སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།



ལེའུ་སོ་བརྒྱད་པ། མཁལ་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །མཁལ་མའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་ནི་བརྡབས་དང་མི་ཐེག་ཁུར་དང་བཏེག །རླན་ལ་འདུག་དང་ཆུ་ཡི་ལས་བྱས་འབྱུང༌།།
དབྱེ་བ་མཁལ་རླུང་མཁལ་གཅོང་འོར་ལྷུང་དང༌། །མཁལ་ཚད་ཆུ་ཤོར་འགྲམས་གྲུམ་ད་རྒན་བརྒྱད།།

དེ་རྟགས་མཁལ་རླུང་རྐེད་པ་འཕྱོངས་ནས་ན། །ནད་དམིགས་མི་རྙེད་རྣ་བ་འོན་པར་འགྱུར། །མཁལ་གཅོང་སྨད་གྲང་རྐེད་པ་འཁོར་བར་ན། །རྐང་པ་བཤལ་ལ་དཔྱི་དང་རྐེད་པར་ཟུག །ཆུ་སྲི་བཅུད་རླུགས་བཤུལ་ཤ་ཁྲིད་ནས་ན། །འོར་ལྷུང་མཁལ་རྐེད་ན་ཞིང་ཟ་འཕྲུག་བྱེད། །འགྲོ་འདུག་བྱས་ཚེ་པུས་མོའམ་བོལ་གོང་སྐྲངས། །མཁལ་ཚད་ཆང་འཐུངས་འགྲོ་འདུག་བྱས་ཚེ་ན། །ཆུ་ཁ་ཚ་ཞིང་ཤ་རུས་བར་ན་འཁྱུག །མཁལ་མ་ཆུ་ཤོར་མཁལ་རྩ་འགྲམས་པའམ། །མཆིན་ཁྲག་བཅས་པས་ཟགས་ཆུ་ཁྲག་ཏུ་འབྱུང༌། །མཁལ་འགྲམས་བྱེར་རྒྱས་ལྷུང་བ་རྣམ་པ་གསུམ། །སྟོད་དུ་བྱེར་ན་ལྟག་ཆུའི་འགྲམ་གཉིས་ན། །སྐེ་སྒྱུར་མི་ཤེས་སྒུར་པོར་འགྲོ་བ་ཡིན། །བར་དུ་རྒྱས་ན་མཁལ་རྐེད་འཁོར་ཞིང་ན། །དཔྱི་སྟེང་འབྲེལ་མཚམས་རྩ་ནག་སྦོ་ཞིང་གཟེར། །གློ་དང་སྦྲིད་པ་བྱུང་ཚེ་བཟོད་ཐབས་མེད། །ཚིགས་པ་ཁ་བྱེ་རྐེད་པ་ཀྱོག་པོར་འགྲོ། །སྨད་དུ་ལྷུང་ན་རྐང་པ་བཤལ་ཞིང་སྦྲིད། །བརླ་སུལ་བྱིན་སུལ་པུས་མོའི་ཚིགས་མཚམས་ན། །མཁལ་གྲུམ་རྐེད་པ་མན་ཆད་ཐམས་ཅད་ན། །གློ་དང་སྦྲིད་པ་བྱུང་ཚེ་དཔྱི་མིག་ཟུག །སྒལ་པ་རེངས་ཤིང་མཇིང་པ་སྒྱུར་མི་ཤེས། །ནམ་སྟོད་ན་ཞིང་ནམ་སྨད་བདེ་བར་ཚོར། །ཆང་དང་དྲོད་བཅུད་ཟོས་རྗེས་ཚ་བ་སྐྱེ། །ད་རྒན་ཚིགས་པ་ཕྱིར་དོན་སྒུར་པོར་འགྲོ།།

