སྨན་རྩིས་དྲ་བ། - དྲི་མེད་ཤེལ་ཕྲེང་།

ས་བཅད་གསུམ་པ། དགེ་བ་རྗེས་ཀྱི་དོན་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 14.06.2015
དྲི་མེད་ཤེལ་ཕྲེང་། >>

 

 

ས་བཅད་གསུམ་པ། དགེ་བ་རྗེས་ཀྱི་དོན་བཤད་པ།

ད་ནི་རྩ་བའི་ས་བཅད་གསུམ་པ་ཐ་མར་དགེ་བ་རྗེས་ཀྱི་དོན་བཤད་པ་ལ་གཉིས་ཏེ། བཏུ་བ་དུས་ཀྱི་གནད་དང༌། བསྡུས་པ་བརྡ་ཡིས་ངོ་སྤྲོད་དོ།།

 

དང་པོ། བཏུ་བ་དུས་ཀྱི་གནད།

དང་པོ་ནི། བཤད་པའི་རྒྱུད་ལས། སྐྱེ་སར་སྐྱེས་དང་དུས་སུ་བཏུས་པ་དང༌། །སྐམ་གསེད་ལེགས་དང་སོ་མ་རྙིང་པ་དང༌། །དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ། །ཞེས་རྣམ་པ་བདུན་དུ་གསུངས་པའི་དང་པོ་ནི།

 

གཅིག སྐྱེ་སར་སྐྱེས།

དེ་ཉིད་ལས། གངས་ཅན་འབིགས་བྱེད་བསིལ་དྲོད་རང་གནས་སྐྱེས། །ཉི་ཟླའི་སྟོབས་ལྡན་སྐྱེ་སར་སྐྱེས་ཞེས་བྱ། །ཞེས་གསུངས་པའི་དོན་ནི་སྔར་གོང་དུ་བཤད་པས་འཐུས་ལ། བདུད་རྩི་བུམ་པ་ལས། རོ་རྣམས་ཀྱི་ནི་དབྱེ་བ་ལས། །ས་ཕྱོགས་སྐམ་ཞིང་ས་གཞི་བཟང༌། །དུར་ཁྲོད་ཤིང་ཆེན་ལྷ་གནས་དང༌། །གཡང་ས་ཕྱོས་མཁར་ཅན་མ་གཏོགས། །འཇམ་ཞིང་ཆུ་ནི་གཡས་ནས་འབབ། །འཇག་མ་དུར་ས་དང་ལྡན་པ། །ཐོང་ལྕགས་ཀྱིས་ནི་མ་སྣད་པ། ལྗོན་ཤིང་གྲིབ་མས་མ་ཕོག་པ། །ཁ་དོག་བཅུད་ལ་སོགས་པར་ལྡན། །སྨན་སྐྱེས་པ་ནི་བསྔགས་པ་ཡིན།།  འབུས་མ་ཟོས་ཤིང་མེས་མ་ཚིག །འབྱུང་བ་སོགས་ཀྱིས་གནོད་མ་གྱུ། །ཉི་གྲིབ་ཆུ་ལ་སོགས་མ་ཉེན། །ཇི་བཞིན་དུས་སུ་བརྟན་གྱུར་པ། །རྩ་བ་ཆེ་ཞིང་གཏིང་དུ་ཟུག །བྱང་གི་ཕྱོགས་སུ་བརྟན་པ་བཟང༌། །ཞེས་གསུངས་པས། ས་སྐམ་ཤས་ཅན་ཧ་ཅང་སྒེག་པ་དང་བཟང་བས་སྤང་རྩ་དྲུངས་མ་ལས་ལྡུམ་སྣ་མང་མི་སྐྱེ་བ་དུར་ཁྲོད་སོགས་གོ་སླ། གཡང་ས་མཐའ་ཁ་དང༌། ཁ་མཁར་ཅན་ས་མཁྲེགས་གྱོང་ས་སྐམ་པོ་འདྲ་བ་རྣམས་ནས་མི་བཏུ། ཁ་དོག་གསལ་ལ་ཟོས་ན་རོ་བཅུད་བྲོ་བ་ཆེ་བ་དང༌། འབྱུང་བས་མ་གནོད་སོགས་ནི་སྐམ་ཚིག་ཆག་གྲུགས་སད་སེར་རླན་ཆེ་མ་ཡིན་པའོ།།  ཇི་བཞིན་དུས་སུ་བརྟན་པ་ནི། །ནམ་མཇུག་རྫོགས་ནས་རང་སྐེམས་སུ་མ་སོང་བར་རྐྱེན་གྱིས་མི་ཐུབ་པར་བརྟན་པར་གནས་པ་སྟེ་གོ་དཀའ་བ་བཤད་པ་ལས་གཞན་གསལ་བའོ།།

 

གཉིས། དུས་སུ་བཏུ་བ།

གཉིས་པ་དུས་ནི། སྨན་གྱི་སྐྱེ་རྒྱུད་བདུད་རྩི་ལུང་གི་ཐེམས་ལས། གེ་སར་སྡོང་བུ་རློན་དུས་ལེན། །མཱུ་ལ་རྩ་བ་དཔྱིད་དུས་བརྐོ། །པ་ཊ་ལོ་མ་དབྱར་དུས་བཏུ། །པུཥྤེ་མེ་ཏོག་དབྱར་སྟོད་བླང༌། །ཕ་ལ་འབྲས་བུ་སྟོན་དུས་ལེན། །རྩ་རྨ་ཤུན་པ་དགུན་དཔྱིད་སྟོན། །ཀརྞི་ཐང་ཆུ་དཔྱིད་དང་སྟོན། །ཞེས་རྒྱ་བོད་སྐད་སྤེལ་བཅས་གསུངས་པ་དང༌། རྒྱུད་ལས། བཏུ་དུས་རྩ་བ་ཡལ་ག་སྡོང་པོ་གསུམ། །སྡོང་པོའི་རིགས་ཡིན་རུས་རྩ་ཤ་ནད་སེལ། སྟོན་ཀ་རྩི་སྐམ་དུས་སུ་བཏུ་བར་བསྔགས། །ལོ་མ་ཞོ་དང་མྱུ་གུ་རྣམ་པ་གསུམ། །ལོ་མའི་རིགས་ཡིན་སྣོད་རྐང་ལྷ་ནད་སེལ། །འདབ་རྒྱས་ཆར་གྱི་དུས་སུ་བཏུ་བར་བསྔགས། །མེ་ཏོག་འབྲས་བུ་རྩེ་མོ་རྣམ་པ་གསུམ། །འབྲས་བུ་རིགས་ཡིན་མི་གདོན་མགོ་ནད་སེལ། །སྟོན་སེར་སྨིན་པའི་དུས་སུ་བཏུ་བར་བསྔགས། །སྒོག་པ་བར་ཤུན་ཚི་བ་རྣམ་པ་གསུམ། །ཤུན་པའི་རིགས་ཡིན་ལྤགས་རྒྱུས་ཡན་ལག་སེལ། །ཁ་འབུས་དཔྱིད་ཀྱི་དུས་སུ་བཏུ་བར་བསྔགས། །བཤལ་སྨན་རྩི་སྐམ་ནུས་པ་རྟིང་འགྲོའི་དུས། །སྐྱུགས་སྨན་ཁ་འབུས་གྱེན་འདྲེན་དུས་སུ་བཏུ།། ཞེས་གསུངས་པ་རྣམས་གོ་གསལ་ལ། ཁྱད་པར་བཤལ་སྨན་ས་ཆུའི་ནུས་པ་ཐུར་འགྲོ་དུས་དང༌། འདྲེན་སྨན་མེ་རླུང་གི་ནུས་པ་གྱེན་འགྲོ་དུས་བཏུ་དགོས་པ་རྒྱུ་མཚན་བཅས་སྔར་ཨ་རུ་མཆུ་སྙུང་གི་སྐབས་སུ་བཤད་པ་དྲན་པར་བྱ་དགོས་སོ།།

