སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གསུམ་པ། ལྦ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་སོ་གསུམ་པ། ལྦ་བ་བཅོས་པ།



ལེའུ་སོ་གསུམ་པ།  ལྦ་བ་བཅོས་པ།

        ཁ་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། མགུལ་གྱི་ནད་ལྦ་བའི་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་རྣམ་པ་བཞི་རུ་བསྟན་ཏེ།

        རྒྱུ་རྐྱེན་གཞི་མཐུན་ནི་ཟས་དང་སྤྱོད་ལམ་གཉིས་པོ་དམན་ལྷག་ལོག་པ་ལས་དེ་རྐྱེན་གདོན་ལ་སོགས་ཀྱིས་བསྐྱེད་དེ་སྐེ་སྐོར་གྱི་རྩ་སོགས་འདུ་བ་འཁྲུགས་པས་ལྦ་བ་སྐྱེད་པར་བྱེད།

        དབྱེ་བ་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། ཚིལ་དང༌། འདུས་པའི་ལྦ་བ་དང༌། གཡང་ལྦ་དང༌། བྱུར་ལྦ་བཅས་ཏེ་བརྒྱད་ཡོད་དོ།།

        དེ་རྣམས་གང་ཡིན་ངོས་འཛིན་པའི་རྟགས་ནི་རླུང་ལས་གྱུར་པ་མགོ་མང་ལ་ཁོང་པ་སྟོང་པ་འབྱུང་ཞིང༌། མཁྲིས་པ་ལས་གྱུར་པའི་ལྦ་བ་ཕུར་ཕུར་བྱས་ཚེ་ཆུང་ལ་སྙི། ཁྲག་ལས་གྱུར་པའི་ལྦ་བ་ནི་ཁྱད་པར་དུ་དྲོད་བཅུད་ཅན་གྱི་ཁ་ཟས་དང་དྲག་ཤུལ་ཆེན་པོའི་རྐྱེན་གྱིས་སྐྱེ། བད་ཀན་ལས་གྱུར་པ་སྲ་ལ་མཁྲེགས་པ་དལ་བར་བསྡད་དུས་སྐྱེ་བར་བྱེད། ཚིལ་ལྦ་ལས་གྱུར་པ་སྐྱེ་འགག་ཅིང་ཆེ་ཆུང་སྐྱེ་འབྲི་ཆེ་བ་འབྱུང་བ་སྟེ། འདུས་པ་ལས་གྱུར་པའི་ལྦ་བ་ནང་དུ་དབུགས་སུབ་ཅིང་ངར་ངར་ཟེར་བའི་སྒྲ་འབྱུང་གཡང་ཆེན་པོ་འཁོར་བའི་ལྦ་བ་བདེ་ལ་དབྱིབས་ལེགས་པ་བྱུང་ན་བཀྲ་ཤིས་པའི་རྟགས་དང་ལྡན། བྱུར་ཆེན་པོ་འོང་བའི་ལྦ་བ་སྐྱེས་པའི་ཚེ་མི་བདེ་ཞིང་གཞན་གྱི་ལྟར་སྣང་དུ་བཞིན་མི་སྡུག་པ་ནི་བཀྲ་མི་ཤིས་པའི་རྟགས་སོ།།

