སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གཉིས་པ། ཁ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་སོ་གཉིས་པ། ཁ་ནད་གསོ་བ།



ལེའུ་སོ་གཉིས་པ། ཁ་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ཁ་ཡི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་རུ་བཤད།།

རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །འདུ་བ་འཁྲུགས་པས་ཁ་ནད་སྐྱེད་པར་བྱེད།།

དབྱེ་བ་མཆུ་རྙིལ་སོ་ལྕེ་གྲེ་བ་རྐན། །མཆུ་ནད་གྲེ་མཆུ་ཤོ་རེ་བད་ཀན་དང༌། །གཅེན་དང་ཁྲག་རྒྱས་ཁ་ཤུ་དྲུག་ཏུ་བཤད། །སོ་ནད་བད་རླུང་ཁྲག་མཁྲིས་སོ་འབྲས་སྲིན། །ལྕེ་ནད་རླུང་མཁྲིས་བད་ཀན་ལྕེ་ལྷག་སྐྲངས། །རྐན་ནད་ལྕེ་ཆུང་བབས་དང་ལྕེ་འདྲ་དང༌། །རྐན་འབྲུམ་ཆུ་བུར་རུས་སྦལ་རྐན་སྨིན་ནོ། །གྲེ་བའི་ནད་ལ་རླུང་དང་མཁྲིས་པ་ཁྲག  །བད་ཀན་འདུས་པ་འབྲས་དང་རྨེན་བུའོ། །སུམ་ཅུ་ཐམ་པ་ཁ་ནད་དབྱེ་བར་བཤད།།

དེ་རྟགས་གྲེ་མཆུ་མཆུ་ནད་ཤ་རྨེན་སྐྱེས། །ཤོ་རེ་མཆུ་གས་བད་ཀན་སྐྱ་ཚོས་ཚ། །གཅེན་ནི་འབྲུམ་ཐོར་ན་ལ་ཚ་བ་འབྱུང༌། །ཁྲག་རྒྱས་སྨུག་ལ་སྦོམ་པར་སྐྲངས་པ་ཡིན། །ཁ་ཤུ་མཆུ་ལ་ཤུ་བ་ཆགས་པའོ། །རྙིལ་ནད་གཡའ་ཞིང་འདྲུལ་ལ་ཁྲག་རྣག་འཛག །རླུང་གིས་སོ་ནད་བེར་བ་ལངས་ནས་ན། །འཕར་རྩ་འཁྱུག་ཅིང་གྲང་མོ་བཟོད་ཐབས་མེད། །ཁྲག་མཁྲིས་དྲོད་ཆེ་རྩ་རྒྱངས་བཅུད་ཟས་གནོད། །བད་ཀན་སོ་ནད་རྙིལ་འདྲུལ་དྲི་མི་ཞིམ། །སོ་འབྲས་སོ་རྩར་སྐྲངས་ཤིང་རྣག་ཏུ་འགྱུར། །སྲིན་ནད་ཚ་གྲང་གང་ཡང་རེག་ཐབས་མེད། །ལྡང་དུབ་བྱེད་ཅིང་ཟུག་ལངས་ལྷང་ལྷང་གཟེར། །རླུང་གི་ལྕེ་ནད་རྩུབ་འགགས་རོ་མི་ཚོར། །མཁྲིས་གྱུར་འབྲུམ་པ་དམར་པོ་ཚ་བས་ཁྱབ། །བད་ཀན་ལྕེ་ནད་སྐྱ་འཇམ་ཆེར་མི་བདེ། །ལྕེ་ལྷག་ལྕེ་འོག་ལྕེ་འདྲ་སྐྲངས་ཏེ་ན། །ལྕེ་སྐྲངས་ཁ་ཁེངས་ཆུ་འཛག་ཟས་མི་ཐར། །ལྕེ་ཆུང་བབས་པ་བ་ཡི་ནུ་ལྟར་རྒྱས། །ལོག་འགགས་ཟས་སྐོམ་མི་ཐར་སྣར་འོང་སྐྱུག །དེ་འདྲ་ལྕེ་ཆུང་འགྲམས་སྐྲངས་ལྕེ་འདྲ་ཡིན། །རྐན་འབྲུམ་རྐན་ཕུགས་འབྲུམ་བུ་ཆུ་སེར་འཛག །ཆུ་བུར་རྐན་དཀྱིལ་འབྲུམ་པ་སྙི་ལ་རྡོལ། །རུས་སྦལ་ན་ཚ་མེད་པར་སྐྲེད་པོར་སྐྲངས། །རྐན་སྨིན་རྐན་ལས་རྣག་འཛག་གྱུར་པའོ། །གྲེ་བ་རླུང་གྱུར་རྣ་བ་འགྲམ་པ་གཟེར། །གྲེ་བ་ནང་སྐྲངས་ཚ་ལ་སྐམ་པ་ཡིན། །ཁྲག་མཁྲིས་སྐྲངས་དམར་ཚ་སྐྱེ་རྣག་ཏུ་འགྱུར། །བད་ཀན་སྐྲངས་མདོག་སྐྱ་ལ་ལྗན་ལྗིན་མང༌། །འདུས་པ་གྲ་མས་གང་སེམས་འབྲུམ་བུ་འབྱུང༌། །འབྲས་ནད་ཕྱི་ནང་མྱུར་སྐྲངས་རྣག་ཏུ་འགྱུར། །རྨེན་བུ་སྲ་ལ་ཟུག་ཆུང་སྨིན་མི་བྱེད།།

བཅོས་ཐབས་གྲེ་མཆུ་བྲུད་ལ་ལྕགས་ཀྱིས་བསྲེག །སེང་ཕྲོམ་འཇིབ་རྩི་འབྲས་གསུམ་སྦྲང་སྦྱར་བྱུག །ཤོ་རེ་གཡས་གཡོན་མཐའ་དྲས་མཁྲིས་པ་བྱུག  དར་གྱིས་བཙེམས་ལ་ཧེལ་སྲབ་སྤྱིན་ཆུས་བསྡམ། །གད་མོ་མི་དགོད་བལྡད་མི་དགོས་པ་བཟའ། །རྨེན་པ་འཁྲིགས་ནས་སྐུད་པ་བཏོན་ལ་གསོ། །བད་ཀན་ཨ་རུ་སྒེ་གཤེར་ཐལ་བ་བྱུག །ཡང་ན་ཨ་རུ་ར་དང་བུ་རམ་བྱུག །ཡང་ན་སྦྲང་རྩི་པ་ཋ་ཚ་གསུམ་བྱུག །སྲིན་ལག་གཡོན་གྱི་ཚིགས་བར་འོག་ངོས་བསྲེག །གཅེན་ལ་ཁྲག་དབྱུང་སེང་ཕྲོམ་ལྡེ་གུ་བྱུག །ཁྲག་རྒྱས་སྐྱུ་རུའི་ཐང་བཏང་མཆུ་རྩ་གཏར། །ཁ་ཤུ་བརྟོལ་ལ་ཁྱི་དབྲེ་ལྷམ་མཐིལ་གླན། །རྙིལ་ནད་དོམ་མཁྲིས་རྒྱ་སྐྱེགས་བ་ཤ་ཀ །ཀྱི་ལྕེ་ཧོང་ལེན་ཞུ་མཁན་ཀ་ར་མར། །སྦྱར་བ་མཁུར་བཀང་སྣ་ཡི་སྨན་དུ་བཏང༌། །གླ་སྒང་སྐྱེར་པ་བཅའ་སྒ་འབྲས་བུ་གསུམ། །འཇིབ་རྩི་སྦྲང་དང་སྦྱར་བའི་མཁུར་བཀང་བཅང་། །སྐྱེར་པ་རུ་རྟ་གླ་སྒང་ཤུ་དག་བཙོད། །པ་ཋ་ཧོང་ལེན་ཡུང་བ་སྦྲང་མཁུར་བཀང༌། །སོ་ནད་རླུང་གྱུར་སྣུམ་ལྡན་དུགས་ཀྱིས་བདུག །རླུང་འཇོམས་སྨན་དང་ཞུན་མར་བསྐོལ་བས་བསྲེག །ཤིང་མངར་ཏིལ་སྦྲང་འོ་མ་མཁུར་བར་བཅང་། །འཕར་རྩ་མེས་མནན་འབྲས་བུའི་སྨན་མར་སྦྱར། །ཁྲག་མཁྲིས་སོ་ནད་སྐྱུ་རུའི་ཐང་བཏང་གཏར། །འབྲས་བུ་གསུམ་དང་རུ་རྟ་བ་ཤ་ཀ །རྒྱ་སྐྱེགས་སྐྱེར་པ་ཀ་ར་མཁུར་བཀང་བཅང༌། །ཙན་དན་དཀར་དམར་ལྡེ་གུ་ཕྱི་ནས་བྱུག །བད་ཀན་སོ་བྲུད་བུལ་ཏོག་སྦྲང་རྩི་བྱུག །ཡང་ན་ཅོང་ཞི་སྦྲང་སྦྱར་སྟར་བུ་བྱུག །སོ་འབྲས་སྲུབ་ཀ་རྒྱ་ཚྭ་ནལ་ཤམ་བྱུག །རྙིལ་ནད་ལྟར་བཅོས་མ་ཕན་བྲུད་ལ་བསྲེག  སོ་སྲིན་རྟ་སྦངས་ཕུར་མོ་སྤྲུ་དུགས་བྱ། །ཤིང་ཀུན་ནག་མཚུར་རུ་རྟ་བྱི་ཏང་ག །ས་རྫི་ཀ་དང་མར་སྦྱར་མཁུར་བར་དགང་། །ཏིག་ཏ་ཐང་ཕྲོམ་སག་རྩི་ཤ་ཚིལ་ལམ། །ར་ཚིལ་སྦྱར་བ་འཁར་གོང་མེས་བསྲེག་བདུག།ཡང་ན་ཐང་ཕྲོམ་སྒོག་སྐྱ་མུ་ཟི་དང༌། །གུ་གུལ་ནག་པོ་བཤུལ་ཚིལ་དེ་བཞིན་བདུག །ཤ་ཚིལ་ཤིང་ཀུན་བྱི་ཏང་ག་གླན་བསྲེག །བྱེ་སྟག་བུ་རམ་རིལ་བུ་སོ་སྟེང་བཞག །རྣ་དྲུང་སྲིན་ལག་ཕྱི་མཁྲིག་རུས་མགོ་བསྲེག །རླུང་འབྲེལ་བཙན་དུག་དྲོད་སྨན་མར་བཙོས་བདུག །ཁྲག་མཁྲིས་འབྲེལ་ན་གང་ཉེའི་རྩ་ལ་གཏར། །ལྕེ་ནད་རླུང་གྱུར་མཁུར་བཀང་སྣ་སྨན་བཏང༌། །མཁྲིས་གྱུར་མངར་བས་མཁུར་བཀང་ལྕེ་རྩ་གཏར། །བད་གྱུར་སྐེ་ཚེ་ཚ་གསུམ་སྦྲང་སྦྱར་བྱུག །ལྕེ་ལྷག་ཕྱེད་བཅད་ལྕགས་བསྲེགས་ཐལ་སྨན་གདབ། །ལྕེ་སྐྲངས་སྤྱང་ལྕེ་སྦལ་པའི་ཤ་ཁུས་བདུག །མ་ཕན་ལོག་མར་དུགས་བྱ་སྨིན་ནས་དབྲལ། །དེ་ཤུལ་རྒྱ་ཚྭ་རུ་རྟ་ཤུ་དག་གདབ། །དེ་འོག་དྲོད་བཅུད་བསྟེན་པས་རྨེན་མི་ལྡང་། །རྒྱ་ཚྭ་ཐར་ནུ་སྔོ་ཡི་ཚ་བ་གསུམ། །སྲུབ་ཀ་གཟེ་མ་ཕུར་ཐལ་སྔོན་བུ་དང༌། །རྩ་མཁྲིས་ཐལ་ཀ་རྡོ་རྗེ་སོ་མ་ར། །སྲེ་མོང་ཤ་དང་དུར་བྱིད་དར་བཙགས་ཕྱེ། །དྲི་ཆུ་སྦྱར་བ་འཇམ་ཙམ་སྲོས་ལ་མནན། །ལྕེ་ལ་བྱུག་ཅིང་རས་ལ་བསྐུས་ལ་གླན། །ཟུག་སྐྱེས་གྱུར་ནས་ལྕེ་ཡི་རྩ་ལ་གཏར། །ལྕེ་ལྷག་ལྡིབ་འཐེན་སྐྲངས་སོགས་ལྕེ་ནད་སེལ། །ལྕེ་ཆུང་བབས་ན་སྤྱི་བོའི་སྐྲ་འཐེན་བསྲེག །རུ་རྟ་རྒྱ་ཚྭ་ཤུ་དག་ན་ལེ་ཤམ། །གཡེར་མའི་ཕྱེ་གདབ་ཉ་ཁུའི་ཚ་བས་བདུག །ཁྲག་དབྱུང་མ་ཕན་ཕྱེད་བཅད་ལྕགས་ཀྱིས་བསྲེག །ལྕེ་འདྲ་ཁྲག་དབྱུང་ཡ་བཀྵ་ར་གདབ། །རྐན་འབྲུམ་བཞར་ལ་བུལ་ཏོག་ཕྱེ་མ་གདབ། །ཆུ་བུར་རུས་སྦལ་གཉིས་ལ་ཁྲག་ཕྱུངས་ལ། །ནག་མཚུར་སྐྱེར་པའི་ཁཎྜ་སྦྲང་སྦྱར་བྱུག །རྐན་རྨེན་དྲལ་ལ་གཅོད་སྨན་ཕྱེ་མ་གདབ། །རྐན་དང་རྙིལ་ནད་བད་ཀན་ཁྲག་འཕེལ་ཕྱིར། །མཁུར་བཀང་རྣོན་པོས་སྦྱང་ཞིང་གཏར་མང་གདབ། །གླ་སྒང་ཡ་བཀྵ་ར་ལྕེ་མྱང་ཚྭ། །སྐྱེར་ཤུན་ལྡོང་རོས་སྦྲང་རྩིའི་མཁུར་བཀང་བཅང༌། །པ་ཏོལ་བཅའ་སྒ་སླེ་ཏྲེས་འབྲས་བུ་གསུམ། །ཏིག་ཏ་ཀྱི་ལྕེ་སྦྲང་རྩིའི་མཁུར་བཀང་བཅང་། །རུ་རྟ་ཤུ་དག་སྟར་བུ་འབྲས་བུ་གསུམ། །ཚ་བ་གསུམ་དང་རྒྱ་ཚྭ་བུལ་ཏོག་མཚུར། །སྦྲང་རྩིའི་མཁུར་བཀང་གཡའ་འདྲུལ་རྣག་འཛག་སེལ། །གྲེ་བ་རླུང་གྱུར་རླུང་འཇོམས་སྨན་མཁུར་དགང༌། །ཁོང་དུ་བསྟེན་ཞིང་རིལ་བུ་མུར་བར་བྱ། །ཁྲག་མཁྲིས་མངར་བསིལ་མཁུར་བཀང་མང་དུ་གཏར། །བད་ཀན་འདུས་པ་རྩུབ་པའི་སྨན་གྱིས་བཅོས། །གྲེ་འབྲས་རྨེན་བུའི་དུགས་ལུམས་གཏར་རྗེས་བསྲེག །རྣ་ཤལ་འོག་གཤོང་མེ་བཏབ་རོ་མི་ལྡང༌། །གྲེ་བའི་ནད་ཀུན་ཨ་རུ་བཙོ་བསྲེག་ཐང༌། །མངར་བའི་ཐང་དང་རིལ་བུ་ཁ་མུར་བསྟེན། །ཉ་ཁུས་བདུག་ཅིང་སྒང་རྩ་སྐྱོར་གོང་གཏར། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཁ་ནད་གསོ་བའི་ལེའུ་སྟེ་སོ་གཉིས་པའོ།། །།


 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:12 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།