སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གསུམ་པ། ཝ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་གསུམ་པ། ལྦ་བ་བཅོས་པ།

 ལེའུ་སོ་གསུམ་པ་ལྦ་བ་བཅོས་པ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། མགུལ་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ལྦ་བ་ཞེས་པའི་རྒྱུ་རྐྱེན་ལྷན་གཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བསྟན་པའོ། །གཉིས་པ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་དབྱེ་ན་རླུང་ལས་གྱུར་པ་དང༌། དེ་བཞིན་དུ་མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། ཚིལ་དང༌། འདུས་པ་དང༌། གཡང་ལྦ་དང༌། བྱུར་ལྦ་དང་བརྒྱད། གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ཡང་དང་པོ་རླུང་གི་ལྦ་བ། གཉིས་པ་མཁྲིས་པའི་ལྦ་བ། གསུམ་པ་ཁྲག་གི་ལྦ་བ། བཞི་པ་བད་ཀན་གྱི་ལྦ་བ། ལྔ་པ་ཚིལ་གྱུར་གྱི་ལྦ་བ། དྲུག་པ་འདུས་པ་ལས་གྱུར་པའི་ལྦ་བ། བདུན་པ་གཡང་གི་ལྦ་བ། བརྒྱད་བ་བྱུར་གྱི་ལྦ་བའོ། །བཞི་པ་བཅོས་ཐབས་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གཉིས་སྤྱི་དང་བྱེ་བྲག་གོ །དང་པོ་ལ་གཉིས་མདོར་རྒྱས་སོ།།

