སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།



ལེའུ་སོ་དགུ་པ། ཕོ་བའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཕོ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་ནི་ངལ་དུབ་རླན་གྲང་བཟའ་ཆེས་དང༌། །ཁ་ཟས་མི་འཕྲོད་པ་ལས་གྱུར་པའོ།།
དབྱེ་བ་ཕོ་ནད་ཚ་བ་གྲང་བ་གཉིས། །ཚ་བ་ཕོ་བར་འགྲམས་བབས་འཁྲུགས་བབས་དང༌། །དུག་ཐབས་གཉན་གླང་ཕོ་བ་སུར་ཡ་དང༌། །མཁྲིས་པ་ལུད་དང་མཆིན་ཁྲག་ལུད་པའོ། །མཆིན་ཁྲག་ལུད་པ་འདྲིལ་དང་མ་འདྲིལ་གཉིས། །གྲང་བ་རླུང་དང་མ་ཞུ་ལྕགས་དྲེག་ལྷེན། །མེ་ཉམས་རྡོ་སྐྲན་དམུ་རྫིང་སྲིན་དང་འབྲས། །ཚ་གྲང་བདུན་དགུ་ཕོ་ནད་བཅུ་དྲུག་གོ །འོན་ཀྱང་རླུང་དང་བད་ཀན་མཁྲིས་པ་ཁྲག །དུག་ཐབས་ཕོ་ལོག་རྒུད་པ་སྙོང་བུ་བརྒྱད། །མདོར་བསྡུས་ཕྱི་མ་ལེའུ་གཞན་དུ་གསལ།།

དེ་རྟགས་ཕོ་རླུང་སྦོ་ཞིང་སྟོང་སྒྲེག་དང༌། །འབྲབ་པ་བཞིན་དུ་ན་ཞིང་སྟོང་སྐྱུགས་བྱེད། །ཡང་ན་སྒྲ་བཅས་འཁྲོག་ཅིང་འཁྲུ་བ་ཡིན། །ཕོ་བའི་བད་ཀན་འཚིང་སྒྲེག་ཟས་མི་འཇུ། །བསིལ་ཟས་འཇུ་དཀའ་ཟོས་རྗེས་རྔུལ་གྲང་ན། །ཟས་ལ་འཁྲེན་ཅིང་འབྱར་བག་སྐྱུག་པ་དང༌། །ཡང་ན་ཁ་ཟས་མ་སྨིན་རྩམ་པ་འཁྲུ།  །ཕོ་བར་མཁྲིས་པ་ལྷུང་ན་འཁྲུ་འམ་སྐྱུག །ཁྲག་ལྷུང་ཚ་ཆེས་གྲང་ཆེས་གཉིས་ཀ་ན། །ཕོ་བ་དུག་ཐབས་མི་འཇུ་དང་ག་འགག །མིད་པ་ན་ལ་བྲང་ཚ་ཆུ་ཚན་སྐྱུག །ཤ་འབྲོས་གསུས་རྩ་བཀྲ་ལ་ཟོས་ཐོག་སྐྱུག །ཕོ་ལོག་སྦོ་ལྡེང་ཟུག་ཆེ་ལྡང་དུབ་བྱེད། །ཕོ་བ་རྒུད་པ་སྒྲེག་མང་བཅུད་མི་འཇུ། །ལྦུ་བར་སྐྱུག་ཅིང་ཉམ་ཆུང་ཆང་འཐུངས་བདེ། །སྙོང་བུ་དེང་ངེ་བརྗེད་ངས་མེད་པར་ན།།

