སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་བདུན་པ། མཆེར་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་སོ་བདུན་པ། མཆེར་ནད་གསོ་བ།



ལེའུ་སོ་བདུན་པ།  མཆེར་ནད་གསོ་བ། 

མཆིན་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། མཆེར་པའི་ནད་ཀྱི་རིགས་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང་བཅོས་པའི་ཐབས་དང་རྣམ་པ་བཞི་རུ་བཤད་དེ།

རྒྱུ་ནི་ཁ་ཟས་ཀྱི་རིགས་མ་ཞུ་བ་དང༌། རླན་གཤེར་ཆེ་བའི་རིགས་དང༌། བསེར་བུ་སོགས་ཀྱི་ཁྲོད་དུ་གོས་ཆས་ཆེར་མེད་པར་གྲང་བ་སྟེ་འཁྱགས་པ་དང༌། དྲག་ཤུལ་ཆེན་པོའི་རིགས་ཀྱིས་བསྐྱེད་དོ།  །

དབྱེ་བ་ཕྱེ་ན་མཆེར་ནད་ཚ་བ་དང༌། ཁྲག་སྦོས་དང༌། མཆེར་རླུང་དང༌། མཆེར་པའི་བད་ཀན་དང༌། རླུགས་པ་དང་ལྔ་ཡོད་དེ།

དེ་དག་རྣམས་སོ་སོར་མ་འདྲེས་པར་ངོས་འཛིན་པའི་རྟགས་ནི་མཆེར་ནད་ཚ་བ་ལ་ཆང་འཐུངས་པའི་རྗེས་དང་ཉི་མ་སོགས་ཀྱིས་དྲོས་ཚེ་སྦོ་ཞིང༌། ལྕེ་ལ་མདོག་སྔོ་ནག་གི་རི་མོའི་ཁྲ་འབྱུང་ཞིང༌། དབུགས་ཁ་རྒོད་ལ་མཆུ་དང་གདོང་པ་སྨུག་པ་དང་རྐང་ལག་སྦྲིད་ཅིང༌། གཞོགས་གཡོན་གྱི་རྩིབ་ཐུང་གི་ཐད་དུ་གཟེར་བ་འབྱུང༌། ཁྲག་སྦོས་ལ་རྟགས་བྱིངས་དེ་འདྲ་བཞིན་གྱི་སྟེང་དུ་མདོག་སྔོའམ་ཡང་ན་སེར་བ་དང༌། ཁོང་པ་ལྕི་ལ་སྦོ་འཁྲོག་བྱེད་ཅིང་མ་མཆུ་ཐུར་དུ་འཕྱང༌། མཆེར་རླུང་ལ་ལུས་སྐྲངས་འོང་བ་དང༌། ཁོང་པ་སྦོ་འཁྲོག་བྱེད་ཅིང་འཇུ་བའི་ནུས་སྟོབས་ཆུང་བས་སྒྲེག་པའམ་འོག་རླུང་ཐོན་ན་ཅུང་ཟད་བདེ་སྙམ་བྱེད། མཆེར་པའི་བད་ཀན་ནི་མཆུ་ལ་བད་ཀན་ཆགས་ཤིང་འཁྱགས་ཏེ་གྲང་བ་དང་དགོངས་མོའི་དུས་ལྟ་བུར་ཁོང་པ་སྦོ་ལ་གཞོགས་གཡོན་ངོས་གཟེར། རླུགས་པ་ལ་སྦོ་འཁྲོག་བྱེད་ཅིང་ཕྱི་ས་སྟེ་དྲི་ཆེན་བསྡམ་མི་ཐུབ་པར་འཆོར།

དེ་རྣམས་བཅོས་པའི་ཐབས་རིམ་པ་བཞིན་གྱི་ཐོག་མ་མཆེར་ཚད་ལ། ལི་ཤི། ཀ་ཀོ་ལ། སུག་སྨེལ། གུར་ཀུམ། ཏིག་ཏ། གསེར་གྱི་མེ་ཏོག སླེ་ཏྲེས་རྣམས་ཀ་ར་དང་སྦྱར་བའི་ཕྱེ་མ་བཏང་ཞིང༌། ཀ་ཀོ་ལ་དང༌། གུར་ཀུམ། ཨ་རུ་ར། ཀ་ར་རྣམས་སྦྱར་བ་བཏང་ལ་མཆེར་པའི་རྩ་རྟ་མཐུར་དང་སྲིན་ལག་རྒྱབ་རྩ་གཏར། ཁྲག་སྦོས་ཀྱི་ནད་ལ་མ་ནུ་པ་ཏྲ་དང༌། པི་པི་ལིང༌། སུག་སྨེལ། ཤུ་དགདོང་གྲ། ན་ལེ་ཤམ། ཁ་རུ་ཚྭ་དང༌། ཤིང་ཚ། རྒྱམ་ཚྭ་རྣམས་དང་བུ་རམ་སྦྱར་བ་བཏང་ལ་ངར་གདོང་མཆེར་རྩ་རྟ་མཐུར་གཏར། མཆེར་པའི་ནད་རླུང་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་གཉིས་ཀར་སྔོན་ལ་ཤིང་ཀུན་དང་ཁ་རུ་ཚྭ་གཉིས་ཀྱི་བསྡུས་ཁུ་བཏང་བ་དང༌། ད་ལིས་ཏེ་བ་ལུའི་མེ་ཏོག སུག་སྨེལ། ཤིང་ཚ། ཁ་རུ་ཚ། ཟི་ར་ནག་པོ། ཚ་བ་སྒ་པི་ཕོ་གསུམ་རྣམས་དང་བུ་རམ་སྦྱར་བ་བཏང་ཞིང༌། མཆེར་པའི་སྟེང་དང་ཚིགས་པ་བཅུ་གཅིག་པ་ཁ་གསུམ་བསྲེག རླུགས་པའི་ནད་ལ་ཨ་ཤྭ་གནྡྷ་ཞེས་བ་སྤྲུ་བ་དང༌། རྒྱམ་ཚྭ། ཁ་རུ་ཚྭ་གསུམ་གྱི་ཕྱེ་མ་བཏང་ལ་བསྲེགས་པ་གོང་བཞིན་མཆེར་པའི་ཁ་དང་ཚིགས་པ་བཅུ་གཅིག་པ་ཁ་གསུམ་བསྲེག་ཅིང༌། ཁ་ཟས་མཛོ་དང་རྟོལ་གྱི་ཤ་བྱིན་པས་འཚོ། ཡང་ན་དབང་པོ་ལག་པ་དང༌། ནཱ་ག་པུཥྤ་དང་པདྨ་སྟེ་གེ་སར་རྣམ་པ་གསུམ་རྣམས་བུ་རམ་དང་སྦྱར་བས་མཆེར་པའི་ནད་ཀུན་སེལ་ལོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་དོན་ལྔའི་ནང་ཚན་རྗེའུ་ལྟ་བུ་མཆེར་ནད་གསོ་བའི་ལེའུ་སྟེ་སོ་བདུན་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:21 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།