སྨན་རྩིས་དྲ་བ། - རྣམ་འགྲེལ་གསེར་གྱི་ཤིང་རྟ།

སྐབས་གཉིས་པ། མིང་གི་ཐ་སྙད་རྣམ་གྲངས་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.12.2013
རྣམ་འགྲེལ་གསེར་གྱི་ཤིང་རྟ། >> སྐབས་གཉིས་པ། མིང་གི་ཐ་སྙད་རྣམ་གྲངས་བཤད་པ།


ད་ནི་སྐབས་གཉིས་པས་མིང་གི་ཐ་སྙད་དང་རྣམ་གྲངས་བཤད་པ་ལ་བསྟན་བཤད་བསྡུ་གསུམ་ལས། དང་པོ་ནི། ཐ་སྙད་རྣམ་གྲངས་འཆད་པ་ལ། ཞེས་སོ། གཉིས་པ་ལ་གཉིས་ཏེ། རྩི་བྱེད་གྲངས་ཀྱི་མིང་དང་།  བརྩི་བྱ་ལོ་ལ་སོགས་པའི་མིང་ངོ་། དང་པོ་ནི། ཐོག་མར་རྩི་བྱེད་གྲངས་ཀྱི་བརྡ་ཆད་བཤད་ཅེས་ཁས་བླང་ངོ་། དེ་ཡང་།  རང་བཞིན་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་བདག་མེད་པར་གཅིག་པ་དང་། གཟུགས་ནི་གཟུགས་ཕུང་གཅིག་ཡིན་པ་དང་།  ཟླ་བ་དང་བསེ་རུ་ནི་གོ་སླའོ། རི་བོང་ཅན་ནི་དེའི་མཚན་མ་དང་ལྡན་པའི་ཕྱིར་ཟླ་བའི་མིང་གཞན་ཏེ་བྱང་ཆུབ་སེམས་དཔའི་རི་བོང་གི་སྐྱེས་རབས་ལས་ཤེས་སོ། དེ་རྣམས་ནི་གཅིག་ལ་འཇུག་པའི་བརྡའོ། ལག་པ་དང་མིག་དང་ཟུང་རྣམས་ནི་གོ་སླའོ། བགྲོད་པ་ནི་ཉི་མའི་ལྷོ་བྱང་གི་བགྲོད་པ་གཉིས་སོ། ཕྱོགས་ནི་ཟླ་བའི་དཀར་ནག་གི་ཕྱོགས་སོ། འཁྲིག་པ་དང་སྦྱོར་བ་ནི་སྐྱེས་བུ་དང་ན་ཆུང་ཚོགས་པའི་རྩེ་དགའོ། ཡ་མ་ཞེས་པ་གཤིན་རྗེ་དང་། ཟུང་དང་། མཚེ་མ་རྣམས་ལ་འཇུག་པ་ལས། གཤིན་རྗེ་ནི་དེས་སེམས་ཅན་རྣམས་སྐྱེ་བ་གཉིས་པར་འཕེན་པའི་དོན་དང་། མཚེ་མ་ནི་ལྷའི་རིགས་མཚེ་མ་བ་ལ་བུ་དང་བུ་མོ་གཉིས་མཉམ་དུ་སྐྱེ་བས་མིང་དེ་ལྟར་གྲགས་པ་བཞིན་དུ་མིའི་འཇིག་རྟེན་དུའང་གྲགས་པ་བཞིན་ནོ། དེ་རྣམས་ནི་གཉིས་ལ་འཇུག་པའི་བརྡའོ། འཇིག་རྟེན་ནི་ས་འོག་ས་སྟེང་ས་བླའོ། དུས་ནི་འདས་མ་འོངས་ད་ལྟའོ། ཡོན་ཏན་ནི་རྡུལ་མུན་སྙིང་སྟོབས་སོ། མེ་ནི་རྟ་གདོང་གི་མེ་དང་། ཁྱིམ་གྱི་མེ་ཉི་མ་དང་། བསྲེག་བྱ་ཟ་བའི་མེ་དང་གསུམ་མོ། རྩེ་མོ་ཅན་ནི་ཁ་ཅིག་མེའི་མིང་གཞན་དང་།  ཕལ་ཆེར་ཏྲི་ཤུ་ལའོ། ཞེས་ཟེར་ཏེ་བརྟག་གོ། དེ་རྣམས་ནི་གསུམ་ལ་འཇུག་པའི་བརྡའོ། རྒྱ་མཚོ་ནི་ཕྱོགས་བཞིའི་དབྱེ་བས་ཤར་ཕྱོགས་ཀྱི་རྒྱ་མཚོ་སོགས་སོ། ཆུ་གཏེར་ཡང་དེ་ཉིད་དེ། ཁ་ཅིག་གངྒཱ་སོགས་ཟེར་ཀྱང་དེ་དག་རྒྱ་མཚོ་མ་ཡིན་པའི་ཕྱིར་ཆུ་གཏེར་མ་ཡིན་ནོ། དུས་ནི་རྫོགས་ལྡན་སོགས་བཞིའོ། ཆུ་བོ་ནི་གངྒཱ་སོགས་བཞིའོ། རིག་བྱེད་ནི་མཆོད་སྦྱིན་སྙན་ངག་སྲིད་བསྲུང་ངེས་བརྗོད་བཞིའོ། སྡེ་བ་ནི། ཧེ་རུ་ཀ་གལ་པོར། སྡེ་བ་བཞི་ནི་གནས་བརྟན་པ། ཐམས་ཅད་ཡོད་པར་སྨྲ་བ་དང་། ལེགས་དཔོན་དགེ་འདུན་ཕལ་ཆེན་ཏེ། ཞེས་སོ། ཟུང་ལྡན་ནི་ཟུང་གཉིས་དང་ལྡན་པའོ། དེ་རྣམས་ནི་བཞི་ལ་འཇུག་པའི་བརྡའོ། མདའ་ནི། འདོད་འཇོར། མྱོས་བྱེད། སྲེད་བྱེད། ཡང་དག་རྨོངས་བྱེད། སྐེམ་བྱེད། ཚིམ་བྱེད་ལྔ་ལ་བཤད་དེ། མདོར་ན་བདུད་ཀྱི་འཕེན་པའི་མེ་ཏོག་གི་མདའ་ལྔའོ། དབང་པོ་ནི་མིག་རྣ་བ་སྣ་ལྕེ་ལུས་དབང་ངོ་། སྡེབ་སྦྱོར་གྱི་འགྲེལ་པར་གཟུགས་སོགས་ཡུལ་ལྔ་ཡང་བཤད་དོ། ཕུང་པོ་ནི་གཟུགས་ཚོར་སོགས་སོ། འབྱུང་བ་ནི་ས་ཆུ་སོགས་སོ། དེ་རྣམས་ནི་ལྔ་ལ་འཇུག་པའི་བརྡའོ། རོ་ནི་མངར་སྐྱུར་ཁ་སྐ་ཚ་བ་ལན་ཚྭ་བའོ། བྲོ་བའང་རོའི་མིང་གི་ཁྱད་པར་རོ། དུས་དང་མཚམས་ནི། དཔྱིད་སོ་དབྱར་སྟོན་དགུན་སྟོད་སྨད་དོ། དེ་རྣམས་ནི་དྲུག་ལ་འཇུག་པའི་བརྡའོ། གཟའ་ནི་རེས་ཀྱི་གཟའ་བདུན་ནོ། གླིང་ནི་ཟླ་བ་འོད་དཀར་སོགས་སོ། ཐུབ་པ་ནི་རྣམ་གཟིགས་སོགས་སངས་རྒྱས་རབ་བདུན་ནོ། ཁ་ཅིག་དྲང་སྲོང་བདུན་ལ་འདོད་དོ། རི་ནི་འོད་སྔོན་སོགས་སོ། དྲང་སྲོང་ནི་སྐར་མ་རྨེ་བདུན་ལ་གནས་པའི་དྲང་སྲོང་བདུན་ཏེ། འདོད་འཇོར། འོད་ཟེར་ཅན་དང་།  ཉི་མ་དང་། རྒྱུན་ཤེས་དང་། འོད་ཡངས་དང་།  ལྷ་མིན་འཇོམས་དང་། མཆོད་སྦྱིན་ཅན་དང་། གནས་འཇོག་སྟེ་དྲང་སྲོང་སྣ་ཚོགས་གཙུག་ཕུད་ཅན་བདུན། ཞེས་སོ། དེ་རྣམས་ནི་བདུན་ལ་འཇུག་པའི་བརྡའོ། ཀླུ་ནི། གལ་པོ་ལས། །མཐའ་ཡས་དང་ནི་འཇོག་པོ་དང་།  །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་ལྷ་ཀླུ་ཆེན་བརྒྱད། ཞེས་སོ། སྦྲུལ་ནི་ཀླུ་རྣམས་སྦྲུལ་གཟུགས་སུ་གནས་པས་སོ། ལག་འགྲོ་དང་གདེངས་ཀ་ཅན་ནི་སྦྲུལ་གྱི་མིང་གཞན་ནོ། ནོར་ལྷ་ནི། འདོད་འཇོ་ལས། །ཆུ་དང་བརྟན་པ་ཟླ་བ་དང་། །འཛིན་བྱེད་རླུང་དང་མེ་དང་ནི། །ནམ་ལངས་འོད་བྱེད་ཅེས་བྱ་བ། །བརྒྱད་པོ་ནོར་གྱི་ལྷ་ཞེས་བྱ། ཞེས་སོ། ནོར་དང་དབྱིག་ཀྱང་ནོར་ལྷའི་མིང་སྟེ་ནོར་ལྡན་ལ་ནོར་གྱི་མིང་བཏགས་པའོ། དེ་རྣམས་ནི་བརྒྱད་ལ་འཇུག་པའི་བརྡའོ། རྩ་ནི་རྭ་བས་སྙིང་གའི་རྩ་བརྒྱད་ལྟེ་བ་དང་དགུ་ལ་འཆད་ཀྱང་ནཱ་ཌཱི་ཞེས་པ་འཛག་པའམ་སྦུག་ཅན་ཏེ་བུག་པ་དང་དོན་གཅིག་པས་མིག་ལ་སོགས་པ་བུག་པ་དགུའི་རྩའོ། བུག་པ་ནི་མིག་རྣ་བ་སྣ་གསུམ་ལ་གཉིས་གཉིས་ཀྱི་སྟེང་ཁ་དང་གཤང་གཅིའི་ལམ་རྣམས་སོ། གཟའ་ནི་རེས་གཟའ་བདུན་སྒྲ་གཅན་མཇུག་རིང་དང་བཅས་པའོ། གཏེར་ནི། འདོད་འཇོར། པདྨ་ཅན་དང་། དུང་ཅན་དང་།  པདྨ་ཆེན་པོ་དང་། ཆུ་སྲིན་ཅན་དང་།  རུས་སྦལ་དང་། རྔ་ཅན་དང་། དགའ་བ་ཅན་དང་། སྔོན་པོ་དང་།  འཛིན་བྱེད་ཅེས་བྱའོ། ཞེས་སོ། སྲིན་པོ་ཁ་ཅིག་ལངྒ་མགྲིན་བཅུ་སོགས་སྲིན་པོའི་རྒྱལ་པོ་དགུའོ། ཞེས་འདོད། གཞན་དུ་ན་སྲིན་པོ་ནི་རྣམ་སྲས་ཀྱི་གཡོག་ཡིན་པར་བཤད་པས་གནོད་སྦྱིན་གྱི་གཏེར་པདྨ་ཅན་སོགས་དགུའི་གཉེར་བ་ཡིན་པའི་དབང་དུ་བྱས་པའང་འདྲ་སྟེ། འདོད་འཇོར། བསོད་ནམས་སྐྱེས་ནི་སྲིན་པོ་སྟེ་དེ་རྣམས་ཀྱི་དབང་ཕྱུག་གོ། ཞེས་དང་། བསྲུང་བས་ན་སྲིན་པོ་སྟེ། ཞེས་པའི་དོན་བློ་བརྟན་བཞི་པས་ཚིག་གཏེར་གྱི་འགྲེལ་པར། གཏེར་བསྲུང་བའི་དོན་ཡིན་ནོ། ཞེས་བཤད་པས་སོ། དེ་རྣམས་ནི་དགུ་ལ་འཇུག་པའི་བརྡའོ། ཕྱོགས་བཅུ་ནི་གོ་སླའོ། སྒྲ་སྒྲོགས་ནི་དོན་དུ་མ་ལ་འཇུག་ཀྱང་འདིར་ཀྵོ་ཎཱི་ཞེས་པ་ས་སྟེ་རབ་དགའ་སོགས་བཅུའོ། དེ་གཉིས་ནི་བཅུའི་མིང་ལ་འཇུག་པའི་བརྡའོ། དྲག་པོ་ནི། འདོད་འཇོ་ལས། །མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད། །དྲག་པོ་དང་ནི་བརྩོན་འགྲུས་ལྡན། །འཕྲོག་བྱེད་དེ་ནས་བདེ་འབྱུང་དང་། །སྤྱན་གསུམ་གཞན་ལས་རྒྱལ་བ་དག །དབང་ལྡན་དང་ནི་ས་གསུམ་པ། །དྲག་པོ་བཅུ་གཅིག་ཤེས་པར་བྱ། ཞེས་སོ། དབང་ཕྱུག་དང་། བདེ་བྱེད་དང་། བདེ་འབྱུང་དང་། འཕྲོག་བྱེད་སོགས་ནི་ལ་ལ་མིང་གི་རྣམ་གྲངས་དང་། ཁ་ཅིག་དྲག་པོའི་ནང་ཚན་དུ་འདྲ་བས་སོ། དེ་རྣམས་ནི་བཅུ་གཅིག་ལ་འཇུག་པའི་བརྡའོ། ཉིན་བྱེད་དང་ནི་ཉི་མ་ནི་མིང་གི་རྣམ་གྲངས་ཏེ། འདོད་འཇོ་ལས། དེ་ལ་ཉི་མ་བཅུ་གཉིས་ནི་འདི་ལྟ་སྟེ། །དབང་པོ་བྱེད་པོ་ལམ་པ་དང་། །ཆར་འབབ་བསྟོད་བྱེད་སྔོན་མིང་འཕགས། །མིག་གཟུགས་ཁྱབ་འཇུག་འོད་ཅན་དང་། །ཆུ་བདག་བཤེས་གཉེན་ཉིད་ཀྱང་ངོ་། ཞེས་སོ། ཁྱིམ་ནི་ལུག་གླང་སོགས་སོ། དེ་རྣམས་ནི་བཅུ་གཉིས་ལ་འཇུག་པའི་བརྡའོ། ལུས་མེད་ནི་དབང་ཕྱུག་གི་མིག་གསུམ་ནས་མེ་བྱུང་ནས་བསྲེགས་པས་ལུས་མེད་ཅེས་བྱ་བ་ཁྱབ་འཇུག་གི་བུ་འདོད་པའི་མིང་སྟེ། དེ་ལ་སྦྱོར་བར་འདོད་པ་སོགས་བྱེད་ལས་བཅུ་གསུམ་དུ་བཞག་པའམ། ཡང་ན་འདོད་པའི་རྒྱུ་ལྷའི་སྨད་འཚོང་མ་བཅུ་གསུམ་སྟེ། འདོད་འཇོར། གློག་གི་འོད་ཅན་མ་དང་། པད་དཀར་མ་དང་། ལག་བཟང་མོ་དང་། དགའ་བའི་ཤིང་རྟ་མ་དང་། རབ་ཏུ་མྱོས་བྱེད་མ་དང་། མེ་ན་ཀཱ་དང་། སྐྲ་འདྲེས་མ་དང་། ལེགས་བརྒྱན་མ་དང་། མུཉྫ་སྐྱེས་མ་དང་། ཨ་ལམ་བུ་ཥཱ་དང་། ཆུ་ཤིང་བརླ་ཅན་མ་དང་། སྐར་ལེགས་མ་ཞེས་བྱ་བ་ལ་སོགས་པ་རྣམས་སོ། ཞེས་སོ། འདོད་པ་དང་།  མྱོས་བྱེད་ནི་དེའི་མིང་གཞན་ཏེ། འདོད་འཇོ་ལས། འདོད་པ་ནི་སྦྱོར་བ་ལ་སོགས་པའི་འདོད་པའོ། ཞེས་དང་འདོད་པས་མྱོས་པར་བྱེད་པས་མྱོས་བྱེད་དོ། ཞེས་སོ། སྣ་ཚོགས་ནི་ཕྱི་རོལ་བའི་རྩིས་སུ་བཅུ་གསུམ་གྱིས་བསྒྱུར་བ་ལ་སྣ་ཚོགས་ཀྱིས་བསྒྱུར་ཞེས་བྱུང་བ་དང་། འདོད་འཇོར། འདོད་པ་དང་། དུས་དང་། གང་བ་ལ་སོགས་བཅུ་གསུམ་གྲངས་ནས། དེ་རྣམས་སྣ་ཚོགས་ཞེས་པར་གྲགས། ཞེས་བཤད་པའི་ཕྱིར། འདི་ཉིད་འཐད་པར་མངོན་ནོ་ཞེས་སྔར་གྱི་འདོད་པའི་དོན་འདི་ཡིན་པར་ལོ་ཆེན་ནམ་བཟང་བཞེད་དོ། དེ་རྣམས་ནི་བཅུ་གསུམ་ལ་འཇུག་པའི་བརྡའོ། ཤེད་བུ་དང་།  ཡིད་ཅེས་བསྒྱུར་བའི་མ་ནུ་དང་། སྲིད་པ་ནི། ནང་ལེར་གསུངས་པའི་རྒྱུ་ཟད་པར་འབྱུང་ལྔ་ཟླ་ཉི་སྒྲ་གཅན་སྒོམ་པའི་འབྲས་བུ་འདོད་གཟུགས་མ་ཕྱེ་བའི་ལྷ་བརྒྱད། དུད་འགྲོ་ལ་སྐྱེས་གནས་ཀྱིས་དབྱེ་བས་བཞི། མི་དང་དམྱལ་བ་སྟེ་བཅུ་བཞིའོ། །ལྷ་མིན་ལྷ་དང་ཡི་དྭགས་དམྱལ་བའིི་རིགས་སུ་བསྡུས་སོ། །སྲིད་པའི་གནས་ནི་དེ་དག་གི་གནས་བཅུ་བཞིའོ། །དེ་རྣམས་ནི་བཅུ་བཞིའི་མིང་ངོ་། །ཚེས་དང་ཉིན་ཞག་ནི་དཀར་ནག་གི་དབྱེ་བས་བཅོ་ལྔ་བཅོ་ལྔ་སྟེ་དེའི་བརྡ་ཡིན་ནོ། ཆ་ཤས་ནི། འདོད་འཇོ་ལས། ཆ་བཅུ་དྲུག་གི་ཆ་ཤས་ཀྱིས་ཟླ་བ་ཉ་བར་བྱེད་པས་སོ། ཞེས་པས་ཟླ་བའི་ཆའོ། རྒྱལ་པོ་དང་མི་བདག་ནི། པདྨ་ཅན་ལས། རྒྱལ་པོ་ཤིང་རྟ་བཅུ་པ་ལ་སོགས་པ་བཅུ་དྲུག་གོ ཞེས་པ་ལྟར་བོད་ཕལ་ཆེར་འདོད་ཀྱང་རྒྱ་རོལ་ལས། འཛམ་བུའི་གླིང་གི་ཡུལ་ཆེན་པོ་བཅུ་དྲུག་པོ་ཐམས་ཅད་ན་རྒྱལ་པོའི་རིགས་མཐོན་པོ་གང་ཇི་སྙེད་ཡོད་པ། ཞེས་པ་འདི་ཡིན་གསུང་ངོ་། མཁས་པ་དག་༼བྱམས་༽པདྨ་ཅན་དུ་བཤད་པའི་རྒྱལ་པོ་བཅུ་དྲུག་དང་འདི་དོན་མཐུན་ནམ་བརྟག་གསུང་ཡང་། པདྨ་ཅན་གྱི་ལུགས་དེར་ཟས་གཙང་གྲངས་པས་བརྟག་མི་དགོས་ཏེ། རྒྱ་རོལ་ལས་དེ་ཐམས་ཅད་ཀྱང་ཉེས་པ་དང་བཅས་པར་མཐོང་སྟེ་ཞེས་དང་། ཟས་གཙང་ལ་ཡོན་ཏན་དྲུག་ཅུ་རྩ་བཞི་ཚང་བར་བཤད་པའི་ཕྱིར། དེ་ལ་སོགས་པ་རྣམས་ནི་བཅུ་དྲུག་གི་བརྡའོ།  ཉེས་པ་དང་སྐྱོན་ནི། བཅོ་བརྒྱད་ལ་འཇུག་པའི་བརྡ་སྟེ། མདོ་ལས། ལུས་ལ་མི་སྡུག་པའི་སྐྱོན་བཅོ་བརྒྱད་དང་ལྡན་པ། ཞེས་འབྱུང་བ་དེ་ཉིད་ཡིན་ལ། བཅོ་བརྒྱད་ནི་ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ཚུལ་ཁྲིམས་བསྐྱངས་ཀྱིས་མཛད་པ་ལས། མཚན་ངན་པ་བཅོ་བརྒྱད་དང་ལྡན་པ་ཞེས་བྱ་བ་ལ། མགོ་སྐྲ་བྱི་བ་ངན་པ་དང་། དཔྲལ་བ་ཆུང་བ་དང་། མདོག་སེར་སྐྱ་དང་། མིག་སེར་བ་དང་། སྨིན་མཚམས་མ་འབྱར་པ་དང་། སྣ་ལེབ་པ་དང་། སོ་སྟོ་བ་དང་། དིག་པ་དང་། མིག་ཟླུམ་པ་དང་། མིག་ཆུང་བ་དང་། ཕྱི་ནང་དུ་རྒུར་བ་དང་། ལྟོ་ཆེ་བ་དང་། དཔུང་པ་དང་རྗེ་ངར་ཐུང་བ་དང་། སྤུ་ཅན་དང་། ལག་པ་དང་རྐང་པ་མི་མཉམ་པ་དང་། ཚིགས་སྦོམ་པ་དང་། འདིའི་ཁ་དང་ལུས་ལ་དྲི་ངན་འབྱུང་བའོ། ཞེས་གསུངས་པ་ལྟར་ཕལ་ཆེར་བཞེད། མཁས་པ་ཁ་ཅིག༼བྱམས།༽འཇུག་པར། ཕུང་པོ་སྡུག་བསྔལ་རང་མཚན་ཉིད། ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། ཅེས་གསུངས་པ་དང་སྦྱར་ན་ཁམས་བཅོ་བརྒྱད་སྐབས་འདིའི་གདགས་གཞིར་འབྱུང་ཉེ་ཡི། ལུང་དེས་རྒྱ་གར་བའི་བུད་མེད་གཅིག་ལ་སྐྱོན་བཅོ་བརྒྱད་ཡོད་པར་གྲུབ་ཀྱང་འདིའི་ལུང་དུ་འགྱུར་དཀའོ། ཞེས་འཆད་དོ། རྒྱལ་བ་ཞེས་པ་ཉེར་བཞིའི་མིང་ནི། མཁས་པའི་དབང་པོ་དག ལང་གཤེགས་ལས། སངས་རྒྱས་ཉི་ཤུ་རྩ་བཞི་ཡིན། ཞེས་འབྱུང་བ་ཉིད་ཡིན་པར་བཞེད། རྭ་བས་རང་བཞིན་ཉེར་བཞིར་འཆད། ཁ་ཅིག་༼སྟག་དོན།༽ལང་གཤེགས་ལྟར་ཡིན་པའི་ངེས་པ་མེད་དེ། ཕྱི་རོལ་པའི་རྩིས་སུའང་འབྱུང་བའི་ཕྱིར་བརྟག་པའི་གནས་སུ་བཞེད་དོ། ཉེར་ལྔ་ལ་དེ་ཉིད་ཅེས་ཟེར་བ་ནི། གྲངས་ཅན་པས་འདོད་པའི་དེ་ཉིད་ཉེར་ལྔ་སྟེ། ཡིད་བཞིན་མཛོད་ཀྱི་རང་འགྲེལ་པད་དཀར་ལས། གཙོ་བོ་དང་། ཆེན་པོ་དང་། ང་རྒྱལ་དང་། དབང་པོ་བཅུ་གཅིག་དང་། ཡུལ་དེ་ཙམ་ལྔ་དང་། འབྱུང་བ་ལྔ་དང་། སྐྱེས་བུའོ། ཞེས་སོ། སྐར་མ་ནི་རྒྱུ་སྐར་ཉེར་བདུན་དང་། འཁོར་ལོ་ཡང་རྒྱུ་སྐར་གྱི་འཁོར་ལོའོ། དེ་གཉིས་ནི་ཉེར་བདུན་གྱི་བརྡའོ། སོ་ནི་སྐྱེས་བུའི་སོ་སྟེང་འོག་གི་ཐག་འགྲམ་རྫོགས་པ་ལ་སོ་གཉིས་འབྱུང་བས་བཏགས་པ་དང་། གཉིས་སྐྱེས་ཀྱང་སྐབས་འདིར་སོའི་མིང་སྟེ་སྔ་ཕྱི་ལན་གཉིས་སུ་སྐྱེ་བས་སོ། དེ་གཉིས་ནི་སོ་གཉིས་ལ་འཇུག་པའི་བརྡའོ། དེ་དག་བསྡུས་རྒྱུད་ལས། ཟླ་བ་རང་བཞིན་གཅིག་སྟེ། ཞེས་སོགས་ཚིགས་བཅད་གཉིས་ཀྱིས་གསུངས་པ་ལ། དེང་སང་གྲགས་ཆེ་བའི་བརྡ་འགའ་ཞིག་ཀྱང་བསྣན་ཏེ་བཀོད་པ་ཡིན་ཅིང་། དེ་ལས་དུས་དང་ཕྱོགས་སོགས་གྲངས་དུ་མ་ལ་འཇུག་པ་རྣམས་ནི་འཁྲུལ་གཞི་མི་བསྐྱེད་པའི་ཕྱིར་གང་གྲགས་ཆེ་བ་ཉིད་དང་སྦྱར་ཏེ་གཞན་བཏང་སྙོམས་སུ་བཞག་ན་ལེགས་སོ། དེ་རྣམས་ནི་རྩི་བྱེད་གྲངས་ཀྱི་མིང་གི་རྣམ་གྲངས་སོ།།

གཉིས་པ་རྩི་བྱ་ལོ་ལ་སོགས་པའི་ཐ་སྙད་དང་རྣམ་གྲངས་བཤད་པ་ལ་བཅུ་སྟེ། ལོ་དང་། ཟླ་བ་དང་། ལོ་མགོ་དང་། ཚེས་དང་། གཟའ་དང་། སྐར་མ་དང་། ཁྱིམ་དང་། སྦྱོར་བ་དང་། བྱེད་པ་དང་ཁྱིམ་བདག་རྣམས་སོ། དང་པོ་ནི། དེ་ལྟར་གྲངས་ཀྱི་མིང་བཤད་པའི་རྗེས་དེ་ནས་ལོ་ཡི་ཐ་སྙད་བཤད་ཅེས་མཁས་བླང་ངོ་། དེ་ཡང་། ཉི་བར་གྱི་ཁྱིམ་རེ་རྫོགས་པར་སྤྱོད་པའི་ཡུན་སུམ་ཅུ་ཆར་ཕྱེ་བའི་ཆ་གཅིག་ནི་ཁྱིམ་ཞག་ཡིན་ལ། དེ་སུམ་ཅུས་ཟླ་བར་བྱས་པའི་ཁྱིམ་ཟླ་བཅུ་གཉིས་དང་། ཟླ་བ་རེའི་དཀར་ནག་གི་དབང་དུ་བྱས་ན་ཕྱོགས་ཉི་ཤུ་རྩ་བཞི་དང་། ཉི་མའི་ལྷོ་བྱང་གི་བགྲོད་པ་གཉིས་དང་། ཉི་མའི་རང་བགྲོས་ཀྱིས་རྒྱུ་སྐར་གྱི་འཁོར་ལོ་འཁོར་བ་དང་། དབྱར་དགུན་སྟོན་དཔྱིད་དེ་དུས་བཞིའམ། དུས་དྲུག་དུས་གསུམ་ལ་སོགས་པའི་འཁོར་ལོ་རྫོགས་པ་ཞིག་ལ་ལོ་གཅིག་ཅེས་ཐ་སྙད་བཏགས་ཏེ། དཔལ་ལྡན་རྒྱུད་ལས། ཕྱོགས་དང་ཟླ་བ་མཐའ་དག་དང་ནི་དུས་དང་དུས་བཞི་དང་ནི་མེ་དུས་བགྲོད་པ་རྣམ་པ་གཉིས། རྒྱལ་པོ་ལོ་ནི་མཐའ་དག ཅེས་དང་། དེའི་འགྲེལ་པར། ཕྱོགས་ཉི་ཤུ་རྩ་བཞི་དང་། ཟླ་བ་མཐའ་དག་ཅེས་པས་བཅུ་གཉིས་དང་། དུས་དྲུག་དང་། དུས་བཞི་དང་། མེ་དུས་ཞེས་པ་དུས་གསུམ་དང་། བགྲོད་པ་གཉིས་ཏེ། རྒྱལ་པོ་ལོ་མཐའ་དག་ཅེས་པ་ནི་མཐའ་དག་ལོའི་དབྱེ་བར་ཤེས་པར་བྱའོ། ཞེས་དང་། རྫོགས་པ་ཆེན་པོའི་རྒྱུད་ཐལ་འགྱུར་ལས། །ཞག་ནི་བཅུ་ཕྲག་གསུམ་ལ་ཡང་།  །ཟླ་བ་དག་ནི་གཅིག་ཡིན་ནོ། །དེ་ལྟར་བཅུ་གཉིས་རྫོགས་པ་ལ། །ལོ་ནི་གཅིག་ཏུ་འདོད་པའོ། །ནང་དང་དགོང་མོ་བདུན་བརྒྱ་དང་། །ཉི་ཤུ་དག་ནི་རྫོགས་པ་ལ། །ཞག་ནི་སུམ་བརྒྱ་དྲུག་ཅུར་འདོད། །དེ་རྣམས་རྫོགས་པས་ལོ་གཅིག་གོ། །ཞེས་དང་འཇམ་དཔལ་རྩ་རྒྱུད་ལས། །ཟླ་ཕྱེད་ཉིན་མཚན་བཅོ་ལྔ་སྟེ། །ཟླ་ཕྱེད་གཉིས་ལ་ཟླ་བར་བརྗོད། །དེས་ན་ཟླ་བ་བཅུ་གཉིས་ལ། །ལོ་གཅིག་ཏུ་ནི་རབ་ཏུ་གྲགས། ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཉི་མ་འགྲོ་ལྡོག་གཉིས་ལ་ནི། ལོ་གཅིག་ཅེས་ནི་བརྗོད་པ་ཡིན། ཞེས་གསུངས་པས་སོ། དེས་ན་ཉི་མ་ལ་བརྟེན་ནས་ལོ་བཞག་པའི་ཕྱིར་ལོའི་དང་པོ་ཡང་ཉི་མ་སྐྱེས་པ་ནས་བྱུང་ངོ་། འོ་ན་ལོའི་ཐོག་མ་དེ་ཉིད་ཀྱི་མིང་ཅི་ཞེ་ན། རབ་བྱུང་ཞེས་གྲགས་ཏེ། ཚངས་པའི་སྔོན་གྱི་རིག་བྱེད་ལས་དེ་སྐད་དུ་བཏགས་པར་བཤད་པས་སོ། ལུགས་དེ་ལས་ཇི་སྐད་འབྱུང་བ་བཞིན་དུ་ཕྱག་ན་རྡོ་རྗེས་མཛད་པའི་བདེ་མཆོག་རྩ་རྒྱུད་ཀྱི་སྟོད་འགྲེལ་ལས་ཀྱང་འདི་སྐད་གསུངས་ཏེ། རབ་བྱུང་རྣམ་བྱུང་དཀར་པོ་དང་། ཞེས་སོགས་གསུངས་པའི་འགྲེལ་ཚིག་ཁོ་ན་འདིར་བྲིས་པའོ། འོ་ན་འདིར་བཤད་པའི་རབ་བྱུང་གི་ལོ་དང་། རྒྱུད་འགྲེལ་ལས་འདས་ལོ་བསྲེ་བར་གསུངས་པའི་རབ་བྱུང་གཉིས་དོན་གཅིག་གམ་ཐ་དད་ཅེ་ན། གངས་ཅན་གྱི་མཁས་གྲུབ་ཆེན་པོ་དག་ཐ་དད་དུ་བཞེད་ཀྱང་། དེ་ནི་མི་རིགས་ཏེ། འགྲེལ་ཆེན་ལས། ལོ་དེ་ཉིད་ནི་བྱེད་པ་གཞན་ཐམས་ཅད་ལ་རབ་ཏུ་གྲགས་པ་ཡིན་ཏེ། གཟའ་ཉི་མ་བཞིན་ནོ། ཞེས་བྱེད་པ་ཐུན་མོངས་ལ་གྲགས་པའི་རབ་བྱུང་དང་དོན་གཅིག་པར་གཟའ་ཉི་མའི་དཔེ་དང་བཅས་ཏེ་གསུངས་པ་དང་། གཞན་ཡང་། རབ་བྱུང་ལ་སོགས་ཞེས་པའི་འགྲེལ་པར། ལོ་དྲུག་ཅུ་པོ་གང་གི་དང་པོ་རབ་བྱུང་ཡིན་པ་དེ་ནི་རབ་བྱུང་ལ་སོགས་པ་སྟེ། ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། དེས་ན་བདག་ཉིད་ཆེན་པོ་འགའ་ཞིག་གིས་ཀྱང་། རབ་བྱུང་ལ་སོགས་དྲུག་ཅུས་རྩི་བ་ནི་དུས་འཁོར་ཁོ་ནའི་ལུགས་ཡིན་པས་གཞན་ལ་མ་གྲགས། ཞེས་གསུངས་པ་ཡང་མཁས་པ་ཆེན་པོས་ཐུགས་མཉམ་པར་མ་བཞག་པའི་གསུང་སྟེ། དྲངས་མ་ཐག་པའི་འགྲེལ་ཆེན་གྱི་ལུང་དང་། དབྱངས་འཆར་ལས་ཀྱང་། རབ་བྱུང་ལ་སོགས་ལོ་རྣམས་ལ། །བཅུ་གཉིས་ལྔ་ལ་ཨ་སོགས་འཆར། ཞེས་སོགས་ཀྱི་གནོད་པར་འགྱུར་བ་དང་། ལོ་དྲུག་ཅུའི་མིང་ཚང་བར་སྟོན་པའི་སྟོད་འགྲེལ་ཀྱང་སེམས་འགྲེལ་སྐོར་གསུམ་སྤྱིར་འཆད་ཚུལ་མཐུན་པ་ཙམ་ལས་ཐ་སྙད་དུས་འཁོར་དུ་བསྡུ་མི་འོས་ཏེ། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་ཡིན་པའི་ཕྱིར་རོ། དེ་བས་ན་ལོ་དྲུག་ཅུའི་མིང་དང་གོ་རིམས་འདི་དག་ཕྱི་ནང་གི་བྱེད་པ་ཐམས་ཅད་ལ་རབ་ཏུ་གྲགས་པ་སྟེ། རྩིས་ཀྱི་བསྟན་བཅོས་རཏྣ་མཱ་ལ་ཞེས་པར་ཡང་འབྱུང་ངོ་། ཞེས་གྲགས་ཤིང་། བྷ་ར་ཎ་མིས་བྱས་པའི་དུས་བསྟན་ལས་ཀྱང་འབྱུང་བའི་ཕྱིར་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། མི་རྣམས་ཚེ་ནི་དེ་བཞིན་དུ། ལོ་བརྒྱ་དག་ཏུ་གྲགས་པ་ཡིན། དེ་དག་ལོ་ཚིགས་ཕྱིན་པ་ན། དུས་ནི་དྲུག་ཅུར་རབ་ཏུ་བརྗོད། ཅེས་གསུངས་པའི་དྲུག་ཅུ་པོ་ཡང་ལོའི་མིང་འདི་དག་ལ་དགོངས་པར་ངེས་ཤིང་། དེ་ཉིད་ཀྱི་འཕྲོས་ལས་དང་པོ་བར་དང་ཐ་མར་ནི། དེ་དག་གསུམ་དུ་རབ་ཏུ་བསྟན། ཞེས་གསུངས་པའི་དོན་ཡང་། རབ་བྱུང་རྣམ་བྱུང་དཀར་པོ་ཞེས་སོགས་གསུམ་གསུམ་ལ་རབ་འབྲིང་ཐ་གསུམ་ཞེས་དགོངས་པར་ངེས་ཏེ། སྟོད་འགྲེལ་གྱི་ཚིག་འདི་དག་ནི། རྩ་རྒྱུད་ཀྱི། མཆོག་དང་འབྲིང་དང་ཐ་མ་སྟེ། ཞེས་པའི་འགྲེལ་པ་ཡིན་པའི་ཕྱིར་རོ། ཡང་རྒྱ་ནག་མཁས་པའི་རྩིས་གཞུང་ལས་ནི། གཙུག་ལག་རྩིས་ཀྱི་རྩ་བ་རུས་སྦལ་གན་རྐྱལ་མགོ་ལྷོར་བསྟན་པའི་ཕྱོགས་བཞི་ལས་ལོ་གཉིས་གཉིས་དང་།  མཚམས་བཞི་ལས་ལོ་རེ་རེ་ཆད་ནས་དེ་ཉིད་དུ་གནས་པར་བཤད་དེ། ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་མཚམས་ན་འབྲུག་གནས་སོ། །ལྷོ་སྟོད་སྦྲུལ་ལ་ལྷོ་སྨད་རྟ། །ལྷོ་ནུབ་་མཚམས་ན་ལུག་གནས་སོ། །ནུབ་སྟོད་སྤྲེའུ་ནུབ་སྨད་བྱ། །ནུབ་བྱང་མཚམས་ན་ཁྱི་གནས་སོ། །བྱང་སྟོད་ཕག་ལ་བྱང་སྨད་བྱི། །བྱང་ཤར་མཚམས་ན་གླང་གནས་སོ། ཞེས་སོ། དེ་ལྟར་ལོ་བཅུ་གཉིས་པོ་དེའི་ཐོག་མ་གང་ནས་བཟུང་བར་བྱ་ཞེ་ན། ནག་རྩིས་ཐོག་མར་གསུངས་པ་དེའི་ཚེ་ཐེ་སེ་རྒྱལ་པོ་བྱང་སྨད་བྱི་བའི་དུམ་བུ་ལ་གནས་པའི་ཕྱིར་བྱ་བ་ནས་འཛིན་ནོ། དེས་ན་བྱི་བ་ལ་སོགས་པ་ལོ་བཅུ་གཉིས་པོ་དེ་དག་རེ་རེ་ལའང་དབང་ཐང་ཁམས་ལྔའི་རིམ་པ་དང་། དབང་ཐང་རེ་རེ་ལ་ཡང་ཕོ་ལོ་མོ་ལོ་གཉིས་རེར་ཕྱེ་སྟེ་སྦྱར་བས་ལོ་རྒན་དྲུག་ཅུ་འབྱུང་བར་འདོད་དེ། ཤིང་ཕོ་བྱི་བ་དང་། ཤིང་མོ་གླང་། མེ་ཕོ་སྟག མེ་མོ་ཡོས་སོགས་བཅུ་གཉིས་ཕྲག་ལྔ་ཡོད་པའི་ཕྱིར་རོ། འོ་ན་དབང་ཐང་ཁམས་ལྔའི་གོ་རིམ་དེ་གང་ཞེ་ན། དེ་ནི་ཤིང་བུ་མེ་ལ་ཞེས་སོགས་ཏེ་རིམ་པས་དེད་དེ་སྦྱར་རོ། ཕོ་ལོ་མོ་ལོའི་ཁྱད་པར་དེ་གང་ཞེ་ན། དེ་ནི་བྱི་སྟག་འབྲུག་རྟ་ཞེས་སོགས་སོ། རྒྱ་དཀར་ནག་གི་ལོ་གཉིས་གཉིས་པོ་དེ་ཤན་སྦྱར་བའི་ཚེ་ལོ་འགོ་མི་མཐུན་ཀྱང་། སྟོད་འགྲེལ་བའི་ལུགས་ཀྱི་རབ་བྱུང་གི་ལོ་དང་རྒྱ་རྩིས་པའི་མེ་མོ་ཡོས་ཀྱི་ལོ་གཉིས་པོ་དེ་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཏེ། ལོ་ལྷག་མ་རྣམས་དེ་བཞིན་དུ་རིམ་པར་ལྟོ་སྦྱར་ནས་དེད་པས་མཐར་ཟད་བྱེད་ཀྱི་ལོ་དང་མེ་སྟག་དོན་གཅིག་པའི་བར་ཤེས་སླ་བའི་ཕྱིར་རོ། འདིར་སྨྱལ་པ་ལྷ་མཛེས་སོགས་ཀྱིས་རབ་བྱུང་དང་ཤིང་བྱི་གཅིག་པར་བྱས་ཏེ་རྒྱ་དཀར་ནག་གི་ལོ་མགོ་མཐུན་པར་བྱས་པ་ནི་རྒྱ་བོད་ཀྱི་མཁས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་གཏམ་བཙན་པོ་དེ་དོར་ནས་འབྲེལ་མེད་ཀྱི་གཏམ་གསར་དུ་བཀོད་པ་ཡིན་པས་དེ་ལས་མི་མཚམས་པ་ཅི་ཞིག་ཡོད། གཞན་ཡང་ཕྱིས་ཀྱི་མཁས་པ་ལ་ལས། བཅོམ་ལྡན་འདས་མེ་ཡོས་ལ་ལྷུམས་སུ་ཞུགས་པ་དང་། མཁས་དབང་ཁ་ཅིག ༼བློ་བརྟན་བཞི་པ།༽མེ་ཡོས་ལ་འཁྲུངས་དུས་རྒྱ་ནག་ཏུ་འོད་ཟེར་སེར་པོའི་ལྟས་བྱུང་བར་གྲགས་པས་ལོ་དེ་སྐར་རྩིས་པའི་རབ་བྱུང་གི་ལོ་ཡིན་པས་རྒྱ་བལ་རྣམས་ལོའི་དང་པོར་འཇོག་པའི་རྒྱུ་མཚན་ཡང་དེ་ཡིན་ནོ་ཞེས་འཆད་པ་རྣམས་ནི་རང་དགར་སྨྲས་པ་ཙམ་དུ་ཟད་དོ། ཁྱད་པར་ཙིའུ་དབང་གིས་རྒྱལ་པོ་བྱེད་པའི་དུས་སུ་རྒྱ་ནག་ཏུ་འོད་ཟེར་སེར་པོ་བྱུང་བས་སངས་རྒྱས་འཁྲུངས་པར་ཤེས་ནས་རྡོ་རིང་ལ་ཡི་གེ་བཀོད་པའི་ལོ་དེ་སྟག་ཡིན་པར་རྒྱའི་ཡིག་ཚང་དེ་ལས་བཤད་པས་གཏམ་དེ་ཁུངས་སུ་བྱས་ནས་འདིར་མེ་ཡོས་ཞེས་བཀོད་པས་ཀྱང་ནོངས་སོ། བོད་ཀྱི་མཁས་པ་ལ་ལ་དག་ན་རེ། དེང་སང་བཅུ་གཉིས་བསྐོར་དུ་གྲགས་པ་འདི་ནི་ནག་རྩིས་པ་ཁོ་ནའི་ལུགས་ཡིན་གྱི། རྒྱ་གར་ན་ལོ་བཅུ་གཉིས་ཀྱི་རྩི་བ་མེད་པས་སྐར་རྩིས་པ་ལ་དྲུག་ཅུ་བསྐོར་ཁོ་ན་ལོ་བསྐོར་ཡིན་ཞེས་འཆད་དོ། དེ་ནི་ཕྱོགས་གཅིག་ཁོ་ན་ལ་ཞེན་པའི་ཚིག་ཏུ་་མཐོང་སྟེ། བསྡུས་རྒྱུད་ལས། རབ་བྱུང་ལ་སོགས་བཅུ་གཉིས་ལོ་རྣམས་དག་གི་ལོ། ཞེས་པའི་འགྲེལ་པར། རབ་བྱུང་ལ་སོགས་པའི་བཅུ་གཉིས་ལ་འཆར་བ་ནི་རབ་བྱུང་ལ་སོགས་པ་རྣམས་དེ་བཞིན་དུ་ཡོངས་སུ་བསྐོར་བ་སྟེ། ཞེས་དང་།  