        དེ་དག་རྣམས་བཅོས་པའི་ཐབས་ལ་སྤྱི་རུ་བཅོས་པ་དང་བྱེ་བྲག་ཏུ་བཅོས་པ་གཉིས་ཡོད་པ་ལས། སྤྱི་བཅོས་སུ་ཚ་བ་སྨན་ཆང་ཕྱེ་མ་དང༌། དཔྱད་དང་སྔགས་སོགས་དང་ལོག་གནོན་བཅས་པ་སྤྱི་དོན་དྲུག་གིས་བཅོས་དགོས་ཏེ་ཇི་ལྟར་དུ་བྱ་སྙམ་ན།  དང་པོ་གཡག་རྒོད་ཅེས་བྱང་འབྲོང་གི་ཨོལ་མདུད་ལ་གཙོ་བྱས་པའི་སོགས་ཁོངས་ནས་གཞན་པའི་ཨོལ་མདུད་པ་སྣ་ཚོགས་མ་རུལ་ཞིང་མ་བམ་པ་དང༌། ཚྭ་སྣ་ཚོགས་ཚད། སུག་སྨེལ། ཟི་ར། སླེ་ཏྲེས་རྣམས་ཞིབ་ཏུ་བརྡུངས་པ་བཙོས་ཏེ་སྐྱོ་ཚ་ལྟ་བུར་ལྟོ་རུ་བསྟེན་པས་འཇོམས། གཉིས་པ་སྨན་ཆང་ནི་ཨོལ་མདུད་རྣམ་པ་ཚོགས་དང༌། སྨན་སྒ། ཉ་ཤབཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག ཤིང་ཚ་དང༌། ལྦྭ་ཚ་ཞེས་ཚ་མོ་རོང་ནས་འོང་བའི་ཚྭ། རུ་རྟ། ཨུཏྤལ་རྣམས་ཆུ་དཀྱིལ་དུ་བཙོས་ནས་གདུས་ཁུ་ཆང་དང་སྦྱར་ལ་མནན་ཏེ་དྲོ་སར་བསྙལ་ལ་ལངས་ནས་སྐོམ་དུ་བསྟེན། གསུམ་པ་ཕྱེ་མ་ནི་གོང་བཤད་ཀྱི་ཨོལ་མདུད་སྣ་ཚོགས། བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག ལྦ་ཚྭ། ཤིང་ཚ། རྒྱམ་ཚྭ། ཚ་བ་སྒ་པི་ཕོ་གསུམ་ཨ་རུ་བཅས། ཀར་བུར་གཉིས་ཚ་གྲང་གི་རྟས་བསྒྱུར་ལ་ཆུ་བསྐོལ་གྱིས་དབུལ། ཡང་ན་ཨོལ་མདུད་རྙིང་པ། རྒྱ་ཚྭ་དང༌། ལྦ་ཚྭ། ཏིག་ཏ། སྤང་རྒྱན་དཀར་པོ། བ་ཤ་ཀཀ་ར་རྣམས་སྦྱར་བའི་ཕྱེ་མ་ལྟོ་སྟོང་མར་བསྟེན་པར་བྱ། ཡང་ན་གོ་བོའི་སྟོད་ཁོག གཡག་རྒོད། རྟ་དང་རྐྱང༌། སྤྱང་ཀི། སོ་བྱ་ལ་སོགས་པའི་གྲེ་བ་སྣ་ཚོགས་དང༌། ཚ་བ་སྒ་པི་ཕོ་གསུམ་དང༌། བྲག་ཞུན། ལྦ་ཚྭ་དང༌། བུར་དཀར་རྣམས་སྦྱར་བ་ལྟོ་སྟོང་དུ་ཆུ་བསྐོལ་གྱིས་དབུལ་ལ་ཟླ་ཕྱེད་ཀྱི་བར་དུ་བསྟེན་པས་ལྦ་བ་རྩད་ནས་འབྱིན་པར་འགྱུར་ལ། དེ་རྣམས་གང་གིས་ཀྱང་མ་ཞི་ན་དཔྱད་དུ་དཔུང་རྩ་སྐེ་རྩ་རྩེ་ཆུང་དང་ཐར་རྩ་རྒྱབ་ལྦ་རྩ་སོགས་གཏར། རྣ་ཤལ་འོག་དང་ལྦ་བ་རང་གི་མགོ་དང་ཨན་སྟོང་དང་པོ་རྣམས་བསྲེག། སྔགས་ཀྱིས་བཅོས་པ་སྨྲ་བ་བཅད་བྱས་ལ་བཟླས་ཏེ་ཐོག་མར་ལྦ་བའི་ཕྱི་ནས་གདབ་དགོས་པ་ནི། ཨོཾ་ནག་ཏ་རག་ཏ་པུས་པ་ཏ་སྭཱ་ཧཱ། ཞེས་དང༌། ཆུ་ལ་བཟླས་ཏེ་ཁོང་དུ་གཏང་བར་བྱ་བ་ནི། ཨོཾ་མི་ཏི་མི་ཏི་ཤག་ཀྲུག་སྭཧཱ། ཞེས་དང༌། ཨོཾ་ཁ་གུ་ག་མ་ལ་རཀྟ་ནན། ཞེས་དགུ་པ་གང་རིགས་དང༌། ཨོཾ་དམར་མོ་ཛིན་དུ། ཞེས་ལྔ་པ། ཛིན་དུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཱཧཱ། ཞེས་བརྒྱད་པ་རྣམས་རིམ་པ་བཞིན་ཐོག་མར་དགུ་པ་དང་དེ་རྗེས་ལ་ལྔ་པ་བརྒྱད་པ་དེ་རྗེས་སྦྲེལ་ལ་བཟླས་ཤིང་ཕྱིར་བཏབ་པ་དང༌། ཆུ་ལ་བཏབ་པ་ཁོང་དུ་བཏང་བས་ལྦ་བ་ཐམས་ཅད་འཇོམས། དྲུག་པ་ལོག་གནོན་དགོས་བའི་ལྦ་བ་ཤིན་ཏུ་བཅོས་དཀའ་ཞིང་སྲ་བ་ལ་ཚ་ཐུར་རྒྱབ་ལ་ཞེས་འཕར་རྩ་གཏིང་ན་ཡོད་དེ་ཁར་མི་གསལ་བས་འཕར་རྩ་ལ་ཆེར་འཛེམ་མི་དགོས་ཤིང་ཁྲག་རྩ་མེད་པའི་ལྦ་བ་གང་ཆེ་བའི་དཀྱིལ་དུ་ཚ་ཐུར་རྒྱག་ལུགས་ཕྱི་རྒྱུད་དུ་གསལ་བ་ལྟར་ཕྲེད་དུ་ཕུག་པས་ཆུ་སེར་བྱུང་ན་དེ་གས་ཕན། གང་ཡང་མ་བྱུང་ན་རུལ་གཅོད་གཞུག་ཅིང་འབྲས་ཀྱི་སྐབས་ལྟར་གསོ།