བཅོས་ཐབས་ཕོ་རླུང་ཤིང་ཀུན་ཁ་རུ་ཚྭ། །ཕོ་བ་རིས་དང་སེ་འབྲུ་བུ་རམ་སྦྱར། །སྣ་ཚོགས་རུས་ཁུར་ཤིང་ཀུན་ཁ་རུ་ཚྭ། །ཐལ་ཚྭ་བཏབ་བཏང་དུགས་བྱ་ཕོ་གསང་བསྲེག །མར་རྙིང་ཚ་བ་གསུམ་དང་ཚྭ་སྣ་གསུམ། །སྦྱར་བས་རླུང་གིས་སྐྱུག་པ་གཅོད་པར་བྱེད། །འཁྲུ་ན་ལ་ཕུད་དོང་གྲ་ཁྱོར་བ་རེ། །ཀ་ར་འོ་མ་མར་དུ་བསྡུས་ལ་བཏང༌། །ཕོ་བའི་བད་ཀན་ཤིང་ཀུན་ཁ་རུ་ཚྭ། །སྨན་སྒ་སྦྱར་ལ་དོང་གྲའི་ཐང་གིས་དབུལ། །ཕོ་བ་དྲོད་ཆུང་ཁ་ཟས་མི་འཇུ་སེལ། །སེ་འབྲུ་སུག་སྨེལ་རྒྱམ་ཚྭ་ལ་ལ་ཕུད། །ཤིང་ཚ་ཟི་ར་བཅའ་སྒ་པི་པི་ལིང༌། །ལྕེ་མྱང་ཁ་རུ་ཚྭ་དང་བུ་རམ་སྦྱར། །དྲོད་སྐྱེད་ཟས་འཇུ་ཕོ་བའི་གཟེར་ཟུག་སེལ། །གོ་སྙོད་ན་ལེ་ཤམ་དང་ཁ་རུ་ཚྭ། །ཀ་ར་སྦྲང་སྦྱར་བད་ཀན་སྐྱུག་པ་གཅོད། །བྱི་ཏང་ག་དང་སྒྲོན་ཤིང་ཚ་བ་གསུམ། །འུ་སུ་བསྐོལ་ཁུས་བད་ཀན་འཁྲུ་བ་གཅོད། །ཕོ་གསང་མདུན་རྒྱབ་མེ་ཡིས་བསྲོ་བར་བྱ། །ཕོ་བའི་མཁྲིས་པ་གཡའ་ཀྱིའི་སྐྱུགས་ཀྱིས་དྲང༌། །དེ་རྗེས་ལྕུམ་རྩ་ཨ་རུའི་བཤལ་གྱིས་སྦྱང༌། །ཕོ་བའི་ཁྲག་ནད་ཅུ་གང་བདེ་བྱེད་སྦྱར། །སྟར་བུའི་(དུང་ཐལ་སྦྲུལ་ཤ་རྒྱ་ཚྭ་དུར་བྱིད་ཀྱི་)སྦྱོང་བཏང་རུ་ཐུང་གཉིས་ལ་གཏར། །ཕོ་བ་དུག་ཐབས་ཐར་ནུ་སྲུབ་ཀ་བ། །རི་ཤོ་རྒྱམ་ཚྭའི་སྐྱུགས་བྱ་དེ་འོག་ཏུ། །མ་ནུ་ཀཎྜ་ཀ་རི་སུག་སྨེལ་དང༌། །གུར་ཀུམ་ལི་ཤི་ཀ་ར་སྦྱར་ལ་བཏང༌། །སེ་འབྲུ་བཞི་སྦྱར་ཕོ་ལོག་ཀ་ཀོ་ལ། །སུག་སྨེལ་ཤིང་ཚ་ད་ལིས་པི་པི་ལིང༌། །ཟི་ར་ན་ལེ་ཤམ་དང་ཀ་ར་སྦྱར། །ཁ་རུ་ཚྭ་དང་རྭ་གཞོབ་བསྡུས་ཐང་བཏང༌། །ཕོ་བ་རྒུད་ན་ཨ་རུ(སྐྱུ་རུ་གོ་སྙོད་ཟི་ར་ནག་པོ་ལ་ལ་ཕུད་ཤིང་ཚ་ཕོ་བ་རིས་ཐལ་ཚྭ་རྭ་ཚ་རྒྱ་ཚྭ་ལྕེ་མྱང་ཚྭ་པི་པི་ལིང་བུ་རམ་)འི་ཅུར་ནིས་སྦྱར། །ཕོ་བ་སྙོང་བུ་ད་ལིས་ཚ་བ་གསུམ་ཤིང་ཚ་བུ་རམ་ཅུར་ནིས་སྦྱར། །ཕོ་བ་ཟས་འཇུ་བྱེད་པའི་གཞི་ཡིན་པས། །ཟས་སྤྱོད་དྲོད་བསྟེན་སེ་འབྲུ་ད་ལིས་ཤིས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཕོ་བའི་ནད་གསོ་བའི་ལེའུ་སྟེ་སོ་དགུ་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།