བཅོས་ཐབས་དང་པོ་མཁལ་རླུང་གཟེ་མའི་ཆང༌། །རྩ་བ་ལྔ་ཡི་སྨན་མར་འཇམ་རྩི་བཏང༌། །རེང་བུ་བྱ་ཞིང་བཅུ་བཞི་རྩ་ནག་བསྲེག །མཁལ་གཅོང་ཐོང་ཚེར་མཁལ་མ་མར་བཙོས་བཏང༌། །གཟེ་མ་ལྕ་བ་ར་མཉེ་ཟན་ཆང་ལ། །ཆང་བསིངས་བསྣུར་ཏེ་བུ་རམ་སྒ་དང་མར། །བཏབ་སྟེ་ཚོས་པར་བཙོས་ལ་དྲོ་འཇམ་བཏང༌། །རྩ་བ་ལྔ་འམ་ར་གསུམ་ཤ་སྣ་གཉིས། །སྒ་དང་བྲེ་གའི་མར་ལ་པི་པི་ལིང༌། །ཅོང་ཞི་སུག་སྨེལ་སླེ་ཏྲེས་ཁ་ཚར་གདབ། །བུ་རམ་སྦྲང་དང་སྦྱར་ལ་བཏང་བར་བྱ། །འབའ་སམ་མར་ལ་ད་བྱིད་སྨུག་པོ་དང༌།  །རྩངས་པ་མཆིལ་པ་ཕུག་རོན་ལང་ཐང་ཙེ། །ཅོང་ཞི་ཚ་བ་གསུམ་དང་འབྲས་སྣ་གསུམ། །ཞོ་ཤ་གསུམ་དང་ཛཱ་ཏི་སྡིག་སྲིན་དང༌། །སུག་སྨེལ་བྲེ་ག་བུ་རམ་སྦྱར་ལ་བཏང་། །ཁྱད་པར་གཅིན་སྙི་ས་བོན་འཛག་པ་གཅོད། །སུག་སྨེལ་ཚ་བ་ལྔ་དང་ཚྭ་སྣ་ལྔ། །སྡིག་སྲིན་ལྕམ་པ་འབྲས་གསུམ་བུར་སྦྱར་བཏང༌། །དུགས་དང་མེ་བཙའ་དྲོད་དང་བཅུད་ཀྱིས་བཅོས། །འོར་ལྷུང་འབམ་པོ་སེང་ལྡེང་སྨན་མར་ལ། །ཚྭ་སྣ་ཚོགས་ཚད་སྦྲང་དང་སྦྱར་ལ་བཏང༌། །བོང་བུ་འཕྱི་བ་རྟ་རྐྱང་ཤ་སྣ་བསྟེན། །ཟ་འཕྲུག་གཡེར་མ་ཤུ་དག་ཡུང་བ་དང༌། །མར་རྙིང་ཕག་ཚིལ་བྱུགས་ལ་ཉི་མས་བསྲེག །པུས་མོ་བོལ་གོང་སྐྲངས་ཚེ་ཆུ་ཚན་བྱ། །མཁལ་ཚད་ནད་ལ་མཁལ་མ་ཞོ་ཤ་དང༌། །གུར་ཀུམ་སྐྱེར་ཤུན་སྡིག་པ་ཀ་ར་སྦྱར། །བྱིན་གཞུག་ལོང་རྩ་གཉིས་ལ་གཏར་བར་བྱ། །མཁལ་མའི་ཟགས་ཆུ་ཁྲག་ཏུ་བྱུང་སྲིད་ན། །མཁལ་རྩ་འགྲམས་སམ་མཆིན་ཁྲག་བབས་པ་ཡིན། །བསིལ་གསུམ་བྲག་ཞུན་དོམ་མཁྲིས་བ་ཤ་ཀ །ཤིང་ཚ་བ་ལུ་ཀ་ར་སྦྱར་ལ་བཏང༌། །རུ་ཐུང་ལོང་རྩ་གཏར་ཞིང་ཆུ་ལྕག་བྱ། །ཆུ་ཤོར་སྐྱུ་རུ་ར་ཡིས་ཁྲག་ཕྱེ་གཏར། །དམར་པོ་བཞི་ཐང་(ཙན་དན་གུར་ཀུམ་གླ་རྩི་བྲག་ཞུན་ཏིག་ཏ་མཁལ་མ་ཞོ་ཤ་བཙོད་ཚོས་ཞུ་མཁན་ཨ་རུ་)ཤུག་ཚེར་བཅུ་གཅིག་སྦྱར། །གི་ཝཾ་གླ་རྩི་གསེར་གྱི་བྱེ་མ་དང༌། །བསིལ་གསུམ་སྡིག་སྲིན་ལྕམ་པ་འབྲས་སྣ་གསུམ། །བྲེ་ག་ཀ་ར་སྦྱར་བའི་ཕྱེ་མ་བཏང༌། །སྟོད་དུ་བྱེར་ན་ལུམས་བྱ་ལྟག་རྩ་གཏར། །བར་དུ་རྒྱས་ན་མཆོག་ཏུ་རྩ་སྦྱོང་ཤིས། །སྨད་དུ་ལྷུང་ན་གཏར་དང་ཆུ་ལུམས་བྱ། །ཀུན་ལ་ཚ་བ་ཆོགས་ན་སྨན་མར་སྦྱར། །གང་དུ་ཟུག་པའི་སྟེང་དུ་མེ་བཙའ་གདབ།  །མཁལ་གྲུམ་(སྔོན་བུ་ཨ་རུ་རྒུན་འབྲུམ་ཟངས་རྩིའི་)བཤལ་བཏང་ཆུ་ལུམས་བྱ། །རྩ་ནས་སྦྱངས་ནས་སེང་ལྡེང་(ཁཎྜ་དམར་པོ་བཞི་ཆུ་སེར་སྨན་གསུམ་བོང་ཁྲག་སྦྲང་བསྒར་བའི་)ཕྱེ་མ་སྦྱར། །བསིལ་གསུམ་ཞོ་ཤ་གསུམ་དང་འབྲས་སྣ་གསུམ། །ཆུ་སེར་སྨན་གསུམ་གསེར་གྱི་བྱེ་མ་དང༌། །སྡིག་སྲིན་བྲེ་ག་སྦྲང་གི་ལྡེ་གུ་དང༌། །བདུད་རྩི་མེ་ཏོག་འབྲུ་སྣའི་རླངས་ལུམས་བྱ། །བྱིན་གཞུག་ལོང་རྩ་ཁྲག་དང་སྦྱར་ལ་གཏར། །ཚ་བ་ཆོགས་ནས་སྦྲང་ཆང་ཡོངས་རྫོགས་སྦྱར། །སེང་ལྡེང་སྨན་མར་སྦྲང་དང་སྦྱར་ལ་བཏང༌། །ཆུ་སེར་འོར་སྒོ་ཀུན་ཏུ་མེ་བཙའ་བསྲེག །ད་རྒན་ནད་ལ་བདུད་རྩི་ལྔ་ཡིས་བདུག །རྩ་སྦྱོངས་བྱས་ལ་འབའ་སམ་སྨན་མར་སྦྱར། །སུག་སྨེལ་ཤིང་ཚ་ཟི་ར་པི་པི་ལིང༌། །རུ་རྟ་བྲེ་ག་བུ་རམ་རིལ་བུ་བཏང༌། །ཚིགས་པའི་སྟེང་འོག་མེ་ཐུར་གོར་དབུས་བརྡེག །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་མཁལ་ནད་གསོ་བའི་ལེའུ་སྟེ་སོ་བརྒྱད་པའོ།། །།



མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།