འཇམ་དཔལ་རྩ་རྒྱུད་ལས། །དེ་ལྟར་ལོ་ནི་བཅུ་གཉིས་ལ། །ལོ་ཆེན་ཞེས་ནི་བརྗོད་པར་བྱ། ཞེས་དང་།  དེ་ནས་ལོ་ནི་བཅུ་གཉིས་ལས། །འདི་ནི་དགེ་དང་མི་དགེ་བྱེད། ཅེས་གསུངས་ཤིང་།  དབང་ཕྱུག་གིས་ཀྱང་། བཅུ་གཉིས་ལྔ་ལ་ཨ་སོགས་འཆར། ཞེས་བཤད་པས་ལོ་བཅུ་གཉིས་ཀྱི་རྩི་ཚུལ་ཡོད་པར་གྲུབ་བོ། དེ་ལྟ་མོད་ཀྱི། བྱི་བ་ལ་སོགས་པའི་ལོ་བཅུ་གཉིས་ཀྱི་མིང་གི་རྩི་བ་མེད་དོ་ཞེ་ན། དེ་ཡང་མཐའ་གཅིག་ཏུ་དཔྱད་པར་དཀའ་སྟེ། རྡོ་རྗེ་གདན་གྱི་བྱ་ལོའི་དུས་ཆེན་ཞེས་གྲགས་པ་དང་།  ཁྱད་པར་ཅན་གྱི་གཟུངས་ལས་ཀྱང་། སྦྲུལ་ལོ་དཔྱིད་ཐ་རྭ་བ་ལ། ཞེས་གསུངས་པས་སོ། ཞར་བྱུང་ལོ་ཙམ་གྱི་མིང་གི་སྒོ་ནས་དབྱེ་ན། འཆི་མེད་མཛོད་ལས། ཡོངས་བགྲངས་བགྲང་གཞི་རང་སྐྱོབ་དང་། འདོར་བྱེད་ཅེས་བྱ་ལོ་ཡི་མིང་། ཞེས་མིང་གི་རྣམ་གྲངས་བཞིའོ། གཉིས་པ་ནི། ལོའི་ཐ་སྙད་བཤད་པའི་རྗེས་དེ་ནས་ད་ནི་ཟླ་བའི་ཐ་སྙད་བཤད་པར་བྱ་སྟེ། དེ་ཡང་ཟླ་བ་ལ་བརྟེན་ནས་ཟླ་བ་བཞག་པའི་ཕྱིར། ཟླ་བའི་དཀར་ནག་གི་ཆ་བཅོ་ལྔ་བཅོ་ལྔ་འཕེལ་འགྲིབ་ལས་ཞག་སུམ་ཅུར་ལོངས་པ་ན་ཟླ་བའི་ཐ་སྙད་དུ་འཇོག་སྟེ། མཛོད་ལས། ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། གོང་ནས་གོང་དུ་སུམ་ཅུར་འགྱུར། ཞེས་དང་།  འཆི་མེད་མཛོད་ལས། ཉིན་ཞག་གོ། དེ་དག་བཅོ་ལྔས་ཕྱོགས་སུ་གྲགས། སྔ་ཕྱིའི་ཕྱོགས་ནི་དཀར་ནག་གཉིས། དེ་གཉིས་བསྡོམས་པ་འཇལ་བྱེད་དོ། ཞེས་ཟླ་བའམ་འཇལ་བྱེད་ཅེས་ཐ་སྙད་མཛད་པ་དང་། ཐལ་འགྱུར་ལས། ཞག་ནི་བཅུ་ཕྲག་གསུམ་ལ་ཡང་།  ཟླ་བ་དག་ནི་གཅིག་ཡིན་ནོ། ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། ཟླ་ཕྱེད་ཉིན་མཚན་བཅོ་ལྔ་སྟེ། །ཟླ་ཕྱེད་གཉིས་ལ་ཟླ་བར་བརྗོད། ཅེས་སོ། དབྱེ་ན། རྒྱ་རྩིས་པའི་ཐ་སྙད། རྟེན་འབྲེལ་གྱི་ཐ་སྙད། ཧོར་གྱི་ཐ་སྙད། བོད་པའི་ཐ་སྙད། འཕགས་ཡུལ་བའི་ཐ་སྙད། ཁྱིམ་ཟླའི་ངེས་པ་སྟེ་ཟླ་བ་རེ་རེ་ཞིང་དྲུག་དྲུག་གི་སྒོ་ནས་འཆད་པ་ལས། དང་པོ་ནི། རྒྱ་ནག་གི་སྐད་དུ་མཱ་ཡོལ་ཞེས་པ་བོད་སྐད་དུ་རྟའི་ཟླ་བ་སྟེ། རྒྱ་རྩིས་པའི་དབྱར་ཟླ་འབྲིང་པོ་ཡིན་ནོ། དབྱར་འབྲིང་རྟ་ཟླ་སྟེ་ཡོངས་གྲགས་ཀྱི་ཧོར་ཟླ་གསུམ་པ་འདི་ཉིད་ཐོག་མར་སྨོས་པ་ཅི་ཞེ་ན། འདིར་དུས་འཁོར་བའི་དཔྱིད་འབྲིང་ནག་ཟླ་དབང་བཙན་པར་བྱས་ཏེ་ལུགས་གཞན་རྣམས་དེ་དང་ལྟོ་བསྒྲིགས་ནས་རྣམས་གྲངས་ཙམ་དུ་བཀོད་པ་ཡིན་ནོ། འོ་ན་རྒྱ་རྩིས་པ་རང་གི་ཟླ་བའི་ཐོག་མ་གང་ནས་འཛིན་ཞེ་ན། གསལ་སྒྲོན་ལས། ལྔ་པ་ཟླ་བ་ལོ་གཅིག་ལ། །བཅུ་གཉིས་དག་ཏུ་གནས་པ་ཡི། །དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །རིམ་པ་བཞིན་དུ་ལོ་ཟླ་སྦྱར། ཞེས་གསུངས་པས་དཔྱིད་ར་སྟག་ནས་འཛིན་ནོ། འདི་ལ་བོད་ན་ཧོར་ཟླ་དང་པོ་དང་། བཅུ་གཉིས་པ་དང་། བཅུ་གཅིག་པ་སྟེ་དཔྱིད་ར་སྟག་གི་ངོས་འཛིན་མི་འདྲ་བ་གསུམ་ལས། ལུགས་དང་པོ་གཉིས་མི་འཐད་དེ། རིན་ཆེན་སྤུངས་པ་དང་སྣང་གསལ་ལ། དཔྱིད་ཟླ་རྭ་བ་རྐང་མཐོ་བདུན། ཞེས་དང་།  སྡོང་བསྡུས་ལས། དགུན་ཉི་དཔྱིད་ར་གསུམ་གསུམ་དག་ལ་ལྡོག ཅེས་དང་། འབྱུང་བ་ཀུན་འདུས་ལས། དགུན་གྱི་ཉི་མ་དཔྱིད་ར་སྟག་ལ་ལྡོག ཅེས་སོགས་དཔྱིད་ཟླ་ར་བར་དགུན་ཉི་ལྡོག་པར་གསུངས་པ་དང་། སྣང་གསལ་དུ། ཐེ་སེ་རྒྱལ་པོ་རླུང་ལ་ཞོན། ཞེས་དགུན་ཉི་ལྡོག་པ་དང་ཐེ་སེ་རྒྱལ་པོ་སྐྱལ་བར་གསུངས་པའི་ཕྱིར། ལུགས་གསུམ་པ་ཉིད་དག་པར་འབད་མེད་དུ་གྲུབ་པ་ཡིན་ནོ། དེ་ལ་འཚོ་བྱེད་དྲང་སྲོང་ཟུར་མཁར་བ་ན་རེ། མགོ་ལ་དཔྱིད་རར་བྱེད་པ་འདི་ནི་ཁྲི་རལ་གྱི་དུས་སུ་རྒྱ་བོད་ལོ་གསར་ལ་འཁྲུག་པའི་དུས་བཏབ་པ་ལ། རྒྱལ་ཟླ་དཔྱིད་རར་བྱེད་པའི་རྩིས་གཞི་དེ་ནས་ཀྱང་ཟླ་བ་གཅིག་སྔ་བསྣུར་ཏེ་ནག་རྩིས་ཀྱི་གཞུང་རྣམས་སུ་སྔར་དྲངས་པའི་ལུང་དེ་ལ་སོགས་པ་རྣམས་བསྒྱུར་བ་ཡིན་གསུང་པ་ནི་མཁས་པ་ལ་མི་རིགས་པའི་གཏམ་སྟེ། རྒྱུ་མཚན་རང་གི་ཡི་གེ་དེ་ན། ཁྲི་སྲོང་ལྡེའུ་བཙན་ཆེན་མས་འཕྲོགས་པ་ལ་ཡིད་ཆད་ནས་རྒྱ་མོ་བཟས་ཧོར་ཟླ་དང་པོ་དཔྱིད་རར་བྱེད་པ་རྒྱལ་ཟླར་སྔ་བསྣུར་བ་ཕྱིས་ཁྲི་སྲོང་གིས་ཞང་ངོ་ཤེས་ནས་རྩིས་གཞི་བཅོས་པ་རྣམས་བསྒྱུར་བའི་ལུགས་སུ་བྱས་ཞེས་བཀོད་པས་དེའི་སྲོལ་བསྣུབས་ཟིན་ནས་ཕྱིས་རལ་པ་ཅན་གྱི་དུས་རྒྱལ་ཟླ་མགོ་ཟླར་སྔ་བསྣུར་རྒྱུ་བྱུང་བའི་གཏམ་གཉིས་ནང་འགལ་བའི་ཕྱིར་རོ། གལ་ཏེ་འཕྲོ་ལ་ལུས་པའི་གཞུང་རྣམས་ཀྱི་རྗེས་སུ་འབྲངས་ནས་རྒྱལ་ཟླ་དཔྱིད་ཟླར་བྱེད་པ་དེ་བྱུང་བས་མི་འགལ་ལོ་ཞེ་ན། དེ་འདྲ་ཡུལ་གྲུ་ཁོལ་བུར་འགའ་རེར་བྱུང་བ་སྲིད་ཀྱི། གཞན་དུ་ན་ཁྲི་སྲོང་གི་དུས་འཁྲུལ་པར་ཤེས་ནས་སྲོལ་བསྣུབས་པ་ན་རལ་པ་ཅན་གྱི་སྐབས་ཀྱང་དེ་ཉིད་ཀྱི་རྗེས་སུ་འབྲང་གི་འཕྲོ་ལ་ལུས་པའི་འཁྲུལ་པའི་རྗེས་སུ་འབྲང་བ་མི་སྲིད་དོ་སྙམ་པ་དང་། དེར་མ་ཟད་ཁྲི་སྲོང་གི་དུས་སུ་བོད་ཀྱི་མི་བཞི་དང་ལོ་ཆེན་བཻ་རོ་སོགས་ཀྱིས་ནག་རྩིས་ཀྱི་གཞུང་མང་དུ་བསྒྱུར་སྣང་བས། དེ་དག་གིས་སྔར་གྱི་རྩིས་གཞུང་ལོག་པར་བཅོས་པ་རྣམས་འཁྲུལ་པར་ཤེས་པར་འགྱུར་ལ། ཤེས་ནས་བཏང་སྙོམས་སུ་འཇོག་པ་མི་སྲིད་པའི་ཕྱིར་རོ། གཞན་ཡང་། ལུང་རྣམས་བསྒྱུར་ཞེས་པའི་འཆད་ཚུལ་དེ་ལྟ་ན། སྔ་འགྱུར་ཀོང་ཙེའི་འཁྲུལ་རྩིས་སོགས་ལས་ཧོར་ཟླ་དང་པོ་དཔྱིད་རར་བྱེད་པ་དེ་ཡང་རྒྱ་གཟས་རྩིས་གཞུང་དཀྲུགས་པའི་དུས་སུ་ཕྱིར་བསྣུར་བ་ཡིན་ཞེས་ཁོ་བོས་ལྡོག་སྟེ་སྨྲས་ན་མཚུངས་པའི་ཕྱིར་དང་། དཔྱིད་ཟླ་ར་བ་མ་ནོར་ན། །མོན་གྲེ་ཟངས་ཀྱི་སྒོ་མོས་ཚེས། །རྟ་བ་གསེར་གྱི་སྒོ་མོས་ཉ། ཞེས་པའི་ལུང་དྲངས་པ་དེའི་ཁུངས་ནག་རྩིས་གསར་མ་བཅོས་སླད་མ་སོང་བ་རྣམས་ལས་ཞེས་ལྡེམ་པོའི་ངག་གིས་དྲངས་པའི་ལུང་འཁྱར་པ་དེ་ལ་ཡིད་བརྟན་མི་རུང་བའི་ཕྱིར་དང་། སྔ་འགྱུར་གྱི་ལུང་དེ་ཡང་རྒྱ་གཟས་མ་བཅོས་པའི་ངོར་གཏན་ཚིགས་བསྒྲུབ་དགོས་པའི་ཕྱིར་རོ། ཁོ་བོའི་ཕྱོགས་ལ་ནི། འགྱུར་ལ་ཕྱི་བ་ཁམས་པ་ཁྲ་མོའི་ཡང་འགྱུར་ཡིན་ལ། དེས་བསྒྱུར་བའི་གསལ་སྒྲོན་རྩ་བ་ལས། །དཔྱིད་ཟླ་རྭ་བའི་ཚེས་གཅིག་ནི། །སྣུབས་དང་སྦྱར་ཏེ་རིམ་བཞིན་སྦྱར། ཞེས་གསལ་བར་སྣང་བས་གསར་འགྱུར་ཁོ་ན་ལ་ཡིད་གཏོད་པ་ཁྱེད་ཅག་དེས་ཚིམ་ཞིང་དགྱེས་པར་མཛོད་ཅིག གཞན་ཡང་ཧོར་གྱི་ལོ་གསར་ཟླ་བ་དང་པོ་ལ་བྱས་པས་རྒྱ་རྩིས་པའི་ལོ་འགོ་ཡིན་པ་ཡང་མི་འགྲུབ་ཏེ། དེང་སང་བོད་རྒྱལ་པོའི་ལོ་གསར་དང་རྩིས་པ་རྣམས་ལོ་འགོ་མི་མཐུན་པ་བཞིན་ནོ། དེས་ན་ཧོར་ཟླ་དང་པོ་ལ་རྒྱ་རྩིས་པའི་ལོ་འགོར་བྱེད་པ་ལྦན་ལི་རྒྱལ་པོའི་རྗེས་སུ་ཁྲིམས་ལྷོད་པས་ཡུལ་གྲུ་ཁོལ་བུར་བྱས་པར་གྲགས་པ་དང་། ཕུག་པ་ཀུན་དགའ་དཔལ་བ་ནི་ཧོར་ཟླ་དང་པོ་ལ་དཔྱིད་རར་བྱེད་པ་མི་ཉག་གི་དུས་དུས་འཁོར་གྱི་ཤན་ཤོར་བ་ཡིན་པར་བཞེད་དེ། དེེས་བྱས་པའི་ཉི་ལྡོག་འཁོར་ལོའི་ཁ་བྱང་ལས། །ཁྱད་པར་རྒྱ་ནག་མི་ཉག་རྒྱལ་རབས་དུས། །དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས་བཟང་ལ། །མཁས་པ་པཎྜི་ཏ་ཞིག་རྒྱ་ནག་བྱོན། །དེ་ཡི་ལེགས་བཤད་ངོ་མཚར་དཔལ་མངའ་ལ། །མི་ཉག་རྒྱལ་བློན་མངོན་པར་དད་པའི་མཐུས། །ཟླ་བའི་ར་འབྲིང་རྣམས་ཀྱང་དུས་འཁོར་ལུགས། །རྩིས་མཁན་རྣམས་ལ་བཀའ་ཡི་བསྒོ་བ་བྱས། །རྒྱལ་པོའི་ལུང་ལས་འགོངས་པར་མ་ནུས་ནས། །དཔྱིད་ར་ཡིན་ན་སྟག་ཟླ་ཡིན་པར་བསམ། །དེ་ནས་ད་ལྟའི་བར་གྱི་རྒྱ་རྩིས་པས། །མཆུ་ཡི་ཟླ་བ་དཔྱིད་ར་སྟག་ཟླར་བྱེད། །དཔྱིད་ར་ཟེར་ཀྱང་སྟག་ཟླར་བྱེད་པ་འཁྲུལ། །འོན་ཀྱང་ཞིབ་མོའི་བློ་ཅན་ཡོད་ངེས་པས། །ཕོ་བྲང་ནང་གི་རྩིས་ཀྱི་ཁྲིམས་རྭ་ན། །དགུན་ཉི་ལྡོག་པ་མགོ་ཟླའི་ཚེས་གཅིག་ལ། །རྩིས་མཁན་རྣམས་ཀྱི་ལོ་གསར་ཆུང་བ་ཟེར། །དུས་སྟོན་ཆེན་པོ་བྱེད་པ་ཁྲིམས་ཀྱི་ལུགས། །ད་ལྟ་རྒྱ་ནག་རྒྱལ་པོའི་ལུགས་བཟང་ལ། །གསེར་མཁར་ནང་ན་ཡོད་ཅེས་རླུང་ལྟར་གྲགས། །དེ་ཕྱིར་མིང་ཙམ་བསྒྱུར་བ་མ་གཏོགས་པ། །སྔོན་གྱི་ལུགས་བཟང་ཉམས་པ་མེད་པར་ངེས། ཞེས་ཟེར་རོ། འདིས་ཀྱང་ཧོར་ཟླ་དང་པོ་དུས་འཁོར་བའི་དཔྱིད་རར་བྱས་པ་རྒྱ་གར་གྱི་དཔེ་ལ་ར་བ་འབྲིང་ཐའི་ཐ་སྙད་མེད་པས་ཆེས་ཆེ་བའི་འགལ་བ་མ་མཐོང་ཡང་བོད་ཀྱི་ཐ་སྙད་དང་བསྟུན་ན་ཅུང་ཟད་མི་བདེ་བ་ལྟར་སྣང་བ་ཙམ་ལས་གཞན་ཁུངས་དག་པར་སྣང་ངོ་། །དེར་མ་ཟད་ཆིང་ཤྲཱི་སྐལ་བཟང་གིས་ཁྱེར་བའི་རྒྱལ་པོའི་ཁྲིམས་བཅད་ཀྱི་ཁྱི་ལོའི་ལི་ཐུ་དཔལ་མགོན་འཕྲིན་ལས་པས་གཟིགས་པ་དང་། རྗེ་རྒྱལ་བའི་དབང་པོ་འཇིག་རྟེན་དབང་ཕྱུག་ཤར་ཕྱོགས་གོང་མའི་བསོད་ནམས་ཀྱི་མགྲོན་དུ་ཞབས་བཀོད་པའི་ཚེ་ལི་ཐུ་རྣམས་ལ་ཞིབ་མོར་གཟིགས་པས་ཕུགས་ལུགས་ཀྱི་བཞེད་པ་ཇི་ལྟ་བ་བཞིན་སྣང་ངོ་ཞེས་དྲིས་ལན་ཉིན་བྱེད་སྣང་བར་གསུངས་ཤིང་། དེ་དག་གི་ཕྱིར་ན་ཁྲི་རལ་གྱི་དུས་སུ་དཔྱིད་ར་སྔ་བསྣུར་བའི་གཏམ་ཞིག་ཡོད་དུ་སྲིད་ཀྱང་། ཁོ་བོས་དཔྱད་ན་དེ་ནི་རྒྱ་རྩིས་པའི་ལུགས་མ་ཡིན་གྱི་བོད་རྒྱལ་པོའི་ལུགས་ལ། བཀས་བཅད་ལས། ཕཱལྒུ་ནི་ཞེས་པ་དཔྱིད་ཟླ་ར་བར་བསྒྱུར། ཞེས་དང་། ཚིག་གཏེར་ལས་ཀྱང་། འདི་ན་དཔྱིད་ཟླ་ར་བ་སོགས་གསུམ་ཚན་བཞི་རུ་ཕྱེ་སྟེ་སྨྲ། ཞེས་གསུངས་པ་ལྟར་ཧོར་ཟླ་གཉིས་པ་དཔྱིད་རར་བྱེད་པ་ལས་སྔ་བསྣུར་ནས་ལྷ་སར་ཞིང་རྨོ་བ་སོགས་བྱས་པར་མངོན་ཏེ། དེ་ལྟར་མ་ཡིན་ན། ཟླ་བ་བཅུ་གཅིག་པ་ས་ཆུ་འཁྱགས་དུས་སུ་ཞིང་རྨོས་པའི་མགོ་བསྐོར་དེ་འདྲ་སུ་ལ་མཐོང་། ཁྱད་པར་བོད་དུ་འགྱུར་བའི་ནག་རྩིས་ཀྱི་གཞུང་བསྒྱུར་ནས་རྒྱ་ནག་རྩིས་ཀྱི་འབྱུང་ཁུངས་ཀྱི་མི་ལ་མགོ་བསྐོར་བཏང་ཟེར་བ་དེ་ལས་མི་འཚམས་པ་ཅི་ཞིག་ཡོད། དགུན་ཉི་དཔྱིད་དང་དབྱར་ཉི་སྟོན་ལོག་པས་འཇིག་རྟེན་པའི་ཐ་སྙད་དང་འགལ་བའི་སྐྱོན་འཕངས་པའང་མ་གྲུབ་སྟེ། དེ་འདྲ་བ་གཞུང་ཁུངས་མ་གཞན་ལས་ཀྱང་འབྱུང་བའི་ཕྱིར་རོ། གང་ལས་འབྱུང་ན། མཛོད་ལས། །དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་ངུ་འགྱུར་རོ་ཉིན་མོ་ལྡོག