སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གཉིས་པ། ཁའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་གཉིས་པ། ཁའི་ནད་གསོ་བ།

ལེའུ་སོ་གཉིས་པ་ཁའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ཁ་ཡི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཁའི་ནད་ཀྱི་རྒྱུ་བཤད་པ་དང༌། དེ་བཞིན་དུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་ཏེ་བཞི་བསྟན་པ་ལས། དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་དྲུག་གོ །གཉིས་པ་ལ་དྲུག་ལས། དང་པོ་མཆུ་ནད་དྲུག་བཤད་པ་ནི། མཆུ་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང༌། གྲེ་མ་ཆུ། ཤོ་རེ། བད་ཀན། གཅེན། ཁྲག་རྒྱས། ཁ་ཤུ་དང་དྲུག་གོ་ །གཉིས་པ་ནི་སྙིལ་ནད་གཅིག་གོ། གསུམ་པ་སོ་ནད་དྲུག་བཤད་པ་ནི། སོ་ནད་ཅེས་པ་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང༌། སོ་ནད་བད་ཀན་ཅན་དང་དེ་བཞིན་དུ་རླུང་དང་མཁྲིས་པ་དང༌། སོ་འབྲས་དང༌། སོ་སྲིན་དང་དྲུག་གོ་ །བཞི་པ་ལྕེ་ནད་ནི། ལྕེ་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། ལྕེ་ལྷག་དང༌། ལྕེ་སྐྲངས་དང་ལྔའོ། །ལྔ་པ་རྐན་ནད་བཤད་པ་ནི། རྐན་ནད་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ལྕེ་ཆུང་བབས་པ་དང༌། ལྕེ་འདྲ་དང༌། རྐན་འབྲུམ་དང༌། ཆུ་བུར་དང༌། རུས་སྤལ་དང༌། རྐན་སྨན་དང་དྲུག་གོ་ །དྲུག་པ་གྲེ་ནད་བཤད་པ་ནི། གྲེ་བའི་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་རླུང་དང༌། མཁྲིས་པ་དང༌། ཁྲག་དང༌། བད་ཀན་དང༌། འདུས་པ་དང༌། འབྲས་དང༌། རྨེན་བུ་དང་བདུན་ཏེ་དྲིལ་པས་སུམ་ཅུ་ཐམ་པའོ། །གསུམ་པ་རྩ་བ་དྲུག་ལས། དང་པོ་ནི། མཆུ་ནད་དྲུག་ནི། དེ་རྟགས་ཞེས་རྐང་པ་ལྔས་བསྟན་ནོ། །གཉིས་པ་སྙིལ་ནད་གཅིག་ནི། སྙིལ་ནད་ཅེས་རྐང་པ་གཅིག་གིས་བསྟན་ནོ། །གསུམ་པ་སོ་ནད་དྲུག་ནི། རླུང་གི་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །བཞི་པ་ལྕེ་ནད་ལྔ་ནི། རླུང་གི་ཞེས་རྐང་པ་ལྔས་བསྟན་ནོ། །ལྔ་པ་རྐན་ནད་བདུན་ནི། ལྕེ་ཆུང་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །དྲུག་པ་གྲེ་ནད་བདུན་ནི། གྲེ་བ་ཞེས་རྐང་པ་བདུན་གྱིས་བསྟན་ནོ། །བཞི་པ་ལའང་རྩ་བ་དྲུག