 

ཉེ་བའི་དུས་ཡང༌། བདུད་རྩི་མཆོག་གི་ལུང་བམ་པོ་བརྒྱད་པ་ལས། སྟོན་ཟླ་ཐ་ཆུང་དཔྱིད་ཟླ་འབྲིང༌། །ཉ་ཡི་ཚེ་ན་བཙལ་བར་བྱ། །ཞེས་བཤད། སྭ་རོ་ད་ཡའི་རྒྱུད་ལས། བདུན་པ་ནས་བཅོ་ལྔའི་བར་སྨན་བདུད་རྩིར་འགྱུར་བར་བཤད་པ་དང༌། རྒྱུད་ལས། ཁྱད་པར་ཟླ་བ་ཡར་ངོའི་དུས་བཟང་ལ།། ཞེས་པ་རྣམས་རྩ་བར་བཟུང་ལ། མོ་ཟླའི་ཚེས་བཅུ་གཉིས་སྤངས་པའི་རང་རང་གི་བཏུ་དུས་དང་སྦྱར་ཞིང་སྟོན་བཏུ་བ་རི་ཥིའི་དུས་དང་སྤྲད། དབྱར་བཏུ་ཚེ་ཕག་ཞག་བྱོལ། དུས་ནམ་ཡང་ཀླུ་རིགས་ལྡན་འཆར་ཚེ་སྤང་དགོས་ཏེ། སྭ་རོ་ད་ཡ་ལས། རིགས་ལྡན་འཆར་བའི་ནུས་པ་ཡིས། །ཟས་ཞིམ་ཟོས་ཀྱང་ནད་བྱུང་ཞིང༌། །སྨན་གྱི་ལས་བྱས་དུག་ཏུ་འགྱུར། །སྦྲུལ་གྱི་སོས་བཏབ་རྨ་ཡི་དུག ཁྱུང་གིས་སོས་པ་མ་ཡིན་ནོ། །ཞེས་དཔེ་དང་བཅས་པ་གསུངས་པས་སོ། །བདུད་རྩི་ཐུན་ཕྱེད་འཆར་བའི་དུས་བཏུ་བ་བསྔགས་པ་ཡིན་ལ། དེ་ཉིད་ལས། བདུད་རྩི་ཐུན་ཕྱེད་འཆར་བའི་ཚེ། །ལུས་ཀུན་ཕུན་སུམ་ཚོགས་པར་བྱེད། །ཁྱད་པར་ཟས་ཟོས་སྨན་དང་མཚུངས། །སྨན་སྦྱར་བདུད་རྩི་ཉིད་ཟིལ་གནོན། །ཞེས་གསུངས་པའི་སྤང་བླང་འདི་ཞིབ་པར་བརྩི་བ་ནི་སྨན་སྦྱར་བསྟེན་སོགས་གང་ལའང་ཤེས་དགོས་པའོ།།

 

བཏུ་བའི་ཚུལ་ཡང༌། བདུད་རྩི་མཆོག་ལུང་ལས། བཙལ་བའི་ཐབས་ནི་འདི་ལྟར་བྱ། །བྱིས་པ་ལོ་དྲུག་ལོན་བདུན་མན། །ཁྲུས་བྱས་དར་དཀར་གོས་གྱོན་ནས། །ཤར་ཕྱོགས་ལོགས་སུ་ཁ་བལྟས་ཏེ། །ལྷ་ཕྱག་ལན་གསུམ་བཙལ་ནས་ནི། །ཞེས་དང༌། རྒྱུད་ལས། གཙང་མའི་བྱིས་པ་ཁྲུས་བྱས་མཛེས་པར་བརྒྱན། །གཟུངས་སྔགས་རྟེན་འབྲེལ་སྙིང་པོ་བཟླས་ཤིང་བཏུ། །ཞེས་གསུངས་པའི་གཟུངས་ནི་སྨན་བླའི་གཟུངས་བྷཻ་ཥ་ཛྱེའི་གཟུངས་རིང་དང༌། སྔགས་ནི། བདུད་རྩི་མཆོག་གི་ལུང་ལས། དེ་ནི་རྩ་ནས་འབྱུང་བའི་སྔགས། ཏྱཐཱ། ཤོ་ཧོང་ག་རེ་ཏ་རེ་སྭཱཧཱ། ཞེས་གསུངས་པ་དང༌། རྟེན་འབྲེལ་སྙིང་པོ་བཟླ་ཞིང༌། ཤར་ཕྱོགས་སུ་བཻ་ཌཱུརྱ་སྣང་གི་ཞིང་ཁམས་དང༌། སྟོན་པ་མི་བསྐྱོད་སྨན་རྒྱལ་འཁོར་བརྒྱུད་པར་བཅས་པ་ཡིད་ལ་གསལ་བར་བྱས་ལ་ཕྱག་འཚལ་ཞིང༌། སྨན་གྱི་ནུས་མཐུ་དང་གཟི་བརྗིད་ཐམས་ཅད་རྒྱུད་ལས་བཤད་པ་བཞིན་འགྲུབ་པར་མཛོད་ཅིག ཅེས་སྨོན་ལམ་བཅས་བཏུ་བར་བྱའོ། །ཟླ་ཟེར་ལས་ཀྱང༌། དེ་ནས་དགེ་བ་ལ་སྤྱོད་ཅིང༌། །དད་ལྡན་གཙང་སྦྲ་སྨྱུང་བར་བྱས། སྨན་ནི་ལེགས་པར་གནས་པ་བཏུ། །གསུངས་སོ།།

