སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གཅིག་པ། སྣའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སོ་གཅིག་པ། སྣའི་ནད་གསོ་བ།

ལེའུ་སོ་གཅིག་པ་སྣའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྣ་ནད་ཅེས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་རྒྱུ་རྐྱེན། དབྱེ་བ། བཅོས་ཐབས་ཀྱི་ཁོངས་སུ་འདུས་པས་དེ་གསུམ་མོ། །དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སྣ་སུབས། འབྲུམ་ཐོར། ཤ་ལུ། སྣག་འཛག་པ། ཁྲག་འཛག་པའོ། །གསུམ་པ་ལ་ལྔ་ལས། དང་པོ་ནི། བཅོས་ཐབས་ཞེས་རྐང་པ་བཞིས་བསྟན་ཏེ། དེ་ཡང༌། ཤུ་ཞེས་པ་ནི། ཤུ་ཤུ་ཟེར་སྣར་སྒྲ་འདོན་པའོ། །སྣ་བཤལ་ནི་ཕྱི་རྒྱུད་དུ་བཤད་དོ། །གཉིས་པ་ནི། འབྲུམ་ཐོར་ཞེས་རྐང་པ་དྲུག་གིས་བསྟན་ནོ། །གསུམ་པ་ནི། སྣ་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་འབྲས་བཅོས་ལྟར་ཆ་དཔྱད་ཀྱི་བྲུད། རྒྱ་ཚྭ་རྒྱམ་ཚྭ་ལ་སོགས་པའི་གཅོད་སྨན་བཏབ། སྣ་རྩེ་དང་མཚུལ་རྩ་སོགས་ལ་གཏར་ག་བྱ། ལུམས་ནི་མིའི་རྐང་མགོ་དང་ཉའི་ཤ་དང་སྤྲུ་ནག་གི་རྩ་བ་དང༌། རེ་ལྕག་པ་གཉིས་ཆང་ལ་བཏབ་སྟེ་བཙོས་པའི་ལུམས་བྱ། སྐེམས་ནི་མཐར་ཆུ་སེར་སྨན་སོགས་ཀྱིས་སྐེམས་པར་བྱའོ། །བཞི་པ་ནི། ཚད་རོ་ཞེས་རྐང་པ་བཅུས་བསྟན་ནོ། །ལྔ་པ་ལ་གཉིས་མདོར་རྒྱས་དང་སྤྱི་སྨན་ནོ།།

        དང་པོ་ནི། སྣ་ནས་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གསུམ། དེ་ཡང༌། ཁྲག་སེར་སླ་ཀླད་པ་ལས་བྱུང་བའི་རིགས་དང༌། སྨུག་ནག་སྣེ་བཞི་ལས་བྱུང་བའི་རིགས་དང༌། དམར་དངས་རྩ་ཁ་བྱེ་བའི་རིགས་ལས་བྱུང་བ་གསུམ་ལས། གཉིས་པ་རྒྱས་བཤད་ལའང་གསུམ་གྱི། དང་པོ་ནི། སེར་སླ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། རྟ་ལྤགས་ནི་མེ་ཏོག་སེར་སྨུག་གཉིས་ལས་སེར་པོའི་རྩ་བ་གཏོང་བར་བཤད་དོ། །གཉིས་པ་ནི། སྨུག་ནག་ཅེས་རྐང་པ་གཉིས་ཀྱིས་བསྟན་ཏེ། སྣེ་བཞི་ནི་ཕོ་ལ་སྒྲོ་བ་གཉིས་དང་མོ་ལ་ནུ་མ་གཉིས་ཏེ་བཞིའོ། །དེ་བཞི་སྣ་ཁྲག་གང་ཡོད་ཕོགས་ཟ་འོག་གི་ཐི་གུས་བཅིངས་པའོ། །གསུམ་པ་ནི། དམར་ལ་ཞེས་རྐང་པ་གསུམ་གྱིས་བསྟན་ཏེ། དེ་ཡང་སྤྲུ་རྩ་སྐྱེར་བ་མཁན་སྐྱ་སོགས་ཀྱི་ཐང་ཕྱི་རྒྱུད་ལྟར་དང༌། གུར་ཀུམ་མཚལ་དང་གེ་སར་རྣམ་པ་གསུམ་ཞེས་སོགས་ལྡེ་གུར་བཤད་པ་ལྟར་རོ། །གཉིས་པ་ནི། ཀུན་ལ་ཞེས་རྐང་པ་ལྔ་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་ནད་དེ་ཀུན་ལ་སྤྲུ་མའམ་མཁན་སྐྱའི་རེང་བུ་ཡིས། མགོ་ལ་དོམ་མཁྲིས། ཟབ་ཐལ་འགྲོན་ཐལ། ལྡེ་གུ་བྱུག་ལ་ཕུགས་སུ་སླེབས་པར་བརྫངས། ཞེས་པའི་དམར་ཁྲིད་དུ་ཀུན་ས་མི་ཆད་པ་ཞིབ་ལ་སྨན་ཕུར་པའི་རིང་བུ་སྣར་ཤོང་ཙམ་བྱ། ཟ་འོག་འགྲོན་བུའི་ཐལ་བ་གུར་ཀུམ་དོམ་མཁྲིས་ཀྱི་ཕྱེ་མ་བྱུགས་ལ་སྣ་རུ་འགྲོ་ཚོད་བརྫངས་ལ་བཞག ཁྲག་ལེགས་པར་ཆད་ནས་སྣ་བས་བྱུང་ཙ་ན་རེང་བུ་ལྡོག་ཏུ་འོང༌། དེ་ལྟར་བྱུང་བ་དང་སྐུད་པ་འཐེན་པས་སྨན་རོ་མི་ལུས་པར་འོང༌། གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་ནས་སོ་གཅིག་གི་བར་རོ།།

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 3:38 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།