དང་པོ་ནི། མཆུ་ནད་དྲུག་གི་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་བཅུ་གསུམ་གྱིས་བསྟན་ཏེ། དེ་ཡང་གྲེ་མཆུའི་ཤ་རྨེན་དེ་འབྲུད་ཅིང་བརྡར་ལ་ལྕགས་བསྲེགས་ཀྱིས་བསྲེགས། སེང་ཕྲོམ་ནི་ཞུ་མཁན་ནོ། །འཇིབ་རྩི་ནི་པྲི་ཡང་ཀུའོ། །ཤོ་རེའི་དར་གྱིས་བཙེམས་པ་ནི་སྦས་པའི་འགྲོས་སུ་བཙེམས་སོ། །བད་ཀན་མཆུ་ནད་ཀྱི་སྒེ་གཤེར་ནི་སྒ་རྒོད་དམར་པོའམ། པ་ཊ་ནི་གནྡྷ་པ་ཊ་དྲི་ཉལ་ཞེས་པར་བསྒྱུར་ལ་མཁལ་མ་གོ་ཡུར་འདོད་པ་མང་ངོ༌། །སྲིན་ལག་གཡོན་གྱི་ཚིགས་མགོའི་འོག་ནི། ལག་ཡུ་ངོས་ཀྱི་སོར་ཚིགས་ནི་སོའི་འོག་རྩེ་རྒྱུས་པར་མ་སོང་བ་བསྲེགས་ཏེ་མཆེར་རྩ་ཡོད་དོ། །ཁྲག་རྒྱས་ཀྱི་མཆུ་རྩ་ནི་མཆུ་དང་གང་ཉེའི་རྩ་དང་མཆེར་པ་དང་འབྲེལ་བ། མཆེར་ཚད་རྟ་མཐུར་སྲིན་ལག་རྒྱབ་རྩ་གཏར། །ཞེས་པ་དེའམ། ཁ་ཤུའི་ཁྱི་བྲེ་ནི་ཁྱི་འོག་ཅན་གྱི་རྨོང་སྤུའོ། །ལྷམ་མཐིལ་ནི་ཨ་ཀྲད་རྙིང་པའོ། །གཉིས་པ་སྙིལ་ནད་གཅིག་པོའི་བཅོས་ནི། སྙིལ་ནད་ཅེས་རྐང་པ་བདུན་གྱིས་བསྟན་ཏེ། དེ་ལྟར་མཁུར་བཀང་ནི་སྨན་ཁུས་སོ། །སྙིལ་ནུབ་བར་མཁུར་བ་བཀང་སྟེ་ཡུན་དུ་བཞག་ནས་ཕོའོ། །གསུམ་པ་སོ་ནད་དྲུག་གི་བཅོས་ཐབས་ནི། སོ་ནད་ཅེས་རྐང་པ་ཉེར་བཞིས་བསྟན་ཏེ། དེ་ཡང་རླུང་ལྡན་གྱི་རླུང་འཇོམས་སྨན་ནི་ཛཱ་ཏི་ཤིང་ཀུན་སོགས་སོ། །ཁྲག་མཁྲིས་གཏར་བ་ནི་ཕྱི་རྒྱུད་གཏར་ལེ་ལས་སོ་ནད་སོ་རྩ་རྩེ་ཆུང་དཔུང་རྩ་གཏར། ཞེས་པའོ། །སོ་འབྲས་ཀྱི་བཤལ་ནི། ན་ལེ་ཤམ་སྟེ་དྲོད་སྨན་ཧྲིལ་མོའོ། །སོ་སྲིན་གྱི་རྟ་སྦངས་ནི་རྟ་གསེབ་སྔོ་ནག་གི་སྦང་དགོས་པའོ། །ས་རྫི་ཀ་ནི་སྙེ་ནག་མོའོ། མཁར་གོང་མེར་བསྲེགས་བདུག་ས་ནི་སླ་ང་ཆུས་བཀང་བའི་དབུས་སུ་རྡོའི་སྒྱིད་པུ་མགོ་གསུམ་བཙུགས་པའི་སྟེང་དུ་རྡོ་ལེབ་བཞག་པའི་ཁར་མཁར་གོང་སྲིན་ཅན་བསྲེགས་པ་དམར་ལམ་མེ་བ་བཞག དེའི་སྟེང་དུ་སྨན་བཏབ་ཆ་དཔྱད་རྔུབས་ཀྱིས་སོ་ན་སར་བདུགས་སྲིན་བུ་ཆུ་ནང་དུ་བྲུལ་ཡོང་ངོ༌། །བྱེ་སྟག་ཅེས་པ་ནི། བརྡ་སྤྲོད་ལྔ་པ་ལས་བྱེ་སྟག་ཁྲ་བོ་ནི་ཕྱེ་ལེབ་སེར་ཁྲའོ། །ཞེས་སོ།།