 

གསུམ། སྐམ་གསེད་ལེགས།

གསུམ་པ་སྐམ་གསེད་ནི། རྒྱུད་ལས། སྐམ་གསེད་གང་ཡང་བཏུ་དུས་རྨ་ཕབ་ལ། །བསིལ་སྨན་གྲིབ་ལྷགས་དྲོད་སྨན་མེ་ཉིས་བསྐམ། །བསེར་གྱིས་མ་ཞིག་མེ་ཉིས་མ་གདུངས་པ། །དུ་བ་མ་ཕོག་གཞན་གྱི་དྲིས་མ་གོས། །རང་གི་ནུས་ལྡན་ཡོན་ཏན་དཔག་ཏུ་མེད། །གསུངས་པའི་གཞན་གྱི་དྲི་ནི། ཕན་ཚུན་དུ་བསྲེས་ལ་སྐམ་པས་གཅིག་གི་དྲིས་གཅིག་གི་དྲི་བཅོམ་པས་དེ་ལྟར་མ་བྱས་པར་སོ་སོར་སྐམས་པས་རང་གི་ནུས་པར་ལྡན་པ་སྟེ། གསེར་གྱི་མིག་མང་རིས་ཀྱི་རྒྱུད་ལས། མེ་དང་མར་གཉིས་ལྷན་ཅིག་ཏུ། །སྐད་ཅིག་གཞག་པར་མི་བྱའོ། །དེ་སྟེ་ཆོ་གས་སྦྱར་བྱས་ན། །མར་མེའི་འོད་ནི་བླ་ན་མེད། །སྨན་ཡང་རྩི་དུག་སྦྲག་མི་ཉན། །ངན་པ་བློ་རྣོས་བཟང་པོའི་བློ་ཕྲོག་བྱེད། །ཆོ་གས་སྦྱར་ན་རྒྱལ་པོའི་དམག་དཔུང་འདྲ། །ཞེས་གསུངས། རྨ་ཕབ་པ་ནི་སྔོ་ལྡུམ་སོགས་ཅུང་ཟད་རྙིང་པ་ནས་བརྡུངས་ལ་སྔོ་ཚོལ་བྱས་པས་ངར་མི་ཡལ་དྲི་རོ་དང་ལྡན་ལ། དེ་ལྟར་མ་ལྕོགས་ཀྱང་ལེགས་པར་ལག་པ་གཙང་མས་ཕུར་བས་སྔོ་ཁུ་ཕྱིར་དོན་པས་ཀྱང་འཐུས། རྨ་མ་ཕན་པར་རང་སྐམ་བྱས་པས་རྩ་སྐྱ་ལྟར་སྒོག་ནས་བྲོ་བ་དང་ནུས་པ་མི་འབྱུང་ངོ༌། །ནམ་ཡང་སྨན་ལ་ཁ་ཆུ་ལག་དྲེག་མ་སོང་བར་གཙང་སྦྲ་ཤིན་ཏུ་ཆེ་བ་དགོས་ཏེ། མི་ཏྲ་ཛྭ་ཀིའས། གཙང་སྦྲ་ཆེ་བ་བྲམ་ཟེ་ལྟ་བུར་དགོས། །སྨན་གཙང་བྱིན་རླབས་ལྡན་ལ་མཆོད་རྫས་རུང༌། །ཁྱི་ཕག་ལྟར་སྤྱོད་བྱིན་ཡལ་མཆོད་མི་རུང༌། །གང་ཟག་མཆོག་ལ་དྲངས་པས་ལྟུང་བ་འབྱུང༌།།  ཞེས་གསུངས་པ་འདི་གནད་ཆེ། སྨན་པ་ཕལ་ཆེར་བག་མེད་པས་ལག་ལེན་མི་གཙང་བ་དང༌། སྨན་གཞན་ལ་སྨན་རྩི་ལྟ་བུར་མ་འབྱེད་པའམ་ལེགས་ཉེས་བརྟག་ཚེ་རོ་མྱང་ཕྱིར་སོས་འདེབས་པ་དང༌། ཚ་སྣ་སོགས་ལ་ལྕེས་རེག་ནས་མཆིལ་མ་བཅས་པར་སྨན་མང་ནང་དུ་ཕར་བཅུག་ལ་འཚག་པ་ནི་ཤིན་ཏུ་སྤྱོད་པ་ཐ་ཆད་པ་ཡིན་ཞེས་དྭགས་སྨན་ཟླ་བ་རྒྱལ་མཚན་གསུངས་སོ།།

 

བཞི། སོ་མ་རྙིང་པ།

བཞི་པ་སོ་མ་རྙིང་པ་ནི། རྒྱུད་ལས། སོ་མ་རྙིང་པ་ལོ་དུས་མ་ལོན་པ། །དུས་འདས་ནུས་པ་འཆོར་ཕྱིར་ལོ་དུས་སྤོ། །གསུངས་པས། སོ་ནི་ནུས་པ་སྟེ་དེ་མ་རྙིང་པ་སྨན་སོ་གསར་པ་དགོས། ལོ་དང་དུས་སྔ་ལོ་བཏུས་ཚོད་མ་ཡོལ་པས་སོ་མ་རྙིང་པའོ། །བཻ་སྔོན་དུ་སྨན་གང་ཡང་གསུངས་ཀྱང༌། །སྔོ་ལྡུམ་ལས་གཞན་ལ་སྨན་ཤིང་འབྲས་བཟང་དྲུག་སོགས་རྙིང་ནས་མ་སྒོག་པ་ནུས་པ་ཆེ་བར་བཤད་པས་མི་གནོད་ལ། གལ་སྲིད་གནོད་དུ་ཤར་ཡང་བཻ་སྔོན་མཛད་པོ་བོད་ཁམས་ཡོངས་ཀྱི་དེད་དཔོན་ཡིན་ཡང་བརྗེ་མི་འབྱོར་རམ་སྙམ་མོ། །འདི་སྔོ་སྦྱོར་སྐབས་སུ་གསུངས་པས་སྔོ་ལྡུམ་ལ་དགོངས་པར་ཀུན་གྱིས་བཞེད་དོ།།