ཅེས་གསུངས་པའི་དོན་འགྲེལ་པ་རྣམས་ལས་དཔྱིད་སྟོན་ར་བ་ལ་བགྲོད་མཐའ་གཉིས་དང་། །དབྱར་དགུན་ར་བ་ལ་མཉམ་པ་གཉིས་འཕོག་པར་བཤད་པའི་ཕྱིར་རོ། གཞན་ཡང་མདོ་དང་། སྨན་གཞུང་གི་ལུང་སོགས་མང་དུ་དྲངས་པ་དེ་རྣམས་ཀྱང་ངལ་བའི་རྒྱུ་ཁོ་ན་སྟེ། ལུགས་ཐ་དད་པ་གཅིག་གིས་གཅིག་འགོག་པ་ཧ་ཅང་ཐལ་བའི་ཕྱིར་རོ། དེ་ལྟར་རྒྱ་རྩིས་པའི་ལོ་འགོ་ལ་དཔྱད་ནས། དངོས་དོན། མཁས་པ་ཁྱུང་ནག་གིས། །དགུན་ཉི་ལྡོག་པའི་ཟླ་བ་དེ། །དཔྱིད་ཟླ་ར་བ་སྟག་ཏུ་འདོད། །མགོ་ཡིས་ཉ་ན་ཟླ་བཤོལ་མེད། །གཟའ་ནི་སྤེན་པ་དར་བས་ཚེས། །དབྱར་ཉི་ལྡོག་པའི་ཟླ་བ་དེ། །སྟོན་ཟླ་ར་བ་སྤྲེའུར་འདོད། །སྣྲོན་གྱིས་ཉ་ན་ཟླ་བཤོལ་མེད། །གཟའ་ནི་མིག་དམར་དར་བས་ཚེས། །དཔྱིད་ཟླ་ར་བ་སྟག་ཡིན་ཏེ། །འབྲིང་པོ་ཡོས་ལ་ཐ་ཆུང་འབྲུག །དབྱར་ཟླ་ར་བ་སྦྲུལ་ཡིན་ཏེ། །འབྲིང་པོ་རྟ་ལ་ཐ་ཆུང་ལུག །སྟོན་ཟླ་ར་བ་སྤྲེའུ་སྟེ། །འབྲིང་པོ་བྱ་ལ་ཐ་ཆུང་ཁྱི། །དགུན་ཟླ་ར་བ་ཕག་ཡིན་ཏེ། །འབྲིང་པོ་བྱི་བ་ཐ་ཆུང་གླང་། ཞེས་པ་ལྟར་སྦྱར་བས་ཧོར་ཟླ་གསུམ་པ་དང་རྟ་ཟླ་ལྟོ་འབྱོར་བར་ཤེས་པར་བྱའོ། ཉིས་པ་རྟེན་འབྲེལ་བའི་ཐ་སྙད་ནི། དཔྱིད་འབྲིང་ལ་མིང་གཟུགས་ཀྱི་ཟླ་བར་བྱེད་དེ། རྒྱུད་ལས། རྒྱལ་གྱི་ཟླ་བར་ཉི་མ་ཆུ་སྲིན་ལ་སོན་མ་རིག་པ་སྟེ་བུམ་པར་ཉི་མ་མཆུ་ལ་ཡང་། འདུ་བྱེད་དུ་འགྱུར་མི་ཡི་བདག་པོ་ཉ་རུ་ཉི་མ་དབོ་དག་ལ་ནི་རྣམ་པར་ཤེས་པ་སྟེ། ཞེས་སོགས་གསུངས་པ་ལྟར། དགུན་འབྲིང་ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་ཞུགས་པ་ཁྱིམ་ཟླ་རྒྱལ་གྱི་ཟླ་བ་ལ་མ་རིག་པ་འཆར་ལ། དེ་བཞིན་དུ་རིམ་པར་དགུན་ཐ་བུམ་ཁྱིམ་གྱི་ཟླ་བར་འདུ་བྱེད། དཔྱིད་ར་ཉ་ཁྱིམ་ལ་རྣམ་ཤེས། དཔྱིད་འབྲིང་ལུག་ཁྱིམ་ལ་མིང་གཟུགས། དཔྱིད་ཐ་གླང་ཁྱིམ་ལ་སྐྱེ་མཆེད། དབྱར་ར་འཁྲིག་ཁྱིམ་དུ་རེག་པ། དབྱར་འབྲིང་ཀརྐ་ཊར་ཚོར་བ། དབྱར་ཐ་སེང་གེར་སྲེད་པ། སྟོན་ར་བུ་མོར་ལེན་པ། སྟོན་འབྲིང་སྲང་ལ་སྲིད་པ། སྟོན་ཐ་སྡིག་པར་སྐྱེ་བ། དགུན་ར་གཞུ་ཁྱིམ་ལ་རྒ་ཤི་རྣམས་རིམ་པར་འཆར་བ་སྟེ། རྒྱས་པ་འོག་ཏུ་རྟེན་འབྲེལ་འཆར་རྩིས་སུ་བཤད་པར་བྱའོ། དེ་བཞིན་དུ། མཁའ་འགྲོ་རྒྱ་མཚོ་ལས། །ཆུ་སྲིན་ལ་སོགས་རཱ་སི་རྣམས། །བཅུ་གཉིས་ཉིད་དུ་འདོད་པར་བྱ། །ཐོག་མར་མ་རིག་ཆུ་སྲིན་དང་། །རོ་ཧི་ཏའོ་དེ་བཞིན་གཞན། །གཉིས་པ་ལོ་ཧི་ཏ་བུམ་པ། །འདུ་བྱེད་དུ་ནི་གསལ་བར་འགྲོ། ཞེས་སོགས་གསུངས་སོ། འོ་ན་དགུན་འབྲིང་རྒྱལ་ཟླ་ཆུ་སྲིན་གྱི་ཁྱིམ་ལ་འདུ་བྱེད་དང་། དགུན་ཐ་ལ་རྣམ་ཤེས། དཔྱིད་ར་ལ་མིང་གཟུགས། དཔྱིད་འབྲིང་ལ་སྐྱེ་མཆེད་དྲུག་གི་ཟླ་བ་སོགས་སུ་སྦྱོར་བའི་སྔར་གྱི་ལག་ལེན་དང་འགལ་ལོ་ཞེ་ན་བདེན་ཏེ། སྔར་གྱི་ལག་ལེན་དེ་ནི་ཕུག་པ་མན་ངག་ལུགས་ཀྱི་ཕྱག་ལེན་ཡིན་པར་མ་ཟད། དེང་སང་གི་རྩིས་པ་ཕལ་ཆེར་ལུགས་འདི་འདོད་པ་མང་ནའང་། ཁ་མང་ཉུང་གི་དབང་དུ་མ་བཏང་བར་ལེགས་པར་བརྟགས་ཚེ། རགས་པ་ཟླ་བ་ལ་འཆར་བ་འདི་དང་། འོག་ཏུ་ཕྲ་བ་ཉིན་ཞག་ལ་འཆར་བའི་རྟེན་འབྲེལ་གཉིས་ཀ་རྒྱུད་འགྲེལ་གྱི་དངོས་བསྟན་འདིར་བཤད་དང་མི་མཐུན་པར་སྣང་མོད། འོན་ཀྱང་ཁོ་བོས་ནི་ལུགས་དེ་འཐད་མི་འཐད་ཀྱི་དགག་སྒྲུབ་བཏང་སྙོམས་སུ་བྱས་ནས་འདིར་རང་གི་འདོད་པ་ཙམ་བརྗོད་པར་ཟད་ཀྱི། སླད་ནས་ལུགས་དེ་རྒྱུད་འགྲེལ་གྱི་སྦས་དོན་ནམ་མདོ་རྒྱུད་གཞན་ནས་གསུངས་པའི་ལུགས་གང་ཡིན་བློ་ལྡན་རྣམས་ཀྱིས་དཔྱོད་པར་མཛོོད་ཅིག གསུམ་པ་ཧོར་ཟླའི་ཐ་སྙད་ནི། དེ་ཡང་རྒྱ་ནག་གི་ཡུལ་དུ། ཙིའུ། ཚིན་ཧྲི་ཧྭང་། ཧན། ཚ་བོ་ཚ། འུམ། ཧེའུ་ཅིང་། ཆིང་སང་། སུའི་གཡང་དི་ཡི། ཐང་། ཧང་ལའོ། ལྱོང་། མི་ཉག ཧོར་། ཏ་མིང་། མན་ཇུ་སོགས་རྒྱལ་ས་འཕོ་ལེན་སྣ་ཚོགས་བྱུང་བ་ལས། རྒྱ་རྩིས་པའི་དཔྱིད་ཐ་འབྲུག་གི་ཟླ་བ་ལ་ལོ་འགོར་བྱེད་པ་འདི་ནི། མི་ཉག་གི་ལག་ནས་ཧོར་ཇིང་གིར་རྒྱལ་པོས་རྒྱལ་ས་ཐོབ་དུས་དགའ་སྟོན་བྱས་པ་ལོ་གསར་དུ་བཟུང་བས་ཇིང་གིར་གྱིས་སན་པ་བརྙེད་པའི་ཟླ་བ་ཞེས་ཟེར་ཏེ་ཧོར་རྒྱལ་པོས་རང་དགར་བཅོས་པའི་ལོ་འགོ་ཡིན་ཅིང་། བོད་དུའང་ས་སྐྱ་བས་འཇའ་ས་བསྒྲགས་པ་ནས་བཟུང་ཧོར་ཟླའི་སྲོལ་འཛིན་པ་འདི་བྱུང་བར་སྣང་ངོ་། དེས་ན་ཧོར་ཟླ་དང་པོ་ལ་ལོ་འགོར་བྱས་ནས་དེད་པས་ཟླ་བ་འདི་ཉིད། རྒྱ་ནག་སྐད་དུ། གསན་ཡལ་ཞེས་པ། བོད་སྐད་དུ། ཧོར་ཟླ་གསུམ་པའོ། བཞི་པ་ནི། ཧོར་ཟླ་གསུམ་པ་ལ་དཔྱིད་ཟླ་འབྲིང་པོ་ཞེས་འབོད་པ་འདི་ནི་བོད་ཀྱི་ཐ་སྙད་དང་བསྟུན་པ་སྟེ། རྒྱ་དཔེ་ལ་ར་བ་འབྲིང་ཐའི་སྐད་དོད་མེད་པས་སོ། དེས་ན་རྡོ་རྗེ་མཁའ་འགྲོའི་རྒྱ་དཔེ་ལའང་།  པཽ་ཥྱ་ཞེས་རྒྱལ་གྱི་སྐད་དོད་ཡོད་པ་ལ། ལོ་ཙཱ་བ་ཁ་ཅིག་གིས། དཔྱིད་ཟླ་ར་བ་དང་། ཁ་ཅིག་གིས་དགུན་ར་དང་། ཁ་ཅིག་གིས་དགུན་འབྲིང་དུ་བསྒྱུར་བ་དང་། ཆོ་འཕྲུལ་གྱི་ཟླ་བ་ལའང་དགུན་ཐ་དང་དཔྱིད་ར་ཞེས་མཛངས་བླུན་དཔེ་མི་འདྲ་བ་གཉིས་སོགས་ལོ་ཙཱ་བའི་ཞེ་འདོད་ཀྱིས་སྣ་ཚོགས་བྱུང་བ་ཡང་རྒྱ་དཔེ་ལ་སྐད་དོད་མེད་པའི་སྐྱོན་ནོ། དེས་ན་སྔོན་གྱི་བཀས་བཅད་ལས། ཕཱལྒུ་ནི་ཞེས་པ་སྦོའི་ཟླ་བའམ་དཔྱིད་ཟླ་ར་བ་ཞེས་སུ་བསྒྱུར། ཞེས་འབྱུང་བ་དང་། མཛོད་འགྲེལ་གྱི་རྒྱ་དཔེར་ཡང་། ལྦརྵཱ་ཎཱཾ་དྭི་ཏཱི་ཡེ་མཱ་ས་བྷཱ་དྲ་པ་དེ། ཞེས་པ། དཔལ་བརྩེགས་ཀྱིས། དབྱར་རྣམས་ཀྱི་ཟླ་བ་གཉིས་པ་སྟོན་ཟླ་ར་བ། ཞེས་དང་། ཕཱལྒུ་ན་མ་སྱ་དྭི་ཏཱི་ཡ་པཀྵ་ན་པ་མྱཾ། ཞེས་པ། དཔྱིད་ཟླ་ར་བ་ཡར་ངོའི་ཚེས་དགུ་ནས་སོ། ཞེས་བསྒྱུར་ཞིང་། དེ་བཞིན་དུ་བྱེ་བྲག་རྟོགས་བྱེད་ལས་ཀྱང་ཉ་སྐར་གྱི་མིང་རྣམས་ར་བ་འབྲིང་ཐ་རྣམས་སུ་བསྒྱུར་བས་སྔོན་གྱིི་ལོ་པཎ་རྒྱལ་བློན་ཐམས་ཅད་བཞེད་པ་མཐུན་པར་སྣང་ངོ་། ལྔ་པ་ནི། ལེགས་སྦྱར་གྱི་སྐད་དུ། ཙཻ་ཏྲི་ཞེས་པ། བོད་སྐད་དུ་ནག་པ་ཟླ་བའམ་ནག་པ་ཅན་ཏེ། ཤར་ཕྱོགས་ཉི་འོག་པ། ལྷོ་བཻ་དརྦྷ། ནུབ་ཀསྨི་ར། དབུས་མ་གྷ་དྷ་སྟེ་འཕགས་པའི་ཡུལ་ཀུན་དང་། ཤམྦྷ་ལ་སོགས་སུ་དེ་ལྟར་ཉ་སྐར་གྱི་མིང་གིས་བརྗོད་པར་བྱེད་པས་སོ། དེ་ལྟ་ནའང་། པཎྜི་ཏ་བི་མ་ལ་ཤྲཱིའི་ངག་རྒྱུན་དང་ཤོང་རྡོར་རྒྱལ་གྱིི་ཡི་གེ་སོགས་ལས་ཡོངས་སུ་གྲགས་པའི་དབོའི་ཟླ་བ་ལ་ནག་ཟླར་བྱེད་པ་སོགས་ཉ་སྐར་རྣམས་འདིར་བཤད་པ་ལས་ཟླ་བ་རེས་སྔ་བར་བྱེད་པས་གནོད་དོ་ཞེ་ན། མི་གནོད་དེ། ལོ་པཎ་གྱི་གསུང་དེ་དག་ནི་ཡར་ངོ་སྔོན་འགྲོ་དང་། མར་ངོ་སྔོན་འགྲོའི་དབང་གིས་འཁྲུལ་གཞི་བྱས་སྲིད་པའམ། ཡང་ན་ཟླ་བཤོལ་གྱི་དབང་གིས་འཁྲུལ་གཞི་བྱས་པ་སྲིད་པའི་ཕྱིར་དང་། གཞན་དུ་ན་འཕགས་ཡུལ་གྱི་ཡུལ་གྲུ་ལ་ལར་ཟླ་བའི་སྟེང་འོག་མི་མཐུན་པ་ཡོད་སྲིད་པའི་ཕྱིར་རོ། དེ་ལྟར་ན་འཁྲུལ་གཞིའི་རྩ་བ་གསུམ་པོ་དེ་ལྟ་བུས་འཁྲུལ་སྲིད་པའང་ཡིན་ཏེ། དཔེར་ན། ཧོར་ཟླ་གཉིས་པ་རིལ་པོ་ཡར་ངོ་སྔོན་འགྲོའི་ཚེ་དབོ་ཟླ་ཡིན་ཀྱང་། མར་ངོ་སྔོན་འགྲོའི་ཚེ་ཧོར་ཟླ་གཉིས་པའི་བཅུ་དྲུག་ནས་ནག་ཟླའི་འགོ་ཟུག་པས་རྒྱ་གར་བས་མར་ངོ་སྔོན་འགྲོ་དང་བོད་པས་ཡར་ངོ་སྔོན་འགྲོར་བྱས་ནས་ཧོར་ཟླ་གཉིས་པའི་མཇུག་ལྟ་བུར་བསྡུར་བ་ན་མ་མཐུན་པ་ཙམ་ལས་དཔྱད་པ་མ་བྱས་པར་བཞག་པ་བཞིན་དང་། ཡང་ཟླ་བཤོལ་སྔ་ཕྱི་མ་མཐུན་པས་གཅིག་དོན་ནས་གཅིག་མ་དོན་པའི་བར་དུ་ཟླ་བ་མི་མཐུན་པ་སྲིད་པའི་ཕྱིར་ཏེ་བྱེད་པ་དང་གྲུབ་པའི་ཟླ་བཤོལ་བཞིན་དང་དེར་མ་ཟད་ཧོར་ཟླ་གསུམ་པ་ལ་ནག་ཟླར་བྱེད་པ་འདི་ནི་སྔོན་གྱི་ལོ་པཎ་ཇི་སྙེད་པ་དག་གིས་རྒྱ་བོད་ཀྱི་དུས་ངེས་སྦྱར་བ་མཁས་པ་རྣམས་གཅིག་ཏུ་བརྒྱུད་དེ་བཟུང་བ་ལས་འོངས་བའི་ཕྱིར་འཁྲུལ་པ་མི་སྲིད་ལ། དེ་ལས་གཞན་དུ། པཎྜི་ཏ་བི་མ་ལ་ཤྲཱི་སོགས་ཀྱིས་དུས་ངེས་སྦྱར་ཏེ་དེ་སྐད་དུ་སྨྲས་པ་ཞིག་ན་རྒྱ་གར་རང་དུའང་ཟླ་བའི་སྟེང་འོག་མི་མཐུན་པ་ཡོད་པར་སྣང་བས་ཕྱོགས་གཅིག་ཙམ་ལ་སྦྱར་བ་འོས་པ་མ་ཡིན་ནོ། གཞན་ཡང་། ཉ་སྐར་རྣམས་ཟླ་བ་རེས་སྔ་བསྣུར་བ་འདི་འཕགས་ཡུལ་གྱི་ཕྱོགས་འགར་གྲགས་སྲིད་ཀྱང་། མི་འཐད་པར་རྟོགས་སླ་སྟེ་རྒྱུ་མཚན། ཉི་སྙིང་ལས། བདག་གི་རྒྱུ་སྐར་སྨིན་དྲུག་བརྗོད། ཟླ་བ་ཉ་ཚེ་ཟླ་རངས་འགྱུར། ཞེས་སྐར་མ་སྨིན་དྲུག་གིས་ཉ་བའི་ཚེ་སྨིན་དྲུག་གི་ཟླ་བ་རྫོགས་པར་བཤད་ལ། དེའི་དབང་གིས་ཟླ་བ་སྔ་བསྣུར་བ་ལྟར་ན། ཧོར་ཟླ་དགུ་པའི་བཅོ་ལྔ་ལ་སྨིན་དྲུག་གིས་ཉ་དགོས་པར་ཐལ། ཉ་སྐར་རྣམས་ཡོངས་གྲགས་ལས་ཟླ་བ་རེས་སྔ་བ་གང་ཞིག སྐར་མ་གང་གིས་ཉ་བ་དེའི་ཚེ་དེའི་ཟླ་བ་རྫོགས་པར་བཤད་པའི་ཕྱིར། རྟགས་སྔ་མ་ཁས། ཕྱི་མ་ཉི་སྙིང་གི་ལུང་གི་གྲུབ། འདོད་མི་ནུས་ཏེ། ཧོར་ཟླ་དགུ་པའི་བཅོ་ལྔ་ལ་སྨིན་དྲུག་གིས་ཉ་བ་མངོན་སུམ་ཚད་མས་བཀག་གོ ཡང་ཁོ་ན་རེ་ཉི་སྙིང་ལས། །དགུན་ཟླ་ར་བའི་ཟླ་བ་འདིར། །ལྷ་ཡི་བླ་མ་ཕུར་བུ་སྟེ། །འདི་ནི་ལྷན་ཅིག་བྱེད་པར་བཟུང་། །དེ་བས་གཟའ་ཞེས་བྱ་བར་བཤད། །དེ་ཕྱིར་ཉིན་མོ་ཚེས་བཅུ་བཞིར། །ཡུད་ཙམ་མཚན་མོ་བཅུ་དྲུག་སྟེ། །སྨིན་དྲུག་གིས་ནི་མཚན་མོ་ཐོབ། །སྣུབས་ཀྱང་ཉི་མའི་མདུན་ན་སྟེ། ཞེས་སོགས་དགུན་ར་མགོ་ཟླ་ལ་སྨིན་དྲུག་གི་མཚན་ཐོབ་པར་བཤད་པས་སྐྱོན་མེད་ཅེ་ན་དེ་ཡང་མི་རིགས་ཏེ་ལུང་དེའི་དོན་ནི། ཉི་མ་ནུབ་བཞིན་པའི་ཚེ་ཉི་མའི་མདུན་ན་གནས་པའི་སྐར་མ་སྣུབས་དང་། དེའི་ཚེ་ཤར་ནས་འཆར་བའི་སྐར་མ་སྨིན་དྲུག་ཡིན་པས། དེ་ངོས་བཟུང་ནས། འཆར་སྐར་དེས་མཚན་ཐོབ་པར་བཤད་པ་ཡིན་ལ། བདག་གིས་རྒྱུ་སྐར་སྨིན་དྲུག་བརྗོད། ཅེས་པའི་སྨིན་དྲུག་ནི་ཉི་མ་ནུབ་ཟིན་པའི་རྗེས་ཐོག་ཉའི་ཟླ་བ་དང་འགྲོགས་པའི་སྐར་མ་ཡིན་ཏེ། རྒྱུ་མཚན་སྨིན་དྲུག་ཟླ་ཉ་དང་འགྲོགས་པ་དེས་སྟོན་ཟླ་ཐ་ཆུང་རྫོགས་ནས། མར་ངོ་སྔོན་འགྲོའི་དགུན་རའི་ཚེས་གཅིག་ནས་བཟུང་སྟེ་ཚེས་སོ་སོའི་ཟླ་བ་དང་འགྲོགས་པའི་སྐར་མ་འཆད་པ་ན། དེ་ལས། །སྣར་མ་གཅིག་ཏུའང་ཟླ་ངོ་དེར། །ཚེས་གཅིག་ལ་ནི་མཁའ་ལ་འགྲོ། ཞེས་པ་ནས། །ཚེས་བཅོ་ལྔ་ལ་དེ་བཞིན་སྣྲོན། །འདི་ནི་ཟླ་བ་ཕྱེད་དུ་བཤད། ཅེས་པའི་བར་གྱི་དགུན་རའི་ཟླ་ཕྱེད་དང་། ཡང་། ཡར་གྱི་ངོ་ལ་སྣྲུབས་སྒྲུབ་སྟེ། ཞེས་པ་ནས། ཟླ་བ་རངས་ལ་མགོ་བཤད་དོ། ཞེས་པའི་བར་ཏེ་དགུན་ར་རྫོགས་པའི་ཉ་སྐར་ལ་མགོ་བཤད་པས་སོ། དེས་ན་ཁ་༼དྭགས་པཎ།༽ ཅིག་བཅོ་ལྔའི་ཟླ་བ་དང་གང་ཉེའི་སྐར་མ་ལ་དེའི་ཟླ་བར་འཇོག་པ་གནག་རྫིའི་ལུགས་ཡིན། ཞེས་ཟེར་བ་ཡང་རང་གི་མདོ་དེ་ཉིད་ཇི་བཞིན་པ་འཆད་མ་ཤེས་པའི་སྨྲེ་སྔགས་ཤོར་བ་ཡིན་ནོ། དྲུག་པ་ནི། ཧོར་ཟླ་གསུམ་པ་འདིའི་ནང་དུ་ཉི་མ་ལུག་གི་ཁྱིམ་དུ་འཇུག་པའི་དུས་སོ། དེ་བཞིན་རྒྱ་ནག་པའི་སྐད་དུ་ཡང་ཡོལ་ཞེས་པ་བོད་སྐད་དུ་ལུག་གི་ཟླ་བ་ཡིན་ཏེ་རྒྱ་རྩིས་པའི་དབྱར་ཟླ་ཐ་ཆུང་དང་། རྟེན་འབྲེལ་སྐྱེ་མཆེད་དྲུག་གི་ཟླ་བ་དང་། རྒྱ་ནག་སྐད་དུ་གསི་ཡོལ་ཞེས་པ་བོད་སྐད་དུ་ཧོར་ཟླ་བཞི་པ་དང་། བོད་དུ་དཔྱིད་ཟླ་ཐ་ཆུང་དང་། རྒྱ་གར་སྐད་དུ་བཻ་ཤཱ་ཁ་ཞེས་པར་འབོད་པ་བོད་སྐད་དུ་ས་གའི་ཟླ་བ་དང་། ཉི་མ་གླང་ཁྱིམ་དུ་འཇུག་པའི་ཟླ་བའོ། རྒྱ་ནག་པོའི་སྐད་དུ་ཧུ་ཏུ་ཡོལ་ཞེས་པ་བོད་སྐད་དུ་སྤྲེའུའི་ཟླ་བ་སྟེ་སྟོན་ཟླ་ར་བ་དང་། རྟེན་འབྲེལ་བ་རེག་པའི་ཟླ་བ་དང་། རྒྱ་ནག་པོའི་སྐད་དུ་འུ་ཡོལ་ཞེས་པ་ཧོར་ཟླ་ལྔ་པ་དང་། བོད་དུ་དབྱར་ཟླ་ར་བ་དང་། འཕགས་ཡུལ་ཛྱེཥྛཱ་ཞེས་པ་སྣྲོན་གྱི་ཟླ་བ་དང་། ཉི་མ་འཁྲིག་པའི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་པོའི་སྐད་དུ་ཀྱི་ཡོལ་ཞེས་པ་བོད་སྐད་དུ་བྱའི་ཟླ་བ་ཡིན་ཏེ་སྟོན་ཟླ་འབྲིང་པོ་དང་། རྟེན་འབྲེལ་བ་ཚོར་བའི་ཟླ་བ་དང་། རྒྱ་ནག་སྐད་དུ་བླུ་ཡོལ་ཞེས་པ་ཧོར་ཟླ་དྲུག་པ་དང་། བོད་དུ་དབྱར་ཟླ་འབྲིང་པོ་དང་། འཕགས་ཡུལ་བ་ཨཱ་ཥ་དྷར་འབོད་པ་ཆུ་སྟོད་ཀྱི་ཟླ་བ་དང་། ཉི་མ་ཀརྐ་ཊའི་ཁྱིམ་དུ་འཇུག་པའི་ཟླ་བའོ། རྒྱ་ནག་པོའི་སྐད་དུ་གའུ་ཡོལ་ཞེས་པ་ཁྱིའི་ཟླ་བ་ཡིན་ཏེ་སྟོན་ཟླ་ཐ་ཆུང་དང་། རྟེན་འབྲེལ་བ་སྲེད་པའི་ཟླ་བ་དང་། རྒྱ་ནག་སྐད་དུ་ཆི་ཡོལ་ཞེས་པ་ཧོར་ཟླ་བདུན་པ་དང་། བོད་དུ་དབྱར་ཟླ་ཐ་ཆུང་དང་། འཕགས་ཡུལ་དུ་ཤྲཱ་ཝ་ཎར་འབོད་པ་གྲོ་བཞིན་གྱི་ཟླ་བ་དང་། ཉི་མ་སེང་གེའི་ཁྱིམ་དུ་འཇུག་པའོ། རྒྱ་ནག་པོའི་སྐད་དུ་ཇུའི་ཡོལ་ཕག་གི་ཟླ་བ་སྟེ་དགུན་ཟླ་ར་བ་དང་རྟེན་འབྲེལ་བ་ལེན་པའི་ཟླ་བ་དང་། རྒྱ་ནག་སྐད་དུ་བཱ་ཡོལ་ཞེས་པ་ཧོར་ཟླ་བརྒྱད་པ་དང་། བོད་དུ་སྟོན་ཟླ་ར་བ་དང་། འཕགས་ཡུལ་དུ་ལེགས་སྦྱར་གྱི་སྐད་བྷཱ་དྲ་བཱ་ད་ཞེས་པ་ཁྲུམས་ཀྱི་ཟླ་བ་དང་། ཉི་མ་བུ་མོའི་ཁྱིམ་དུ་འཇུག་པའི་ཟླ་བའོ། རྒྱ་ནག་པོའི་སྐད་དུ་ཞུའི་ཡོལ་ཞེས་པ་བྱི་བའི་ཟླ་བ་སྟེ་དགུན་ཟླ་འབྲིང་པོ་དང་། རྟེན་འབྲེལ་བ་སྲིད་པའི་ཟླ་བ་དང་། རྒྱ་ནག་སྐད་དུ་སྒྱིའུ་ཡོལ་ཞེས་པ་ཧོར་ཟླ་དགུ་པ་དང་། བོད་དུ་སྟོན་ཟླ་འབྲིང་པོ་དང་། རྒྱ་གར་སྐད་དུ་ཨཱ་ཤཱི་ནར་འབོད་པ་དབྱུག་པའི་ཟླ་བ་དང་། ཉི་མ་སྲང་གི་ཁྱིམ་དུ་འཇུག་པའི་ཟླ་བའོ། རྒྱ་ནག་པོའི་སྐད་དུ་ནེའུ་ཡོལ་ཞེས་པ་གླང་གི་ཟླ་བ་ཡིན་ཏེ་དགུན་ཟླ་ཐ་ཆུང་། རྟེན་འབྲེལ་བའི་སྐྱེ་བའི་ཟླ་བ་དང་རྒྱ་ནག་སྐད་དུ་ཤིང་ཡོལ་ཞེས་པ་ཧོར་ཟླ་བཅུ་པ་དང་། བོད་དུ་སྟོན་ཟླ་ཐ་ཆུང་དང་། འཕགས་ཡུལ་བ་ཀཱཏྟི་ཀར་འབོད་པ་སྨིན་དྲུག་གི་ཟླ་བ་དང་། ཉི་མ་སྡིག་པའི་ཁྱིམ་དུའོ། རྒྱ་ནག་སྐད་དུ་ལའུ་ཧུ་ཡོལ་ཞེས་པ་སྟག་གི་ཟླ་བ་ཡིན་ཏེ་དཔྱིད་ཟླ་ར་བ་དང་། རྟེན་འབྲེལ་བ་རྒ་ཤི་བའི་ཟླ་བ་དང་། རྒྱ་ནག་སྐད་དུ་དབྱི་ཡོལ་ཞེས་པ་ཧོར་ཟླ་བཅུ་གཅིག་པ་དང་། བོད་དུ་དགུན་ཟླ་ར་བ་དང་། ལེགས་སྦྱར་གྱི་སྐད་དུ་མཱརྒ་ཤཱིརྵ་ཞེས་པ་མགོའི་ཟླ་བ་དང་། ཉི་མ་གཞུའི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་སྐད་དུ་ཐུར་ཡོལ་ཞེས་པ་ཡོས་ཀྱི་ཟླ་བ་ཡིན་ཏེ་དཔྱིད་ཟླ་འབྲིང་པོ་དང་། རྟེན་འབྲེལ་མ་རིག་པའི་ཟླ་བ་དང་། རྒྱ་ནག་སྐད་དུ་ཤི་དབྲི་ཡོལ་ཞེས་པ་ཧོར་ཟླ་བཅུ་གཉིས་པ་དང་། བོད་དུ་དགུན་ཟླ་འབྲིང་པོ་དང་། རྒྱ་གར་སྐད་དུ་པཽ་ཥཱ་ཞེས་པ་རྒྱལ་གྱི་ཟླ་བ་དང་། ཉི་མ་ཆུ་སྲིན་གྱི་ཁྱིམ་དུ་འཇུག་པའི་ཟླ་བའོ། །རྒྱ་ནག་སྐད་དུ་ལུང་ཡོལ་ཞེས་པ་འབྲུག་གི་ཟླ་བ་ཡིན་ཏེ་དཔྱིད་ཟླ་ཐ་ཆུང་དང་རྟེན་འབྲེལ་བའི་འདུ་བྱེད་ཀྱི་ཟླ་བ་དང་། རྒྱ་ནག་སྐད་དུ་བྱི་ཡོལ་ཞེས་པ་ཧོར་གྱི་ཟླ་བ་དང་པོ་དང་། བོད་དུ་དགུན་ཟླ་ཐ་ཆུང་དང་། འཕགས་ཡུལ་དུ་མཱ་གྷ་ཞེས་པ་མཆུའི་ཟླ་དང་ཉི་མ་བུམ་པའི་ཁྱིམ་དུ་འཇུག་པའི་ཟླ་བའོ། རྒྱ་ནག་སྐད་དུ་ཞེ་ཡོལ་ཞེས་པ་སྦྲུལ་གྱི་ཟླ་བ་ཡིན་ཏེ་དབྱར་ཟླ་ར་བ་དང་། རྟེན་འབྲེལ་བ་རྣམ་ཤེས་ཀྱི་ཟླ་བ་དང་། རྒྱ་ནག་སྐད་དུ་དབྲི་ཡོལ་ཞེས་པ་ཧོར་ཟླ་གཉིས་པ་དང་། བོད་དུ་དཔྱིད་ཟླ་ར་བ་དང་། རྒྱ་གར་སྐད་དུ་ཕཱལྒུ་ནཱ་ཞེས་པ་དབོའི་ཟླ་བ་དང་། ཉི་མ་ཉའི་ཁྱིམ་དུ་འཇུག་པའི་ཟླ་བ་སྟེ་ཐ་སྙད་དྲུག་ཀ་གཞི་མཐུན་པའི་ཟླ་བ་ཡིན་ནོ། གཞན་ཡང་ཟླ་བ་དེ་དག་གི་མིང་གི་རྣམ་གྲངས་རྡོ་རྗེ་གདན་བཞི་དང་བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་གཉིས་པོ་ལས་གསུངས་པའི་ཚུལ་གང་ཞེ་ན། གདན་བཞི་ལས། ཤར་ནས་དགུན་ཟླ་འབྲིང་པོ་བཞག ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ནས། ཉི་མ་བྱང་དུ་བགྲོད་པའི་དུས། ཟླ་བ་རྣམ་པ་བཅུ་གཉིས་ནི། རིམ་ནི་རིམ་པ་བཞིན་དུ་བཞག ཅེས་གསུངས་པས་རྒྱལ་གྱི་ཟླ་བ་ནས་ཐོག་མ་བཟུང་སྟེ། རྒྱ་སྐད་དུ་རོ་ཧི་ཏ་ཞེས་བྱ་བ་ལ་སོགས་གསུངས་པ་དེ་ཉིད་བོད་སྐད་དུ་བསྒྱུར་ན་རིམ་པ་བཞིན་དུ། རོ་ཧི་ཏ་ཞེས་པའི་འཕེལ་བའི་ཟླ་བ་སྟེ་ཆུ་སྲིན་གྱི་ཁྱིམ་གྱི་མིང་ཡིན་པས་དེར་ཉི་མ་འཇུག་པའི་ཟླ་བའོ། དེ་བཞིན་དུ་མོ་ཧི་ཏ་ནི་གཏི་མུག་སྟེ་བུམ་ཁྱིམ་དང་། བྷ་དྲ་ནི་བཟང་པོ་སྟེ་ཉ་དང་། རྀ་ཥ་བྷ་ནི་ཁྱུ་མཆོག་སྟེ་ལུག་དང་། ཀུརྨ་ནི་རུས་སྦལ་ཏེ་གླང་དང་། མ་ཀ་ར་ཧ་ནི་ཆུ་སྲིན་ཏེ་འཁྲིག་པ་དང་། རཱཎྜ་ནི་ཡུགས་ས་མོ་སྟེ་ཀརྐ་ཊ་དང་། མི་ཀི་ར་ནི་རྨི་བ་སྟེ་སེང་གེ་དང་། བྷི་བྲྀ་ཀ་ནི་འབུགས་པ་སྟེ་བུ་མོ་དང་། བྱཱ་ཀུ་ལི་ནི་འཕྱོ་བ་སྟེ་སྲང་དང་། སཔྣ་ནི་རྨི་ལམ་སྟེ་སྡིག་པ་དང་། ཀཱ་མ་ཎ་ནིི་འདོད་པའམ་སའི་དབང་ཕྱུག་སྟེ་གཞུ་ཁྱིམ་མོ། །འདིར་ཁ་ཅིག ལུག་དང་རོ་ཧི་ཏ་དོན་གཅིག་པར་འཆད་པ་ནི་མི་འཐད་དེ། རྡོ་རྗེ་མཁའ་འགྲོར། ལུག་དང་རོ་ཧི་ཏ་ལ་སོགས། གང་གི་འཆི་བ་བཤད་ཀྱིས་ཉོན། ཞེས་ཐ་དད་དུ་གསུངས་པས་སོ། ཡང་མཁས་པ་ལ་ལ་ ༼དཔའ།༽ རོ་ཧི་ཏ་ཉ་དང་། མོ་ཧི་ཏ་ལུག་སོགས་རིམ་པར་སྦྱོར་བ་ཡང་མི་འཐད་དེ། མཁའ་འགྲོ་རྒྱ་མཚོ་ལས། །ཐོག་མར་མ་རིག་ཆུ་སྲིན་དང་། །རོ་ཧི་ཏ་འོ་དེ་བཞིན་གཞན། །གཉིས་པར་མོ་ཧི་ཏ་བུམ་པ། །འདུ་བྱེད་དུ་ནི་གསལ་བར་འགྲོ། །གསུམ་པར་བཟང་པོ་དང་ནི་ཉ། །རྣམ་པར་ཤེས་པར་དེ་རིག་བྱ། །བཞི་པ་ཁྱུ་མཆོག་དང་ནི་ལུག །མིང་དང་གཟུགས་སུ་འདོད་པར་བྱ། །ལྔ་པ་རུ་ནི་རུས་སྦལ་ཏེ། །བྲྀ་ཥ་སྐྱེ་མཆེད་དྲུག་མཆོག་གོ། །དྲུག་པར་ཆུ་སྲིན་དང་འཁྲིག་པ། །རྟག་ཏུ་རེག་པ་ཏུ་ནི་འགྲོ། །བདུན་པར་རཱཎྜ་ཀརྐ་ཊ། །དེ་བཞིན་དུ་ནི་ཚོར་བ་མཆོག །བརྒྱད་པར་མི་ཀི་ར་སེང་གེ །མཆོག་ཏུ་མཐུན་པ་སྲེད་པའོ། །དགུ་པར་འབུགས་པ་དང་བུ་མོ། ཉེ་བར་ལེན་པ་རུ་ནི་འདོད། །བཅུ་པར་སེམས་གཡེང་པ་དང་སྲང་། །སྲིད་པ་རུ་ནི་རབ་ཏུ་བརྗོད། །བཅུ་གཅིག་པ་རུ་རྨི་ལམ་དང་། །བྲྀཥྩི་ཀ་དང་སྐྱེ་དེ་བཞིན། །བཅུ་གཉིས་པ་རུ་ས་དབང་ཕྱུག །གཞུ་དང་རྒས་ཤིང་ཤི་བའོ། །ཞེས་སྦྱར་ཏེ་གསུངས་པ་དང་འགལ་ལོ། །ཡང་ཁྱིམ་ཟླ་དེ་དག་གི་མིང་གི་རྣམ་གྲངས་ཧེ་རུ་ཀ་གལ་པོ་ལས། །མི་ཥ་དང་ནི་བྲེ་ཥ་དང་། །མི་ཐུ་ན་དང་ཀརྐ་ཊ། །སིངྷ་དང་ནི་ཀ་ཎཱ་དང་། །ཧུ་ལ་དང་ནི་བི་ཙི་དང་། །ད་ནུ་དང་ནི་མ་ཀ་ར། ཀུ་ཡ་བ་དང་མི་ན་དང་། །ཞེས་གསུངས་ཏེ་མི་ཥ་ལུག་གི་ཁྱིམ་ཟླ་ཡིན་པ་ནས་མི་ན་ཉ་ཡིན་པའི་བར་སྦྱར་རོ། གསུམ་པ་ནི། དེ་ཡང་ལོ་བསྐོར་གྱི་ལོ་འགོ་འཛིན་ཚུལ་ནི་སྔར་བཤད་གྲུབ་ལ། འདིར་ལོ་གཅིག་གི་ལོ་འགོ་འཛིན་ཚུལ་གྱི་དབང་དུ་བྱས་ན་གཉིས་ཏེ་རྣམ་གྲངས་བཀོད་པ་དང་།  བྱེ་བྲག་ཏུ་བཤད་པའོ། དང་པོ་ནི། ཉི་སྙིང་ལས། ཟླ་རངས་ཉ་ཚེས་ཐ་སྐར་ཡིན། །སྟོན་ཟླ་འབྲིང་པོའི་ངོ་ལ་ནི། །ལོ་བསྐོར་བདག་གི་བརྗོད་པར་བྱ། །ཟླ་བ་བཅུ་གཉིས་བཤད་པ་ཡིན། ཞེས་སྟོན་འབྲིང་ཧོར་ཟླ་དགུ་པ་ཐ་སྐར་ཅན་གྱི་ཕྱེད་སྔ་མ་ལོ་སྔ་མ་རྫོགས་པས་ཕྱེད་ཕྱི་མ་སྨིན་དྲུག་ནས་ལོ་འགོ་འཛིན་པར་བཞེད་ཅིང་། དབྱར་གྱི་ཟླ་བ་གཉིས་པ་ཡི། ཞེས་སོགས་ཉི་ལྡོག་གི་ཚིགས་དང་བསྟུན་ན་མཛོད་པའི་ལུགས་ཀྱང་འདི་དང་མཐུན་པར་བཟུང་ན་ལེགས་ཏེ་རྒྱས་པར་འོག་ཏུ་འཆད་དོ། འདུལ་བ་པ་རྣམས་ནི། དགུན་གྱི་དུས་དུས་ཚིགས་ཀྱི་ཐོག་མར་འཇོག་པས་མར་ངོ་སྔོན་འགྲོའི་དགུན་ར་མགོའི་ཟླ་བ་ནས་འཛིན་ཞིང་། འདི་དང་མཐུན་པར་འཆི་མེད་མཛོད་ལས་ཀྱང་། རི་དྭགས་མགོ་དང་ལྷན་ཅིག་པའི། ཟླ་བ་ལོ་ཡི་དང་པོ་ཡིན། ཞེས་གསུངས་ལ། རྒྱ་རྩིས་པ་རྣམས་ཟླ་བ་སྒང་འཛིན་གྱི་མགོ་ཅན་དཔྱིད་རར་བྱས་ནས་འཛིན་ཏེ་སྔར་བཤད་གྲུབ་བོ། །མཁའ་འགྲོ་རྒྱ་མཚོ་ལས། །ཉི་མ་བྱང་དུ་བགྲོད་པ་ཡི། །རྒྱལ་གྱི་ཟླ་བ་ནས་བརྩམས་ཏེ། །ཟླ་བ་བཅུ་གཉིས་དེ་ལྟར་དུ། །རིམ་པ་རིམ་པས་བཞག་པར་བྱ། ཞེས་དགུན་འབྲིང་རྒྱལ་ཟླ་ནས་འཛིན་ཞིང་།  སྔར་སྨོས་པ་ལྟར་རྡོ་རྗེ་མཁའ་འགྲོ་དང་གདན་བཞི་དང་རྒྱུད་འགྲེལ་གྱི་རྟེན་འབྲེལ་འཆར་རྩིས་སོགས་སུ་ཡང་འདི་དང་མཐུན་པར་འཛིན་ནོ། བོད་རྒྱལ་པོའི་ལུགས་ལ་དཔྱིད་ར་དབོ་ཟླའི་ཡར་ངོའི་ཚེས་གཅིག་ནས་ལོ་འགོ་འཛིན་ཏེ། འདི་ན་དཔྱིད་ཟླ་ར་བ་སོགས། གསུམ་ཚན་བཞི་རུ་ཕྱེ་སྟེ་སྨྲ། ཞེས་སོ། གསེར་འོད་དམ་པ་ལས་དབྱར་ར་སྣྲོན་གྱི་ཟླ་བ་ནས་དུས་འགོ་འཛིན་ཏེ། ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། གསུམ་ནི་དགུན་ཡིན་གསུམ་ནི་དཔྱིད་ཡིན་ནོ། ཞེས་གསུངས་པས་སོ། གཉིས་པ་ནི། དུས་ཀྱི་འཁོར་ལོའི་ལུགས་འདི་ལ་ལོ་འགོ་གང་ནས་འཛིན་ཞེ་ན། ཉི་མའི་རྟག་ལོངས་ཐོག་མར་གང་ནས་སྤྱོད་པའི་ཁྱིམ་དེར་ཉི་མས་སླེབས་མ་ཐག་པ་དེ་ལོ་འགོར་བསྟན་ཅིང་། དེས་ན་ལུག་ཁྱིམ་ནས་རྟག་ལོངས་ཐོག་མར་སྤྱོད་པའི་དོན་གྱིས། དབོ་ཟླའི་ཉེར་བརྒྱད་ནས་ནག་པའི་ཉེར་བརྒྱད་བར་ལ་ཉི་མ་ལུག་ཁྱིམ་དུ་འཇུག་སྲིད་ཀྱི། དེ་ལས་གཞན་དུ་མི་འཇུག་པའི་ཕྱིར་དང་། དབོ་ཟླའི་ཉེར་བརྒྱད་ཉེར་དགུ་གནམ་གང་རྣམས་ལ་འཇུག་པ་ཡང་དབོ་མཆུ་རྒྱལ་རྣམས་ལ་ཟླ་ཐེབ་བྱུང་བའི་ཚེ་ཡིན་གྱི། གཞན་དུ་ན་མི་སྲིད་པའི་ཕྱིར་རོ། དེས་ན་འདི་ཉིད་ཀྱི་ལེའུ་བཞི་པར་ཡང་།  །ཉི་མའི་རྟག་ལོངས་ལུག་ཁྱིམ་ནས། །ཐོག་མར་སྤྱོད་ཕྱིར་ཡར་གྱི་ངོའི། །ནག་པ་ཟླ་བ་ལོ་འགོར་བཞག  