སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

ལེའུ་སོ་བརྒྱད་པ་མཁལ་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། མཁལ་མའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། མཁལ་ནད་ཀྱི་རྒྱུ་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་དབྱེ་ན། མཁལ་རླུང་དང་མཁལ་གཅོང་དང༌། འོར་ལྷུང་དང༌། ཆུ་ཤོར་མཁལ་ཚད། མཁལ་འགྲམས་དང་མཁལ་གྲུམ་དང༌། ད་རྒན་དང་བརྒྱད་དོ། །གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་ཉེར་བཞིས་བསྟན་ཏེ། དེ་ཡང་མཁལ་གཅོང་གི་བཤུལ་ཤ་འཕྲིག་པ་ནི་སྒལ་འདབས་བཤུལ་ཤའི་ཤའོ། །ད་རྒན་གྱི་ཚིགས་ཕྱིར་དོན་པ་ནི་ཚིགས་པ་བཅུ་བཞི་པ་སོགས་སོ།།

བཞི་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་ལྔ་བཅུ་རྩ་དགུ་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང༌། མཁལ་གཅོང་གི་མཐོང་ཚེར་མཁལ་མ་ནི་ལུག་སྐྱེས་ནས་ལོ་གཉིས་ལོན་པའི་ཕོ་ལ་ཐོང་དང༌། མོ་ལ་ཚེར་ཞེས་བྱ་ལ། དེའི་མཁལ་མ་སྙུང་བུས་བཙགས་ལ། ཚ་བ་གསུམ་རྒྱམ་ཚྭ་ལ་ལ་ཕུད་བཏབ་པའི་མར་ལ་བཙོས་པའོ། །རྩ་བ་ལྔ་ནི་རམ་ཉེ། ཉེ་ཤིང༌། བཅའ་བ། བ་སྤྲུ། བཟེ་མའོ། །རྭ་གསུམ་ནི་འབྲས་བུ་གསུམ། ཤ་སྣ་གཉིས་ནི། ལུག་གི་འབྲས་བུ་དང༌། ད་བྱིད་དོ། །ད་བྱིད་སྨུག་ནི། གངས་གཅངས་སམ། གངས་སྦལ་གསེར་གྱི་སྨིན་མ་ཅན་ནོ། །ཚ་བ་ལྔ་ནི། སྒ་དྲོད་སྨན་རིལ་འཇོང་གཉིས། དབྱེ་མོང༌། ཙི་ཏྲ་ཀའོ། །ཚྭ་སྣ་ལྔ་ནི། རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ། ལྕེ་མྱང་ཚྭ། ཙབས་རུ་ཚྭའོ། །འབྲས་སྣ་གསུམ་ནི། ཨ་འབྲས། སྲ་འབྲས། འཇམ་འབྲས་སོ། མཁལ་འགྲམས་ཆུ་ཤོར་གྱི་གཏར་ནི་ལོང་རྩ་གཏར་རོ། །དམར་པོ་བཞི་ནི། ཨ་རུ་རྒྱ་སྐྱེགས། བཙོད། འབྲི་མོག་གོ མཁལ་གྲུམ་གྱི་བདུད་རྩི་མེ་ཏོག་འབྲུ་སྣའི་ལུམས་ནི། བདུད་རྩི་ལྔ་མེ་ཏོག་ཚོགས་ཚད་འབྲུ་ཚོགས་ཚད། རླངས་ལུམས་ནི། དེ་གང་རིགས་ཆུ་ལ་བཙོས་པའི་རླངས་ལུམས་བྱའོ། །ཁྲག་དང་སྦྱར་ལ་གཏར་བ་ནི། །ནང་ཁྲག་འདུག་ན་མང་དུ་གཏར། །ཟུངས་ཁྲག་འདུག་ན་ཕྱེ་ལ་གཏར་རོ། །ཆུ་སེར་འོག་སྒོ་ནི་ཚིགས་པ་དང་པོ་བཅུ་བཞི་པ་བཅོ་བརྒྱད་པ་སོགས་སོ། །ད་རྒན་གྱི་མེ་ཐུར་སྐོར་གསུམ་བརྡེག་པ་ནི། ཚིགས་པ་འབུར་བའི་མཐའ་བསྐོར་ནས་བསྲེག་པའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་སུམ་ཅུ་སོ་བརྒྱད་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 2:17 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།