 

 

ལྔ། དུག་འདོན།

ལྔ་པ་དུག་འདོན་ནི། རྒྱུད་ལས། དུག་དང་ཕྲལ་བ་རྩ་སྡོང་ལྤགས་རྐང་དུག ཡལ་གའི་ཚིགས་དུག་ངར་བ་ལོ་མའི་དུག མེ་ཏོག་གོས་དུག་རུས་པ་འབྲས་བུ་དུག ཞོ་རྐང་ཚི་བ་གསུམ་ལ་དུག་མེད་དེ། །དྲེག་པ་ལྤགས་དུག་ཤ་གདན་བར་ཤུན་དུག དུག་ཕྲལ་སྨན་ནི་འཇམ་ཞིང་འཇུ་བ་སླ། །ཞེས་པས། རྩ་བ་དང་སྡོང་པོ་གཉིས་ཀྱི་དུག་ནི་ཕྱིའི་པགས་པ་དང་ནང་གི་རྐང་ཡིན་པ་ཕྱུང་ནས་ཕྱིར་དོར་བ་ཡིན། དེ་བཞིན་དུ་ཡལ་གའི་དུག་ནི་ཚིགས་པ་སྟེ། འོན་ཀྱང་དམིགས་ཀྱིས་བསལ་བས་བཙོད་ཀྱི་ཚིགས་མདུད་དགོས་པ་མ་གཏོགས་དོར་རོ། །ལོ་མའི་དུག་ནི་ངར་པའོ།། མེ་ཏོག་གི་དུག་ནི་གོས་ཏེ་ཕྱིའི་ཐུམ་ཤུན་ནོ།། འབྲས་བུའི་དུག་ནི་ནང་གི་རུས་པ་ཚི་གུ་བཅས་ཏེ་འགའ་ཞིག་སྐབས་སུ་ཚི་གུ་དགོས་པ་ཡང་ཡོད། པགས་པ་རྣམས་ཀྱི་དུག་ནི་ཕྱིའི་ཉི་ཆར་གྱིས་གདུངས་པའི་དྲེག་པ་ནག་པོའོ། །བར་ཤུན་རྣམས་ཀྱི་དུག་ནི་ཤ་གདན་ཏེ་སྡོང་པོའི་ཕྱི་ཤ་འབྱར་བ་དེའོ། །ཞོ་དང་རྐང་དང་ཚི་བ་སྟེ་ཐང་ཆུའི་རིགས་ཡིན་པ་འདི་གསུམ་གྱི་སྐབས་འགའ་ཞིག་དང་བཻ་སྔོན་སོགས་སུ། ཞོ་དང་རྐང་དང་ཚི་བ་གསུམ་ལ་དུག་མེད་དེ། ཞེས་བཤད་པ་ནི། ཚིགས་བཅད་དེ་ལྷུག་པར་བཏང་བ་ཙམ་ལ་འགྲེལ་པའི་ཐ་སྙད་མ་བྱས་འདུག་ཀྱང༌། ཞོ་ནི་ཐར་ནུ་དུར་བྱིད་སོགས་ལ་ཞོའི་རང་བཞིན་ཡིན་པ་དེ་ནི་དུག་མ་བཏོན་པར་གཏོང་མི་བཏུབ་པ་དང༌། བསེ་ཞོ་ནི། རེག་དུག་གི་གཙོ་བོ་ཡིན་པ་སོགས་ལ་དུག་མེད་པར་བཤད་པ་ནི་ལོག་པར་འགྲེལ་པའོ། །འོ་ན་ཁྱོད་ཀྱི་འདོད་པ་གང་ཞེ་ན། གཞན་གྱི་དུག་ནི་ཕྱི་དང་ནང་སོགས་ནས་ཟུར་དུ་ལེན་ནས་དོར་རྒྱུ་ཡོད་པ་བཤད་བཞིན་ལ། ཞོ་སོགས་གསུམ་ལ་དུག་ཡེ་ནས་མེད་པ་ནི་མ་ཡིན་ལ་ཡོད་དེ། མེད་ཅེས་པ་ནི། དུག་དང་དབྱེར་མེད་པ་ཡིན། དབྱེར་མེད་ལུགས་ནི། གཞན་ལ་དུག་ཡོད་ཀྱང་ཟུར་དུ་དབྱེ་ཡོད་ལ། འདི་ལ་འདྲེས་པས་གཞན་ལྟར་དབྱེ་བའི་ཁ་ནས་ཞག་གམ་འོག་ནས་སྙིགས་སམ་ཟུར་ནས་རྩི་སོགས་འདི་ཡིན་འདི་དོར་ཞེས་དབྱེ་རུ་མེད་གསུངས་པའོ། །ཡེ་ནས་མེད་པ་མིན་པས་ཐར་ནུ་དུར་བྱིད་དུག་འདུལ་བཤལ་སྐབས་སུ་བཤད་པས་འདིར་བསྡུས་དབང་གིས་བསྐྱར་ནས་མ་བཤད་པ་ཡིན། དེ་བཞིན་དུ་དན་ད་ཡང་རྐང་ཚི་གཉིས་ཀའི་རང་བཞིན་དུག་དབྱེ་རུ་ཡོད་ཀྱང་བཤལ་སྐབས་ལྕེ་དུག་འདོར་བར་བཤད་པས་འདིར་མ་བསྐྱར་མོད། དེ་ལྟ་བུའི་སྨན་ཕལ་ཆེར་དུག་འདོན་པ་དང་འདུལ་བ་སོགས་དགོས་པ་ནི་མང་ཞིག་ཡོད་པ་རྣམས་ཀྱི་དུག་བསལ་རྣོ་འདོན་ངར་འདོགས་སོགས་དགོས་རིགས་ལ་བྱ་ཐབས་ཁོ་བོས་ལག་ལེན་གཅེས་བཏུས་སུ་བྱས་པ་ལ་རྟོགས་པར་བྱའོ།།

 