ཅེས་སྨོས་པ་ལྟར། སྤྱིར་དཔྱིད་འབྲིང་ནག་ཟླ་ནས་ལོ་འགོ་འཛིན་པར་གསུངས་ཤིང་། བྱེ་བྲག་ཡར་ངོ་སྔོན་འགྲོའི་ཚེ་ལུག་ཁྱིམ་ནག་ཟླ་དང་སྦྱོར་བ་དང་། མར་ངོ་སྔོན་འགྲོའི་ཚེ་ལུག་ཁྱིམ་ས་ག་དང་སྦྱོར་བ་གཉིས་འབྱུང་བ་ལས། དང་པོ་ནི། རྒྱུད་འགྲེལ་ལས་དུས་བཞི་སྟོང་རྩིས་ཀྱི་རྗེས་སུ་སླར་ཡང་དུས་ཀྱི་འགོ་བརྩམས་ནས་འཆར་བའི་ཚེ། ཁྱིམ་ལུག་ཁྱིམ། ལོ་རབ་བྱུང་། དཔྱིད་འབྲིང་ནག་ཟླ། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་སོགས་པ་ནས་བརྩམས་ཏེ་སོ་སོའི་ཐོག་མ་འཆར་བར་གསུངས་པ་དང་། གཉིས་པ་ནི། འགྲེལ་ཆེན་ལས། ལྷུན་པོའི་ལྷོ་ཡི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པས་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་བྱེད་དེ། ཞེས་ལུག་ཁྱིམ་ས་ག་དང་སྦྱར་ནས་གསུངས་སོ། ལུགས་གཉིས་ཀ་དེང་སང་ཡོངས་གྲགས་ཀྱི་ཧོར་ཟླ་གསུམ་པ་ལས་མ་འདས་ཏེ། ཡར་ངོ་སྔོན་འགྲོའི་ཚེ་དེའི་ཚེས་གཅིག་དང་། མར་ངོ་སྔོན་འགྲོའི་ཚེ་དེའི་ཚེས་བཅུ་དྲུག་ནས་འགོ་འཛིན་གྱི་དེ་ལས་གཞན་དུ་ཧོར་ཟླ་གཉིས་པའི་ཚེས་བཅུ་དྲུག་དང་། བཞི་པའི་ཚེས་གཅིག་ལ་ཉི་མ་ལུག་ཁྱིམ་དུ་ཐོག་མར་འཇུག་པ་མི་སྲིད་པའི་ཕྱིར་རོ། ཡང་མར་ངོ་སྔོན་འགྲོ་རྩ་རྒྱུད་དང་། ཡར་ངོ་སྔོན་འགྲོ་བསྡུས་རྒྱུད་ཀྱི་དགོངས་པར་འཆད་པ་ལའང་མི་འཚམས་པ་མེད་དེ། དང་པོ་ནི། མངོན་འདུལ་བའི་ཕྱོགས་ལའང་མར་ངོ་སྔོན་འགྲོ་སངས་རྒྱས་པའི་ལུགས་སུ་གསུངས་པ་དང་མཚུངས་ཤིང་། བསྡུས་རྒྱུད་ལས་ཡར་ངོ་སྔོན་འགྲོར་གསུང་པ་ཚངས་པའི་དྲང་སྲོང་འདུལ་བའི་ཕྱིར་དུ་མུ་སྟེགས་པ་དང་འཇིག་རྟེན་པའི་ཐ་སྙད་དང་མཐུན་པར་བྱ་བ་དང་། བྱེད་རྩིས་ལ་ཚེས་གཅིག་ལ་གཅིག་བྱིན་དོར་སོགས་ལག་ལེན་བྱ་སླ་བ་ལ་དགོངས་པ་ཡིན་པར་བཤད་ཆོག་པས་སོ། འདི་དང་མཐུན་པའི་ལོ་འགོ་འཛིན་ཚུལ་དབྱངས་འཆར་ལས་ཀྱང་། དེ་ལ་དཔྱིད་འབྲིང་ཟླ་བར་གྲགས། དེ་ལྟར་རིམ་བཞིན་ཤེས་པར་བྱ། ཞེས་དང་། སྐར་མིག་དབྱུག་ཚེས་ལུག་གི་ཚད། ཅེས་པ་ནས། འཁོར་ལོ་ཉ་རུ་ཤེས་པར་བྱ། ཞེས་པའི་བར་གྱིས་ཉི་མ་ལུག་ཁྱིམ་དུ་ཐོག་མར་ཞུགས་པས་ལོ་འགོ་བྱེད་པར་བསྟན་ཏོ། །འདིར་གངས་ཅན་གྱི་མཁས་པ་ཁ་ཅིག རྩ་རྒྱུད་ནག་ཉ་ལ་གསུངས་པའི་ཕྱིར་དུས་འཁོར་བ་ནག་ཟླ་ནས་ལོ་འགོ་འཛིན་ཟེེར་བ་ནི་མ་བརྟགས་པ་སྟེ། དེ་ལྟར་ན་ལོ་འགོའི་རབ་བྱུང་ཡང་མེ་ཡོས་ལ་མི་བྱེད་པར་རྒྱུད་གསུངས་པའི་ལོ་དེ་ཉིད་མིན་དགོས་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་དང་། ཟླ་བའི་ཡང་ཉ་ནས་འཛིན་དགོས་པར་ཐལ་བ་ལྡོག་ཏུ་མེད་དོ། ཡང་ཤིན་ཏུ་གཟུ་བོར་མི་གནས་པ་འབྲི་ཁུང་དཔལ་འཛིན་ན་རེ། ལོ་འགོའི་འཛིན་ལུགས་ནི་བོད་བློ་རྩིང་བས་ནོར་བ་དང་མ་ནོར་བ་སྣ་ཚོགས་བྱེད་དོ། རྒྱ་གར་བ་ལ་སོགས་པ་རྣམས་ཀྱི་ལོ་གསར་གྱི་འགོ་ནི་རྒྱ་ནག་པས་དཔྱིད་ཟླ་ཐ་ཆུང་། རྒྱ་གར་བ་ཉིད་ལ་སོགས་པའི་དཔྱིད་ཟླ་འབྲིང་པོ་ནག་པའི་ཟླ་བ་ནས་བརྩམས་ཏེ་འཛིན་ནོ། ཞེས་ཟེར་རོ། །འོ་ན་དགུན་འབྲིང་དང་དགུན་ར་དང་སྟོན་ར་དང་། དབྱར་ར་སོགས་ནས་ལོ་འགོ་འཛིན་པའི་རྣམ་གཞག་གསུངས་པ་འདི་དག་རྒྱ་གར་བའི་བཞེད་པ་མ་ཡིན་པར་ཐལ། རྒྱ་གར་བའི་ལོ་འགོ་ཡིན་ན་དཔྱིད་འབྲིང་ནག་ཟླ་ཡིན་པ་གང་ཞིག དེ་དག་ནག་པའི་ཟླ་བ་མ་ཡིན་པའི་ཕྱིར། རྟགས་སྔ་མ་ཁས། ཕྱི་མ་མ་གྲུབ་ན་དགུན་འབྲིང་ལ་སོགས་པ་དེ་དག་ནག་པའི་ཟླ་བར་ཐལ་བ་ལྡོག་ཏུ་མེད་འདོད་ན། དུས་འཁོར་ལས། རྒྱལ་གྱི་ཟླ་བར་ཉི་མ་ཆུ་སྲིན་ལ་སོན་ཞེས་སྐབས་ཁ་ཅིག་ཏུ་རྒྱལ་ཟླ་དགུན་འབྲིང་ནས་འགོ་བཟུང་བ་དང་། མཁའ་འགྲོ་རྒྱ་མཚོ། གདན་བཞི། རྡོ་རྗེ་མཁའ་འགྲོ་ལ་སོགས་རྒྱུད་གཞན་དང་། སེམས་འགྲེལ་སྐོར་གསུམ་སོགས་རྒྱུད་འགྲེལ་ཚད་མ་རྣམས་ནས་ཀྱང་རྒྱལ་དང་མགོ་སོགས་ནས་ལོ་འགོ་བཟུང་བ་སྣང་ཞིང་། གཞན་ཡང་ཉི་སྙིང་སོགས་ལས་སྟོན་ཐ་སྨིན་དྲུག འདུལ་བ་ནས་དགུན་ར་མགོ གསེར་འོད་ལས་དབྱར་ར་ནས་འགོ་བཟུང་བ་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ཞིག་ནས་གསུངས་པ་འདི་དག་རྒྱ་གར་བའི་བཞེད་པ་མི་ཡིན་ན་ཕྱོགས་གང་ནས་འོངས་ལོག་པར་རྟོག་པའི་བློ་ཅན་ཁྱོད་ཀྱིས་བཤད་དགོས་ན་ཇི་ལྟར་འཆད་བསྐལ་པའི་བར་དུ་བསམ་པར་གྱིས་ཤིག གཞན་ཡང་། ནག་པའི་ཟླ་བ་དེ་རྒྱ་ནག་པའི་དཔྱིད་ཟླ་ཐ་ཆུང་ཡིན་ན། ཧོར་ཟླ་དང་པོ་ཡིན་དགོས་པར་ཐལ། རྒྱ་ནག་པའི་དཔྱིད་ཟླ་ར་བ་ཡིན་ན་ཧོར་ཟླ་བཅུ་གཅིག་པ་ཡིན་པའི་ཕྱིར་རོ། དེ་ཡིན་ན་ཧོར་ཟླ་དང་པོ་ལ་ནག་པས་ཉ་བ་མངོན་སུམ་ཚད་མས་བཀག ཡང་ཧོར་ཟླ་དང་པོ་རྒྱ་རྩིས་པའི་དཔྱིད་ར་ཡིན་ཟེར་ན། སྔར་རྒྱ་རྩིས་པའི་ལོ་འགོ་ལ་དཔྱད་པའི་སྐབས་ཀྱི་གནོད་བྱེད་རྣམས་སྟོན་དེས་ན་བོད་འདིར་སྐྱེ་བོ་ཐམས་ཅད་ལ་ཡོངས་སུ་གྲགས་པའི་ཧོར་ཟླ་དང་རྒྱ་རྩིས་པའི་ཟླ་བ་ཙམ་ཡང་རང་ཉིད་ཀྱིས་ངོས་མ་ཟིན་པར་བོད་བློ་རྩིང་པས་ནོར་བ་དང་མ་ནོར་བ་སྣ་ཚོགས་སུ་བྱེད་ཅེས་འཕྱ་བ་ཡང་རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལམ་གསུམ་པ་ལྟར་བཞད་གད་ཀྱི་གནས་སོ། བཞི་པ་ནི། ལོ་འགོ་བཤད་པའི་རྗེས་དེ་ནས་ཚེས་ཀྱི་ཐ་སྙད་བཤད་པར་བྱ་སྟེ། ཟླ་བ་རེ་རེ་ཞིང་ཚེས་གཅིག་ནས་བཟུང་གནམ་གང་གི་བར་དགའ་བ་སོགས་ཏེ་ལྔ་པོ་ལན་དྲུག་འཁོར་ནས་འཆར་བས་དེ་དག་གི་མིང་གིས་བསྙད་པ་སྟེ། རང་གི་ངོ་བོས་ནི། འགྲེལ་ཆེན་ལས། ཚེས་ནི་གཅིག་ལ་སོགས་པ་བཅོ་ལྔའོ། ཞེས་སོ། འོ་ན་དགའ་བ་སོགས་ལན་དྲུག་ཏུ་ཇི་ལྟར་འཁོར་ཞེ་ན། དཀར་ནག་གི་ཕྱོགས་རེ་ལ་རྡུལ་མུན་སྙིང་སྟོབས་ཀྱི་དབང་གིས་ལན་གསུམ་རེ་འཁོར་བས། དཀར་ཕྱོགས་ཀྱི་དགའ་བ་སོགས་དང་པོ་དང་གཉིས་པ་དང་གསུམ་པ་ཞེས་བརྗོད་པ་ལྟར་དམར་ཕྱོགས་ལའང་དེ་བཞིན་ནོ། ལྔ་པ་ནི། གཟའི་ཐ་སྙད་དེ་གང་ཞེ་ན། སྤྱིར་འཇམ་དཔལ་རྩ་རྒྱུད་ལས། གང་ཡང་གཟའ་དང་གཟའ་ཆེན་པོ་དེ་དག་ཀྱང་འཇིག་རྟེན་གྱི་ཁམས་སུ་སྤྱོད་པ་བར་སྣང་ལ་སྤྱོད་པ་འདི་ལྟ་སྟེ། ཉི་མ་ནས་སྤེན་པའི་བར་དང་། སྒྲ་གཅན་དང་། ས་འགུལ་དང་། མཇུག་རིང་དང་། གནམ་ལྕགས་འབྱིན་དང་། སྐར་མ་དང་། རྒྱལ་མཚན་དང་། མི་བཟད་དང་། དུད་ལྡན་དང་། དུད་པ་དང་། རྡོ་རྗེ་དང་། འབྱོར་བ་དང་། ཆར་འབེབས་དང་ཉེ་བའི་ཆར་འབེབས་སོགས་ནས། འཐེང་པོ་དང་གཟུགས་ཅན་གྱི་བར་ཏེ། གཟའ་ཆེན་པོ་དེ་དག་ཀྱང་། ཞེས་སོགས་མང་དུ་གསུངས་པ་དང་། རྨ་བྱ་ཆེན་མོར་། གཟའ་གང་དག་རྒྱུ་སྐར་གྱི་ཁྲོད་ན་རྒྱུ་ཞིང་འཇིག་རྟེན་གྱི་བདེ་སྡུག་དང་འཕེལ་འགྲིབ་དང་ལོ་ལེགས་ཉེས་རྣམས་ཀྱང་སྟོན་པར་བྱེད་པ་འདི་ལྟ་སྟེ། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། ལྷག་པ་དང་། ཕུར་བུ་དང་། པ་སངས་དང་། སྤེན་པ་དང་། ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་དང་། དུ་བ་མཇུག་རིང་རྣམས་སོ། ཞེས་གཟའ་དགུར་གསུངས་པ་དང་། ཧེ་རུ་ཀ་གལ་པོར། །པ་ཝ་སངས་དང་མིག་དམར་དང་། །ཕུར་བུ་དང་ནི་སྒྲ་གཅན་ཟིན། །ཟླ་བ་དང་ནི་ཉི་མ་དང་། །གཟའ་ལྷག་སྤེན་པ་གཟའ་ཆེན་བརྒྱད། ཞེས་བརྒྱད་དུ་གསུངས་པ་སོགས་ཡོད་མོད་ཀྱང་། རྒྱུད་འགྲེལ་འདིར་སྙིང་གའི་རྩ་འདབ་བརྒྱད་དང་སྦྱོར་ཞིང་ཐུན་ཆེན་བརྒྱད་དུ་རྒྱུ་བས་རེས་གཟའ་བདུན་མཇུག་རིང་དང་བརྒྱད། ནང་དུ་དབུ་མའི་སྟེང་སྒྲ་གཅན་དང་། འོག་དུས་མེ་བསྣུན་ཏེ་གཟའ་བཅུ་དང་སྙིང་གའི་རྩ་འདབ་བཅུ་གནད་གཅིག་པར་གསུངས་པས་དགོས་པའི་དབང་གིས་བཅུར་བསྟན་ཏེ། གང་ཞེ་ན་འདི་ལྟ་སྟེ། ཉི་མ་ལ་སོགས་པ་བདུན་ནི་རེས་ལ་འཆར་བའི་གཟའ་བདུན་ཡིན་ལ། དེའི་སྟེང་དུ་སྒྲ་གཅན་དང་དུས་མེ་དང་མཇུག་རིང་གསུམ་བསྣན་པས་གཟའ་བཅུ་རུ་གྲགས་སོ། གཟའ་དེ་དག་གི་མིང་གི་རྣམ་གྲངས་ནི། བསྐལ་པ་དང་པོའི་མི་རྣམས་ཀྱི་འོད་ནུབ་ནས་འཇིག་རྟེན་དུ་མུན་པ་བྱུང་བའི་ཚེ་སྤྱི་མཐུན་གྱི་བསོད་ནམས་ལས་ཉི་མ་ཤར་བ་ན་འདི་ནི་ལྷའི་འོད་ཡིན་ནོ་སྙམ་དུ་བསམ་ནས་མིང་ཉི་མ་ཞེས་འདོད་རྒྱལ་དུ་བཏགས་པར་གསུང་རབ་གཞན་ལས་འབྱུང་ཞིང་འདོད་འཇོར། སཱུརྱ་ནི་ཉི་མ་སྟེ་འོད་འགྱེད་པས་བདེ་བར་བྱེད་པས་སོ། ཞེས་གསུངས། དེའི་མིང་གི་རྣམ་གྲངས་འཆི་མེད་མཛོད་དུ་སུམ་ཅུ་རྩ་བདུན་དང་མུ་ཏིག་འཕྲེང་བར་བརྒྱ་དང་སུམ་ཅུ་བཤད་ཀྱང་འདིར་མཚོན་ཙམ་དུ། ནབས་སོ་སྐྱེས་ནི་ནབས་སོའི་བཞི་གསུམ་ཀརྐ་ཊའི་ཐོག་མར་སྐྱེས་པས་སོ། །ཚ་ཟེར་ཅན་དང་། པདྨའི་གཉེན་དང་། ཀུ་མུད་དགྲ་རྣམས་ནི་གོ་སླའོ། རྟ་བདུན་པ་ནི། སྡེབ་སྦྱོར་གྱི་འགྲེལ་པ་ལས། །རླུང་དང་ཡིད་མགྱོགས་མདོག་ལྔ་དང་། །དེ་བཞིན་ཐིག་ལེ་ཅན་དང་ནི། །ངེས་བརྗོད་ཤིན་ཏུ་རྒྱལ་མཚན་དང་། །རི་བོ་འཇོམས་རྣམས་ཉི་མའི་རྟ། ཞེས་སོ། རྟ་ལྗང་ཅན་ནི་འདིའི་རྣམས་ལྗང་གུར་ཡོད་པས་སོ། ཁ་ཅིག་དབུས་སུ་རྟ་ལྗང་དང་གཡས་གཡོན་དུ་རྟ་དམར་གསུམ་གསུམ་ཡོད་ཟེར་རོ། མི་སྦྱིན་སྐྱེས་ནི་ཨཱ་དི་ཏྱ་ཞེས་པའི་མ་ལས་སྐྱེས་པས་སོ། ནམ་མཁའི་ནོར་བུ་ནི་ནམ་མཁའི་རྒྱན་དུ་གྱུར་པས་སོ། འོད་སྟོང་ལྡན་དང་། ཉིན་བྱེད་དང་། ཉིན་མོའི་དབང་ཕྱུག་དང་། འོད་ལྡན་རྣམས་ནི་གོ་སླ་སྟེ། དེ་རྣམས་ནི་ཉི་མའི་མིང་ངོ་། ཟླ་བ་ནི། ཉི་མ་འཇིག་རྟེན་དུ་བྱུང་བའི་རྗེས་སུ་ཤར་བས་དེའི་ཟླ་བོར་འདུག་ཅེས་ཟླ་བར་བཏགས་པར་བཤད། འདིའི་མིང་གཞན། མཚན་མོའི་མགོན་དང་། བསིལ་ཟེར་ཅན་དང་། ཀུ་མུད་གཉེན་དང་། པདྨའི་དགྲ་དང་། འོད་དཀར་ཅན་རྣམས་ནི་གོ་སླ་ལ། རྒྱུ་སྐར་བདག་ནི། སྐྱེས་རབས་ལས། །ཟླ་བའི་ཆུང་མ་སྐར་མ་རྣམས། །ཕྱི་ཡི་གདོང་བལྟ་མེ་ལོང་བཞིན། ཞེས་རྒྱུ་སྐར་རྣམས་བུད་མེད་ཤས་ཆེ་བས་རྩེ་དགས་སྤྱོད་པར་གྲགས་པ་དང་། རི་བོང་འཛིན་ནི་བྱང་ཆུབ་སེམས་དཔའ་རི་བོང་དུ་གྱུར་པའི་གཟུགས་བརྒྱ་བྱིན་གྱིས་འདིའི་དཀྱིལ་འཁོར་ལ་བྲིས་པར་སྐྱེས་རབས་ལས་བཤད་དོ། དེ་ལ་སོགས་པ་ཟླ་བའི་མིང་མང་མོད་ཀྱི་འདིར་མཚོན་པ་ཙམ་མོ། མིག་དམར་གྱི་མིང་གི་རྣམ་གྲངས་ནི། གཟའ་འདི་གདུག་པ་ཆེ་བས་གང་དང་འཕྲད་པ་དེ་ལ་གནོད་པ་འབྱུང་བས་བཀྲ་མི་ཤིས་པ་ལ་བསྟིང་ཚིག་ཏུ་བཀྲ་ཤིས་ཞེས་བཏགས་པར་བཤད་དོ། ས་སྐྱེས་དང་སའི་བུ་དང་ས་ལྷའི་བུ་རྣམས་ནི་ལྷ་མོ་བསྟན་མའི་བུ་ཡིན་པས་ཏེ། པཎྜི་ཏ་ཧཾ་སའི་གསུང་རྒྱུན་ཡི་གེར་བཀོད་པ་ལས་ལེགས་ལྡན་ལུས་དམར་ནི་ལྷ་ཆེན་པོའི་བུ། སའི་མངལ་ནས་ཡང་དག་པར་བྱུང་བ། ཞེས་སོ། །མཆུ་སྐྱེས་ནི་དེར་སྐྱེས་བས་སོ། གཞོན་ནུ་ནི་བྱིས་པའི་རྣམ་པ་དང་། དམར་པོ་དང་ལུས་དམར་སོགས་ནི་ཁ་དོག་ལས་ཏེ། འཇམ་དཔལ་རྩ་རྒྱུད་ལས། །ཉི་མ་ནུབ་ཀར་ཟངས་མའི་མདོག །གཟའ་ཡི་གཙོ་བོ་གང་ཡིན་དེ། །བྱིས་པ་གཞོན་ནུའི་ཚུལ་འཛིན་ཅིང་།  །ལག་ན་མདུང་ཐོགས་མ་རུངས་བ། །མིག་དམར་ཉིད་ཀྱི་མཐོང་བ་ཡིན། །ཞེས་སོ། དེ་རྣམས་ནི་མིག་དམར་གྱི་མིང་ངོ་། ལྷག་པ་ལ། ཟླ་སྐྱེས་དང་། ཟླ་སྲས་དང་། ཟླ་བའི་བུ་ཞེས་པ་ནི་ཕ་ཟླ་བ་དང་མ་སྣར་མ་ཡིན་པ་ལས་ཏེ། སྣར་མ་སྐྱེས་ཀྱང་ཟེར་རོ། །ལྷ་མཚམས་སྐྱེས་དེར་སྐྱེས་པས་སོ། སྔོ་བསང་ནི། ཧཾ་སས། འབྲས་ས་ལུ་མ་སྨིན་པ་དང་། བྱ་ཤ་རི་དང་། ནེ་ཙོ་དང་། ཨིནྡྲ་ནཱི་ལ་ལྟ་བུའོ། ཞེས་དང་། དབྱངས་འཆར་ལས། གཟའ་ལྷག་སྔོ་དང་ལྗང་བར་སྟོན། ཞེས་སོ། ལྷག་པ་ནི་ལག་ཐལ་མོ་སྦྱར་བ་ལྟར་གནས་པས་བཏགས་ཟེར་ཀྱང་། བུདྡྷ་ཞེས་པ་རྟོགས་ལྡན་གྱི་སྐད་དོད་ལས་གཞི་མི་མཐུན་པ་མེད་པས་སྔར་གྱི་གྲགས་པ་བཙན་པར་བྱས་ནས་ལྷག་པར་བསྒྱུར་རམ་སྙམ་སྟེ། ཚིག་གཏེར་དུ། རྟོགས་ལྡན་ཞེས་མིང་གི་རྣམ་གྲངས་སུ་བྱས་སོ། དེ་རྣམས་ནི་ལྷག་པའི་མིང་གི་རྣམ་གྲངས་ཡིན་ནོ། ཕུར་བུ་བླ་མ་དང་། ལྷའི་བླ་མ་དང་། སྒྲ་མཁན་ཞེས་ཟེར་བ་རྣམས་ནི་བརྒྱ་བྱིན་གྱིས་ལྷ་གཞོན་ནུ་རྣམས་ལ་སྒྲ་སློབ་པའི་སློབ་དཔོན་དུ་བཀོད་པས་སོ། སྨྲ་མཁས་དང་བློ་ལྡན་ཀྱང་ལེགས་སྦྱར་མཁས་པ་ལས་སོ། འཚོ་བྱེད་ནི། འདོད་འཇོར། གཡུལ་དུ་ལྷ་མིན་གྱིས་བཅོམ་པའི་ལྷ་རྣམས་ཕུར་བུས་སྔགས་དང་སྨན་གྱིས་གསོ་བར་བྱེད་ཅེས་ར་མཱ་ཡ་ཎར་བཤད་དོ། ཞེས་སོ། ཕུར་བུ་ནི་ཁ་ཅིག་དབྱིབས་ཕུར་བུར་གནས་པས་སོ། ཟེེར་ཀྱང་། བྲྀ་ཧསྦ་ཏི་ཞེས་ལྷའི་བདག་པོ་དང་སྐད་དོད་གཅིག་པས་སྔར་གྱི་གྲགས་པ་བརྗོད་དེ་བསྒྱུར་རམ་སྙམ་མོ། དེ་རྣམས་ནི་ཕུར་བུའི་མིང་ངོ་། པ་སངས་ལ་སྦྱིན་བྱེད་དང་ལྷ་མིན་བླ་མ་ཟེར་བ་ནི་ལྷ་མིན་སྦྱིན་བྱེད་ཀྱི་སློབ་དཔོན་ཡིན་པ་ལས་ཏེ། འདོད་འཇོར། ལྷ་དང་ལྷ་མ་ཡིན་གྱི་སློབ་དཔོན་དུ། སྙན་ངག་མཁན་གྱི་བུ་ནི་པ་སངས་བཟུང་། ཞེས་སོ། ཁུ་བ་ནི་ཤུ་ཀྲ་ཞེས་པའི་འགྱུར་ཁྱད་ཡིན་པས་དཀར་པོའི་དོན་ཏེ། འདོད་འཇོར་ཤུ་ཀྲ་ནི་དཀར་པོ་སྟེ་མྱ་ངན་མེད་ཅིང་ཐམས་ཅད་དུ་བཟང་བའི་ཕྱིར་རོ། ཞེས་དང་འཇམ་དཔལ་རྩ་རྒྱུད་ལས། དཀར་བ་ཟླ་བ་པ་ཝ་སངས། ཞེས་སོ། ནབས་སོ་སྐྱེས་ནི་དེར་སྐྱེས་པས་སོ། སྙན་ངག་མཁན་ནི་ཕའི་མིང་གིས་བཏགས་པའོ། །པ་ཝ་སངས་ནི་འདོད་རྒྱལ་ལམ་སྙམ་སྟེ་སྐད་དོད་ལ་ཤུ་ཀྲ་ཞེས་དཀར་པོ་དང་མཐུན་ནོ། དེ་རྣམས་ནི་པ་སངས་ཀྱི་མིང་ངོ་། སྤེན་པ་ལ་དལ་འགྲོ་ཟེར་བ་ནི་འདིས་རྒྱུ་སྐར་གྱི་འཁོར་ལོ་ལན་གཅིག་འཁོར་བ་ལ་ལོ་སུམ་ཅུ་ཙམ་རེ་དགོས་པས་གཟའི་ནང་ནས་རྐང་པ་བུལ་པས་སོ། ཉི་སྐྱེས་དང་ཉི་མའི་བུ་ནི་ཕ་ཉི་མ་ཡིན་པ་ལས་ཏེ། ཧཾ་སས། ལེགས་ལྡན་སྤེན་པ་ནི་ཉི་མའི་བུ་གྲིབ་མའི་མངལ་དང་ཌ་བི་ཌའི་ཡུལ་ནས་ཡང་དག་པར་འབྱུང་བ། གཤིན་རྗེའི་རིགས། ཞེས་སོ། ཞི་འགྲོ་དང་། གཤིན་རྗེའི་བ་དན་ཞེས་པ་མུ་ཏིག་ཕྲེང་བར་འབྱུང་སྟེ་རྒྱུ་མཚན་མ་མཐོང་ངོ་། སྤེན་པ་ནི་འགྱུར་ཁྱད་དེ་རྒྱ་དབེར་ཤ་ནཻཤྩ་ར་ཞེས་དལ་འགྲོ་དང་སྐད་དོད་གཅིག་གོ དེ་རྣམས་ནི་སྤེན་པའི་མིང་གི་རྣམ་གྲངས་ཡིན་ནོ། སྒྲ་གཅན་གྱི་མིང་ལ། སྐབས་གསུམ་འཇིགས་བྱེད་ཅེས་པ་ནི་འདི་མཐོང་བ་ན་ལྷ་རྣམས་འཇིགས་ཤིང་སྐྲག་པར་བྱེད་པས་ཏེ། ལྷ་ཆེན་གྱིས། རྒྱུ་སྐར་རྣམས་ཀྱི་རིང་མོ་ནས། རཱ་ཧུ་མཐོང་བས་བརྒྱལ་བར་འགྱུར། མདུན་དུ་བསྡད་ན་ཉི་ཟླ་ཡང་། ཐལ་བ་བཞིན་དུ་འཇོམས་པར་བྱེད། ཅེས་སོ། ཉི་ཟླ་ཟ་བ་ནི་འདིས་སྒྲིབ་པའི་ཕྱིར་ཏེ། མདོ་ལ་ལར་འདིས་ཟླ་བ་ཁར་མིད་པ་ན་ཚངས་པས་འཁོར་ལོ་བསྣུན་པས་མགྲིན་པ་བརྡོལ་བ་ལས་ཕྱིར་མཐོན་ཞེས་འབྱུང་ངོ་། སྲིད་གསུམ་རྣམ་རྒྱལ་ནི་དོན་དམ་པའི་རིགས་པས་གཟའ་སོགས་ཐམས་ཅད་ཀྱི་སྟོབས་འཕྲོག་ནུས་པས་དང་། མིག་སྨན་མདོག་ཅན་ནི་གདོང་ལ་སྒྲིབ་བྱེད་ཀྱི་མུན་པ་ཡོད་པས་སོ། རང་གི་ངོ་བོས་ནི་དྲག་པའི་གཟུགས་ཅན་ཏེ། དེ་དག་ཀྱང་རྒྱུད་ལས། གང་གིས་ཉི་མ་ཟླ་བ་ཟ་ཞིང་སྐབས་གསུམ་པ་དག་འཇིགས་བྱེད་དྲག་པོའི་གཟུགས་ཅན་མིག་སྨན་མདོག ཅེས་སོ། བདུད་རྩི་ཟ་བ་ནི། ཧཾ་སས། ལེགས་ལྡན་སྒྲ་གཅན་ནི་སེང་གེ་མའི་བུ། བདུད་རྩི་ལ་དགའ་བ་ཞེས་སོ། ནག་པ་སྐྱེས་ནི་གདོང་དེར་སྐྱེས་པས་སོ། སྒྲ་གཅན་ནི་ས་གསུམ་ན་གྲགས་ཤིང་གདོང་གཅན་གཟན་གྱི་རྣམ་པར་ཡོད་པ་ལས་ཏེ། མདོ་ཁ་ཅིག་ཏུ་སྤྱང་ཀིར་བསྒྱུར་བ་ཡང་ཡོད་དོ། མཇུག་མའི་མིང་ལ་མེ་དང་དུས་མེ་ཟེར་བ་ནི། གདོང་དང་ལྷན་ཅིག་ནམ་གྲུའི་སྟེང་དུ་སྐྱེས་ཏེ་མེའི་རྣམ་པར་ཡོད་པས་སོ། མཇུག་རིང་ཞེས་བསྒྱུར་བའི་ཀེ་ཏུ་དང་། དུ་བ་དང་། མཇུག་ཕོད་དང་། ཁྲུ་དོ་པ་ཅན་རྣམས་ནི་སྐར་མའི་མཇུག་ལ་དུ་བའི་རྣམ་པ་ཁྲུ་དོ་ཙམ་དུ་སྣང་བ་ལས་ཏེ། པཎྜི་ཏ་ཧཾ་སས། དུ་བའི་ཤིང་རྟ་ལ་ཡང་དག་པར་ཞོན་པ། ཞེས་འབྱུང་ངོ་། དེ་རྣམས་ནི་མཇུག་རིང་གི་མིང་ངོ་། གཟའ་དེ་དག་གི་རིགས་གཟུགས་ལ་སོགས་པའི་ཁྱད་པར་ནི། རྡོ་རྗེ་མཁའ་འགྲོ་ལས། །ལྷ་ཡི་བླ་མ་ཉི་མ་དང་། །མིག་དམར་སྐྱེས་པའི་གཟུགས་ཡིན་ཏེ། །པ་ཝ་སངས་དང་སྒྲ་གཅན་དང་། །ཟླ་བ་མོ་ཡི་གཟུགས་ཡིན་ནོ། །གཟའ་ལྷག་དང་ནི་སྤེན་པ་གཉིས། །མ་ནིང་ཉིད་དུ་བསྟན་པ་སྟེ། །ནམ་མཁའི་འཁོར་ལོ་གནས་པའི་གཟའ། །མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི། །རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། ཞེས་དང་། དེ་བཞིན་དུ་དབྱངས་འཆར་ལས་ཀྱང་ཉི་མ་མི་དམར་ཕུར་བུ་རྣམས། །སྐྱེ་པའི་གཟའ་རུ་བསྟན་པ་ཡིན། ཞེས་སོགས་དང་། ཕུར་བུ་དང་ནི་པ་ཝ་སངས། །བྲམ་ཟེའི་རིགས་སུ་བསྟན་པ་ཡིན། །ཉི་མ་དང་ནི་མིག་དམར་དག །རྒྱལ་རིགས་ཞེས་བྱར་ཡོངས་སུ་གྲགས། །ཟླབ་རྗེ་རིགས་ཞེས་བྱ་སྟེ། །གཟའ་ལྷག་དམངས་རིགས་དག་ཏུ་བརྗོད། །ཕ་ནི་བྲམ་ཟེ་མ་ནི་དམངས། །དེའི་བུ་སྤེན་པ་ཞེས་བྱའོ། །སྒྲ་གཅན་ཞེས་སུ་གྲགས་པ་ནི། །གདོལ་བའི་རིགས་སུ་ཤེས་པར་བྱ། །ཉི་མ་དང་ནི་ཟླ་བ་དག །རྒྱལ་པོའི་གཟའ་རུ་ཡོངས་སུ་གྲགས། །ཕུར་བུ་པ་སངས་བློན་པོའི་གཟའ། །མིག་དམར་དམག་དཔོན་བདག་པོ་འགྱུར། །གཟའ་ལྷག་རྒྱལ་པོའི་བུ་ཞེས་བྱ། །བྲན་གྱི་གཟའ་ནི་སྤེན་པར་གྲགས། ཞེས་འདོན་པར་བྱེད་དོ། །དྲུག་པ་ནི། གཟའི་རྗེས་དེ་ནས་སྐར་མའི་ཐ་སྙད་འཆད་དེ། སྤྱིར་སྐར་མའི་དབྱེ་བ་ཙམ་ལ། དྲང་སྲོང་སྐར་མ་ལ་དགའ་བས། གླིང་བཞི་འདི་ཉིད་ལ་ཁྱབ་པའི་སྐར་མའི་གྲངས་དུང་གཉིས་བྱེ་བ་བརྒྱད་ས་ཡ་ལྔ་ཡོད་པར་བཤད་ལ། མིང་ཅན་གྱི་རྒྱུ་སྐར་ཡང་། འཇམ་དཔལ་རྩ་རྒྱུད་ལས། གཟའ་ཆེན་དེ་དག་ཀྱང་རྒྱུ་སྐར་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་འདི་ལྟ་སྟེ། ཐ་སྐར་ནས་ནམ་གྲུའི་བར་དང་། ལྷ་མོ་འདྲ་དང་། བྱི་བཞིན་དང་། པུརྞ་འོད་དང་། ཨངྒིར་དང་། རྒྱུ་སྐར་དང་། ཉེ་བའི་ཕྲེ་དང་། གྲེ་ལྡན་དང་འཇིག་རྟེན་རབ་མཆོག་དང་། རབ་མཆོག་ལྡན་དང་། འཇིག་རྟེན་མགོན་པོ་དང་། ཆགས་ལྡན་དང་། རྒྱལ་བྱེད་དང་། ནོར་ལྡན་དང་། ལྷ་དོན་ཏེ། དེ་ལྟར་རྒྱུ་སྐར་རྒྱལ་པོ་དེ་དག་ཀྱང་རྒྱུ་སྐར་སྟོང་ཕྲག་དུ་མའི་འཁོར་དང་ལྡན་པ་ཞེས་སོགས་གསུངས་ཀྱང་། རྒྱུད་འགྲེལ་འདིར། མགྲིན་པའི་རྩ་འདབ་སོ་གཉིས་ལས་སྟོང་པའི་རྩ་བཞི་ཕྲི་བའི་རྩ་འདབ་ཉེར་བརྒྱད་དང་སྦྱར་ནས་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དུ་གྲངས་ངེས་པར་མཛད་དོ། གང་ཞེ་ན། ཐ་སྐར་བྲ་ཉེ་སྨིན་དྲུག་དང་། ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཀྱིས་རྒྱུ་སྐར་ཉེར་བདུན་བསྟན་ལ། བྱི་བཞིན་ཞེས་པ་གྲོ་བཞིན་གྱི་མཐར་རམ། ཁ་ཅིག་ཏུ་སྔོན་དུ་འབྱུང་བ་ལྟར་སྦྱར་བས། དེ་ལྟར་ན་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འབྱུང་ངོ་། དེ་དག་ཀྱང་ཧེ་རུ་ཀ་གལ་པོ་ལས། །སྨིན་དྲུག་དང་ནི་སྣར་མ་དང་། །མགོ་དང་ལག་དང་ནབས་སོ་དང་། །རྒྱལ་དང་སྐག་ནི་ཤར་ན་གནས། །མཆུ་དང་གྲེ་དང་དབོ་དང་ནི། །མེ་བཞི་ནག་པ་ས་རི་དང་། །ས་ག་བདུན་ནི་ལྷོ་ན་གནས། །ལྷ་མཚམས་གཟི་བརྗིད་ཆེན་པོ་དང་།  །དེ་བཞིན་སྣྲོན་དང་སྣྲུབས་རྣམས་དང་། །ཆུ་སྟོད་དང་ནི་ཆུ་སྨད་དང་། །གྲོ་བཞིན་བྱི་བཞིན་ནུབ་ན་གནས། །མོན་གྲུ་དང་ནི་མོན་གྲེ་དང་། །དེ་བཞིན་ཁྲུམས་སྟོད་ཁྲུམས་སྨད་དང་། །ནམ་གྲུ་དང་ནི་ཐ་སྐར་དང་། །བྲ་ཉེ་བདུན་ནི་བྱང་ན་གནས། ཞེས་སྨིན་དྲུག་ནས་བཟུང་སྟེ་བདུན་ཚན་བཞིས་ཕྱོགས་སྐྱོང་བར་གསུངས་པ་ལྟར། རྨ་བྱ་ཆེན་མོ་ལས་ཀྱང་དེ་བཞིན་དུ་བཤད་ཅིང་། རྒྱ་རྩིས་པའི་གཞུང་རྣམས་སུ་སྨིན་དྲུག་ནས་བརྩམས་ཏེ་དྲུག་དྲུག་གི་ཕྱོགས་དང་རེ་རེ་མཚམས་ན་གནས་པར་བཤད་དོ། སྐར་མ་དེ་དག་གི་རིགས་དང་སྟོབས་ནི། རྡོ་རྗེ་མཁའ་འགྲོ་ལས། །དེ་ནས་སྐར་མའི་རིགས་གང་ཡིན། །མདོར་བསྡུས་ནས་ནི་བཤད་པར་བྱ། །ཐ་སྐར་དང་ནི་མགོ་དང་རྒྱལ། །དེ་བཞིན་དུ་ནི་ནབས་སོ་དང་། །མེ་བཞི་ལྷ་མཚམས་དེ་བཞིན་དུ། །ནམ་གྲུ་ས་རི་གྲོ་བཞིན་བཅས། །ལྷ་ཡི་ཚོགས་ཞེས་བརྗོད་པ་ཡིན། །སྣར་མ་གྲེ་དང་ཆུ་སྟོད་དང་། །ཁྲུམས་སྟོད་དང་ནི་བྲ་ཉེ་དང་། །ལག་དང་དབོ་དང་ཆུ་སྨད་དང་། །ཁྲུམས་སྨད་མི་ཡི་ཚོགས་ཡིན་ནོ། །སྨིན་དྲུག་དང་ནི་མཆུ་དང་ནི། །མོན་གྲུ་དང་ནི་མོན་དྲེ་དང་། །སྐག་དང་ནག་པ་སྣྲོན་དང་ནི། །ས་ག་དང་ནི་སྣུབས་རྣམས་ནི། །སྲིན་པོ་ཡི་ནི་རིགས་ཡིན་པར། །བཞིན་མཛེས་མ་ནི་ཁྱོད་ལ་བཤད། །སྨིན་དྲུག་རྒྱལ་ནི་ར་ཡིན་ཏེ། །མགོ་དང་སྣར་མ་ཀླུ་ཡིན་ནོ། །ལག་དང་སྣུབས་ནི་ཁྱི་ཡིན་ཏེ། །ལྷ་མཚམས་ནབས་སོ་ཕག་གི་རིགས། །མཆུ་དང་གྲེ་ནི་བྱི་བའོ། །སྐག་ནི་བྱི་ལར་བཤད་པ་སྟེ། །ནག་པ་ས་ག་སྟག་ཡིན་ནོ། །དབོ་དང་ཁྲུམས་སྟོད་གཉིས་པོ་ནི། །ཁྱུ་མཆོག་ཅེས་ནི་བཤད་པ་སྟེ། །སྟོབས་འདོད་པས་ནི་ཤེས་པར་བྱ། །མེ་བཞི་དང་ནི་ས་རི་གཉིས། །མ་ཧེར་ཤེས་བྱ་སྟོབས་ཀྱི་མཆོག །ཐ་སྐར་དང་ནི་ཁྲུམས་སྨད་གཉིས། །རྟ་ཡི་རིགས་ཞེས་བྱ་བར་གྲགས། །ཆུ་སྟོད་དང་ནི་གྲོ་ཞུན་གཉིས། །སྤྲེའུའི་རིགས་སུ་བརྗོད་པ་ཡིན། །བྲ་ཉེ་དང་ནི་ནམ་གྲུ་གཉིས། །གླང་པོའི་རིགས་ཀྱི་བྱིན་བརླབས་པའོ། །མོན་གྲུ་དང་ནི་མོན་གྲེ་དག །མི་ཡི་རིགས་སུ་ཡང་དག་གསུངས། །སྟོབས་ཆེན་ཕ་རོལ་གནོན་པ་རུ། །ལྷ་མོ་ངས་ནི་བདེན་པར་བཤད། །ཆུ་སྨད་དང་ནི་བྱི་ཞུན་དག །ནེའུ་ལེའི་རིགས་སུ་གྲགས་པ་ཡིན། །མང་པོ་ཉིད་ཀྱིས་ཅི་ཞིག་བྱ། །མདོར་བསྡུས་པ་ནི་བཤད་ཀྱི་ཉོན། །རང་གི་སྐྱེ་བའི་སྐར་མ་ནི། །བྱ་བ་ཀུན་ལ་དཔྱད་མི་དགོས། །སྐར་མ་མི་ཡི་སྲོག་ཡིན་ཏེ། །གཞན་དུ་ངས་ནི་མ་བཤད་དོ། ཞེས་སོ། དེ་དག་སོ་སོའི་སྐར་གྲངས་དང་དབྱིབས་ཀྱང་སྟག་སྣའི་མདོ་ལས་གསུངས་པ་འདིའི་ལེའུ་ཉེར་གསུམ་པར་སྐར་འབྲས་ཀྱི་སྐབས་སུ་བཤད་པ་ལྟར་ཡིན་ལ། གཞན་ཡང་། གརྒའི་མདོར། སོ་སོའི་རྒྱུད། གྲངས། དབྱིབས། རྟག་ལོངས། ཁ་ཟས། རིགས་ཀྱི་ལྷ་དང་དྲུག་དྲུག་གི་བཤད་པ་དང་།  ཏོག་གཟུངས་སུ་དྲང་སྲོང་སྐར་མ་ལ་དགའ་བས་སྐར་མའི་མཚན་ཉིད་དང་བྱེད་ལས་བཤད་པ་སོགས་སྣང་སྟེ་མ་སྤྲོས་སོ། སྐར་མ་དེ་དག་གི་མིང་གི་རྣམ་གྲངས་ཡུལ་ཕྱོགས་ལ་ལ་སྟེ་གཙང་རྩིས་པའི་ཐ་སྙད་ལ། ཐ་སྐར་ལ་ནི་དབྱུག་པ་དང་། ཞེས་སོགས་ཏེ་གཞན་ཡང་སྣུབས་ལ་གྲུ་སོག་དང་། དཔུང་སོགས་ཞེས་པ་དང་། ཁ་ཅིག་ཏུ་བྱི་བཞིན་གྲོ་བཞིན་གྱི་སྔོན་དུ་ཡོད་པའི་དབང་དུ་བྱས་ཏེ། བྱི་བཞིན་ལ་བོན་བོ། བྱ་མཆུ། བྱ་ཟེ་ཞེས་དང་། མོན་གྲེ་ལ་བྱ་གཞུག་ཅེས་འབོད་པའང་སྣང་ངོ། འདུལ་བ་ཚིག་ལེར། སྨིན་དྲུག་ནས་ནི་ཁྲ་ཡི་བར། སྲ་བརྐྱང་འདིང་བ་རྗེས་སུ་གནང་། ཞེས་དབོའི་མིང་ཁྲར་བསྒྱུར་བ་ཡང་གཙང་རྩིས་པའི་བརྡའ་དང་བསྟུན་པའོ། །ཡང་སྟག་སྣའི་མདོར། སྐར་མ་སྟོད་གསུམ་དང་། སྨད་གསུམ་ཞེས་སྣང་བ་ལ། ཕྱིས་ཀྱི་མཁས་པ་དག་གིས། ཁྲུམས་སྟོད་སྨད་དང་ཆུ་སྟོད་སྨད་ཀྱི་སྟེང་དུ་གང་བསྣོན་དཔྱོད་ཅིག