་ལ། །ཐུན་མིན་ཐུན་མོང་རྣམ་པ་གཉིས། །ཐུན་མིན་གཟའ་སྐར་དུས་ལྷ་ཡི། །རང་རང་ངོ་ལོན་ཆོ་ག་བཤད། །གཟའ་ཡི་ཉེས་པས་གཟའ་ཡུམ་སོགས། །གཟའ་རྣམས་སོ་སོའི་གཟུངས་སྔགས་འདོན། །སྡེ་དྲུག་བསྲུང་མའི་ནང་ནས་གཟའི། །ཆོ་གའམ་གཟའ་ཡུམ་མཆོད་ཆོག་བཞིན། །སོ་སོའི་གཏོར་མ་ལེགས་པར་བྱིན། །དྲག་པོ་གདོང་ཐུག་ཉེས་པ་ལ། །དྲག་པོ་མདུན་བསྒོམས་གཏོར་མ་བྱིན། །དེ་བཞིན་ཀླུ་བརྒྱད་ལ་ཡང་སྟེ། །གཉིས་ག་སྡེ་དྲུག་ནང་ལྟར་རོ། །ཚངས་སོགས་རྣལ་འབྱོར་མ་བརྒྱད་ལ། །གསུང་གི་ལྷ་མོའི་ཆོ་གས་སོ། །རྒྱུ་སྐར་རྣམས་ལ་རང་རང་གི །ཁ་ཟས་མཐུན་པའི་གཏོར་མ་རྣམས། །སོ་སོའི་སྔགས་ཀྱིས་སྦྱིན་པར་བྱ། །ཆུ་ཚོད་སྲང་དབུགས་ལ་འཆར་ལྷ། །རྡོ་རྗེའི་ཕོ་ཉ་དྲུག་ཅུ་བཞི། །ཡིན་ཕྱིར་གཏོར་མས་ཚིམ་པར་བྱ། །ལུག་ཁྱིམ་ནས་བརྩམས་ཉའི་བར་གྱི། །ཁྱིམ་ཟླ་དེ་དེའི་ཚེས་ལྷའི་གཙོ། །རིམ་པར་རླུང་ལྷ་མེ་ཡི་ལྷ། །གདོང་དྲུག་རྒྱ་མཚོ་ཚོགས་ཀྱི་བདག །དབང་པོ་ཚངས་པ་དྲག་པོ་དང་། །གནོད་སྦྱིན་ཁྱབ་འཇུག་དང་གཤིན་རྗེ། །བདེན༌བྲལ་རྣམས་བསྒོམས་གང་གནོད་ཀྱི། །རང་རང་གཏོར་མ་སྦྱིན་པ་ཡིས། །དུས་སྦྱོར་ངན་པ་བཟློག་པར་བྱེད། །ཀ་ཀི་རྡོ་རྗེ་ལ་སོགས་པ། །ཚེས་ལྷ་སོ་སོ་བསྒོམས་བྱས་ནས། །གཏོར་མ་སྦྱིན་ན་ཞག་རྣམས་ལ། །འཆར་བའི་དབྱངས་གསལ་ཉེས་པ་བཟློག །ཐུན་མོངས་གཞུང་གཞན་ལས་བྱུང་བའི། །བཅོས་ཐབས་མཁྱུད་སྤྱད་འགའ་ཞིག་བཤད། །ལམ་དུ་འཇུག་ཚེ་གར་འགྲོ་བའི། །ཕྱོགས་དེར་ཐལ་མོ་སྦྱར་བྱས་ནས། །དཀོན་ཅོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེས་གྲངས་དང་རྒྱུ་སྐར་ཡུད་ཙམ་གྱི་བདག་པོ་ལ་ཕྱག་འཚལ་ལོ། །ཏདྱཐཱ། །ནཀྵ་ཏྲེ་ནཀྵ་སརྦ་ཏི་ཐི་མཱུརྟི་ནཀྵ་ཏྲ་ན་མ་ས་དུནྟེ་ནི་བྷ་ཝནྟུ་སྭཱ་ཧཱ། །ལན་གསུམ་བརྗོད་པས་དོན་འགྲུབ་བོ། །གཞན་ཡང་རྟག་ཏུ་བཟང་བ་ཡི། །སྙིང་པོ་འདི་ཡང་བཟླ་བར་བྱ། །ན་མོ་རཏྣ་ཏྲ་ཡཱ་ཡ། །ན་མསྶ་ཧ་རཱ་ཛེ་བྷྱོ་དེ་ཝ་སུ་ཏ་ས་ཧུ་ཏ་ན་ཏ་རེ་སུཏི་ནི་སྭཱཧཱ། །བཟླས་པས་གར་འགྲོ་ན་ཡང་དགེ །ལམ་དུ་འཇུག་ཁར་ལག་མཐིལ་དུ། །ཡི་གེའི་རྟེན་འབྲེལ་འདྲི་བ་ནི། །ནམ་མཁའ་ཞེས་བྲིས་དགྲ་མི་ཡོང་། །འབྲུག་ཅེས༌བྲིས་པས་རྙེད་པ་ཐོབ། །སྟག་ཅེས༌བྲིས་པས་དམག་ལས་རྒྱལ། །ཆོས་འཚོལ་བ་ལ་ལྷ་ཞེས་བྲིས། །དེ་ཡང་ཁྱིམ་ནས་མདའ་རྒྱང་ཙམ། །བྱས་པས་འདོད་དོན་འགྲུབ་པར་འགྱུར།། ༈ དེ་ནས་གཟའ་ཡི་སྒྲིབ་ཤིང་བཤད། །ཉི་མར་གྲོད་པའི་ནང་དུ་ཆུ། །བླུག་ཅིང་དེ་ལ་ཉི་དཀྱིལ་བྲི། །ཕག་ཐོད་དང་བཅས་འཕྱར་བས་ཐུབ། །ཟླ་བར་རས་སྒྱེའུར་ས་སེར་བླུག །ལུག་ཐོད་དར་སྣས་བརྒྱན་ཏེ་འཕྱར། །མིག་དམར་བྱི་བའི་རླིད་བུ་དང་། །བྱི་ཐོད་ཆུས་བཀང་འཕྱར་བས་སྒྲིབ། །ལྷག་པར་གླང་ཐོད་མཁའ་ལ་འཕྱར། །ལུག་ཐོད་ལག་ཏུ་བཟུང་བས་སྒྲིབ། །ཕུར་བུ་སྤྲེལ་ཐོད་ལྕགས་ཀྱི་མདའ། །བྱའི་གསོབ་གའུའི་ནང་བཅུག་སྒྲིབ། །པ་སངས་སྦྲུལ་ཐོད་མཁའ་ལ་འཕྱར། །རྔ་མོང་ཐོད་པ་བཙོན་བཟུང་སྒྲིབ། །སྤེན་པ་གཅན་གཟན་ཐོད་པ་དང་། །སྟག་ལྤགས་དར་སྣས་བརྒྱན་ཏེ་འཕྱར། །སྒྲ་གཅན་གདུག་པ་སྒྲིབ་པ་ན། །ར་ཐོད་བོང་ཐོད་གཡག་རུའི་ནང་། །སྡེ་བརྒྱད་འཁོར་ལོ་བཅུག་པ་དང་། །ཕྱག་རྡོར་སྐུ་བསྟན་ཉེས་པ་ཐུབ། །ལམ་ཞུགས་གཟའ་ཡི་ངོ་ལོན་ནི། །གླང་རྭ་གཡས་ནད་སྡིག་པའི་རྭ། །གཡས་བཅུག་འགྲོ་ཕྱོགས་ལམ་དེ་ཡི། །གཡས་སུ་བཞག་པས་ཉེས་པ་ཐུབ།། ༈ དེ་ནས་རྒྱུ་སྐར་སྒྲིབ་ཐབས་བཤད། །སྨིན་སྣར་མགོ་ལག་ནབས་རྒྱལ་ལ། །རིམ་བཞིན་སྤྲེའུ་ཁྱི་དང་ཝ། །བ་དང་ཕག་པ་ར་དྲུག་གི །ཐོད་པ་ཤར་ཕྱོགས་འཕྱར་བས་སྒྲིབ། །སྐག་ལ་བྱི་ཐོད་ཤར་ལྷོར་འཕྱར། །མཆུ་གྲེ་དབོ་དང་མེ་བཞི་ནག །ས་རི་རིམ་བཞིན་སྦྲུལ་བྱིའུ། །དོམ་དང་མ་ཧེ་སྟག་ཤ་བ། །དྲུག་པོའི་ཐོད་པ་ལྷོར་འཕྱར་སྒྲིབ། །ས་གར་སྟག་ཐོད་ལྷོ་ནུབ་འཕྱར། །ལྷ་མཚམས་སྣྲོན་སྣྲུབས་ཆུ་སྟོད་སྨད། །གྲོ་བཞིན་རིམ་ལྟར་ཁྲི་སྙན་སྤྲེལ། །རྨ་བྱའི་ཐོང་དང་ཆུ་སྲིན་གཟུགས། །དྲེད་དང་གླང་ཐོད་ནུབ་ཕྱོགས་འཕྱར། །བྱི་བཞིན་ཤ་ཐོད་རླུང་དུའོ། །མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཐ་སྐར་རིམ་པ་བཞིན། །རྟ་དང་འུག་པ་རབས་ཆད་སྦྲུལ། །བུད་མེད་རབས་ཆད་རྣམས་ཀྱི་ཐོད། །རྟ་གཟུགས་བྱང་ཕྱོགས་འཕྱར་ཏེ་སྒྲིབ། །བྲ་ཉེ་གླང་ལུག་གང་རུང་ཐོད། །བྱང་ཤར་མཚམས་འཕྱར་ཉེས་པ་ཐུབ།། ༈ སྲེག་ཚེས་མར་དཀར་གསུར་གཏོང་ཞིང། །རེས་གཟའི་ཁམས་མཐུན་དར་འཕྱར་སྒྲིབ། ༈ །བིཥྚིའི་གནོད་པ་བཅོས་ཐབས་ནི། །ཕོ་ཤིང་དབྱུག་ཐོའི་རྣམ་པ་ལ། །མོ་ཤིང་རྩ་རྩེ་མ་ལོག་ཡུ། །དབྱུག་ཐོའི་ཕྱོགས་བཞིར་ཤར་ནས་བརྩམས། །རིམ་བཞིན་བོང་བུའི་རྒྱབ་རྩེ་གསུམ། །སེང་གེའི་རྒྱབ་ཏུ་རལ་གྲི་དང་། །སྟག་གི་རྒྱབ་ཏུ་འཕང་མདུང་དང་། །ཁྭ་ཏའི་རྒྱབ་ཏུ་གཡུང་དྲུང༌བྲིས། །མགོ་བོའི་ཕྱོགས་མཚམས་ཤར་ནས་བརྩམས། །ཨ་ཀ་ཙ་ཊ་ཏ་པ་དང་། །ཡ་ཤ་བརྒྱད་པོ་རིམ་པར༌བྲི། །ཟུར་བཞིར་སྦྲུལ་གཟུགས་མཐུར་རྒྱུག༌བྲི། །དབྱུག་ཐོའི་མགོ་བོར་རིང་བསྲེལ་གཞུག །ཚེས་སོགས་བིཥྚིའི་གནོད་པ་བསྲུང་།། ༈ བུམ་སྟོང་ཉེས་པ་སྒྲིབ་པ་ལ། །རིན་ཆེན་བུམ་པ་གཉིས་ཀྱི་ནང་། །འབྲུ་སྣ་རིན་ཆེན་སྣ་ཚོགས་བླུག །གྲོ་ག་འམ་ནི་ཤོག་བུ་ལ། །ཨོཾ་བཛྲ་སཱུརྱ་ཙནྡྲ་མཾ་ག་ལྃ་བུདྡྷ་བྲྀ་ཧསྤ་ཏི་ཤུ་ཀྲ་ནཻཤྩ་རཱ་ཡ་མ་རཀྵཿཀུ་རུ་ཀུ་རུ་སྭཱ་ཧཱ། །ཞེས་བྲིས་སྒྲིལ་ལ་བུམ་ནང་གཞུག །གཅིག་ནི་བུམ་སྟོང་ཕྱོགས་སུ་བཞག །ཅིག་ཤོས་བསྲུང་བྱའི་མགུལ་ལམ་ལག། །ཡང་ན་ཕྱོགས་དེར་བཞག་ཀྱང་རུང་། །དེ་ཡིས་བསམ་དོན་འགྲུབ་པར་འགྱུར། །ཡང་ན་རིན་ཆེན་བུམ་པའི་ནང་། །འབྲུ་སྨན་རིན་ཆེན་སྣ་ལྔ་དང་། །ཆང་གིས་བཀང་ལ་རྨ་བྱའི་སྒྲོས། །ཁ་རྒྱན་བུམ་སྟོང་གནས་ཕྱོགས་བཞག ༈ རང་གི་སྐྱེས་མིང་སྐར་མ་ལ། །དྲག་གཟའི་གདོང་ཚུགས་བྱུང་བ་ན། །མལ་སྤོ་དགེ་སློང་བཞི་སྡེ་མཆོད། །འཇམ་དཔལ་མཚན་བརྗོད་གསེར་མདོ་འདོན། །འཁྱུད་པ་ལ་ནི་ལུས་དང་མིང་། །བསྒྱུར་ཞིང་སྡོམ་པ་བླངས་ཏེ་སྲུང་། །སོལ་བར་ནོར་རྣམས་སྦྱིན་པར་བཏང་། །གསེར་འོད་དམ་པ་རྒྱལ་མཚན་གཟུངས། །གཟའ་ཡུམ་ཚེ་གཟུངས་འདོན་པར་བྱ། །དུ་བ་ལ་ནི་མི་གཙང་བསྲུང་། །ཁྲུས་དང་སྦྱིན་སྲེག་ཆོ་ག་བྱ། །མཆེ་བ་ཟུག་ན་ཆུ་གཏོར་གཏོང་། །བཀྲས་བརྩེགས་གསེར་འོད་དམ་པ་སྒྲོག ༈ དེ་ནས་ཉི་མ་སྤར་སྨེ་དང་། །ཚེས་ཀྱི་ས་བདག་སྒྲིབ་ཐབས་ལ། །སྤྱི་དང་བྱེ༌བྲག་རྣམ་པ་གཉིས། །སྤྱི་ལ་སྲུང་བཟློག་སྒྲིབ་ཐབས་གསུམ། །འཁོར་ལོ་འཆང་བ་བསྲུང་བ་སྟེ། །གྲོ་ག་འམ་ཤོག་བུར་རིན་པོ་ཆེའི། །ཁུ་བས་ཉེས་པ་ཀུན་སེལ་གྱི། །འབྱུང་ལྔའི་འཁོར་ལོ་རྒྱས་བསྡུས༌བྲི། །ཁམས་མཐུན་ཚོན་བསྒྱུར་རབ་གནས་བྱ། །བལྟབ་བམ་བསྒྲིལ་ལ་སྲད་བུ་ལྔས། །ནང་ནས་དགྲ་འདེད་ཚུལ་གྱིས་བཅིངས། །དེ་དང་ལྷན་ཅིག་མཐིང་ཤོག་ལ། །གསེར་གྱི་རྡོ་རྗེ༌བྲིས་པ་གཉིས། །རུས་སྦལ་ཁོག་པའི་ནང་བཅུག་ལ། །བསྲུང་བྱར་འདོགས་སམ་ཕྱོགས་ཅི་བདེར། །འཕྱར་བས་ཉེས་ཀུན་བསྲུང་བའི་མཆོག །སྔགས་བཟླ་བ་ནི་བཟློག་པ་སྟེ། །རང་ཉིད་འཇམ་དཔལ་དབྱངས་ལྟ་བུ། །ཡི་དམ་གང་ཡིན་ང་རྒྱལ་གྱིས། །ཀོན་ཁཾ། །ཡང་ཡང་། །ཤིང་ཀོམ། །ཨོཾ་ས་ཏོ་བྱད་སྭཱ་ཧཱ། །བཟློག་བཟློག་ཅེས་པ་བརྒྱའམ་སྟོང་བཟླས་རྗེས། །སྣང་བརྒྱད་སྙིང་པོ་བརྒྱ་རྩ་བཟླ། །དེ་ཡིས་མི་བཟློག་གང་ཡང་མེད། །ཏིང་འཛིན་བསྒོམ་པ་སྒྲིབ་པ་སྟེ། །ལྷ་ཡི་སྐུར་བསྒོམ་ང་རྒྱལ་བྱ། །ཡང་ན་སྒྲིབ་ཤིང་ཡང་རྩ་ནི། །སྟོང་ཉིད་ངང་ལ་གནས་པ་སྟེ། །ཉེས་པ་ཀུན་ལས་རྣམ་པར་རྒྱལ། །བྱེ༌བྲག་སོ་སོའི་སྒྲིབ་ཤིང་ལས། །ཉི་མ་བཅུ་གཉིས་སྒྲིབ་ཐབས་ལ། །སྤྱིར་ནི་ལོ་ཟླ་ཞག་དུས་ཚོད། །བཅུ་གཉིས་གང་ཡིན་གནོད་པ་དང་། །ཕྱོགས་དེར་ལས་བརྩམ་ངན་པ་ན། །སྟག་ཡོས་གཉིས་དང་ཤར་ཕྱོགས་ཀྱི། །གནོད་པར་སཱཙྪ་དཀར་པོ་ནི། །བཞིའམ་བརྒྱད་དམ་དྲུག་ཅུ་བཏབ། །ཁྱིམ་གྱི་གོང་ལའི་ཤར་ཕྱོགས་སམ། །ཁྱིམ་ནང་ཕྱོགས་དེར་བཞག་པས་ཐུབ། །དེ་བཞིན་སྦྲུལ་དང་རྟ་གཉིས་པོར། །སཱཙྪ་ནག་པོ་ཕྱོགས་ལྷོ་དང་། །བྱ་སྤྲེར་ནུབ་ཕྱོགས་སཱཙྪ་དམར། །བྱི་ཕག་བྱང་དུ་སཱཙྪ་སེར། །མཚམས་བཞིར་སཱཙྪ་ལྗང་གུ་སྟེ། །གྲངས་དང་རང་ཕྱོགས་འཇོག་པ་འགྲེ།། ༈ དེ་ནས་བྱ་བ་བྱེ༌བྲག་པར། །ལྟོས་པའི་སོ་སོའི་སྒྲིབ་ཤིང་བཤད། །སྟག་ཉི་སྟག་ལྤགས་རས་མའམ། །མདའ་ལ་ལྷམ་སྐྲད་བཏགས་པས་ཐུབ། །ཡོས་ཉི་གཙོད་རུར་སྤྲང་ཞྭ་གཡོགས། །བོང་བུར་སྦྱིན་བདག་གོས་བཀལ་སྒྲིབ། །འབྲུག་ཉི་སྒྲིབ་ན་བག་ཟན་ལ། །མི་ལུས་འབྲུག་མགོར་ཟོར་བ་བཙུགས། །ནས༌བྲེ་གང་དང་མདའ་དར་བཅས། །ཤར་ལྷོར་བཞག་པས་ཉེས་པ་ཐུབ། །སྦྲུལ་ཉིར་བག་མའི་ཞྭ་ནང་དུ། །ཁྱོ་ཡི་གླུད་བཅུག་རྩིས་མཁན་གྱི། །གདན་གྱི་འོག་ཏུ་བཅུག་པས་ཐུབ། །རྟ་ཉི་ཡུལ་དཔོན་རྐང་རྗེས་ས། །རང་གི་མལ་འོག་མནན་པས་སྒྲིབ། །ལུག་ཉིར་སྨན་ཕུད་སྨན་པར་བྱིན། །སྨན་དེ་ནད་པའི་འཕོངས་འོག་འདོན། །སྤྲེལ་ཉིར་སྣམ་སྣར་ཁྱི་ལུད་བཏགས། །དེ་བཅད་ནུབ་སྨད་ཕྱོགས་སུ་བསྐྱུར། །བྱ་ཉི་སྒྲིབ་ན་སྒྲོམ་ཆེན་གྱི། །ཞྭ་ནང་དེ་ཕོ་བཅུག་པ་ལ། །བཅུ་གཉིས་ལོ་ཡི་འཁོར་ལོ་བཏགས། །གྲལ་དཔོན་གཡས་ཟུར་བཞག་པས་ཐུབ། །ཁྱི་ཉིར་སྤང་ཟན་ཁྱི་ལ་བྱིན། །ཁྱི་གཞན་གཅིག་ལ་མི་ཁའི་རྫས། །བཀལ་ལ་གར་འགྲོའི་ཕྱོགས་སུ་བསྟན། །ཕག་ཉིར་སྤེན་མ་ཉག་གཅིག་དང་། །འཇག་མ་ཉག་གསུམ་བུད་མེད་ཀྱི། །དོར་རྟ་ཚལ་བུས་གཏུམས་བྱས་པ། །རྒྱ་ལམ་མནན་སྟེངས་མཐོ་བརྩིགས་པར། །ཕ་ཚན་ཞྭ་མོ་གཡོགས་པས་ཐུབ། །བྱི་བའི་ཉི་མར་འབྲུ་སྣ་དང་། །བལ་སྐུར་ཁྱི་ཡི་སྐེར་བཏགས་སྒྲིབ། །གླང་ཉིར་ས་སེར༌བྲེ་གང་ནང་། །གང་ཉོ་དངོས་པོའི་སྤུ་མིང་གཞུག།། ༈ དེ་ནས་སྤང་སྨེའི་སྒྲིབ་ཤིང་ནི། །ལི་ལ་བཤན་ཐོད་ཆུ་སྲིན་བསྐྱོན། །ཁོན་ནི་ཤིང་མཁན་ཐོད་པ་ལ། །སྡིག་པོ་ཞོན་པའི་གཟུགས་ཀྱིས་སྒྲིབ། །དྭ་ནི་དམེ་ཐོད་སྦྲུལ་ཞོན་སྒྲིབ། །ཁེན་ནི་མཛེ་ཐོད་ཕག་ཞོན་སྒྲིབ། །ཁམ་ནི་རབས་ཆད་ཐོད་པ་ལ། །གླང་ཆེན་ཞོན་པས་སྒྲིབ་པར་བྱ། །གིན་ནི་ཤོ་རེའི་ཐོད་པ་ལ། །ཕུར་པ་བཙུགས་པས་སྒྲིབ་པར་བྱ། །ཟིན་ནི་མགར་ཐོད་སྤྱང་ཞོན་སྒྲིབ། །ཟོན་ནི་སྨྱོན་པའི་ཐོད་པ་ལ། །རྩངས་པའི་གཟུགས་བསྐྱོན་དེ་ཡིས་སྒྲིབ། །གཅིག་དཀར་མི་དམར་རྟ་དམར་དང་། །གཉིས་ནག་ཁྱི་ནག་ཕོ་རྟགས་ཏེ། །གསུམ་མཐིང་གླང་ཆེན་སྦྲུལ་ཞོན་སྒྲིབ། །བཞི་ལྗང་སྤྲེལ་དཀར་ཁྱི་དམར་ཞོན། །ལྔ་སེར་སྟག་ཐོག་ཚེར་མ་བཙུགས། །དྲུག་དཀར་ཝ་ལ་སྦྲུལ་ཞོན་སྒྲིབ། །བདུན་དམར་ཆུ་གླང་སྔོན་པོ་ལ། །ལྷ་སྨན་བཟང་པོ་ཞོན་པས་སྒྲིབ། །བརྒྱད་དཀར་རྭ་ཅན་བཞི་ཡིས་སྒྲིབ། །དགུ་དམར་བཙད་པོ་ཕག་ཞོན་སྒྲིབ།། ༈ ཞག་དུས་ས་བདག་སྒྲིབ་ཐབས་ལ། །སྤྱི་རྒྱུག་སྔར་གྱི་འཁོར་ལོ་ནི། །རུས་སྦལ་ཁོག་པར་བཅུག་དེ་དང་། །ལྷན་ཅིག་སྦ་ལྕག་ཚིགས་གསུམ་པ། །སེང་ལྡེང་ཕུར་བུ་རྨ་བྱའི་མདོངས། །བཅངས་སམ་ཡང་ན་འཕྱར་ཡང་རུང་། །ནམ་མཁའ་སྟོང་འདྲ་མཐོང་བར་འགྱུར།། ༈ བྱེ༌བྲག་སོ་སོའི་བཅོས་ཐབས་ནི། །དབུལ་ལག་སྒྲིབ་ན་ལག་པའི་གཟུགས། །བཅོས་པ་རུས་སྦལ་ཁོག་པར་བཅུག །ལྔ་སེར་སྟེང་དུ་མནན་པས་ཐུབ། །གཟའ་རྒོད་རེས་གཟའི་ཁམས་མཐུན་དར། །འཕྱར་ཞིང་མར་དཀར་གསུར་གྱིས་སྒྲིབ། །ཟླ་ནག་སྒྲིབ་ན་དར་རམ་རས། །དཀར་པོ་ཁ་ཚར་ཉམས་མེད་འཕྱར། །མར་དཀར་གསུར་གཏོང་ཕྱོགས་བཞི་ལ། །ས་དམར་གཏོར་ཞིང་གཡག་གམ་ལུག །མགོ་དཀར་དར་སྣ་བཏགས་པས་སྒྲིབ། །ཆུ་གཏོར་གཟུངས་འདུས་བཀླགས་པས་ཐུབ། །ཉི་ནག་སྒྲིབ་ན་མར་དཀར་དང་། །ཤ་ཡི་གསུར་བཏང་ཉེས་པ་ཐུབ། །བར་གྱི་ཧལ་ཁྱི་འབྲུ་སྣ་ཡི། །ཟན་ལ་ཁྱི་ནག་གཟུགས་བཅོས་པ། །ཧལ་ཁྱིའི་ཕྱོགས་སུ་བསྟན་པས་ཐུབ། །གནམ་ཁྱིར་ཁྱི་ནག་གཟུགས་བྱས་ལ། །སྤྱིར་དགུ་དོ་གལ་ཐམས་ཅད་ནི། །སྡིགས་ཤིག་བྱས་ལ་དེ་ཕྱོགས་བཏང་། །རང་ཉིད་ཡོལ་བའི་ཕག་ཏུ་ཡིབ། །ཀི་ཀང་རྨ་བྱའི་མདོངས་ཀུ་ཤ།།ལ་ཆ་བལ་གྲི་རེ་བས་སྒྲིལ། །ཚེས་ལ་གནས་པའི་ཕྱོགས་སུ་གཟུགས། །རྣམ་འཇོམས་གཟུངས་དང་གཟའ་ཡུམ་འདོན། །པི་ལིང་དར་སེར་འཕྱར་བས་ཐུབ། །ཡང་ན་ཁྱི་ལུད་དུད་པ་གཏོང་། །གཟའ་བདུན་ཕོ་ཉ་འགྱེད་པ་ལ། །ཉི་མའི་རེས་ལ་དར་སྔོན་འཕྱར། །ཆུ་གཏོར་གཏོང་སོགས་རེས་གཟའ་ཡི། །ཨུར་གནོན་བྱི་ཞིང་གཟའ་ཡུམ་འདོན། །ཕུང་ཟོར་སྒྲིབ་ན་དབྱུག་པའི་རྩེར། །རབས་ཆད་ཟོར་བ་རྨ་བྱའི་སྒྲ། །བསྡམས་པ་ཁ་ཕྱིར་བསྟན་ལ་འཛུགས། །ནག་ཆུང་ཟན་ལ་ལྷོར་སྟག་གཟུགས། །ནུབ་རྟ་བྱང་ལུག་ཁྱི་གཟུགས་ཤར། །དེ་ཉིན་ཉི་མ་གར་གནས་འཛུགས། །རཱ་ཧུ་ཕྱག་རྡོར་སྐུ་བསྟན་སྒྲིབ། །གནམ་སྦྱོར་གནམ་ཁྱི་བཞིན་དུ་བཅོས། །ཟིན་ཕུང་སྒྲིབ་ན་ར་མགོ་ལ། །མེ་ལོང་བཏགས་པར་གླིང་དགུ༌བྲིས། །ཕྱོགས་དེར་འཕྱར་བས་ཉེས་པ་ཐུབ། །ལྷ་ལྔ་ལྷ་དགུ་སྒྲིབ་པ་ན། །སཱཙྪའི་ནང་དུ་སྔགས་འདི་གཞུག །ཀྒྷྃ་ཨྐྲ་སྑྲྃ་གྐྲྃ་སྨྃཿ །སྒོ་ཡི་ཡ་ཐེམ་བཞག་པས་ཐུབ།། ༈ གནམ་སྒོ་བཅུ་པོ་འདི་ལྟར་སྒྲིབ། །མགྲོན་གྱི་གནམ་སྒོ་སྒྲིབ་པ་ན། །ལྷ་ལ་ཡོན་དབུལ་མི་ཁ་བརྡེག །འདྲེ་མིང་རང་འཐག་འོག་ཏུ་མནན། །རང་འཐག་ལྟེ་ཕྱེ་གནམ་ལ་གཏོར། །བྱ་གསོབ་བྱང་གི་ནམ་མཁར་འཕྱར། །རྒྱལ་ཐེ་བཟློག་པའི་སྔགས་འདི་བགྲང་། །ཨོཾ་རུ་རུ་ཧ་ཧཱ་རྦད། །ཆོས་ནི་ཏོག་གི་སྙིང་པོ་འདོན། །ཚོང་གི་གནམ་སྒོ་སྒྲིབ་པ་ན། །སྒ་ལ་གླང་གི་རྨིག་པ་བཀལ། །བོང་གཟུགས་འོག་ཏུ་མིང༌བྲིས་མནན། །བྲེ་དང་སྲང་གཉིས་སཱཙྪས་མནན། །ཁྲོལ་མ་སྦང་མས་བཀང་ལ་བཞག །ལྷམ་ནང་ཚོང་པའི་ཟ་ཕྱེ་བླུག །གཡག་རུའི་འོག་ཏུ་མནན་བྱས་ལ། །ཟར་མའི་བཅའ་ཡོས་གནམ་ལ་གཏོར། །རྡོ་རྗེ་མཆུ་སྒྲོག་པུ་སྟི་འཕྱར། །ཚོང་རུཾ་རུཾ་གྷ་རུཾ་རུཾ་ས༌བྲེ་ཧཱུཾ་ཧཱུཾ་ཝ་དེ་པ་ལ་སྭཱ་ཧཱ། །བུ་ཆུང་གནམ་སྒོ་སྒྲིབ་པ་ན། །ཆུང་རོ་གྲོད་པའི་ནང་དུ་བཅུག །མི་བསད་མཚོན་གྱིས་དེ་ལ་བརྡེབ། །ཨོཾ་བུ་སོད་ཚང་ཤིག་ནོར་འཕྲོག་ཏི་ཏི་ཀུ་རུ་ཡེ་སྭཱ་ཧཱ། །རྡོ་རྗེ་གནམ་ལྕགས་མཆུ་གཟུངས་འདོན། །མི་ཁ་བཙོང་མོའི་ཁྱིམ་དུ་ཐོང་། །དམག་གི་གནམ་སྒོ་སྒྲིབ་པ་ན། །དམག་དཔོན་མིང་བྱང་བཙོན་དུ་བཟུང་། །གོ་ཆའི་སྣེ་མོ་མེ་ལ་བསྲེག །རྟ་ཕོའི་རྣ་བའི་རྩེ་མོ་གཅོད། །སྐྱ་མི་ཕྱིན་ཁ་ལྡོག་ལ་བསྐྱོན། །གྲི་མདུང་བཞི་དང་དར་འཕྱར་ཞིང་། །དམག་མི་གསོད་པའི་སྔགས་འདི་བགྲང་། །ཨོཾ་མ་ཙི་ལ་ཁྲོཾ་ར་ཁྲག་ནག་པོ་སོད། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འདོན། །གཉེན་སྒོ་སྒྲིབ་ན་བྱ་ཕོ་ཡི། །ཡན་ལག་བཅིངས་ལ་ཚ་ལུར་གཞུག །དེ་ལ་མ་རབས་ལྷམ་གཡོགས་ཅིང་། །དོན་མེད་གཅིག་ལ་གཉེན་ཡབ་བྱ། །བཀྲ་ཤིས་བརྩེགས་པ་ཆོས་སུ་འདོན། །སྤྲང་པོར་ཟས་བཟང་མི་ཁ་བྱིན། །ཡ་པོ་གཅིག་ལ་ཆོས་སྟོན་དྲོངས། །ལྟག་སྒོར་བུ་མོ་ཆེན་མོ་དེ། །སྤྲེལ་ལོ་མ་ལ་གཉེན་ཁ་ལབས། །མཁར་ལས་གནམ་སྒོ་སྒྲིབ་པ་ན། །ཟོ་བ་གོག་པོ་གནམ་དུ་འཕྱར། །བྲེ་ཡི་ནང་དུ་སྲན་ཟན་ལ། །མི་རྒན་ལོང་བའི་གཟུགས་བཅོས་པའི། །ཁོང་པར་དགྲ་འདྲའི་མང་བཅུག་སྟེ། །གྲོང་པའི་ཕྱུག་རའམ་རྩིག་རྨང་དུ། །མནན་ལ་རྣམ་འཇོམས་གཟུངས་སྔགས་བཟླ། །དྲུག་གསུམ་བཟློག་པའི་ཡང་སྙིང་བགྲང་། །དུ་རུ་དུ་རུ་ཧྲི་ད་ཀྲེནྟ་ཝ། །བག་མའི་གནམ་སྒོ་སྒྲིབ་པ་ན། །རྒན་མོ་གཅིག་ལ་ཆས་བཟང་གཡོགས། །ཁ་རུ་ཁྲག་ཟན༌བྲ་ཟན་སྟེར། །མི་ཁ༌བྲེ་ལ་གཞལ་ཏེ་འདེབས། །དག་པ་གསེར་གྱི་མདོ་ཐིག་འདོན། །དུར་སྒོ་སྒྲིབ་ན་སྤྱང་ཐོད་འཕྱར། །ཕག་གི་ཐོད་པ་ས་འོག་སྦེད། །ཟན་ཆང་འདྲེ་ལ་སྟེར་བར་བྱ། །མྱ་ངན་མི་ལ་འབེབས་པ་དང་། །སྣང་བརྒྱད་གཟུངས་དང་ཡང་སྙིང་བཟླ། །ཐོད་ངན་མགལ་པ་སྲི་རུ་མནན། །མ་ཧཱ་དེ་བའི་གཟུངས་ཀྱང་འདོན། །ཤིད་སྒོ་སྒྲིབ་ན་ཝ་ཐོད་ལ། །སྲིན་མོ་ནག་མོའི་གཟུགས་བསྐྱོན་ཞིང་། །ལྷ་མོ་ནག་མོའི་གཟུངས་ཀྱང་འདོན། །དུར་སེལ་མཚུན་སེལ་གྲོང་ལ་གྱིས། །འཁོར་ལོ་དགུ་བརྩེགས་གཟུངས་ཀྱང་འདོན། །ས་ཡི་སྙིང་པོའི་ཡང་སྙིང་བཟླ། །བྷེ་བྷེ་སརྦ་ཨ་ཁ་ཛཿཧཱ། །ར་ག་ཛ་ཡ་མ་ཏི་སྭཱ་ཧཱ། །སྤྱི་ཡི་གནམ་སྒོ་སྒྲིབ་པ་ན། །སྟག་ཐོད་ནག་པོ་ནམ་མཁར་འཕྱར། །དོམ་བུ་གསའ་མེས་ཝ་གཡིའི་ཐོད། །ཤར་ནས་བརྩམས་ཏེ་ཕྱོགས་བཞིར་འཕྱར། །སཱཙྪའི་ཡང་སྙིང་བཟླ་བར་བྱ། །གཙུག་ཏོར་དཀར་མོ་ཆོས་སུ་འདོན། །དབང་པོ་ཡན་ལག་མ་ཚང་བའི། །སྐྱེས་པ་བུད་མེད་གང་རུང་ལ། །ངན་དགུ་དུག་ཆུ་སྟེར་བ་དང་། །སྣང་བརྒྱད་འཇམ་དཔལ་མཚན་བརྗོད་འདོན།། ༈ གཞན་ཡང་ནད་ཀྱིས་གདུང་པའི་འགྲོར། །ཕན་ཕྱིར་མདོ་སྡེ་སྟག་རྣ་ལས། །གསུངས་པའི་སྐར་མའི་མཁྱུད་སྦྱད་དང་། །དེ་བཞིན་རྒྱ་ནག་རྩིས་གཞུང་གི། །གཟའ་དང་སྐར་མའི་མཁྱུད་སྦྱད་སོགས། །ནད་ཀྱི་གཉེན་པོའི་ཆོ་ག་བྱ།། ༈ མདོར་ན་དགེ་བ་ཅི་བགྱིས་ཀྱང་། །མཐར་ཐུག་འབྲས་བུ་སྨིན་འགྱུར་ན། །གནས་སྐབས་འགལ་རྐྱེན་ཕྲ་མོ་ཙམ། །སེལ་བར་མི་ནུས་ཅི་ཞིག་ཡོད། །འོན་ཀྱང་གང་ལ་གང་བསྔགས་པའི། །མཆོད་སྦྱིན་ལ་སོགས་གཙོ་བོར་གཅེས། །གཞན་ཡང་རྒྱལ་བའི་གསུང་རབ་སྒྲོགས། །སྲོག་འདོན་སྔགས་བཟླ་སཱཙྪ་འདེབས། །དེ་སོགས་དགེ་ལ་འབད་བྱས་པས། །སྔོན་ལས་སྟུག་པོ་མ་གཏོགས་པ། །གཟའ་དང་སྐར་མ་སྦྱོར་བྱེད་དང་། །དུས་ལྷ་འབྱུང་པོའི་གནོད་གདུག་རྣམས། །ཞི་ཞིང་བཟློག་པར་འགྱུར་བ་སྟེ། །ཆོས་ཀུན་རྟེན་ཅིང་འབྲེལ་འབྱུང་གི །རང་བཞིན་ཅན་དུ་གྲུབ་ཕྱིར་དང་། །རྟེན་འབྲེལ་དེ་ཡང་རང་སེམས་ཀྱི། །རྣམ་རྟོག་ལས་གཞན་ཡོད་མིན་ཕྱིར། །ཐམས་ཅད་མཁྱེན་པ་བཅོམ་ལྡན་འདས། །སྲས་བཅས་རྣམས་ཀྱི་བཀའ་ཇི་བཞིན། །ཀུན་རྫོབ་རྟེན་འབྲེལ་བསླུ་མེད་དུ། །རྟོགས་པར་འགྱུར་ཕྱིར་འདིར་བཤད་དོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས་རྩིས་འབྲས་ངོ་ལོན་དང་བཅས་པ་བཤད་པའི་སྐབས་ཏེ་ཉེར་གསུམ་པའོ།། 
      ༈ སྐར་རྩིས་རིག་ལམ་རྟོགས་དཀའི་གནས་གྱུར་ཅིང་། །བདག་བློ་ཞན་ཡང་འཛེམ་མེད་སྨྲས་འདི་ལ། །ཅི་ཉེས་བྱིས་པ་ཅི་དགར་སྨྲ་བ་ལ། །མ་ཡིས་ཇི་བཞིན་མཁས་རྣམས་བཟོད་པར་མཛོད། །ཆོས་ཀུན་དོན་དམ་ཤིས་ཀྱི་གནས་ལུགས་ལ། །རྩིས་དང་འབྲས་བུའི་སྤྲོས་པ་ཀུན༌བྲལ་ཀྱང་། །ཀུན་རྫོབ་རྟེན་འབྲེལ་མི་བསླུར་གསུངས་པའི་ཕྱིར། །བདག་ལེགས་འདོད་པ་རྣམས་ཀྱིས་བླང་བར་འོས། །འདིར་འབད་ལས་བྱུང་བསོད་ནམས་ཆུ་ཡི་གཏེར། །སྲུབས་སྐྱེས་ལེགས་བཤད་ཉིན་མོར་བྱེད་པའི་དཔལ། །ཤར་བ་ཡིས་ནི་མ་རིག་མུན་པའི་དཔུང་། །མཐར་བྱེད་སྣང་བ་བླ་ན་མེད་གྱུར་ཅིག །རྩིས་ཀྱི་མན་ངག་ཉིན་མོར་བྱེད་པའི་སྣང་བ་ཞེས་བྱ་བ་འདི་ནི་མྱོས་ཀྱི་དགེ་སློང་རྨོངས་པ་དྷརྨ་ཤྲཱིས་རང་ལོ་ཉེར་བརྒྱད་པ་རབ་དྲག་གི་ལྕགས་མོ་བྱའི་ལོ་ལ་བརྩམས་པ་ལས། །རིང་ཞིག་ནས་ཚིག་དོན་གཉིས་ཀའི་ཆ་ལ་ཞུས་དག་གི་དཔྱད་པ་བྱེད་འདུན་བློར་གཅགས་ནའང་། །དུས་དབང་གིས་ལེའུ་ཁོལ་བཏོན་གྱི་རི་མོ་ཙམ་ལས་ཡིག་ཆ་ཚང་མར་ལྟ་རྟོག་འཇུག་མི་ཉུང་བ་བཅས་བཏང་སྙོམས་སུ་ལུས་པར་གྱུར་ཅིང་། །ཕྱིས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་དམ་པ་གཏར་ཆེན་ཆོས་ཀྱི་རྒྱལ་པོ་དང་། །སྐུའི་སྲས་སྡོམ་བརྩོན་གནས་ལྔ་རིག་པའི་མཁས་པ་ཆེན་པོ་ཞབས་དྲུང་སྐུ་མཆེད་རྣམས་ཀྱི་བཀའ་ལུང་ལྕི་བ་སྤྱི་བོར་ལྷུངས་པ་གུས་པའི་ཡིད་ཀྱིས་མཆོད་ནས་དཔྱད་པ་བྱེད་པའི་འགོ་བརྩམས་པའི་ཚེ་དད་པ་དང་གཏོང་བ་སོགས་དམ་པའི་ཡོན་ཏན་གྱིས་བརྒྱན་པ་ཤར་ཕྱོགས་ཀོང་ཡུལ་ནས་རྒྱལ་སྐོར་སྡེ་པ་ཨོ་རྒྱན་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