སྨན་རྩིས་དྲ་བ། - རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ།

སྐབས་ཉེར་གཉིས་པ། མགྱོགས་རྩིས་ལ་བརྟེན་ནས་རཱྀ་ཐུ་སྦྱོར་དགྲོལ་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 19.04.2024
རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ། >> སྐབས་ཉེར་གཉིས་པ། མགྱོགས་རྩིས་ལ་བརྟེན་ནས་རཱྀ་ཐུ་སྦྱོར་དགྲོལ་བཤད་པ།

༈ དེ་ནས་མགྱོགས་རྩིས་ལ་བརྟེན་ནས། །རཱི་ཐུ་སྦྱོར་དགྲོལ་བཤད་པར་བྱ། །བྱེད་པར་གང་བརྩིའི་ནག་ཟླ་ཡི། །ཉི་དྷྲཱུའམ་བཤོལ་རྗེས་དབོ་དྷྲཱུ་ལ། །གང་བབས་ཉི་ཚེས་རྟག་ལོངས་བྱིན། །ཞག་གཅིག་ལོངས་སྤྱོད་མ་ལོངས་ཙམ། །ཤར་བ་ལོ་དེའི་ཉི་རགས་ཡིན། །དེ་དང་ཞག་ཁྱད་མུ་ཞུགས་པའི། །གཟའ་ཚེས་རྟག་ལོངས་གཟའ་དྷྲཱུ་ལ། །བྱིན་པས་གཟའ་ཡི་རགས་པ་འཆར། །ཡང་ན་ཉི་དྷྲཱུར་རང་ཉིད་ལས། །ཅུང་ཟད་གྲངས་ཉུང་ཉི་ཚེས་ཀྱི། །ཡུལ་ལོངས་ཀྱིས་སྦྱངས་ཉི་རགས་ཏེ། །གཟའ་ལའང་ཤེད་སྙོམས་སྔར་ལྟར་བཙལ།། ༈ གྲུབ་པར་འདས་ཟླ་མ་བསྲེས་པའི། །ཟླ་བཤོལ་རྩིས་འཕྲོ་མཁའ་མེས་བསྒྱུར། །མདའ་རོས་ཐོབ་ནོར་གང་ཡིན་དེ། །ཉིན་ཞག་ཉི་རགས་ཟིན་པའི་ཞག །ལྷག་མ་བྱུང་ཚེ་ནོར་ལ་གཅིག །བྱིན་པ་ཚེས་ཞག་ཉི་མ་ཡི། །རགས་པ་ཟིན་པའི་ཚེས་གྲངས་ཏེ། །གང་ཟིན་ཉི་ལོངས་ཉི་དྷྲཱུར་བསྣན། །ཉི་རགས་ཡིན་ཏེ་ཤེད་སྙོམས་ཀྱི། །གཟའ་ཡི་རགས་པ་སྔར་ལྟར་བསྒྲུབ། །སྔ་ལོའི་རགས་པ་རྣམ་དག་ལ། །བྱེད་པར་གཟུགས་དྲག་མཁའ་མཚོ་ལག །ཐིག་རྣམས་གཟར་བྱིན་ཉི་མ་ཡི། །སྲང་ནས་རི་གཟུགས་ཆ་ཤས་ནས། །མིག་ཕྲི་ཕྱི་མའི་རགས་པ་འཆར། །གྲུབ་པར་གཟུགས་དྲག་གཟུགས་མཚོ་ཆུ། །རོ་མིག་ཀླུ་རི་རྩེ་མོ་རྣམས། །གཟའ་རགས་ལ་བྱིན་ཉི་རགས་ནས། །མཁའ་མིག་སྲང་དང་མཁའ་རོའི་ཆ། །ཕྲི་བས་ཕྱི་མའི་རགས་པ་འགྲུབ། །ཉི་རགས་སྟོངས་པའི་ཕྱི་ལོའི་དུས། །གཟའ་ཉིའི་རྟག་ལོངས་བསྣན་པ་ལ། །དབྲི་བསྣན་བྱེད་པ་ཁྱད་པར་ཡིན།། ༈ བྱེད་གྲུབ་གང་བྱེད་ཉི་རགས་དེ། །མདའ་ཡོན་ཟླ་བས་ཆ་ཤས་བར། །རིམ་བགོས་ཉི་རྐང་ཟླ་འབྲས་ཏེ། །གནས་གཉིས་བཀོད་ལ་དུས་དང་མཚོས། །བསྒྱུར་བས་རྐང་འབྲས་གསུམ་པོ་འགྲུབ། །གཟའ་ཉིའི་རགས་པ་སྟེང་འོག་ཏུ། །གསུམ་གསུམ་དྲུག་བཀོད་དབྲི་སྣོན་ཆེད། །ཁྱིམ་མིང་གཉིས་རེའི་ཁ་བྱང་གདགས། །ལུག་དང་བུ་མོར་ཟླ་བའི་འབྲས། །དབྲི་ཞིང་ཉ་དང་སྲང་ལ་བྱིན། །གླང་སེང་གཉིས་ལ་མཚོའི་འབྲས་བུས། །སྦྱང་ཞིང་བུམ་སྡིག་གཉིས་ལ་བརྒྱན། །འཁྲིག་པ་ཀརྚར་དུས་དམན་ཞིང་། །ཆུ་སྲིན་གཞུ་ལ་བྱིན་པར་བྱ། །དེ་ཡིས་ཁྱིམ་དྲུག་སྤྱི་ནོར་དག ༈ གྲུབ་པར་སྤྱི་ནོར་རེའུ་མིག་ལས། །འཛིན་འདོད་སྔར་བཤད་ཟླ་བཤོལ་འཕྲོ། །ཞག་གསིལ་མདའ་རོས་ཕྱེ་ལྷག་དེ། །ལྔ་ཡིས་བགོ་འམ་འདོད་པ་ཡིས། །བསྒྱུར་ལ་མདའ་རོས་བགོས་ཐོབ་དེས། །ཁྱིམ་དྲུག་སྤྱི་ནོར་རེའུ་མིག་བཟུང་། །དེ་ནང་ཁྱིམ་དྲུག་གཟའ་རྣམས་ལ། །ལོ་དེའི་གཟའ་རགས་བསྣན་པས་འགྲུབ། །བྱེད་གྲུབ་གང་བྱེད་སྔ་ལོ་ཡི། །རང་རང་སྤྱི་ནོར་རྣམ་དག་ལ། །གཟའ་ཉི་གཉིས་ཀར་སྦྱིན་བྱ་ཡི། །ཁྱིམ་དྲུག་རེའུ་མིག་སོ་སོར་བསྣན། །དེ་ཡིས་ཉི་རགས་སྟོངས་པའི་དུས། །མ་གཏོགས་ཕྱི་ལོའི་སྤྱི་ནོར་འཆར། །སྟོངས་པའི་ཕྱི་ལོ་སྦྱིན་བྱའི་སྟེང་། །རེའུ་མིག་སྤེལ་བའི་ཁྱིམ་དྲུག་གི། །བསྡུས་དོན་བསྣན་ལ་བྱིན་པར་བྱ།། ༈ དེ་ནས་རེའུ་མིག་འཛིན་ཚུལ་ནི། །འདས་ཟླ་གང་ཡིན་མཁའ་མེས་བསྒྱུར། །གང་རྩིའི་ཚེས་གྲངས་བྱིན་པ་ལ། །ཉི་རགས་ཟིན་པའི་ཞག་གིས་ཕྲི། །ལྷག་མས་བསྐལ་ལིའི་བྱ་ར་བཟུང་། །ཡང་ན་རེའུ་མིག་བྱ་རའི་དོད། །ཉི་བར་བཀོད་ལས་འཛིན་འདོད་ན། །གང་བརྩིའི་དུས་དེའི་ཉི་བར་ལ། །ཉི་རགས་ཀྱིས་ཕྲི་ལྷག་མས་བཟུང་། །དེ་ལྟར་ཟིན་པའི་རེའུ་མིག་གི། །གཟའ་ཉི་གཡས་གཡོན་བཀོད་པ་ལ། །ཁ་བྱང་བཞིན་དུ་རང་རང་གི། །ཁྱིམ་མཐུན་གཟའ་ཉིའི་སྤྱི་ནོར་བྱིན། །ཁྱད་པར་ཉི་རགས་ཟིན་པ་ཡི། །ཞག་གྲངས་བར་དུ་སྔ་ལོ་ཡི། །ཆོ་གས་འཛིན་དང་སྤྱི་ནོར་སྟེར། །དེ་ཡིས་གཟའ་ཕྱེད་ཉི་མ་དག །གྲུབ་པ་དབུས་གནས་རེའུ་མིག་ལ། །གང་ཟིན་ཁྱིམ་དྲུག་སྤྱི་ནོར་དང་། །ནང་མཐུན་རང་གི་སྤྱི་ནོར་ཉིད། །བྱིན་པས་དོན་གྱི་ཁྱིམ་འཕོ་སྟོན།། ༈ ཆ་ཤས་དྷྲཱུ་བ་དང་མཐུན་པའི། །བྱ་རས་ཆ་ཤས་རེའུ་མིག་བཟུང་། །རིལ་པོར་ཚེས་བསྲེས་ཆུ་ཟླས་བགོ། །ནོར་གྱིས་བསྣོན་འབྲིད་མཚན་མ་དང་། །ལྷག་མས་རེའུ་མིག་བཅུ་བཞི་པོའི། །བྱ་རས་ཆ་དང་ནང་མཐུན་བཟུང་། །གང་ཟིན་གཟའ་བར་ལོངས་སྤྱོད་དུ། །ནོར་མཉམ་བསྣན་ལ་མི་མཉམ་ཕྲི། །དེ་ཡིས་གཟའ་ཚེས་རྣམ་པར་དག ༈ ཉི་མ་དག་པར་ཟླ་ཚེས་ཀྱི། །ཐུན་མིན་རྟག་ལོངས་རེའུ་མིག་བྱིན། །ཚེས་ལོངས་ཀྱིས་སྦྱངས་རེས་འགྲོགས་དང་། ༈ ཉི་ཟླ་གཉིས་བསྲེས་སྦྱོར་བ་དང་། །བྱེད་པ་ཚེས་གྲངས་རེའུ་མིག་འཛིན།། ༈ གྲུབ་མཐའི་རེའུ་མིག་རྒྱས་པ་ནི། །འཛིན་ན་རབ་ཉིའི་རྒྱལ་བ་ཡི། །ཟླ་དག་མཁའ་མེས་བསྒྱུར་བ་ལ། །གང་བརྩིའི་ཚེས་བྱིན་རོ་ཡིས་ཕྲི། །ཆུ་མིག་ཀླུ་མཚོས་ཐོབ་པའི་ནོར། །གནས་དྲུག་རིམ་བཞིན་མིག་གཟུགས་མེ། །དུས་དང་གཟུགས་དྲག་མཁའ་རྩེ་མེས། །བསྒྱུར་ལ་རོ་དང་སྐྱོན་རི་གཟུགས། །ཟླ་དང་ཀླུ་དབང་རི་རོ་མཚོ། །བྱིན་ལ་འཁོར་ལོས་བསྒྲིལ་ལྷག་དེས། །ལོ་གྲངས་འདོད་པའི་བར་དེ་ཡི། །གཟའ་རགས་རྣམ་དག་གྲུབ་པ་ཡིན། །ཡང་ན་ཉི་རགས་སྟོངས་པའི་ལོའི། །གཟའ་རགས་གོང་བཞིན་བསྒྲུབས་པས་འགྲུབ། །སྔར་གྱི་ཆུ་མིག་ཀླུ་མཚོ་ཡིས། །བགོས་པའི་ལྷག་མས་རེའུ་མིག་བཟུང་། །དེ་འོག་གནས་གསུམ་དབུས་གཡོན་གྱིས། །དོན་ཁྱིམ་དང་ནི་ཉི་དག་སྟོན། །གཡས་པར་སྔར་བཙལ་གཟའ་རགས་བྱིན། །དེ་སྟེང་རིལ་ཆའི་རེའུ་མིག་ནི། །འཛིན་སོགས་ལྷག་མ་སྔར་བཞིན་ནོ།། ༈ བསྡུ་ན་རེའུ་མིག་རྒྱས་པ་འདིའི། །ཁྱིམ་རེའི་ཐོག་མའི་རེའུ་མིག །ཅུང་ཟད་ཉུང་བ་བཟུང་བ་ལ། །ཞག་ཁྱད་བསྡུས་དོན་ཁྱིམ་དྲུག་སྟེར། །གཟའ་རགས་སྣོན་སོགས་སྔར་བཞིན་ནོ།། ༈ རེའུ་མིག་རྒྱས་བསྡུས་འདི་གཉིས་ལས། །དྷྲཱུ་ཝ་འཚོལ་ན་ཟླ་དག་ནི། །མཁའ་མེས་བསྒྱུར་ལ་རོ་ཡིས་ཕྲི། །ཆུ་མིག་ཀླུ་མཚོས་ཐོབ་པ་དོར། །ལྷག་གིས་རེའུ་མིག་མཐུན་པ་བཟུང་། །མི་མཐུན་ཅུང་ཟད་ཉུང་བ་དེ། །བཟུང་ལ་ཞག་ཁྱད་གཟའ་ཉི་ཡི། །རྟག་ལོངས་སྟེར་བ་ཁྱད་པར་ཡིན། །དེ་རྗེས་མཐུན་ནམ་ཉུང་ཡང་རུང་། །གཟའ་ལ་གཟའ་རགས་བྱིན་པར་བྱ། །དེ་ཡིས་གཟའ་ཉིའི་དྷྲཱུ་ཝ་འགྲུབ།། ༈ གཞན་ཡང་གཟའ་ཉིའི་རགས་པ་ནི། །སྔར་བཞིན་བསྒྲུབས་པས་ལུག་ཁྱིམ་གྱི། །རགས་པ་སྟོན་ཅིང་དེ་ཡི་སྟེང་། །གླང་སོགས་ཆེད་དུ་མིག་མཁའ་མེ། །མེ་འབྱུང་མཚོ་དང་རི་བོ་ཆུ། །མེ་རྣམས་གཟའ་རགས་ལ་བྱིན་ཞིང་། །མིག་ཚེས་མཁའ་མིག་ཐིག་མཁའ་རོ། །ཉི་རགས་ལ་བྱིན་འཁོར་ལོ་བསྒྲིལ། །དེ་ཡང་ཉི་རགས་ཟིན་ལྷག་གི། །མདའ་རོའི་ལྷག་ལ་ལྔས་བགོས་པའི། །གྲངས་མཐུན་ཁྱིམ་ཟླ་རྫོགས་པར་སྟེར། །དེ་ལྟར་རྫོགས་རྗེས་ཁྱིམ་གཅིག་ལ། །གཟའ་ལ་གཟུགས་དང་གཟུགས་མེ་དང་། །མཁའ་མདའ་ཐིག་དང་དབང་པོ་མཚོ། །འབྱུང་མཚོ་མེ་སྟེར་ཉི་རགས་ལ། །མག་ཕྱོགས་ཀླུ་དབང་གཟུགས་རི་ཟླ། །བྱིན་པས་རྣམ་དག་འཆར་བར་འགྱུར། །གང་བརྩིའི་ཁྱིམ་དྷྲཱུ་གནས་གཉིས་ཀྱི། །གཅིག་ལ་སྐྱེས་ཁྱིམ་སྦྱོང་བ་སོགས། །ཉི་རྐང་རྩ་སྒྲུབ་ལྟར་སྒྲུབ་པས། །ཞག་དེའི་གཟའ་ཕྱེད་ཉི་མ་དག །དེ་ལ་ཁྱིམ་རྣམས་སོ་སོ་ཡི། །བསྡུས་དོན་རྐང་མཚམས་བར་དུ་བྱིན། །དེ་ནས་ཟླ་རྐང་ལོངས་སྤྱོད་ནི། །རེའུ་མིག་སྤེལ་དང་འཛིན་པ་སོགས། །ལྷག་རྣམས་སྔར་བཞིན་བྱས་པས་འགྲུབ།། ༈ རྒྱལ་བ་འདས་ལོར་བྱས་པ་ཡི། །ཟླ་བ་དག་པར་ཆུ་ཀླུ་བྱིན། །མཁའ་མེ་ལག་པས་དོར་ལྷག་གིས། །སྒྲ་གཅན་རེའུ་མིག་བཟུང་བར་བྱ།། ༈ དེ་ནས་ཟླ་བ་སོ་སོ་ཡི། །དབུགས་ཐོབ་སྒང་ཚད་ཁྱིམ་སླེབས་སོགས། །དུས་གཟེར་ལེའུ་བཅུ་བཞི་པར། །བཤད་པས་ཆོ་གས་བསྒྲུབ་པར་བྱ།། ༈ གཟའ་ལྔའི་མགྱོགས་རྩིས་ནག་ཟླ་ཡི། །བཅོ་ལྔའི་སྤྱི་ཞག་སྔར་ལྟར་བསྒྲུབ། །དེ་ཡི་ཞག་གནས་ཆུ་རོ་དང་། །རི་མཁའ་རི་ཡི་ལྷག་གསུམ་གར། །བཅོ་ལྔ་རེ་བྱིན་ཉ་དང་སྟོང་། །རི་མོས་སྤེལ་ལ་སྟེང་འོག་བཀོད། །གལ་ཏེ་ཆུ་རོའི་ཐོབ་ནོར་གྱིས། །སྟེང་ནས་ཕྲི་ཚེ་སྤྱི་ཞག་དེ། །མི་ནོར་མཚན་མར་མཚལ་གྱིས༌བྲི། །ནག་ཟླའི་ཉ་ཡི་སྤྱི་ཞག་ལ། །གཟའ་ལྔ་ཉི་མ་དང་བཅས་པའི། །སོ་སོའི་ནག་ཉའི་སྒོས་ཞག་རྣམས། །ལེའུ་དགུ་པར་བཤད་བཞིན་བསྒྲུབ། །ཁྱད་པར་ཉི་མའི་སྒོས་ཞག་དེ། །སླར་ཡང་མིག་ཀླུ་མེ་སྐྱོན་གྱིས། །ཐོབ་པ་སྒོས་ཞག་གནས་སུ་བཀོད། །དེ་རྣམས་དབོ་ཟླའི་སྟོང་གི་བར། །བཅོ་ལྔ་རེའམ་སྤྱི་ཡི་ཞག །མཚལ་གྱིས༌བྲིས་པར་བཅུ་བཞི་ཉིད། །བྱིན་ལ་སྤེལ་ལོ་ཞི་གཉིས་ལ། །ཚེས་དང་ཡིད་གཉིས་བརྒྱ་དང་བཅུས། །བསྒྱུར་ནས་སྟེར་བ་ཁྱད་པར་ཡིན།། ༈ ཉི་རགས་ཆེད་དུ་ཉི་མའི་ཞག །མིག་ཀླུ་མེ་སྐྱོན་གྱིས་དོར་བའི། །ལྷག་དེ་དུས་མེས་བསྒྱུར་བ་ལ། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། །ཐོབ་པ་ཆུ་ཚོད་ལྷག་མཁའ་རོ། །དུས་ཀྱིས་བསྒྱུར་ལ་རིམ་ཐོབ་པ། །ཆུ་སྲང་དབུགས་ཏེ་ལྷག་རང་ཆ། །སྔ་ལོའི་རགས་པ་རྣམ་དག་ལ། །གཟུགས་དབྱུག་སྲང་ཉི་དབུགས་ནམ་མཁའ། །ཆ་ཤས་ཉི་མ་ཐུབ་རི་ཟླས། །ཕྲི་བས་ཕྱི་ལོའི་རགས་པ་འཆར། །མ་ལྡངས་རྟག་ལོངས་བསྣན་ལ་སྦྱང་། །དེ་ནས་ཉི་རགས་མདའ་ཡོན་ཟླས། །རིམ་པར་ཕྱེ་བའི་རྙེད་ནོར་གང་། །ཞི་གཉིས་དལ་རྐང་གསུམ་པོ་ཡིས། །བསྒྱུར་བ་རང་རང་རྐང་འབྲས་ཡིན། །ཉི་རགས་གནས་དྲུག་ཚན་པ་གཉིས། །བཀོད་ལ་སོ་སོའི་རྐང་འབྲས་གསུམ། །སྔ་མར་བྱིནི་ང་ཕྱི་མར་འཕྲོག །ནོར་དང་བུ་ལོན་ཁ་བྱང་གདགས། །དེ་ཡིས་ཞི་གཉིས་སྤྱི་ནོར་དག ༈ དེ་ནས་རེའུ་མིག་འཛིན་ཚུལ་ནི། །གཟའ་ལྔའི་དལ་དག་མྱུར་བར་རྣམས། །རྒྱས་པར་བྱ་ར་གང་མཐུན་པའི། །རང་རང་སྒོས་ཞག་སོ་སོས་བཟུང་། །གལ་ཏེ་རེའུ་མིག་བསྡུས་པ་ལ། །བརྟེན་ན་དྲག་གསུམ་དལ་དག་གི། །རེའུ་མིག་འཛིན་ཚེ་བྱ་ར་ཡིས། །མ་ཟིན་ཅུང་ཟད་ཉུང་བ་བཟུང་། །ཀག་ཐོ་དང་བསྟུན་ཞག་རྩིས་ཀྱི། །མང་ཁྱད་གྲངས་མཚུངས་བསྒྱུར་ལ་བྱིན། །ཞི་གཉིས་སྒོས་ཞག་བརྒྱ་དང་བཅུས། །ཐོབ་པས་རྐང་པའི་རེའུ་མིག་དང་། །ལྷག་མས་སྤྱི་ནོར་རེའུ་མིག་བཟུང་། །བསྲེས་པས་སོ་སོའི་མྱུར་བར་འགྲུབ། །གང་ཟིན་དྲག་གསུམ་མྱུར་བར་ལ། །ཉི་རགས་སྟེར་ཞིང་ཞི་གཉིས་ཀྱི། །དལ་བའི་སྟེང་དུ་རེའུ་མིག་གི། །ཁ་བྱང་དང་མཐུན་སྤྱི་ནོར་རྣམས། །ནོར་དང་བུ་ལོན་མ་འདྲེས་པར། །བྱིན་པས་ཞི་གཉིས་དལ་བ་དག །སྔ་ལོའི་ཆོ་གས་བཟུང་བའི་ཚེ། །སྔ་ལོའི་རགས་དང་སྤྱི་ནོར་བྱིན། །དེ་ཡིས་གཟའ་ལྔ་ཉིན་ཞག་ལ། །སྤྱོད་པའི་དལ་བ་དག་པ་དང་། །མྱུར་བའི་རྐང་འཛིན་བར་པ་འགྲུབ།། ༈ དེ་ནས་གཟའ་ལྔ་ཁྱིམ་ཚེས་ཞག །གར་ཡོད་གསལ་ཞག་བརྟག་པ་ལ། །གཉིས་ལས་ཐོག་མར་ཁྱིམ་ཞག་ཆེད། །འདས་ཟླའི་སྟེང་ནས་གཅིག་ཕབ་པ། །འོག་ཏུ་རི་རོ་ཆར་བྱས་བར། །གང་བརྩིའི་ཟླ་བཤོལ་འཕྲོ་ཡིས་སྦྱང་། །སྦྱངས་ལྷག་མཁའ་མེས་བསྒྱུར་བ་ལ། །གང་བརྩིའི་ཚེས་གྲངས་མདའ་རོ་ཡིས། །བསྒྱུར་བ་བྱིན་ལ་རི་རོས་བགོ། །རྙེད་པ་ཁྱིམ་ཡིན་ལྷག་ཞག་དེས། །གཟའ་ལྔ་སོ་སོའི་རྟག་ལོངས་འཛིན། །ཐོབ་པ་མཁའ་མེར་ལོངས་ན་བསྒྲིལ། །དེ་དང་ཤེད་མཚུངས་ལྔ་བསྡུས་ཀྱི། །གཟའ་ཚེས་བར་པ་ངོས་བཟུང་ལ། །སྐབས་དེའི་གཟའ་ཚེས་དག་པ་དང་། །བསྟུན་ཏེ་བར་པ་ཉུང་བའི་ཚེ། །ཁྱིམ་ཞག་སྟེང་དུ་གཅིག་སྣོན་ཞིང་། །སྔར་གྱི་རི་རོའི་ལྷག་མ་དེས། །རི་རོ་ཆ་ཡི་རེའུ་མིག་བཟུང་། །དེ་ཉིད་གཟའ་བར་སྟེང་དུ་བསྣན། །མེད་ན་རི་རོའི་ལྷག་མ་ངེས། །རི་རོ་ལ་ཕྲི་དེས་རེའུ་མིག །བཟུང་བས་གཟའ་བར་སྟེང་ནས་དབྲི། །དེ་ཡིས་སྐབས་དེའི་གསལ་ཞག་སྟོན། །གལ་ཏེ་རི་རོ་ཆའི་རེའུ་མིག །མ་འཛོམ་ལྷག་དེའམ་དེས་རི་རོར། །སྦྱངས་ལྷག་གང་ཡིན་ལྔས་བགོས་པའི། །ནོར་གྱིས་བཅུ་གསུམ་ཆ་དང་ནི། །ལྷག་མས་ལྔ་ཆའི་རེའུ་མིག་བཟུང་། །གཅིག་བསྲེས་སྔར་བཞིན་སྟེར་སྦྱང་བྱ། །དེ་ལྟར་བསྒྲུབས་སྟེང་ཁྱིམ་ཞག་གི། །རྟག་ལོངས་མང་ན་བཅུ་བཞི་དང་། །ཉུང་ཚེ་བཅོ་ལྔ་བྱིན་པས་སྤེལ།། ༈ གཉིས་པ་ཚེས་ཀྱི་གསལ་ཞག་ནི། །གང་བརྩིའི་གཟའ་ཚེས་བར་པ་དང་། །དག་པ་བསྟུན་ཏེ་མ་མཐུན་ན། །གཟའ་ལྔའི་སྟེང་དུ་གཅིག་སྣོན་ནམ། །ཕྲི་བས་མཐུན་བྱས་གསལ་ཞག་སྟོན།། ༈ དེ་ནསགཟའ་ལྔ་ཁྱིམ་ཚེས་ཀྱི། །ཞི་གཉིས་རྐང་འཛིན་ལོངས་སྤྱོད་དང་། །དལ་བར་ཅན་གྱི་དྲག་གསུམ་པོའི། །རེའུ་མིག་འཛིན་ན་རང་རང་གི། །དལ་བར་ཚར་གཅིག་ཐོག་མར་བསྒྲུབ། །དེ་དང་རེའུ་མིག་དལ་བར་གཉིས། །མཐུན་ཤས་ཆེ་བའི་ཉུང་བ་བཟུང་། །དེ་ཡི་བྱ་ར་ནས་བརྩམས་ཏེ། །གང་བརྩིའི་ཞག་གྲངས་བསྣན་པ་ཡིས། །རང་རང་བཟུང་བྱའི་བྱ་ར་སྟོན། །དེ་ནས་ཐོག་མར་བཟུང་བ་ཡི། །རེའུ་མིག་གི་དལ་བར་དེས། །ཐོག་མའི་རྩ་སྒྲུབ་བར་པ་དེར། །སྦྱངས་པས་རེའུ་མིག་འཁོར་འཕྲོས་དེའི། །བར་གྱི་གཟའ་ལྔ་རང་རང་གི། །སྤྱི་ནོར་རགས་པ་འགྲུབ་པར་འགྱུར།། ༈ གལ་ཏེ་རེའུ་མིག་རྒྱས་པ་ནི། །མ་འབྱོར་དལ་བ་བོར་བ་ཡི། །དྲག་གསུམ་རེའུ་མིག་བསྡུས་པ་ལས། །ཚེས་སྤྱོད་རེའུ་མིག་འཛིན་ཚུལ་ནི། །དྲག་གསུམ་གང་བརྩིའི་ཉིན་ཞག་གི། །སྒོས་ཞག་ཉི་མ་འདོད་ཟླས་བསྒྱུར། །སྤྱི་ཞག་ཆུ་རོའི་ལྷག་མ་དེ། །རི་མཁའ་རིས་བསྒྱུར་རང་ཆ་བཅུག །མཚོས་ཐོབ་ནོར་གྱིས་སྟེང་མའི་ཞག །ཉི་འདོད་ཟླ་ཆར་བྱས་དེར་སྦྱང་། །སྦྱངས་ལྷག་འབྱུང་འདོད་དྲག་པོས་བགོ། །རྙེད་པས་རེའུ་མིག་བྱ་ར་བཟུང་། །སོ་སོའི་ལྷག་མ་གནས་དྲུག་གི། །གསུམ་ཀའི་སྐར་དབྱུག་སྲང་དབུགས་གནས། །མཁས་བསྒྱུར་དེའི་འོག་གནས་གཉིས་ཀྱི། །མིག་དམར་རང་ཆ་རི་གཟུགས་དང་། །རི་མཁའ་རི་ཆ་གཟུགས་འདོད་དོ། །ཕུར་བུའི་ལག་མིག་ཐུབ་ཆ་ཀླུ། །རི་མཁའ་རི་ཆ་བུག་གཟུགས་ཆུ། །སྤེན་པའི་རང་ཆ་འབྱུང་བ་མིག །རི་མཁའ་རི་ཆ་མཁའ་འབྱུང་དབང་། །དེ་རྣམས་ཀྱིས་བསྒྱུར་རང་འཁོར་བསྒྲིལ། །སོ་སོའི་སྤྱི་ནོར་རགས་པ་འགྲུབ། །སྔ་མའི་རགས་པ་རྣམ་དག་ལ། །དམར་པོ་མཁའ་མིག་ཀླུ་དང་གཟུགས། །གཟུགས་མེ་དུས་མིག་ཕུར་བུ་ལ། །མཁའ་མཁའ་བུག་གཟུགས་ཐིག་མེ་མཚོ། །མེ་ཆུ་རོའོ་སྤེན་པ་ལ། །མཁའ་མཁའ་གཟུགས་དང་ཟླ་བ་དང་། །རྒྱལ་བ་སྲིན་པོ་མཁའ་མཚོ་མེས། །སྦྱངས་པས་ཕྱི་མ་ཕྱི་མ་ཡི། །སོ་སོའི་རགས་པ་འཆར་བར་འགྱུར།། ༈ ཁྱིམ་ཞག་རེའུ་མིག་འཛིན་ཚུལ་ནི། །དྲག་གསུམ་རང་རང་དལ་བར་རམ། །དལ་དག་ཆར་གཅིག་བསྒྲུབས་དེ་དང་། །རེའུ་མིག་དལ་བ་ནང་མཐུན་གྱི། །བར་པའམ་དག་པ་གང་ཡིན་གཉིས། །མཐུན་ཤས་ཆེ་བའི་ཉུང་བ་འཛིན། །དེ་ཡི་བྱ་ར་ནས་བརྩམས་ཏེ། །གང་བརྩིའི་ཞག་བསྣན་བཟུང་བྱ་ཡི། །བྱ་རའི་སྒོས་ཞག་སྟོན་པར་འགྱུར།། ༈ རགས་པའི་ཆེད་དུ་ཤིང་རྟ་ནས། །འགོ་བརྩམས་རང་རང་ཉིན་ཞག་གི། །རྒྱུ་སྐར་འཁོར་གྲངས་གང་ཡིན་དེ། །མིག་དམར་མཁའ་མེ་མིག་དུས་འདོད། །ཕུར་བུ་ཀླུ་མེ་ཀླུ་འབྱུང་རི། །སྤེན་པ་མེ་མཁའ་སྐྱོན་འབྱུང་བས། །བསྒྱུར་ལ་མཚོ་བུག་མིག་མེ་ལག །བཀྲ་ཤིས་ལ་བྱིན་ཕུར་བུ་ལ། །ཀླུ་རི་འབྱུང་རོ་རྩེ་མོ་བསྣན། །སྤེན་པར་ཉེས་པ་རྒྱ་མཚོ་ཀླུ། །བྲོ་བ་བྱིན་ལ་གསུམ་ག་ཡང་། །བུག་མཁའ་མིག་བུག་ཡིད་ཀྱིས་དོར། །རང་རང་ལྷག་མ་གནས་དྲུག་གི། །སྐར་དབྱུག་སྲང་དབུགས་ནམ་མཁས་བསྒྱུར། །དེའི་འོག་ཆ་ཡི་གནས་གཉིས་པོ། །བཀྲ་ཤིས་རང་ཆ་བསེ་རུ་དང་། །གཟུགས་བུག་གཟུགས་བུག་ཆར་བུག་འབྱུང་། །སྲིན་ལག་ཡིན་ཏེ་ཕུར་བུ་ལ། །ལག་མིག་ཐུབ་ཆར་ནམ་མཁའ་དང་། །གཟུགས་བུག་སོགས་ཆར་འབྱུང་རི་མཁའ། །མཚམས་སོ་ཉི་བུའི་རང་ཆར་གཟུགས། །གཟུགས་བུག་སོགས་ཆར་ཆུ་མེ་མཁའ། །བུག་པས་བསྒྱུར་ལ་རང་འཁོར་བསྒྲིལ། །སོ་སོའི་སྤྱི་ནོར་རགས་པ་འགྲུབ། །སྔ་མའི་རགས་པ་རྣམ་དག་ལས། །དམར་པོར་མཁའ་མཁའ་ཉི་མ་མིག །དྲག་མིག་མེ་རོ་ཀླུ་ཆུ་བོ། །ཕུར་བུར་མཁའ་ཐིག་དྲག་པོ་གཟུགས། །མིག་ཉི་བུག་ཀླུ་མཁའ་ལག་གོ། །སྤེན་པར་མཁའ་མཁའ་དབང་པོ་འབྱུང་། །མེ་ཆུ་ཐུབ་པ་མཚོ་དང་ལག །ཀླུ་ཕྱོགས་རྣམས་ཀྱིས་ཕྲི་བ་ཡིས། །རང་རང་རགས་པ་ཕྱི་མ་འཆར།། ༈ དེ་ནས་ཁྱིམ་ཞག་དྲག་གསུམ་དང་། །ཚེས་ཞག་གཟའ་ལྔ་རང་རང་གི། །རགས་པ་མདའ་ཡོན་ཟླ་བ་ཡིས། །ཕྱེ་ནོར་སོ་སོའི་དལ་རྐང་གིས། །བསྒྱུར་བས་རྐང་འབྲས་གསུམ་པོ་དག །དེ་ཡིས་རང་རང་རགས་པ་ནི། །ཚར་དྲུག་བཀོད་པར་བྱིན་འཕྲོག་བྱ། །ནོར་དང་བུ་ལོན་ཁ་བྱང་གདགས།། ༈ དེ་ནས་དལ་བའི་རེའུ་མིག །སྔར་བཟུང་སྟེང་དུ་རང་རང་གི། །སྤྱི་ནོར་དྲུག་པོ་ནོར་བུ་ལོན། །མ་འདྲེས་སོ་སོར་བྱིན་པ་ཡིས། །ཁྱིམ་ཚེས་གཟའ་ལྔའི་དལ་བ་དག ༈ དེ་ནས་གཟའ་ལྔའི་ཞག་གསུམ་གྱི། །མྱུར་རྐང་རེའུ་མིག་འཛིན་ཚུལ་བཤད། །རང་རང་དལ་དག་ཚར་གཉིས་བཀོད། །དྲག་གསུམ་དལ་དག་གནས་གཅིག་གིས། །ཉི་མ་བར་པ་ལ་སྦྱང་ཞིང། །ཞི་གཟའ་གཉིས་ཀྱི་དལ་དག་གིས། །རང་རང་རྐང་འཛིན་ལོངས་སྤྱོད་སྦྱང་། །མ་ལྡངས་འཁོར་ལོ་བསྣན་ལ་སྦྱང་། །སྦྱངས་ཤུལ་འཁོར་ཕྱེད་ལྷག་ན་དོར། །ཆུ་སྲང་གནས་སུ་སུམ་ཅུ་ལས། །ལྷག་ན་དབྱུག་སར་གཅིག་བྱིན་བྱ། །སྐར་གནས་མཁའ་རོས་བསྒྱུར་དབྱུག་བཅུག །དེ་ཡིས་མྱུར་རྐང་རེའུ་མིག་ལས། །མ་དོར་རིམ་པ་ལུགས་འབྱུང་དང་། །དོར་ན་རིམ་མིན་ལུགས་ལྡོག་འཛིན། །གང་ཟིན་དལ་དག་ཅིག་ཤོས་ལ། །རིམ་པ་བསྣན་ལ་རིམ་མིན་ཕྲི། །དེ་ཡིས་མྱུར་བ་རྣམ་པར་དག །རིམ་པའི་སྔ་རྐང་མྱུར་འགྲོས་ཤར། །རིམ་པའི་ཕྱི་རྐང་དལ་འགྲོས་ལྷོ། །རིམ་མིན་སྔ་རྐང་འཁྱོག་འགྲོས་ནུབ། །རིམ་མིན་ཕྱི་རྐང་འབྱུང་འགྲོས་བྱང་། །འགྲོས་བཞི་སོ་སོའི་ཁ་བྱང་གདགས།། ༈ བྱེད་ལོའི་རེའུ་མིག་འཛིན་འདོད་ན། །ཤིང་རྟ་ལ་སོགས་འདས་པའི་ལོར། །མིག་ཀླུ་ཟུང་བྱིན་རི་ཟླ་མེས། །དོར་བའི་ལྷག་མས་རེའུ་མིག་གི། །བྱ་ར་བཟུང་བས་བསྡུས་རྒྱུད་ཀྱི། །དངོས་བསྟན་བྱེད་ལོ་སྟོན་པར་འགྱུར། །དེ་ཡི་གཟའ་དབྱུག་སྲང་གསུམ་དུ། །གཟུགས་ཉི་ཟླ་མིག་བྱིན་པ་ཡིས། །སྐྱོན༌བྲལ་བྱེད་པའི་ལོ་བདག་འཆར།། ༈ ཉིན་ཞག་གཟའ་ལྔའི་ཐུན་མོང་གི། །བར་ཁྱད་རེའུ་མིག་འཛིན་ལུགས་ནི། །སྤྱི་ཞག་བསྒྲུབས་པའི་བར་འོག་གི། །ཆུ་རོ་རི་མཁའ་རིའི་ལྷག་མས། །སོ་སོའི་རེའུ་མིག་བྱ་ར་བཟུང་། །གྲུབ་རྩིས་ཚེས་ཞག་ཉི་བར་གྱི། །ཆ་ཤས་ཀྱིས་ཀྱང་རི་རོ་ཆའི། །རེའུ་མིག་བཟུང་ལ་གཅིག་ཏུ་བསྲེ། །དེ་ཉིད་གྲུབ་རྩིས་ཉི་བར་གྱི། །ཆ་ཤས་དོར་བའི་སྟེང་དུ་བསྣན། །དེ་ཡིས་ཉིན་ཞག་ཉི་བར་འགྲུབ།། ༈ དུས་སྦྱོར་རེའུ་མིག་འཛིན་འདོད་ན། །དོན་གྱི་ཁྱིམ་འཕོ་ལྔ་བསྡུས་སྐབས། །བཤད་བཞིན་བཟུང་རྗེས་འདས་ཞག་གིས། །འདས་ལུས་སྲང་གི་རེའུ་མིག་འཛིན། །ཐུར་འདས་དབྱུག་སོགས་སྤྱི་ལྟར་བཙལ། །མ་འོངས་ནས་བརྩམས་རང་རང་གི། །སྲང་ཚད་ཀྱིས་ཕྲི་ལྷག་མ་ཡིས། །མི་མཉམ་དུམ་དྲུག་རེའུ་མིག་འཛིན།། ༈ དེ་ནས་རྩིས་ཕྲན་འགའ་ཞིག་གི། །རི་མོའི་བྱ་བ་བརྗོད་པར་བྱ། །རྒྱལ་བ་ལ་སོགས་འདས་པའི་ལོ། །རྩེ་མོས་བསྒྱུར་ལ་གནས་གཉིས་བཞག །སྟེང་མཁའ་འོག་མར་མེ་ཡིས་བརྒྱན། །རི་ཡིས་ཐོབ་ནོར་སོ་སོར་དོར། །སྟེང་རྒྱལ་འོག་མ་བློན་པོ་སྟེ། །མཚོ་ཡིས་ཕྲིའམ་མེ་བྱིན་པས། །ཕྱི་མ་ཕྱི་མའི་རྒྱལ་བློན་འཆར།། ༈ བྱེད་པའི་ཀ་ར་མྱང་རྩིས་ནི། །དུས་མེ་རོ་གཟུགས་རི་མོ་ལ། །རྒྱལ་བ་ལ་སོགས་འདས་ལོ་བསྲེ། །དེ་ནི་ཤ་ཀའི་ལོ་རུ་གྲགས། །དེ་ཉིད་རྩེ་མོ་ཅན་གྱིས་བསྒྱུར། །ཐུབ་པས་བགོས་ནོར་ཟུར་དུ་བཞག །ལྷག་མ་མིག་བསྒྱུར་འབྱུང་བ་བསྲེ། །ནོར་ལ་དེ་ལྟར་དགུ་ཡི་བར། །མེས་བསྒྱུར་རིས་བགོས་ལྷག་མ་རྣམས། །མིག་བསྒྱུར་འབྱུང་བསྲེས་རིམ་བཞག་པས། །ཆར་འབྲུ་རྩྭ་བསིལ་རླུང་དང་དྲོད། །སྐྱེ་དགུ་འཕེལ་ཟད་རྒྱལ་པོ་འཁྲུག །བཅུ་བདུན་མང་མཐའ་ལྔ་ཉུང་མཐའ། །བཅུ་གཅིག་བར་ཡིན་མང་ཉུང་དང་། །སྦྱར་ཏེ་གང་ཉེའི་ལུང་བསྟན་བྱ། །ཤ་ཀ་དྲག་སྦྱངས་ཆུ་བོས་དོར། །ལྷག་མ་གཅིག་གཉིས་གསུམ་དང་ཐིག །བྱུང་ཚེ་རིམ་བཞིན་ཆར་མི་འབབ། །ལ་ལར་འབེབས་དང་ཁྱབ་པར་འབེབས། །ཆར་ཆེན་ཆུ་ཐོག་འབབ་རྩིས་སྟོན། །ནཻ་པཱ་ལ་ཡི་མན་ངག་ཡིན།། ༈ དེ་ལྟར་རི་མོའི་བྱ་བ་རྣམས། །སྐྱོན་མེད་ལོ་འཁོར་བསྒྲུབས་པའི་མཐར། །སྐར་རྩིས་འབྱུང་རྩིས་ཟུང་བསྡེབས་པའི། །རཱི་ཐུ་དགྲོལ་བའི་གོ་རིམ་བཤད། །རྣམ་དཀར་ལས་བརྩམ་དེའི་སྡུན་དུ། །དམ་པའི་ཡུལ་ལ་མཆོད་བརྗོད་བྱ། །བརྩོན་པའི་མི་མཐུན་ཕྱོགས་སྤོང་དང་། །སྤྲོ་ཕྱིར་ཁས་བླང་དམ་བཅའ་འགོད། །འདས་ལོའི་གནས་རྣམས་ཤེས་བྱའི་ཆེད། །ཇི་ལྟར་རིགས་པའི་གཏན་ཚིགས༌བྲི། །ལོ་རྒན་དྲུག་ཅུའི་ནང་ཚན་གྱི། །གནམ་ལོ་གང་ཡིན་ངོས་བཟུང་ལ། །དེ་ཡི་སྲོག་ལུས་དབང་ཀླུང་དང་། །ལུས་སྨེ་བཅས་པའི་འབྱུང་གྲངས་བརྩི། །ཁ་ཡན་ཁོང་ནོང་སོགས་ལྔ་དང་། །གཟའ་བཞི་གང་གི་ཀླུངས་ཡིན་དང་། །ཕོ༌བྲང་དབུས་སྨེ་གང་བབ་འགོད། །ཉི་མ་ཉ་རྫོགས་ལུག་ཁྱིམ་དུ། །སླེབས་པའི་ཞག་དེའི་གྲུབ་མཐའ་ཡི། །རེས་གཟའ་ལོ་ཡི་བདག་པོ་དང་། །ལུག་ཏུ་སླེབས་པའི་ཉིན་ཞག་དེར། །ལྷ་ཡི་བླ་མ་ལོངས་སྤྱོད་པའི། །སྐར་མ་གང་ཡིན་ལོ་སྐར་རོ། །དེ་བཞིན་བྱེད་པའི་ལོ་བདག་གཟའ། །རྒྱལ་བློན་ཀ་ར་མྱང་རྩིས་དང་། །ཤ་ཀ་དྲག་སྦྱངས་གཟའ་ལྔ་ཡི། །ཕྱིར་ལྡོག་ལ་སོགས་འབྲས་བུ་རྣམས། །རྒྱས་བསྡུས་སྐབས་དང་བསྟུན་ཏེ་བཀོད། །ལོ་དེར་ཟླ་བའི་བཤོལ་ཐོན་ཚེ། །འདི་ལྷག་ཅེས་བརྗོད་བཤོལ་འདོན་ཚུལ། །ཟླ་བ་གང་ཡང་རུང་བ་ཡི། །གནམ་གང་དེ་མ་ཐག་པ་ཡི། །ཚེས་གཅིག་དག་ལ་ཟླ་བ་ནི། །སྔ་ཕྱིའི་སྒང་ཚད་ཤར་བའི་ཚེ། །སྔ་མ་ཉིས་བརྩིགས་ཕྱི་མ་བཤོལ། །མདོར་ན་སྒང་བྲལ་ཟླ་ཐེབས་ཡིན། །འདི་ནི་འབྱུང་རྩིས་ཚེས་རྒྱུ་ཡི། །ཉི་མ་ས་བདག་དང་བསྟུན་ཕྱིར། །གཙུག་ལག་སྤོར་ཐང་རྩིས་པའི་ལུགས།། ༈ དེ་ནས་ཟླ་བཤད་ལག་ལེན་ནི། །གསུམ་པ་ལ་སོགས་མིང་གི་མཐར། །ཉ་སྐར་དང་སྦྱར་དུས་བཞི་ཡི། །ར་འབྲིང་ཐ་དང་རྟེན་འབྲེལ་ཟླ། །སྤོར་ཐང་ལུགས་བཞིན་ལོ་ཟླ་ཡི། །དབང་ཐང་མ་བུར་བརྩིས་བྱས་པའི། །རྟ་ཟླ་ལ་སོགས་ཆེ་ཆུང་བལྟ། །ཉིན་ཞག་སུམ་ཅུར་ལོངས་ན་ཆེ། །ཉེར་དགུའི་ཞག་ལ་ཆུང་ཞེས་བརྗོད། །དེ་རྗེས་སྒང་དབུགས་ཁྱིམ་སླེབ་དང་། །ལྡོག་གཉིས་ཕག་ཞག་རྀ་ཥི་རྣམས། །སྔ་རིམ་ནས་བཀོད་རང་རང་གི། །དུས་གཟེར་དང་བཅས་འདྲི་བར་བྱ། །ཁྱད་པར་སྒང་ལ་ཉིན་མཚན་ཚད། །ཁྱིམ་སླེབས་རྗེས་སུ་ཉི་མ་ནི། །ཁྱིམ་གང་གནས་བསྟུན་ལས་བཞིའི་འབྲས། །ལུག་སྡིག་དགུག་དང་གླང་སྲང་དབང་། །འཁྲིག་པ་བུ་མོ་རྒྱས་པ་སྟེ། །ཀརྚ་སེང་གེ་ཞི་བའི་ལས། །ཆུ་སྲིན་བུམ་པ་བསད་ལས་དང་། །གཞུ་ཉ་བསྐྲད་པའི་ལས་ལ་བསྔགས། །དེ་བཞིན་ཁྱིམ་སླེབས་དུས་ཤར་བའི། །རེས་གཟའ་ཟླ་བའི་བདག་པོ་སྟེ། །ཉི་མའི་ལྷ་ནི་དྲག་མོས་རྩུབ། །ཟླ་བ་བྱ་རོག་མ་ཡིས་འཇམ། །མིག་དམར་གསུས་པོ་ཆེ་ཡིས་རྩུབ། །ལྷག་པ་གངྒ་མ་ཡིས་འཇམ། །ཕུར་བུའི་ལྷ་ནི་དལ་མས་འཇམ། །པ་སངས་སྣ་ཚོགས་མདོག་ཅན་འཇམ། །སྤེན་པ་སྲིན་པོའི་རྣལ་འབྱོར་རྩུབ། །དེ་ལྟའི་ཟླ་བདག་འཇམ་རྩུབ་དང་། །བུམ་སྟོང་གནས་ཕྱོགས་བཅས་པ་འདྲི། །དེ་རྗེས་བསོད་ནམས་ཚོགས་རྟེན་གྱི། །རྒྱལ་བའི་དུས་ཆེན་ངོས་འཛིན་དང་། །ཉི་ནག་འབྲས་བུ་དང་བཅས་བརྗོད། །ཟླ་ནག་འབྱུང་རྩིས་རང་གཞུང་ལས། །གནམ་ལོ་གང་ཤར་ཡས་མར་གྱི། །བཞི་གཤེད་ནག་པར་གསུངས་པ་ལྟར། །རྒྱ་རྩིས་ལོ་འགོ་དང་སྦྱར་ནས། །མ་འཁྲུགས་བཀོད་རྗེས་སྐྱོར་ཁ་དང་། །སྡེ་བརྒྱད་དང་ནི་ཀླུའི་ཐེབས་བཟློག །ལྷ་ལྔ་ལྷ་དགུ་ཉིན་ཚེས་གཉིས། །བསྟུན་ནས་ཆད་ལྷག་འདི་ཡོད་འདྲི། །དེ་ནས་གཟའ་ཡི་དར་གུད་ནི། །སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་དམར་པོས་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །འདི་ནི་འབྱུང་རྩིས་གཏན་ལེ་དང་། །སྦྱར་བ་རགས་པའི་རྣམ་གཞག་ཡིན། །ཞིབ་པར་ཟླ་བ་སོསོ་ཡི། །ཚེས་གཅིག་ལ་ཤར་རེས་ཀྱི་གཟས། །ཚེས་ཕྱིར་དེ་ཡི་ཁམས་སྦྱར་ཏེ། །གང་ཚེས་དེ་དར་དེའི་བུ་དར། །མུ་ཞུད་དགྲ་གྱོད་གྲོགས་གུད་དོ། །ཟླ་འཕོའི་རི་མོ་དང་བསྟུན་ནས། །དེ་དང་ཁྱིམ་སླེབས་རེས་གཟའ་གཉིས། །མང་ཉུང་བལྟས་ལ་དབང་ཕྱུག་དང་། །ཨུ་མ་མཇལ་བའི་འབྲས་བུ་ཡང་། །མཉམ་ན་གཟིམས་མཇལ་ཟླ་འཕོའི་གཟའ། །མང་ན་བཞུགས་ཏེ་མཇལ་བས་ངན། །ཁྱིམ་སླེབ་གཟའ་མང་བཞེངས་མཇལ་དགེ། །དེ་ནས་བྱེད་གྲུབ་དྷྲཱུ་ཝ་དང་། །ཉ་སྟོང་གཟའ་ལྔ་སྒྲ་གཅན་བཅས། །ལོ་དེར་ཟླ་ཉི་སྒྲ་གཅན་གྱིས། །འཛིན་ན་དུས་ཆ་ཡུན་སོགས་དང་། །མཇུག་རིངས་ལོངས་སྤྱོད་བཅས་པ་རྣམས། །རྒྱས་བསྡུས་ཇི་ལྟར་རིམས་པ་འགོད།། ༈ དེ་ནས་ཕྱེད་དགྲོལ་དངོས་གཞི་ནི། །ཆེས་ཁོངས་སོ་སོའི་རེའུ་མིག་ནང་། །ཉིན་རེའི་ཚེས་རྩིས་རི་མོ་དང་། །གཞན་ཡང་དབུགས་ཐོབ་ཁྱིམ་འཕོ་སྒང་། །ལྡོག་གཉིས་ཆད་ལྷག་མཚན་མ་བཅས། །རང་རང་ཚེས་ཁོངས་གར་ཡོད་བཀོད། །ཁྱད་པར་ལྷག་པའི་ཚེས་སྔ་མའི། །རཱི་ཐུ་བསྒྲུབ་ན་གང་མཆོངས་ཀྱི། །གཟའ་འདྲི་དབྱུ་གུར་མཁའ་རོ་བཀོད། །ཚེས་འདིའི་ཉི་མར་མཚོ་མདའ་ནི། །ཚེས་བསྒྱུར་བྱིན་ལ་ཚེས་ལོངས་ཀྱིས། །སྦྱངས་ལྷག་རེས་འགྲོགས་ཟླ་སྐར་ཏེ། །ལྷག་མ་རིགས་འགྲེ་ཤེས་པར་བྱ། །ལྔ་བསྡུས་རི་མོའི་གཡས་གཡོན་དུ། །བྱེད་པའི་སྤྱོད་དང་སྐར་མའི་སྤྱོད། །ཟ་སྐར་སྟེང་དུ་གཟའ་རྣམས་ཀྱི། །མཆེ་གདོང་མཚན་མ་བཅས་པ་བཀོད།། ༈ ཇི་ལྟར་འགྲོལ་བའི་གོ་རིམ་ནི། །དང་པོར་ཚེས་ཀྱི་ཨང་ཀི་དང་། །དེ་རྗེས་ཡར་ངོའི་ཚེས་གཅིག་ནས། །བརྩམས་ཏེ་དགའ་ཨ་བཟང་ཨི་དང་། །རྒྱལ་རི་སྟོང་ཨུ་རྫོགས་ལྀ་ཞེས། །ཚེས་དབྱངས་ལྔ་སྔགས་དྲུག་སྐོར་འདྲི། །དེ་ནས་ས་རིས་ཨང་ཀི་དང་། །བསྟུན་ཏེ་གྲུབ་པའི་རེས་གཟའ་དང་། །རེས་འགྲོགས་ཟླ་སྐར་བཅས་པ་འགྲོལ། །ཉིན་མོའི་ཆ་ལ་སྐར་མ་གཉིས། །འདུག་ན་གཉིས་ཀ་འགྲོལ་བར་བྱ། །གཟའ་སྐར་འཕྲད་པའི་འཕྲོད་འབྲི་ཞིང་། །ཉིས་འཕྲོད་ཡོད་ནའང་གོ་རིམ་བཞིན། །འཕྲོད་ལ་གཉིས་ལས་ཐུན་མོང་ནི། །རེས་གཟའ་ཉི་མ་དབྱུག་པ་དང་། །ཟླ་བ་མགོ་དང་མིག་དམར་སྐག །ལྷག་པ་མེ་བཞི་ཕུར་ལྷ་མཚམས། །པ་སངས་ཆུ་སྨད་སྤེན་མོན་གྲུ། །བདུན་པོ་རྣམས་ནི་ཀུན་དགའ་ཡིན། །དེ་ལྟར་བདུན་པོས་ཐོག་དྲངས་སྟེ། །རྒྱུ་སྐར་ཉེར་བརྒྱད་བཀོད་བྱས་ནས། །དུས་དབྱིག་ལ་སོགས་རིམ་པར་སྦྱར། །དེ་ཡང་རི་མོས་གཏན་འབེབས་ན། །རེས་གཟའ་གང་ཡིན་གནས་གཉིས་བཀོད། །འོག་མར་གཟུགས་ཕྲི་འབྱུང་བས་བསྒྱུར། །སྟེང་མར་གྲོ་བཞིན་བྱི་བཞིན་གཉིས། །སོ་སོར་ཕྱེ་བའི་ཟླ་སྐར་གྱིས། །བརྒྱན་ལ་འོག་མའི་ཚོགས་ཀྱིས་ཕྲི། །མ་ལྡངས་ཀླུ་ལག་བསྣན་ལ་སྦྱང་། །ལྷག་མར་གཅིག་བྱུང་ཀུན་དགའ་སྟེ། །དེ་བཞིན་རིམ་པར་དེད་དེ་བརྩི། །ཐུན་མིན་འཕྲོད་ལ་རྣམ་པ་བརྒྱད། །ཉི་མ་མེ་བཞི་ཟླ་གྲོ་བཞིན། །བཀྲ་ཤིས་ཐ་སྐར་ལྷག་ལྷ་མཚམས། །ཕུར་རྒྱལ་པ་སངས་ནམ་གྲུ་དང་། །སྤེན་པ་སྣར་མ་རྣམས་འགྲུབ་སྦྱོར། །ཉི་མ་ལྷ་མཚམས་ཟླ་སྨིན་དྲུག །མིག་དམར་མོན་གྲུ་ལྷག་དབྱུག་པ། །ཕུར་བུ་མགོ་དང་པ་སངས་སྣར། །སྤེན་པ་མེ་བཞི་རྣམས་འཆི་སྦྱོར། །ཉི་མ་མཆུ་དང་ཟླ་ས་ག །བཀྲ་ཤིས་ལག་དང་ལྷག་པ་སྣྲུབས། །བླ་མ་མོན་གྲེ་དཀར་པོ་སྣར། །དལ་འགྲོ་ཆུ་སྟོད་རྣམས་སྲེག་སྦྱོར། །ཉི་མ་སྨིན་དྲུག་ཟླ་བ་དབོ། །ལུས་དམར་སྐག་དང་ལྷག་ཆུ་སྟོད། །སྒྲ་མཁན་མགོ་དང་སྦྱིན་བྱེད་རྒྱལ། །ཉི་སྐྱེས་མོན་དྲེ་རྣམས་བདུད་ཉི། །ཉི་མ་སྣྲུབས་དང་ཟླ་གྲོ་བཞིན། །ས་སྐྱེས་ཁྲུམས་སྨད་ལྷག་སྨིན་དྲུག །ཕུར་བུ་ནབས་སོ་པ་སངས་གྲེ། །ཞི་འགྲོ་ས་རི་རྣམས་བདུད་རྒྱལ། །འོད་ལྡན་ས་ག་ཟླ་བ་སྣྲོན། །བཀྲ་ཤིས་ནམ་གྲུ་ལྷག་མེ་བཞི། །བླ་མ་སྣར་མ་སངས་ནབས་སོ། །སྤེན་པ༌བྲ་ཉེ་རྣམས་འཇིག་ཉི། །ཉི་མ་མོན་དྲེ་ཟླ་ས་ག །མིག་དམར་ལྷ་མཚམས་ཟླ་སྲས་སྣྲོན། །ཕུར་བུ་གློ་བཞིན་དཀར་པོ་སྣར། །སྤེན་པ་གྲེ་རྣམས་མི་འཕྲོད་ཉི། །ཉི་མ་སྣྲོན་དང་ཟླ་ཁྲུམས་སྨད། །དམར་པོ་ཁྲུམས་སྟོད་ལྷག༌བྲ་ཉེ། །ཕུར་བུ་ལྷ་མཚམས་པ་སངས་མཆུ། །ཉི་མའི་བུ་དང་ནམ་གྲུ་རྣམས། །མི་མཐུན་པ་ཡི་ཉི་མ་ཡིན། །དྲག་གཟའ་རྣམས་ཀྱི་འཁྱུད་པ་དང་། །དེ་སྟེང་གདོང་མཇུག་དུ་སོལ་བཅས། །ཟླ་སྐར་དང་བསྟུན་འཕྲོད་རྗེས་འབྲི། །དེ་ནས་རྣམ་སེལ་ལ་སོགས་པ། །སྦྱོར་བ་རིམ་དགྲོལ་མཆོངས་པའི་ཚེ། །སྔ་མར་ཉིས་བརྩེགས་ཡང་བལྡབས་ན། །གཅིག་པོ་སྔ་ཕྱི་གཉིས་ཀར་འདྲི། །དེ་ནས་བྱེད་པ་གྲངས་བཞིན་ནམ། །བསྡུ་ན་བིཥྚི་ཙམ་ཞིག་འགོད། །དེ་ཡི་འཆར་གཞིའི་ཚེས་གྲངས་ནི། །མཚོ་དྲག་སྐྱོན་དང་དེ་ཉིད་ཕྱི། །ཀླུ་ཚེས་ལག་མིག་ཉེར་དགུ་སྔ། །དེ་ནས་ཚེས་གཟའ་འཛོམས་པའི་འཕྲོད། །ཐུན་མིན་བསྲེག་ཚེས་བཅུ་བཞི་ནི། །ཉི་མ་བཅུ་གཉིས་ཉི་ཤུ་བདུན། །ཟླ་བ་བཅུ་གཅིག་ཉི་ཤུ་དྲུག །མིག་དམར་བཅུ་དང་ཉི་ཤུ་ལྔ། །ལྷག་པ་ཚེས་གསུམ་བཅོ་བརྒྱད་དེ། །ཕུར་བུ་དྲུག་དང་ཉི་ཤུ་གཅིག །པ་སངས་གཉིས་དང་བཅུ་བདུན་ཏེ། །སྤེན་པ་བདུན་དང་ཉི་ཤུ་གཉིས། །འཛོམ་ཚེ་བསྲེག་ཚེས་ཞེས་པ་འདྲི། །གལ་ཏེ་རེས་གཟའ་སྔོན་ཐལ་ན། །དེ་ཡི་ཚེས་ལོངས་རྫོགས་ནས་འཇུག །དེ་ལ་མིང་མཐར་སུ་ཡིག་སྦྱོར། །དེ་ནས་རྟེན་འབྲེལ་འཆར་ཚུལ་འགོད། །འཆར་གཞི་ཟླ་བ་བཅུ་གཉིས་ལ། །ཉིན་ཞག་སུམ་ཅུ་འམ་ཉེར་དགུ་སྟེ། །ངོ་རེར་བཅོ་ལྔའམ་བཅུ་བཞི་དང་། །རེས་འགའ་བཅུ་དྲུག་འབྱུང་བའང་སྲིད། །ཟླ་བ་ཀུན་གྱི་ངོ་གཉིས་གའི། །ཚེས་གཅིག་རང་རང་ཟླ་བདག་འཆར། །དེ་ཡང་གསུམ་པར་མིང་གཟུགས་དང་། །བཞི་པར་སྐྱེ་མཆེད་ལྔ་པར་རེག །དྲུག་པར་ཚོར་བ་བདུན་པར་སྲེད། །བརྒྱད་པར་ལེན་པ་དགུ་པར་སྲིད། །བཅུ་པར་སྐྱེ་བ་བཅུ་གཅིག་པར། །རྒ་ཤི་བཅུ་གཉིས་པར་མ་རིག །དང་པོར་འདུ་བྱེད་གཉིས་པ་ལ། །རྣམ་ཤེས་རྣམས་འཆར་ཟླ་བའི་བདག །དེ་ནས་འགོ་བཟུང་རང་རང་གི། །ཚེས་གཉིས་སོགས་ནས་རིམ་པ་ལྟར། །ནག་པ་ལ་སོགས་མི་མཉམ་པའི། །ཟླ་བ་དྲུག་གི་ཟླ་སྟོད་ལ། །ལུགས་ལྡོག་ཟླ་སྨད་ལུགས་འབྱུང་དང་། །ས་གའི་ཟླ་སོགས་མཉམ་དྲུག་ལ། །ཟླ་སྟོད་ལུགས་འབྱུང་ཟླ་སྨད་ལ། །ལུགས་ལྡོག་སྦྱར་བས་ཚེས་གྲངས་ནི། །བཅུ་གཉིས་བར་གྱིས་རྟེན་འབྲེལ་རྫོགས། །བཅུ་གསུམ་བཅུ་བཞི་བཅོ་ལྔ་ལ། །རང་རང་གསུམ་བཞི་ལྔ་པ་དང་། །རེས་འགའ་ཉིན་ཞག་བཅུ་དྲུག་གམ། །བཅུ་བཞི་བྱུང་ཚེ་རིམ་པ་ལྟར། །དྲུག་པ་སྦྱོར་ཞིང་བཅོ་ལྔ་འདོར། །ཟླ་ལྷག་ཡོད་ཚེ་གྲུབ་རྩིས་ཀྱི། །ཟླ་དག་འཕར་བ་དང་བསྟུན་ཏེ། །ལྷག་པའི་ཕྱི་མར་བལྡབས་ཏེ་འདྲི། །དེ་རྗེས་ཉི་མ་སྤར་སྨེ་དང་། །ས་བདག་ཐེབས་བཟློག་གནམ་སྒོ་རྣམས། །ཤོག་ཁྲ་བཞིན་དུ་དག་པར་བཤུ། །ཟླ་ལྷག་ཡོད་ཚེ་སྒང་དོར་ཟླར། །ཟླ་བཤད་ཉི་ནག་ཟླ་ནག་དང་། །ལྔ་དགུ་ཚེས་ཀྱི་ཉི་མ་དང་། །སྤར་སྨེ་ས་བདག་ལ་སོགས་པ། །སྔ་མ་དེ་ཀ་བལྡབས་ཏེ་འདྲི། །འདི་ནི་རྩིས་པ་ཕལ་ཆེ་བའི། །ལག་ལེན་འབྲིང་པོའི་རཱི་ཐུ་སྟེ། །གཞན་དུ་རྒྱས་དང་བསྡུས་པ་ལ། །མོས་ན་སྦྱོར་བ་བཀག་པ་མེད། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། །མགྱོགས་རྩིས་ལ་བརྟེན་ནས་རཱི་ཐུ་སྦྱོར་དགྲོལ་བཤད་པའི་སྐབས་ཏེ་ཉེར་གཉིས་པའོ།། །།

མཐའ་མའི་འདོན་ཐེངས་།: 20.04.2024 ཉིན། 7:07 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།