ཅེས་པ་ཙམ་ལས་སྔར་དཔྱད་པ་མ་མཐོང་ལ། ཁ་ཅིག་དེའི་སྟེང་དུ་སྒྲོག་སྟོད། སྒྲོག་སྨད་བསྣན་པ་ནི་མུན་འཕྲུལ་ཏེ། ད་དུང་རྒྱལ་སྟོད་རྒྱལ་སྨད་བསྣན་ཀྱང་མཚུངས་པའི་ཕྱིར་རོ། དེས་ན་འདི་ནི་གྲེ་དང་། དབོ་གཉིས་ཡིན་པར་རྒྱ་དཔེ་ལ་བལྟས་ན་ཤེས་པར་འགྱུར་ཏེ། པཱུརྦ་ཕཱལྒུ་ནི་ཞེས་པ་གྲེ་དང་། ཨུཏྟ་ར་ཕཱལྒུ་ནཱི་ཞེས་པ་དབོ་དང་། པཱུརྦ་ཥཱ་དྷཱ་ཞེས་པ་ཆུ་སྟོད་དང་། ཨུཏྟ་ར་ཥཱ་དྷཱ་ཆུ་སྨད་དང་། པཱུརྦ་བྷ་དྲ་པཱ་དཱ་ཁྲུམས་སྟོད་དང་། ཨུཏྟ་ར་བྷ་དྲ་པཱ་དཱ་ཁྲུམས་སྨད་ཅེས་འབྱུང་བས་སོ། །བདུན་པ་ནི། རྒྱུ་སྐར་དེ་དག་གང་ལ་གནས་པའི་ཁྱིམ་གྱི་ཐ་སྙད་དེ་གང་ཞེ་ན། ལུག་གླང་ཞེས་སོགས་རྐང་པ་གསུམ་གྱིས་བསྟན་ནོ། ཁྱིམ་དེ་དག་གི་མིང་དོན་ནི། མཆོག་དགར། ལུག་རྣམས་ལུ་གུ་སློག་པ་དང་། ཞེས་སོགས་དབང་ཕྱུག་གི་གཞུང་ལས་འབྱུང་ཞེས་གྲག་གོ་ཞེས་དྲང་བར་མཛད་མོད། དེ་ནི་ཡུལ་ཕྱོགས་རེ་བ་རྒྱུ་མཚན་དུ་བྱས་ནས་སྨྲས་པར་སྣང་བས་ཕྱི་ནང་གཉིས་ཀས་ཁས་ལེན་པའི་ཁྱིམ་གྱི་རྒྱུ་མཆན་དུ་མོ་འོས་ཏེ། དེའི་ཕྱིར་མཆོག་དགའ་མཁན་པོས་ཀྱང་། གྲག་གོ་ཞེས་པ་མ་རངས་པའི་ཚིག་གོ དེས་ན་མིང་འདི་དག་སྔོན་གྱི་གྲགས་པའམ། རླུང་གི་འཁོར་ལོ་འདྲེན་པའི་རྟའི་དབྱིབས་སམ། ལྷ་དེའི་གཞོན་པ་སོགས་ལས་བཏགས་པར་ཟད་དོ་ཞེས་ཕྱིས་ཀྱི་མཁས་པ་ཁ་ཅིག་གསུང་ངོ་། སྤྱིར་ན་འཇམ་དཔལ་རྩ་རྒྱུད་ལས། ཁྱིམ་སུམ་ཅུ་རྩ་དྲུག་ལ་འདི་ལྟ་སྟེ། ལུག་ནས་ཉའི་བར་དང་། མིའུ་ཐུང་དང་། ཉེ་བའི་མིའུ་ཐུང་དང་། པྲིངྐ་ར་དང་། རལ་གྲི་དང་། གླང་པོ་དང་།  མ་ཧེ་དང་། ལྷམ་དང་། མི་དང་། དགེ་བལྟས་དང་། དྲི་ཟ་དང་། འཇིག་རྟེན་དང་། གཡུང་དྲུང་རྒྱལ་དང་དྲག་པོའི་གཟི་བརྗིད་དང་། ཟླ་བའི་འོད་དང་། ས་དང་། མུན་པ་དང་། ཉེ་བའི་རྡུལ་སོགས་ནས། རབ་ཏུ་གནས་དང་། མཆོག་དང་བར་དང་ཐ་མ་སྟེ། ཁྱིམ་ཆེན་པོ་དེ་དག་ཀྱང་ཁྱིམ་བརྒྱ་སྟོང་ཕྲག་དུ་མའི་འཁོར་དང་ལྡན་ལ། གནས་གཙང་མའི་གཞལ་མེད་ཁང་ག་ན་བར་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེར་ལྷགས་ཤིང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་བཏུད་ནས་རང་རང་གི་གནས་སུ་འཁོད་པར་གྱུར་ཏོ། །ཞེས་བརྟེན་པ་ལ་རྟེན་གྱི་མིང་གིས་བཏགས་ནས་གསུངས་པའི་ཁྱིམ་མང་དུ་བཤད་ཀྱང་། རྒྱུད་འགྲེལ་འདིར། ལྟེ་བའི་དུས་སྦྱོར་གྱི་འཕོ་བ་བཅུ་གཉིས་ཀྱི་གནད་ཀྱིས་ཕྱི་རོལ་ཏུ་ཁྱིམ་བཅུ་གཉིས་གསུངས་སོ། །འོ་ན་ཁྱིམ་རེ་ལ་སྐར་མ་ཇི་ཙམ་གནས་ཞེ་ན། འགྲེལ་ཆེན་ལས། ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་གི་རྐང་པ་གཅིག་ནི་ལུག་ལའོ། དེ་བཞིན་དུ་རྐང་པ་དགུ་དགུ་ལ་ནི་ལུག་ལ་སོགས་པའི་ཁྱིམ་བཅུ་གཉིས་པོར་རིག་པར་བྱའོ། །ཞེས་དང་། ཉི་ཤུ་རྩ་བདུན་རྒྱུ་སྐར་དེ་ལ་ཞེས་པ་རྒྱུ་སྐར་གྱི་ཚོགས་ཉི་ཤུ་རྩ་བདུན་ཏེ། དེ་དག་ལ་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་ཀྱིས་ཉི་མའི་དུས་སྦྱོར་བཅུ་གཉིས་སོ། ཞེས་པ་ལྟར་རྒྱུ་སྐར་རེ་རེ་ལ་ཆ་བཞི་བཞིར་ཕྱེ་བའི་ཆ་རེ་ལ་རྐང་པའི་ཐ་སྙད་དུ་བྱས་ཤིང་རྐང་པ་དང་བཅས་པའི་རྒྱུ་སྐར་གཉིས་གཉིས་ཏེ་ཁྱོན་རྐང་པ་དགུ་དགུ་འབྱུང་བ་ལ་ཁྱིམ་མམ་དུས་སྦྱོར་གཅིག་ཅེས་གྲགས་པ་ནི་འདི་ལྟ་སྟེ། ཐ་སྐར་གྱི་རྐང་པ་བཞི་དང་། བྲ་ཉེའི་རྐང་པ་བཞི་དང་། སྨིན་དྲུག་གི་རྐང་པ་གཅིག་གི་བར་ནི་ལུག་གི་ཁྱིམ་མོ། དེ་བཞིན་དུ་སྨིན་དྲུག་རྐང་གསུམ་སྣར་མ་དང་། ཞེས་སོགས་གཞུང་བཀླགས་པས་གྲུབ་བོ། །དེ་ཡང་མགྲིན་པའི་རླུང་རྒྱུ་སྐར་གྱི་ཆུ་ཚོད་ལྟར་རྒྱུ་བའི་གནས་ཀྱིས་རྒྱུ་སྐར་རེ་རེ་ལ་ཡུལ་གྱི་ཆུ་ཚོད་དྲུག་ཅུ་རེ་ཡོད་པར་གསུངས་པས། དེས་ན་རྐང་པ་རེ་རེ་ལ་ཆུ་ཚོད་བཅོ་ལྔ་དང་། ཁྱིམ་རེ་ལ་སྐར་མ་སྒང་པོ་གཉིས་ཀྱི་ཆུ་ཚོད་བརྒྱ་ཉི་ཤུ་དང་རྐང་པ་གཅིག་གི་ཆུ་ཚོད་བཅོ་ལྔ་རེ་སྟེ་ཁྱོན་ཆུ་ཚོད་བརྒྱ་སོ་ལྔ་རེ་ཡོད་དོ། འོ་ན་རྒྱུ་སྐར་ཉེར་བརྒྱད་དུ་བྱ་བའི་ཚེ་འདིར་བྱི་བཞིན་ལ་སྐར་མའི་ས་ཁྱོན་མ་བཞག་པར་སྣང་བས་ཇི་ལྟར་ཞེ་ན། མཁས་པ་ལ་ལ་དག༼སྟང་ཚང་།༽བྱི་བཞིན་ལ། གརྒས་རྟག་ལོངས་ཡུད་ཙམ་དྲུག་ལས་མ་བཤད་པ་ལྟར་སྐར་ཁོངས་ཀྱང་གྲོ་བཞིན་དང་གང་སྔོན་ལ་ཡོད་མི་ཤེས་པ་ལྟ་བུར་མིག་སྐར་ལ་མངོན་སུམ་གྱིས་གྲུབ་པས་དོར་ཞེས་དང་། ཕལ་ཆེར་བྱི་བཞིན་ནི་ཡུལ་ཤིན་ཏུ་ཆུང་བས་གྲོ་བཞིན་དང་གཅིག་ཏུ་བསྡོམས་ཞེས་སྨྲ་སྟེ་གཉིས་ཀ་ཞེ་འདོད་གཅིག་གོ མཆོག་དགའི་ལེའུ་བཞི་པར། གྲོ་བཞིན་གྱི་སྐར་ཁོངས་དེ་ཉིད་ཆ་བརྒྱད་དུ་ཕྱེ་བའི་ཆ་བཞི་གྲོ་བཞིན་དང་། ཆ་བཞི་བྱི་བཞིན་གྱིས་ཁྱོན་དུ་བྱས་པའི་རྐང་པ་རེ་ལ་ཆུ་ཚོད་ཕྱེད་དང་བརྒྱད་རེ་ཡོད་པར་གསུངས་ཏེ། དོན་གྱི་ཐོབ་བོ། དེ་ལྟར་བྱས་པའི་ཁྱིམ་བཅུ་གཉིས་པོ་སོ་སོའི་རྫོགས་ཚད་ནི། དབྱངས་འཆར་ལས། །སྐར་མིག་དབྱུག་ཚེས་ལུག་གི་ཚད། །རིག་བྱེད་མཁའ་མེ་གླང་དུ་བརྗོད། །རོ་དང་ཞེ་ལྔ་འཁྲིག་པ་ཡིན། །དགུ་དང་ནམ་མཁའ་ཀརྐ་ཊ། །དྲག་པོ་བཅོ་ལྔ་སེང་གེའོ། །བཅུ་གསུམ་སུམ་ཅུ་བུ་མོར་དྲན། །བཅོ་ལྔ་ཞེ་ལྔ་སྲང་ཡིན་ཞིང་། །ནོར་ལྷ་སྟོང་པ་སྡིག་པར་གོ །ཉི་ཤུ་བཅོ་ལྔ་གཞུ་ཡི་ཚད། །ཟུང་མིག་སུམ་ཅུ་ཆུ་སྲིན་ཁྱིམ། །རྒྱལ་བ་མདའ་ཆུ་བུམ་པར་གྲགས། །འཁོར་ལོ་རྫོགས་པ་ཉ་རུ་དྲན། ཞེས་སོ། བརྒྱད་པ་ནི། ཁྱིམ་བཤད་པའི་རྗེས་དེ་ནས་སྦྱོར་བའི་ཐ་སྙད་བཤད་ན། རྣམ་སེལ་མཛའ་བོ་ཚེ་ལྡན་དང་། ཞེས་བྱ་བ་ལ་སོགས་པ་ཉི་ཤུ་རྩ་བདུན་ཏེ། འགྲེལ་ཆེན་ལས། དེ་བཞིན་དུ་སྦྱོར་བ་ནི། སེལ་བ་དང་། མཛའ་བ་དང་། ཞེས་སོགས་གསུང་པ་ལྟར་རོ། འདི་དག་མིང་གི་རྒྱུ་མཚན་ནི། འབྲས་བཤད་ཀྱི་སྐབས་སུ། མཛའ་བོ་ཀུན་དང་མཛའ་བ་ཡིན། ཞེས་པ་ལྟ་བུ་དགེ་མི་དགེ་སྟོན་པའི་སོ་སོའི་བྱེད་ལས་བཏགས་སམ་སྙམ་མོ། །དགུ་པ་ནི། དེ་ནས་བྱེད་པ་བཅུ་གཅིག་གི་ཐ་སྙད་དེ་གང་ཞེ་ན། འདི་ལ་གཉིས་ཏེ། འཕོ་བྱེད་བདུན་དང་། རྟག་བྱེད་བཞིའོ། དང་པོ་ནི། རྒྱ་སྐད་དུ་བ་ཝཾ་ཞེས་པ། བོད་སྐད་དུ་གདབ་པ་དང་།  དེ་བཞིན་དུ་བ་ལ་ཝཾ་ནི་བྱིས་པ་དང་། ཀཽ་ལ་ཝཾ་ནི་རིགས་ཅན་ནམ་ཡེ་ཤེས་ཅན་དང་།  ཏཻ་ཏི་ལམ་ནི་ཏིལ་བརྡུངས་དང་། གརྫྫཾ་ནི་ཁྱིམ་སྐྱེས་དང་། བ་ནི་ཛམ་ནི་ཚོང་པ་དང་། བིཥྚི་ནི་མཇུག་ཕོད་དམ་གྱི་ཇོས་དཀྲིས་པ་ཞེས་པར་བསྒྱུར་རོ། དེ་དག་གི་མིང་གི་རྒྱུ་མཚན་ནི་བརྟག་དགོས་ལ། འཆར་ཚུལ་ནི། འགྲེལ་ཆེན་ལས། དཀར་པོའི་ཚེས་གཅིག་གི་ཕྱེད་ཕྱི་མ་ལ་བྱེད་པ་དང་པོ་བ་བམ་མོ། གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ལ་དང་ཀཽ་ལ་བམ་མོ། གསུམ་པའི་ཕྱེད་སྔ་མ་དང་ཕྱེད་ཕྱི་མ་ལ་ཏེ་ཏི་ལམ་དང་། གརྫྫཾ་མོ། བཞི་པའི་ཕྱེད་སྔ་མ་དང་ཕྱེད་ཕྱི་མ་ལ་བ་ནི་ཛཾ་དང་བིཥྚིའོ། དེ་བཞིན་དུ་ལྔ་པ་ལ་བ་ཝཾ་དང་བཱ་ལ་ཝམ་མོ། དྲུག་པ་ལ་ཀཽ་ལ་བམ་དང་ཏཻ་ཏི་ལམ་མོ། བདུན་པ་ལ་གརྫྫཾ་དང་བ་ནི་ཛཾ་མོ། བརྒྱད་པ་ཕྱེད་སྔ་མ་ལ་བིཥྚིའོ། བརྒྱད་པའི་ཕྱེད་ཕྱི་མ་ལ་བ་ཝཾ་མོ། དགུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བཱ་ལ་ཝ་དང་ཀཽ་ལ་ཝཾ་མོ། བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལམ་དང་གརྫྫཾ་མོ། བཅུ་གཅིག་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛམ་དང་བིཥྚིའོ། སླར་ཡང་བཅུ་གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ཝཾ་དང་བལ་ཝམ་མོ། བཅུ་གསུམ་པ་ལ་ཀཽ་ལ་ཝཾ་དང་ཏཻ་ཏི་ལམ་མོ། བཅུ་བཞི་པ་ལ་གརྫྫཾ་དང་བ་ནི་ཛམ་མོ། ཟླ་བ་ཉ་བའི་ཕྱེད་སྔ་མ་ལ་བིཥྚིའོ། ཕྱེད་ཕྱི་མ་ལ་བ་ཝམ་མོ། ནག་པོའི་ཚེས་གཅིག་གི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ལ་ཝཾ་དང་ཀཽ་ལ་བམ་མོ། གཉིས་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་ཏཻ་ཏི་ལམ་དང་གརྫྫ་མོ། གསུམ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛཾ་དང་བིཥྚིའོ། དེ་བཞིན་དུ་བཞི་པ་ལ་བ་བམ་དང་བཱ་ལ་ཝཾ་མོ། ལྔ་པ་ལ་ཀཽ་ལ་ཝཾ་ཏཻ་ཏི་ལམ་མོ། དྲུག་པ་ལ་གརྫྫཾ་དང་བ་ནི་ཛམ་མོ། བདུན་པའི་ཕྱེད་སྔ་མ་ལ་བིཥྚིའོ། ཕྱེད་ཕྱི་མ་ལ་བ་ལམ་མོ། བརྒྱད་པ་ལ་བཱ་ལ་ཝཾ་དང་ཀཽ་ལ་བམ་མོ། དགུ་པ་ལ་ཏཻ་ཏི་ལམ་དང་གརྫྫཾ་མོ། བཅུ་པའི་ཕྱེད་སྔ་མ་དང་ཕྱི་མ་ལ་བ་ནི་ཛཾ་དང་བིཥྚིའོ། དེ་བཞིན་དུ་བཅུ་གཅིག་ལ་བཱ་བམ་དང་བཱ་ལ་ཝམ་མོ། བཅུ་གཉིས་པ་ལ་ཀཽ་ལ་བམ་དང་ཏཻ་ཏི་ལམ་མོ། བཅུ་གསུམ་པ་ལ་གརྫྫཾ་དང་བ་ནི་ཛམ་མོ། བཅུ་བཞི་པའི་ཕྱེད་སྔ་མ་ལ་བིཥྚི་སྟེ། བྱེད་པ་བདུན་པོ་ཡོངས་སུ་ལོངས་སྤྱོད་དོ། ཞེས་སོ། དེ་ལྟར་བྱེད་པ་བདུན་པོ་དེ་དག་ཟླ་བ་རེ་རེ་བཞིན་བསྐོར་བ་ལན་བརྒྱད་རེ་འཁོར་བའི་ཚུལ་གྱིས་ལོངས་སྤྱོད་པར་བྱེད་དེ། དེའི་ཕྱིར་འཕོ་བའི་བྱེད་པ་བདུན་ཞེས་གྲགས་སོ། གཉིས་པ་རྟག་བྱེད་བཞི་ནི། ཉེར་དགུའི་ཕྱེད་ཕྱི་མའི་ཆ་ལ་ཤ་ཀཀུ་ནི་ཞེས་པ་བཀྲ་ཤིས་སམ་བྱ་དང་། གནམ་སྟོང་གི་ཕྱེད་སྔ་ཆར་རྐང་བཞི་དང་། དེའི་ཕྱེད་ཕྱི་ཆར་བྱེད་པ་ཀླུ་དང་། ཚེས་གཅིག་གི་ཕྱེད་སྔ་ཆར་ཀིམ་སྟུ་གྷ་ནམ་ཞེས་པ་མི་སྡུག་པའམ་སྡུག་པའམ་ཅི་ཞེས་པ་སྟེ། གཞན་དུ་མི་འཕོ་བས་ན་རྟག་པའི་བྱེད་པ་བཞི་ཞེས་བྱ་བ་ཡིན་ནོ། བཅུ་པ་ནི། ཁྱིམ་བཅུ་གཉིས་ཀྱི་ཞིང་བདག་གང་ཞེ་ན། ལུག་ནས་བཟུང་སྟེ་ཉའི་བར་རིམ་བཞིན་དུ་སྦྱར་བ་ནི་ཁྱིམ་བདག་གི་གཟར་འགྱུར་ཏེ། འགྲེལ་ཆེན་ལས། མིག་དམར་དང་པ་ཝ་སངས་དང་། གཟའ་ལྷག་དང་། ཟླ་བ་དང་། ཉི་མ་དང་གཟའ་ལྷག་དང་། པ་ཝ་སངས་དང་ས་སྐྱེས་དང་། བླ་མ་དང་། སྤེན་པ་དང་། ཉི་མའི་བུ་དང་། ལྷའི་བླ་མ་སྟེ་འདི་དག་བགྲང་བཞིན་དུ་ལུག་ལ་སོགས་པའི་ཁྱིམ་རྣམས་ལ་ཞིང་བདག་གོ ཞེས་སོ། གསུམ་པ་བསྡུ་བ་ནི། དེ་ལྟར་རྩིས་ཀྱི་ལག་ལེན་ལ་སོགས་ཏེ་སྔར་ལེའུ་དང་པོར་བརྗོད་པའི་བྱ་བའི་རིམ་པ་ཇི་ལྟ་བ་བཞིན་དུ་འདི་ཡང་བྱིས་པ་རྣམས་ཀྱི་དོན་དུའོ། །རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་ལས། ཐ་སྙད་དང་རྣམ་གྲངས་བསྟན་པའི་སྐབས་ཏེ་གཉིས་པའི་འགྲེལ་པའོ། ཞེས་སྐབས་བསྡུས་སོ།། །།

མཐའ་མའི་འདོན་ཐེངས་།: 17.12.2013 ཉིན། 11:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།