        དང་པོ་ནི། སྤྱི་བཅོས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཚ་བ་སྨན་ཆང་ཕྱེ་མ་དཔྱད་སྔགས་ལོག་གནོན་ཏེ་དྲུག་གོ །གཉིས་པ་ལའང་དྲུག་ལས། །དང་པོ་ནི། དང་པོ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་གཡག་རྒོད་ནི་བྱང་འབྲོང་ངོ༌། །ཚ་བ་ནི་འདིར་སྨན་དེ་དག་ཆུ་དང་ལྷན་དུ་སྐོལ་བའི་སྐྱོ་ཚ་ཚན་མོ་ལ་བྱའོ། །གཉིས་པ་ནི། སྨན་ཆང་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང་ལྦ་ཚ་ཤིང་ཚ་ཐུག་པོ་ལ་དྭ་ཚ་འམ་ལྦ་ཚར་བཞེད་ཀྱང༌། འདིར་ལྦ་ཚ་རང་བཞིན་གྱི་ཚྭ་ཞེས་སོ་སོར་བཤད་ཅིང་བཤད་རྒྱུད་དུ། ཡ་བག་ཀྵ་ར་སོགས་དང་ཕྱོགས་གཅིག་ཏུ་བཤད་པས། སྟོད་ནས་ཡོང་བའི་དཀར་ཞིབ་ཚ་ཞིང་ལན་ཚྭ་བ་ཡོད་པ་དེའི་ཆུ་རྒྱུད་མིང་ལ་བྱ་ཀེ་ཞེས་ཧ་ཅང་མགྲིན་པ་ཕྲ་བར་བྱེད་པ་དེ་ཡིན་ལ། ཞིང་ལ་ཆགས་པའི་བ་ཚྭས་ཀྱང་ཚབ་རུང་ངོ༌། །ཞེས་བླ་རྟ་བཞེད་ཀྱང༌། དེང་སང་ཚ་མོ་རོང་ནས་ཡོང་བ་དེའོ། །གསུམ་པ་ནི། ཕྱེ་མ་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། གཡག་རྒོད་ནི་བྱང་འབྲོང་ལ་བཞེད་པའོ། །བཞི་པ་ནི། དཔྱད་དུ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་དཔུང་རྩ་དང་རྩེ་ཆུང་ཐོང་རྩ་སོགས་སྐེའི་ཁྲག་རྩ་དང་རྣ་བའི་རྒྱབ་ཀྱི་ལྦ་རྩ་གང་རྒྱས་གཏར་རོ། །ལྔ་པ་ནི། སྔགས་བཅོས་ཞེས་རྐང་པ་བརྒྱད་ཀྱིས་བསྟན་ཏེ། དེ་ལ་ཐོག་མར་དགུ་པ་ནི། ཨོཾ་ན་གྷ་སོགས་ཕྱི་ནས་སྔགས་ཆུ་ལ་བཏབ་པའི་ཐོག་མར་ལྦ་བའི་ཕྱི་ནས་འདེབས་པའམ། ཨོཾ་མི་ཏི་མི་ཏི་ཤིག་ཀྲུག་སྭཱ་ཧཱ། །ཞེས་པ་འདི་ཁྲི་ཕྲག་ཙམ་བགྲངས། དེ་ནས་ལྔ་པ། ཨོཾ་ཁ་ཁུག་སོགས་དང༌། དགུ་པ་ཨོཾ་དམར་སོགས་སྦྲེལ་ཞིང་བཟླའོ། །དྲུག་པ་ལོག་གནོན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་དམར་ཁྲིད་ལས་ཚ་ཐུར་རྒྱབ་ལ་རུལ་བཅད་འབྲས་ལྟར་གསོ་ཞེས། འཕར་རྩ་གཏིང་ན་ཡོད་པས་ཁར་མི་གསལ། ཁྲག་རྩ་མེད་པའི་ལྦ་བ་མགོ་གང་ཆེའི་དཀྱིལ་དུ་ཚ་ཐུར་ཕྱེད་དུ་ཕུག ཚ་ཐུར་རྗེས་ཆུ་སེར་བྱུང་ན་དེ་ཁས་སོས། ཅི་ཡང་མ་བྱུང་ན་རུལ་བཅོང་གཞུག་གོ་ཞེས་འབྱུང་ངོ༌། །གཉིས་པ་ནི། བྱེ་བྲག་ཅེས་རྐང་པ་བརྒྱད་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་དེ་འོག་གང་འཚམ་བཅོས་པ་ནི། ཕྱུར་ལྦ་ཐོག་མར་གདོན་བཅོས་རིམ་གྲོ་བྱས་པའི་རྗེས། འདུ་བའི་ནད་རིགས་ལྔ་པོ་གང་ལ་གང་འཚམ་གྱིས་བཅོས་གཅེས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་སུམ་ཅུ་སོ་གསུམ་པའོ་ཞེས་པས་བསྟན་ནོ། །ཞེས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་བཞི་པ་ལུས་སྟོད་གསོ་བའི་གནས་ཀྱི་བརྗོད་བྱ་རྣམས་ལྷག་མ་མ་ལུས་པ་བསྟན་ཟིན་ཏོ། །འདིར་སྨྲས་པ། དབང་ཤེས་ཆགས་ལྡན་མིག་གི་གཉིས་འཐུང་ན། །དབང་རྟེན་མཛེས་མ་བཞིན་རས་ལྕགས་ཀྱུས་འཛིན། །ཡིད་ཤེས་བདེ་ཆེན་ལ་སྦྱོར་ཁ་ལོ་བ། །རྟེན་དང་བརྟེན་པའི་སྒྱུ་འཕྲུལ་འདི་ངོ་མཚར། །ཚེ་རིང་ནད་མེད་ལང་ཚོའི་ལྷ་ལམ་ཡངས། འཚོ་ཐབས་རང་བཞིན་གསལ་བའི་མདངས་ཀྱིས་ཁྱབ། །རྣམ་བཤད་ནོར་བུའི་འོད་ཀྱི་སྣང་བ་ཡང༌། །གཞུང་དོན་ཉི་ཟླའི་མཐུ་ལས་མཚར་སྙམ་བགྱི། །ཞེས་པ་འདི་བར་སྐབས་གྱི་ཉམས་ལྡན་ནོ། །སྐབས་དོན་ལྔ་པ་དོན་སྣོད་གསོ་བ་ལ་གཉིས། བསླབ་པར་ཞུས་པ་དང༌། དེའི་ལན་གསུངས་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་བཞི་དང་འབྲུ་བཞིས་བསྟན་པའོ། །གཉིས་པ་ལ་གསུམ། ཉན་པར་བསྐུལ་བ་དང༌། རྣམ་གྲངས་མདོར་བསྟན་པ་དང༌། སོ་སོའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། དྲང་སྲོང་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། དོན་སྣོད་ཅེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་རྒྱས་པར་བཤད་པ་ལ་ལེའུ་བརྒྱད་ཀྱིས་བསྟན་ཏེ། སོ་བཞི་པས་སྙིང་ནད་གསོ་བ། སོ་ལྔ་པས་གློ་བ་གསོ་བ། སོ་དྲུག་པས་མཆིན་པ་གསོ་བ། སོ་བདུན་པས་མཆེར་པ་གསོ་བ། སོ་བརྒྱད་པས་མཁལ་མ་གསོ་བ། སོ་དགུ་པས་ཕོ་བ་གསོ་བ། བཞི་བཅུ་པས་རྒྱུ་མ་གསོ་བ། ཞེས་གཅིག་པས་ལོང་གི་ནད་གསོ་བ་བསྟན་ནོ།།

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 3:58 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།