        བྱེ་བྲག་ཏུ་བཅོས་དགོས་རླུང་ལས་གྱུར་པའི་ལྦ་བ་གང་དུ་བྱུང་བའི་སྟེང་དུ་མེ་བཙའ་དང་སྣུམ་དུགས་བྱ། མཁྲིས་པ་ལས་གྱུར་པའི་ལྦ་བ་ཐུར་མ་ལྟ་བུས་ཕུག་པས་འཚོ་བར་འགྱུར། ཁྲག་ལས་གྱུར་པའི་ལྦ་བ་གང་བྱུང་བ་དང་ཉེ་བའི་ཁྲག་རྩ་གཏར་བ་དང་བསིལ་སྨན་གྱི་ཕྱེ་མ་ཙནྡན་བཅུ་པ་གློ་ནད་ཚ་སྲུབས་ཀྱི་སྐབས་ལྟར་ལ་ཏིག་ཏ་དང་བ་ཤ་ཀ་བསྣན་པ་བསྟེན། བད་ཚིལ་གཉིས་ལས་གྱུར་པའི་ལྦ་བ་ཕྱི་རྒྱུད་ལས་ལྔ་ལྟར་གྱི་སྐྱུགས་ཀྱིས་དྲངས་བ་དང་རྩུབ་འཆོས་བྱ། འདུས་པ་ལས་གྱུར་པའི་ལྦ་བ་ལ་གཉེན་པོ་གཅིག་ཏུ་མ་ངེས་པས་ཀུན་གྱིས་གསོ་བ་དགོས་ཏེ་གང་འཚམ་གྱིས་བཅོས་པར་བྱའོ། །གཡང་ལྦ་བྱུང་ན་མི་བཅོས་ཤིང་གཡང་ལོན་དང་གཡང་འགུགས་བྱ་བ་ཤིས་པ་དང༌། བྱུར་ལྦ་ལ་གདོན་བཅོས་བསྐྲད་པ་སོགས་རིམ་གྲོ་རྒྱ་ཆེ་བར་བགྱི་དགོས་པ་དང་ཚོགས་བསག་སོགས་བྱ་ཞིང༌། དེ་འོག་གང་ལ་གང་འཚམ་པས་བཅོས་དགོས་ཞེས་གསུངས་སོ།།

          ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྦ་བ་བཅོས་པའི་ལེའུ་སྟེ་སོ་གསུམ་པའོ། །དེ་ལྟར་བཤད་པའི་ལེའུ་དྲུག་པོ་དེ་ནི་ལུས་སྟོད་གསོ་བའི་སྐབས་བཞི་པའོ།། །།



 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 2:14 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།