་གིས་ཚུལ་འདི་བློ་གསར་རྣམས་ལ་ཕན་པའི་ཆེད་དུ་པར་དུ་བརྐོ་བར་འདོད་པས་འཕྲལ་དུ་སྒྲུབས་ཤིག་ཅེས་བསྐུལ་ཞིང་། །ཐ་སྙད་ཀྱི་རིག་པ་སྤྱི་དང་ཁྱད་པར་སྐར་རྩིས་ལ་བློ་མཐུ་གྲུབ་པ་དགེ་སློང་ཨོ་རྒྱན་དཔལ་འབྱོར་གྱིས་ཀྱང་རི་མོའི་གྲོགས་བྱས་ཏེ། །རབ་བྱུང་བཅུ་གཉིས་པའི་ནང་གི་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ནས་རྩིས་འགོ་གཟུང་ཆོག་པའི་འདས་ལོ་སྤོས་ཤིང་། །རི་མོའི་གནད་འགྲོལ་བའི་རྣམ་འགྱུར་དང་རྩིས་ཕྲན་ཉེར་མཁོ་འགས་ཀྱང་བརྒྱན་ནས་ཚིག་དོན་གཉིས་ཀའི་ཆ་ལ་དབྲི་བསྣན་ཆེས་ཆེ་བའི་ཞུས་དག་རང་ལ་དྲུག་ཅུའི་ཁར་སླེབས་པ་རྣམ་རྒྱལ་ཆུ་མོ་སྦྲུལ་གྱི་ལོ་དབོ་ཟླའི་ཡར་ངོའི་ཚེས་བརྒྱད་ཀྱི་ཉིན་མཁས་པ་དང་གྲུབ་པའི་སྐྱེས་བུས་ཡོངས་སུ་གང་བའི་ཆོས་གྲྭ་ཆེན་པོ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་དུ་གྲུབ་པར་སུག་ལས་སུ་བགྱིས་པ་སྟེ། །འདིས་ཀྱང་ཕྱི་དང་ནང་གི་དུས་ཀྱི་འཁོར་ལོ་ལ་བརྟེན་ནས་གཞན་དུས་ཀྱི་འཁོར་ལོ་བདེ་གཤེགས་སྙིང་པོའི་དབྱིངས་ལུས་ཅན་ཀུན་གྱིས་རྟོགས་པའི་རྒྱུར་གྱུར་ཅིག།། །། 
        ༈ ན་མཿསུ་ག་ཏ་སཱ་རཱ་ཡ། །དང་པོའི་སངས་རྒྱས་རྒྱུད་རྒྱལ་བདུད་རྩིའི་མཚོ། །བསྲུབས་སྐྱེས་གྲུབ་པའི་རྩིས་གཞུང་ཉིན་མོར་བྱེད། །འཐད་ལྡན་ལུང་རིགས་གསར་གྱི་ཤིང་རྟ་ཆེར། །ཉེར་བཀོད་ལག་ལེན་འོད་ཟེར་སྤྲོ་བཞིན་དུ། །ངག་གིས་མཚོན་མིན་དབང་ཕྱུག་ཡོན་ཏན་ཀུན། །ཅིག་ཅར་ཐུགས་སུ་ཆུད་ལས་ཆོས་ཀུན་དོན། །སྨྲ་བའི་དཔལ་གྱུར་ཐར་འདོད་རྒྱ་མཚོའི་མགོན། །གང་གི་རྣམ་དཔྱོད་རྟ་བདུན་ཤུགས་ཀྱིས་དྲངས། །དེ་ཕྱིར་མཁས་མང་རིགས་ལམ་རྒྱུ་སྐར་ཕྲེང་། །སྔོན་མེད་མན་ངག་སྣང་བས་ཟིལ་མནན་པའི། །གྲགས་དཀར་ཚངས་ཆེན་ཞིང་དུ་སྙན་འགྱུར་དབྱངས། །མེས་པོའི་ན་ཆུང་མགྲིན་པའི་རྫ་རྔ་བརྡུངས། །གང་ཚེ་མི་འཕྲོགས་མཐུ་ཅན་མི་ཡི་དབང་། །ཨོ་རྒྱན་ཚེ་བརྟན་ཕུན་ཚོགས་ཐུགས་བསྐྱེད་ལྗིངས། །ཟབ་མོའི་ཀློང་ལས་གླེགས་བམ་འདོད་པ་རྒུར། །འཇོ་བྱེད་པར་གྱི་ཕྱི་མོ་ཆུ་སྐྱེས་འདབ། །བློ་གསལ་རྐང་དྲུག་དཔྱིད་དུ་རྣམ་གྲོལ་ཚེ། །ལེགས་བཤད་སྦྲང་རྩིའི་བཅུད་ཀྱིས་བློ་གྲོས་སྟོབས། །བརྟེས་པའི་དགེ་མཚན་ཡང་དག་དོན་དམ་དངོས། །ཕན་བདེ་དམ་པའི་དཔལ་གྱིས་འཚོ་གྱུར་ཅིག །། ༈ པར་གྱི་འདུ་བྱེད་ལྷུན་སྡིངས་པ་རྡོ་རྗེ་ཚེ་བརྟན། །ཟང་མཚོ་བ་འགྱུར་མེད་རྣམ་རྒྱལ། །ཨོ་རྒྱན་རང་གྲོལ་གསུམ་གྱིས་ཀོང་ཡུལ་སའི་ཐིག་ལེ་རྒྱལ་སྐོར་དུ་གུས་པ་ཆེན་པོས་བེངས་པ་ལགས་སོ།། །།


མཐའ་མའི་འདོན་ཐེངས་།: 28.03.2024 ཉིན། 9:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།