དྲུག འཇམ་པ་ལ་རྣམ་པ་གསུམ།

བདུན། འཕྲོད་པར་སྦྱར་བའི་གནད་གསུམ།

དྲུག་པ་འཇམ་པ་ལ་རྣམ་པ་གསུམ་དང༌། བདུན་པ་འཕྲོད་པར་སྦྱར་བའི་གནད་གསུམ་སོགས་ནི་སྦྱར་ཐབས་ལག་ལེན་གྱི་སྐོར་ཡིན་པས་འདིར་བཤད་པ་སྐབས་སུ་མ་བབས་སོ། །འོན་ཀྱང་གཉེན་པོ་དང་འཕྲོད་སྦྱོར་སྐབས་དགོས་གནད་ཆེ་ལ་གོང་དུ་སོང་བས་སྒེར་དུ་མ་བསྐྱར་བ་ནི། གོང་དུ་བཏུ་སྐབས་བཤད་པའི་གོ་རིམ་ནི། བཏུས་པ་ཙམ་གྱིས་མི་ཆོག་པར་སོ་སོར་འཕྲོད་པའི་གཉེན་པོ་སྦྱར་དགོས་པས། རུས་པའི་ནད་ལ་རྩ་བ། རྩ་ནད་ལ་ཡལ་ག་ཤ་ནད་ལ་སྡོང་པོ། སྣོད་ནད་ལ་ལོ་མ། རྐང་ནད་ལ་ཞོ། ལྷ་བའི་ནད་ལ་མྱུ་གུ མིག་ནད་ལ་མེ་ཏོག་དོན་ནད་ལ་འབྲས་བུ། མགོ་ནད་ལ་རྩེ་མོ། ལྤགས་ནད་སྐོགས་པ་སྟེ་དྲེག་པའི་ཞབས་བར་ཤུན་གྱི་ཕྱི་རྩི། རྒྱུས་ནད་ལ་བར་ཤུན། ཡན་ལག་ལ་ཚི་བ་སྟེ། དེ་ལྟར་གཏོང་ལུགས་གབ་སྤྲད་ནས་གཏོང་བ་འདི་ནི་ཤིན་ཏུ་གནད་ཆེ་ལ་རྒྱུ་མཚན་ཀྱང༌། ནམ་ཟླའི་དུས་དང༌། དེ་ལས་བྱུང་བ་འབྱུང་ལྔའི་ཤུགས་དང༌། དེས་བསྐྱེད་པ་སྨན་གྱི་རྩ་སྡོང་ལོ་འབྲས་སོགས་དང༌། དེ་ལ་གནས་པ་རོ་ནུས་ཞུ་རྗེས་དང༌། དེའི་འབྲས་བུ་ཡོན་ཏན་ནུས་པ་དང༌། དེ་བཞིན་དུ་འབྱུང་བ་ན་སོས་སྐྱེད་པའི་ཉེས་པ་གསུམ་དང༌། དེ་ལས་གྱུར་པའི་འདུ་འཁྲུགས་འཕེལ་ཟད་དང༌། དེའི་ནུས་པའི་མཚན་ཉིད་ཉི་ཤུ་དང༌། དེ་ཡང་ཉེས་པ་དང༌། གཙོ་བོ་དང༌། རིགས་དང༌། གནས་ལ་སྦྱར་བའི་ལག་ལེན་དམར་ཁྲིད་ཀྱི་སྒོ་ནས་བཏུ་བའི་དུས། བཏུས་པའི་རྩ་ལོ་སོགས་སོ་སོར། ལུས་གནས་ཕྱི་ནང་གི་ནད་སོ་སོ་ལ་འཕྲོད་མི་འཕྲོད་ཀྱི་རྡེའུ་བཞག་ངོ་དོན་འཕྲོད་པ་ངོ་མཚར་ལ་ཡིད་ཆེས་པ་བྱ་རྒྱུ་ཡོད་པ་ནི་འཚོ་མཛད་རྣམས་ཀྱི་དགོངས་པར་གསལ་བ་ལྟར་རོ། །དེ་ལྟར་སྨན་ངོ་འཕྲོད་པ་དང་རོ་ནུས་སོགས་གསལ་ལ་བཏུ་བའི་དུས་རྒྱུ་མཚན་བཅས་ཤེས་ཀྱང༌། ལེ་ལོ་མེད་པའི་བརྩོན་འགྲུས་དགོས་པ་ནི། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་ཞལ་གདམས་བརྩོན་འགྲུས་ཀྱི་བསྐུལ་མ་སྙིང་གི་ཞུན་ཐིགས་ལ་གོ་བ་ལེན་པའི་ལྟ་རྟོག་བྱེད་པ་གལ་ཆེ་ལ། སྨན་བཏུ་རྩོལ་བྱེད་པ་ལ་ཡང་འདི་ལྟར་དགོས་ཏེ། རྗེ་དྭགས་པོ་རིན་ཆེན་ཟླ་བ་རྒྱལ་མཚན་གྱི་ཞལ་གདམས་ལྟར། སྨྲས་པ། སྨན་གྱིས་འགྲོ་དོན་མཛད་པ་རྣམས། །སྨན་འདི་ཤེས་པ་ཕྱིན་ཆད་ནས། །ཤེས་པས་མི་ཆོག་རྩོལ་སྒྲུབ་དགོས། །སློབ་དཔོན་ཀླུ་སྒྲུབ་ཞལ་ནས་ཀྱང༌། །ཤིང་རྡོ་ལྡུམ་གྱི་རི་བོ་ལ། །གདམས་ངག་གནད་ཀྱིས་ངོ་ཤེས་ན། །མི་ཤི་སོས་པའི་བདུད་རྩི་ཡོད། །དད་བརྩོན་ངེས་པའི་ཤུགས་ཀྱིས་བཏུ། །གསུངས་བཞིན་དབྱར་གཅིག་ཉིན་གཅིག་གིས། །ལས་ལ་མ་གཡེལ་བཏུ་ནུས་ལ། །དོན་ཆེ་རང་གི་སྲོག་ཀྱང་གནས། །མིན་ཀྱང་སྡུག་བསྔལ་སེམས་ཅན་ལ། །ཕན་པའི་འགྲོ་དོན་ཆེན་པོ་ཡོད། །ཡང་ན་ཟང་ཟིང་བསྙེན་བཀུར་དང༌། །གསེར་གཡུ་སྟག་གཟིག་ཁྲབ་གོས་རྟ། །བཟའ་བཏུང་ཤ་ཆང་མར་ཐུད་སོགས། །གང་དགོས་ངེས་མེད་འབྱུང་སྒོ་ཡོད། །དབྱར་ཡང་ལྡུམ་ལ་དགྲ་མང་བས། །སད་སེར་མ་བཅོམ་གོང་དུ་བཏུ། །མི་ཁོམ་གཡེང་བ་ཚེ་གཅིག་ཡིན། །ལེ་ལོ་ཅན་ལ་ཁོམ་དུས་མེད། །སྨན་གྱི་ཚེ་ཚད་ཞག་གཅིག་ཡིན། །སད་སེར་ཕོག་ནས་སོས་རྒྱུ་མེད། །འགྲོ་འདུག་སྤྱོད་ལམ་ཀུན་ཏུ་བརྩོན། །གོམ་རེར་སོང་ལམ་ལྡུམ་རེ་བཏུ། །ཞག་རེའི་ལམ་དུ་ཁུར་རེ་ལོན། །གང་ཞིག་ཚགས་སུ་མ་བྱས་ན། །མོད་པའི་ཡུལ་དུ་དེ་ཉིད་དཀོན། །ལ་ནས་འོང་བའི་བཟང་སྨན་ཡང༌། །གང་ཡོད་དངོས་པོས་མ་བསྒྲུབས་ན། །སེར་སྣ་ཅན་ལ་ཡོད་དུས་མེད། །རྫས་མེད་སྨན་པའི་ཡི་དྭགས་ཡིན། །སྔ་ནས་གྲབས་སུ་མ་བྱས་ན། །ཁྱི་ཁར་ཕྱིན་དུས་འཕེན་རྡོ་ཡང༌། །གྲམ་པའི་ཁྲོད་དུའང་དཀོན་དཀོན་འདྲ། །སྐྱེས་ཚད་མཐོང་ཚད་མ་བསྒྲུབས་ན། །ཁ་ཡར་བསྒྲུབས་པས་དོན་མི་འགྲུབ། །བཟང་སྨན་རྒྱབ་གྲངས་བརྒྱ་འཛོམ་ཡང༌། །སྔོ་ལྡུམ་མེད་ན་སྦྱར་ཐབས་དཀའ། །སྦྱར་ཡང་ཕན་པའི་ཡོན་ཏན་ཆུང༌། །ཇ་མར་ཤ་ནས་བརྒྱ་འཛོམ་ཡང༌། །མེ་ཆས་བཤོལ་ན་བསྟེན་ཐབས་མེད། །བསྟེན་ཡང་བཀྲེས་སྐོམ་སེལ་དཀའ་འདྲ། །དབྱར་ཁ་སྨན་པའི་ཚོང་ཡུལ་ཡིན། །ཆར་ཞོད་སྨན་པའི་བསོད་ནམས་ཡིན། །སད་སེར་སྨན་པའི་ཇག་པ་ཡིན། །བརྩོན་འགྲུས་སྨན་པའི་ཟོང་རྫས་ཡིན། །དབྱར་ཡོལ་སྨན་པའི་དགེ་ཡུལ་འཁོར། །ཕྱག་ལེན་ལྡན་པའི་མཁས་པ་དེ། །དམན་པའི་ཁྲོད་དུ་འདུག་ན་ཡང༌། །གཙུག་དུ་ཁུར་ནས་མི་སློབ་ན། །གཏི་མུག་ཅན་ལ་ཤེས་དུས་མེད། །ཐེ་ཚོམ་མདུད་པ་སུ་ཡིས་འགྲོལ། །རང་ཉིད་མཁས་པའི་མིང་ཐོབ་ནས། །ཐེ་ཚོམ་མི་འདྲི་ངོ་ཚ་སྙམ། །ལྷ་ཡི་བདུད་ཀྱིས་བསླུས་པ་ཡིན། །འདྲི་དང་སློབ་ལ་ངོ་ཚ་མེད། །འཇམ་དཔལ་གྱིས་ཀྱང་དང་པོ་བསླབས། །མ་བསླབས་མཁས་པ་གར་ཡང་མེད། །མི་སློབ་ཤེས་ཚུལ་འདུག་པ་དེ། །ཚ་ན་དེ་ཉིད་ངོ་ཚ་ཡིན། །མཁས་པས་འདྲི་ཚེ་ལ་ལུང་གཏམ། །ཡང་ན་ལངས་ནས་གཞན་དུ་བྱོལ། །ཚ་ན་ངོ་ཚ་དེ་ཡིན་མོད། །མཁས་ལ་མི་དད་རྒྱུན་དུ་བྱོལ། །བླུན་མང་དབུས་ན་མཁས་གཏམ་བྱེད། ངོ་ཚ་ཆེ་སྟེ་ཤེས་པ་དཀོན། །ཡོན་ཏན་སྣ་རེ་གར་ཡང་ཡོད། །དམན་ཁྲོད་ཡན་ནས་བསླབ་ལ་སྦྱོང༌། །ཆུ་ཐིགས་བཞིན་དུ་མ་བསགས་ན། །ཡོན་ཏན་རྒྱ་མཚོ་འདྲ་བ་དཀའ། །ཐམས་ཅད་ཤེས་པའི་སློབ་དཔོན་དཀོན། །ཕྱོགས་ནས་བསགས་ན་སྤྲང་པོའང་བརྒྱགས། །བབ་ཅོལ་སྤྱོད་པ་ནད་པའི་བདུད། །སྟོང་ཟོབ་མཁན་པོ་བསྟན་པའི་བདུད། །འདི་ལ་དགོངས་ནས་ཀླུ་སྒྲུབ་ཀྱི་ས། །སྨན་སྦྱར་ཁའི་དུས་ན་སྨན་པ་སྐྲག །ནད་གཞུང་ཆེའི་དུས་སུ་ནད་པ་སྐྲག །མཐའ་རི་ཐང་མཚམས་ནས་ནད་བདག་སྐྲག །འདི་ལག་ལེན་མེད་ལ་ཡོང་བ་ཡིན། །ཞེས་གསུངས་འདི་དག་ཡིད་ལ་ཆོངས། །མཁས་པ་རང་གིས་བྱེད་པས་ཆོག །མཐོ་དམན་ཐམས་ཅད་བསྟེན་པས་ཡོང༌། །ཕྱུག་པོ་རང་གིས་བྱེད་པས་ཆོག །བརྩོན་འགྲུས་ཐང་ལྷོད་མེད་པས་ཡོང༌། །གཙོ་བོ་རང་གིས་བྱེད་པས་ཆོག །ཀུན་དང་བསྟུན་ན་ཡོང་བ་ཡིན། །འབྲིམ་སྒོ་རང་གིས་བྱེད་པས་ཆོག །ཟ་འདོད་འགུལ་འཚེར་མེད་པས་ཡོང༌། །འགྲོ་ཕན་རང་གིས་བྱེད་པས་ཆོག །རྒྱུད་བཞིན་ཞིབ་ཏུ་དཔྱད་པས་ཡོང༌། །དེ་སྐད་དྭགས་སྨན་འབངས་ཐ་ངས། །བརྒྱུད་འཛིན་སློབ་མའི་སྙིང་ནོར་དུ། །ཨ་ཀྵ་སྨན་ཁང་བསིལ་ཆུང་ནས། །གདམས་པའི་སྙིང་གཏམ་སྤེལ་བ་དགེ། །ཞེས་སྨྲས་པ་འདི་ནི་ཡང་དག་པའོ།།