        སྣ་དྲུང་ཞེས་པ་ནི། སྣའི་ཀ་བའི་དྲུང་དུ་བཤད་པ་དང༌། རྣ་བའི་དྲུང་རྣ་བའི་བུ་གའི་མདུན་ལ་གཉིས་སྣང་བས་གང་ཉེ་བསྲེག་གོ །སྲིན་ལག་གི་ཚིགས་མགོ་དང༌། ཕྱི་མཁྲིག་གི་རུས་མགོ་སྟེ་མཁྲིག་མའི་ལག་པ་རྒྱབ་ཕྱོགས་ཀྱི་མར་ཟུར་གྱི་ཚིགས་འབུར་དེ་བསྲེག་གོ བཞི་པ་ལྕེ་ནད་ལྔ་བཅོས་པ་ནི། ལྕེ་ནད་ཅེས་རྐང་པ་བཅུ་དྲུག་གིས་བསྟན་ཏེ། རླུང་གྱུར་གྱི་མཁུར་བཀང་སྣ་སྨན་ནི་འོ་མར་རླུང་སྨན་བཏབ་པའོ། །མཁྲིས་གྱུར་གྱི་མངར་བའི་མཁུར་བཀང་ནི། ཤིང་མངར་རྒུན་འབྲུམ་ཀ་རའོ། །བད་གྱུར་གྱི་ཀེ་ཚེ་ནི། འཁྲུངས་དཔེར། ཀེ་ཚེ་ལོ་མ་ནག་ལ་རྩུབ། །སྡོང་པོ་མེ་ཏོག་འབྲས་བུ་གསུམ། །ཡུངས་ནག་དག་དང་འདྲ་བ་ཡིན། །རོ་ནི་ཚ་ལ་རྩུབ་པ་ཡིན། །ནུས་པས་སྐྲངས་དང་ལྷོག་པ་འདུལ། །ཞེས་པ་དེའོ། །ལྕེ་སྐྲངས་ཀྱི་ལྷོག་པར་དུགས་བྱ་ནི། བྱ་བྲའི་དུགས་བྱའོ། །སྔོའི་ཚ་བ་གསུམ་ནི། ལྕེ་ཚ། དབྱི་མོང་སྲུབ་ཀ་ཡིན་ལ། འོག་ཏུ་སྲུབ་ཀ་འབྱུང་བ་སྲུབ་ཀ་སྟེ་རྩྭ་སྲུབ་ཀའོ། །དར་བཙག་ཕྱེ་ནི་རྒྱ་ཚྭ་ཐར་ནུ་སྔོའི་ཚ་བ་གསུམ་སྲུབ་ཀ་ཟོ་མར་ཕུར་ཐལ་སྔོན་བུ་རྩ་མཁྲིས་ཆུ་སེར་སྨན་གསུམ་རྣམས་ཐུན་གསུམ་གསུམ། སྲེ་མོའི་ཤ་དེ་རྣམས་ཀྱི་སུམ་གཉིས། དུར་བྱིད་ཀུན་གྱི་གསུམ་རྣམས་དར་ཚགས་ལ་བཙགས་པའི་ཕྱེ་མ་དྲི་ཆུར་འཇམ་ཙམ་བསྲོས་ལ་མནན་ཅིང་བསྙལ་བའོ། །ལྔ་པ་རྐན་ནད་བདུན་བཅོས་པ་ནི། ལྕེ་ཆུང་ཞེས་རྐང་པ་བཅོ་བརྒྱད་ཀྱིས་བསྟན་ཏེ། ལྕེ་ཆུང་བབས་པའི་སྤྱི་བོའི་སྐྲ་འཐེན་ཚུལ་ནི་འཕང་ལོའི་མིག་གི་ནང་དུ་སྐྲ་འཐེན་ནས་ཤིང་བུས་གཅུས་ལ་བཞག་གོ །ཆ་བྱད་ལྕགས་ཀྱིས་བསྲེག་པའི་ལག་ལེན་དམར་ཁྲིད་ཡིག་ཆུང་དུ་གསལ་བས་དེར་ལྟོས་ཤིག །མཁུར་བཀང་རྣོན་པོ་བཅང་བ་ནི་རྒྱ་ཚྭ་རུ་རྟ་བུལ་ཏོག་ཤུ་དག་སོགས་སོ། །དྲུག་པ་གྲེ་བའི་ནད་བདུན་གྱི་བཅོས་ཐབས་ནི། གྲེ་བ་ཞེས་རྐང་པ་དགུ་དང་འབྲུ་གསུམ་གྱིས་བསྟན་ཏེ། བད་འགྱུར་གྱི་རྩུབ་པ་ནི་སྐྱུར་བ་དང་ཚ་བའོ། །དེ་ཡང་གྲེ་འབྲས་ཀྱི་དུགས་ལུམས་ནི། མཁན་པ་སྤྲུ་བ་ཉ་ཤ་སོགས་སོ། །གཏར་བ་ནི་གང་ཉེའི་རྩ་ལྕེ་རྩ་དང་རྩེའུ་ཆུང་སོགས་གཏར་བར་བྱའོ། །བསྐ་བའི་སྡེ་དང༌། མངར་བ་ནི་མངར་བའི་སྨན་གྱི་སྡེར་བཤད་པ་ཀུན་འདྲའོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་སུམ་ཅུ་སོ་གཉིས་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 3:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།