 

གཉིས་པ། བསྡུས་པ་བརྡའི་ངོ་སྤྲད་པ།

གཉིས་པ་བསྡུས་པ་བརྡའི་ངོ་སྤྲད་པ་ནི། གོང་དུ་སྨན་སོ་སོའི་མིང་གི་མངོན་བརྗོད་རང་རང་སྐབས་སུ་བཤད་པའི་ཡན་ལག་རྣམས་གྲངས་ཉུང་ཤས་འགའ་ཞིག་བསྡུས་པ་སྡོམ་གྱི་མིང་ནི། ཇི་སྐད་དུ། ཅུ་གང་གུར་ཀུམ་ལི་ཤི་གསུམ། །བསིལ་གསུམ་ཞེས་སུ་གྲགས་པ་ཡིན། །བསིལ་གསུམ་ནང་གི་དྲོད་གཅིག་ནི། །ལི་ཤི་ཡིན་པ་ཤེས་པར་བྱ། །བསིལ་གསུམ་ལ་ཡང་ལི་སུག་གཉིས། །གང་བབ་སྐབས་དང་སྦྱར་བ་ཡོད། །གཉིས་ཀ་བསྡེབས་ལ་བསིལ་བཞི་ཟེར། །ཛཱ་ཏི་སུག་སྨེལ་ཀ་ཀོ་ལ། །དྲོད་གསུམ་བཟང་པོ་གསུམ་ཞེས་བྱ། །དྲོད་གསུམ་ནང་གི་བསིལ་སུག་སྨེལ། །ལི་ཤི་བསྣན་པས་དྲོད་བཞིའམ། །བཟང་པོ་བཞི་ཞེས་ཟེར་བ་ཡིན། །དྲོད་གསུམ་བསིལ་གསུམ་བཟང་པོ་དྲུག པི་ལིང་ཕོ་རིས་སྨན་སྒ་གསུམ། །ཚ་བ་གསུམ་ཡིན་དེ་ཡི་སྟེང༌། །དབྱི་མོང་ཙི་ཏྲ་ཀ་བསྣན་པར། །ཚ་བ་ལྔ་ཞེས་བྱ་བ་ཡིན། །ལྕེ་ཚ་དབྱི་མོང་སྲུབ་ཀ་གསུམ། །སྔོ་ཡི་ཚ་བ་གསུམ་ཞེས་བྱ། །གོང་ལྔར་སྡེབས་པས་ཚ་བ་བརྒྱད། །ཨ་རུ་བ་རུ་སྐྱུ་རུ་ར། །ར་གསུམ་འབྲས་བུ་གསུམ་ཞེས་བྱ། །རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། །ཚྭ་སྣ་གསུམ་ཞེས་བྱ་བ་ཡིན། །དེ་སྟེང་ལྕེ་མྱང་རྩབ་རུ་ཚྭ། །བསྣན་ལ་ཚྭ་སྣ་ལྔ་ཟེར་རོ། །ཨ་འབྲས་སྲ་འབྲས་འཇམ་འབྲས་གསུམ། །འབྲས་སྣ་གསུམ་ཞེས་ཡོངས་ལ་གྲགས། །སྙིང་མཁལ་གླ་གོར་ཞོ་ཤ་གསུམ། །བ་མཁལ་བསྣན་པས་ཞོ་ཤ་བཞི། །པདྨ་ནཱ་ག་གེ་སར་གཉིས། །པུ>a་ཕྱེ་བས་གེ་སར་གསུམ། །སྤོས་དཀར་ཐལ་ཀ་སོ་མ་ར། །ཆུ་སེར་སྨན་གསུམ་དེ་ཡི་སྟེང༌། །སེང་ལྡེང་ཏིལ་གཉིས་ཟི་ར་གཉིས། །བསྣན་ལ་ཆུ་སེར་སྨན་བརྒྱད་ཟེར། །རྒྱ་ཚྭ་གསེར་བྱེ་སྡིག་སྲིན་གསུམ། །ཆུ་སྨན་རྣོན་པོ་གསུམ་ཞེས་བརྗོད། །རེ་རལ་ཧ་བོ་བྲག་སྤོས་གསུམ། །རེ་རལ་གསུམ་ཞེས་བྱ་བ་ཡིན། །ཁ་གུར་བ་གུར་པྲི་ཡང་ཀུ། །གུར་ཀུམ་གསུམ་ཞེས་བྱ་བ་ཡིན། །རྒྱ་ཏིག་བོད་ཏིག་བལ་ཏིག་ལ། །ཏིག་ཏ་གསུམ་ཞེས་བརྗོད་པར་སྣང༌། །བསེ་རུ་ཁ་ཤ་ཤ་རུ་གསུམ། །གྭ་དོར་གསུམ་ཞེས་བཤད་པའོ།།

ས་ལ་ཀྲི་ཥཛྲ་པརྣ་དང༌། །མ་ཤ་པརྣི་པརྣི་གསུམ། །སེ་(གཡུ་ལྡུམ་)རྒོད་སྐྱེར་(གསེར་ལྡུམ་)པ་འོམ་(མཆོད་ལྡུམ་)བུ་གསུམ། །ལྡུམ་བུ་གསུམ་ཞེས་དེ་ལ་ཡང༌། །དུག་གི་སྐབས་འགར་སྐྱེར་པ་དང༌། །རེ་རལ་བརྗེ་བའི་ལུགས་ཀྱང་ཡོད། །མིང་ཅན་ལྕགས་ཀྱུ་སྟག་ཤ་ལ། །གཉེན་ཐུབ་གསུམ་ཞེས་འབོད་པར་འདུག །བཙོད་དང་འབྲི་མོག་རྒྱ་སྐྱེགས་ལ། །དམར་པོ་གསུམ་ཟེར་འབྲི་མོག་དང༌། །ཞུ་མཁན་བརྗེ་བ་སྐབས་བསྟུན་དར། །དེ་ལ་ཚོས་གསུམ་ཞེས་ཀྱང་ཟེར། །གཉིས་ཀ་ལྡན་ལ་དམར་པོ་བཞི། །བོང་ང་དཀར་སེར་དམར་བ་ལ། །དུག་མེད་བོང་ངའམ་སྨན་གསུམ་ཟེར། །མི་རྟ་ཁྱི་གསུམ་སྐྱེས་མ་ཐག བུ་(མའི་)ཡི་ཁོང་(ན་ཡོད་པ་ལས་ནུ་ཞོ་མ་ཞུ་བའི་)བྲུན་ཕྱ་ཚན་གསུམ། །སྐྱེས་འཕྲལ་ཤི་(རོ་བཤས་པའི་ཁོང་ནས་བཏོན་པ་)བྲུན་རོ་ཚན་གསུམ། །ཙན་དན་དཀར་དམར་ཨ་གར་ལ། །ཤིང་མཆོག་གསུམ་ཞེས་བྱ་བ་ཡིན། །ཨ་གར་འབྲི་བས་ཙནྡ་གཉིས། །ཨར་སྐྱ་ཨར་ནག་ཨར་དམར་ལ། །ཨ་གར་རིགས་གསུམ་བརྗོད་པའོ། །ཨ་བྱག་སེར་སྔོ་མིང་ཅན་གསུམ། །གཟེར་སྨན་གསུམ་མམ་གཟེར་འཇོམས་གསུམ། །གྲི་ཤ་གླ་རྩི་གུ་གུལ་དང༌། །སྨན་ཆེན་གཉན་སྨན་བཞི་ཞེས་བརྗོད། །ཀྱི་ལྕེ་སྤང་རྩི་སྤང་རྒྱན་དཀར། །མེ་ཏོག་གསུམ་པ་ཞེས་བྱའོ། །སྦལ་རྒྱབ་ཆིག་ཐུབ་དཀར་སྨུག་ལ། །རྡོ་རྒྱལ་བཞི་ཞེས་ལུགས་གཅིག་ཡིན། །སྦལ་རྒྱབ་མདུང་རྩེ་གངས་ཐིགས་དང༌། །ཅོང་ཞིར་རྡོ་རྒྱལ་བཞི་ཡང་ཟེར། །ཀོ་ལ་ཤིང་ཚ་སུག་སྨེལ་དང༌། །གེ་སར་དྲི་བཟང་བཞི་ཞེས་ཟེར། །དུག་ཉུང་བོང་དཀར་ག་དུར་དང༌། །བ་ལེ་ཀ་ལ་ཨིཎྜ་བཞི། །མི་དོམ་བྱ་རྒོད་ཉ་མཁྲིས་ལ། །མཁྲིས་ཆེན་བཞི་ཞེས་སྨྲ་བ་ཡོད། །ཏིང་(མཆིན་སྨན་ཙིའུ་)ལེ་བྱིང་དང་ཏིང་(བྱི་རུག)སག་ཀྱུ། །ཏི་མུ་ལ་དང་ཏི་མུ་ས།(བྱ་རྐང་པ་དང་ལོ་བཙན་པ)། །མེ་ཏོག་ཏིང་བཞི་བྱ་བར་བཤད། །སྟང་ཟིལ་འཛིན་པ་གང་ག་ཆུང༌། །སྤང་རྩི་དོ་བོ་བཞི་པོ་ལ། །གཡུ་ཐོག་ལྡུམ་བཞི་ཞེས་སུ་བཤད། །རྒྱམ་ཚྭ་བཅའ་སྒ་ཨ་རུ་ར། །པི་ལིང་བཞི་ལ་ཆ་མཉམ་བཞི། །ཡང་ན་རྒྱམ་ཚྭ་བཞི་པ་ཟེར། །གུ་གུལ་སྤོས་དཀར་གུ་གུལ་གཉིས། །ཟི་ར་དཀར་ནག་ཟི་ར་གཉིས། །ཤུ་དག་དཀར་ནག་ཤུ་དག་གཉིས། །དེ་བཞིན་ཏིལ་གཉིས་དཀར་ནག་གོ །ཁྱུང་སྡེར་དཀར་སྨུག་སྡེར་མོ་གཉིས། །ཆུ་སྲིན་སྡེར་སྣན་སྡེར་མོ་གསུམ།། ཤུག་པ་བ་ལུ་འཁན་དཀར་མཚེ། །འོམ་བུ་ལ་ནི་བདུད་རྩི་ལྔ། །ར་མཉེ་ཉེ་ཤིང་ལྕ་བ་དང༌། །བ་སྤྲུ་གཟེ་མ་རྩ་བ་ལྔ། །དངུལ་ཆུ་རིན་ཆེན་བཙོ་བཀྲུའི་སྐབས། །ན་ར་ཀྵ་ར་བྱིས་པའི་ཆུ། །ཨ་ཤྭ་ཀྵ་ར་རྟ་གསེབ་ཆུ། །གཽ་བཀྵ་ར་བ་ལང་ཆུ། །དེ་ལ་ཀྵ་ར་རྣམ་གསུམ་ཟེར། །ཆུང་སྐྱུར་སྟར་བུ་ཚུར་ནག་གསུམ། །དེ་ལ་སྐྱུར་ཁུ་གསུམ་ཟེར་རོ། །ཆུང་སྐྱུར་རྡོ་དང་ལྷང་ཚེར་དམར། །གསེར་རྡོ་བ་བླ་ཁབ་ལེན་དང༌། །ཕ་བོང་ལྡོང་རོས་དངུལ་རྡོ་བརྒྱད། །ཟ་བྱེད་ཁམས་བརྒྱད་ཞེས་སུ་བཤད། །གསེར་དངུལ་ཟངས་ལྕགས་འཁར་བ་དང༌། །ར་གན་ཞ་ཉེ་གཤའ་དཀར་བརྒྱད། །དེ་ལ་འཆིང་བྱེད་ལྕགས་བརྒྱད་ཟེར། །གཡའ་ཀྱི་སྟང་ཟིལ་གང་ག་ཆུང༌། །ཧོང་ལེན་ཏིག་ཏ་བོང་ང་དཀར། །སྤང་རྩི་དང་ནི་བདུན་པོ་ལ། །སྔོ་ཡི་བུ་མོ་སྤུན་བདུན་ཟེར། །ཞེས་བསྡུས་པའི་བརྡ་དོན་གསལ་བར་བཀྲོལ་བའོ།།

ཞེས་དྲི་མེད་ཤེལ་གྱི་ཕྲེང་བ་ལས་ཐ་མར་དགེ་བ་རྗེས་ཀྱི་གནས་སྐབས་གཉིས་བཤད་པའི་སྐབས་ཏེ་བཅོ་ལྔ་པའོ།།

 

མཐའ་མའི་འདོན་ཐེངས་།: 15.06.2015 ཉིན། 9:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།