སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གཅིག་པ། སྣའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་སོ་གཅིག་པ། སྣ་ནད་གསོ་བ།




ལེའུ་སོ་གཅིག་པ།  སྣའི་ནད་གསོ་བ། 

རྣ་ནད་གསོ་བའི་ལེའུ་གསུངས་ཚར་ནས་བྱ་བ་གཞན་གྱིས་བར་མ་ཆོད་པའི་མཇུག་ཐོག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ཏེ་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་རྣ་བ་གཏོད་དུ་བཅུག་སྟེ། སྣ་ནད་ཅེས་བྱ་བར་རྒྱུ་རྐྱེན་དང༌། དབྱེ་བ་དང༌། བཅོས་པའི་ཐབས་དང་གསུམ་གྱིས་བསྟན་ཏེ།

        རྒྱུ་རྐྱེན་གཞི་མཐུན་ནི་ཟས་དང་སྤྱོད་ལམ་རྒྱུན་དུས་ལས་དམན་ལྷག་ལོག་པ་དང༌། གདོན་གནོད་པའི་རྐྱེན་གྱིས་འདུ་བ་འཁྲུགས་པས་སྣ་ནད་སྐྱེད་པར་བྱེད་ལ།

དེ་ཡང་དབྱེ་བ་ཕྱེ་ན་སྣ་སུབས་པ་དང༌། འབྲུམ་ཐོར་དང༌། ཤ་ལུ་བ་དང༌། རྣག་དང་ཁྲག་འཛག་པ་དང་རྣམ་པ་ལྔར་བཤད་དོ། །

བཅོས་ཐབས་ཀྱི་དང་པོ་རྣག་དང་ཆུ་སེར་གྱིས་སྣ་འགགས་པའི་ཚེ་ན་དེ་རྟགས་སུ་དབུགས་འཚུབ་ཅིང་མཚུལ་པ་ཤུ་ཤུ་ཟེར་བའི་སྒྲ་འདོན་པ་དེ་ལ་སྣ་བཤལ་ཕྱི་རྒྱུད་དུ་བཤད་པ་ལྟར་བཏང་རྗེས། དྲོད་སྨན་ཏེ་པི་པི་ལིང༌། སྟར་བུ། ཤིང་མངར། སྦྲང་རྩི་རྣམས་སྦྱར་བ་བཏང་བས་གདོང་སྐྲངས་ཤིང་སྟོད་བརྒྱངས་པ་ལྟ་བུ་དང་མཚུལ་པ་འགགས་པ་རྣམས་སེལ། གཉིས་པ་འབྲུམ་ཐོར་གྱི་ནད་བྱུང་ན་ཏི་ཚའི་རྡོ་དང་མར་དཀར་བསྲེས་པ་བྱུག་ཅིང༌། དནྡ། དུར་བྱིད། ལྡོང་རོས། ལྕེ་མྱང་ཚ། ཙི་ཏྲ་ཀ་དང༌། པི་པི་ལིང༌། མར་དང་སྦྲང་རྣམས་རེང་བུར་སྦྱར་ལ་སྣའི་ནང་དུ་གཞུག་པར་བྱ། དེས་ཀྱང་མ་སེལ་ན་རྣ་བའི་འབྲུམ་པ་ལྟ་བུར་གོང་བཞིན་བཅོས། སྐམ་ཞིང་ཚ་ན་གུར་ཀུམ་དང་ཞུན་མར་སྦྱར་ལ་སྣ་ནང་དུ་བླུགས། གསུམ་པ་སྣ་ལ་འབྲས་བྱུང་བ་ནི་སྣ་ནད་ཤ་ལུ་བྱ་བ་ཡིན་ཏེ་ཐོག་མར་འབྲས་བཅོས་པ་ལྟར་གྱི་ཆ་བྱད་ཀྱིས་བྲུད་པ་དང༌། དེ་རྗེས་རྒྱ་ཚྭ་རྒྱམ་ཚྭ་ལ་སོགས་ཀྱི་གཅོད་སྨན་འདེབས་ཤིང་སྣ་རྩེ་གཏར། མིའི་རྐང་མགོ་དང་ཉ་ཤ་སྤྲུ་ནག་གི་རྩ་བ། རེ་ལྕག་སོགས་ཆང་ལ་བཙོས་པའི་ལུམས་བྱ་ཞིང༌། མཐར་ཆུ་སེར་སྨན་སོགས་ཀྱི་སྐེམས་ཀྱིས་བཅོས་དགོས་ཀྱང་ཕལ་ཆེར་འཚོ་བ་དཀའ་སྟེ་སྔོན་གྱི་ལས་ནད་ཡིན་ནོ། །བཞི་པ་ཚད་རོ་རྫོང་ལ་བྲོས་ཏེ་རྣག་འཛག་ན་དེ་ལ་ཕྱི་རྒྱུད་ལྟར་སྐྱུགས་བྱས་རྗེས་སུ་རྒྱ་སྐྱེགས། ཤིང་ཀུན། བྱི་ཏང་གབུ་རམ། པི་པི་ལིང་དང༌། ན་ལེ་ཤམ་རྣམས་ལུག་ཐུག་གི་གཅིན་དང་སྦྱར་བས་སྣ་སྨན་བཏང༌། ཡང་ན་ཚ་བ་སྒ་པི་ཕོ་གསུམ་དང༌། དུག་མོ་ཉུང༌། ཟི་ར་དཀར་པོ། བྱི་ཏང་ག་སོགས་ཀྱི་ཁུ་བ་བླུགས། ཡང་ན་ལུག་ཐོང་ཚེར་གྱི་མགོའི་ཤ་རུས་པ་ཀླད་པར་བཅས་པ་བརྡུངས་པ་ལ། ཟི་ར་དཀར་པོ་དང་ཤིང་ཀུན་བཏབ་པ་ཆུ་ལ་བསྡུ་ཞིང༌། སྒ་དང་པི་པི་ལིང་གཉིས་ཚོས་ཁུར་གདབ་པ་དེ་ལྟོ་སྟོང་དུ་བསྐོལ་ལ་བཏང༌། དེ་རྗེས་ཕྱི་རྒྱུད་ལྟར་གྱི་འབྲས་བུ་གསུམ་གྱི་སྨན་མར་བྱ། ལྔ་པ་སྣ་ནས་ཁྲག་འཛག་པ་དེ་རིགས་ལའང་ནང་གསེས་རྣམ་པ་གསུམ་ཡོད་དེ། དེ་ཡང་ཕྱིར་བྱུང་བའི་ཁྲག་གི་སྐ་སླ་མདོག་སོགས་ཀྱི་ནང་གི་ནད་གཞི་རྟོགས་དགོས་ཏེ། སེར་ལ་སླ་བ་བྱུང་ན་ཀླད་པ་ལས་འབྱུང་བ་སྟེ་སྨིན་མའི་དབྲག་མེས་བསྡམས་ཤིང་རྟ་སྦངས་ཀྱི་ཁུ་བའི་སྣ་སྨན་བཏང་སྨུག་ནག་བྱུང་ན་སྣེ་བཞི་ཞེས་འགའ་ཞིག་ཏུ་ཕོའི་རླིག་པའི་སྒོ་ང་གཉིས་དང་མོའི་ནུ་མ་གཉིས་ཡིན་ཞེས་བཤད་ཀྱང་ཕོ་མོར་མ་ལྟོས་པའི་མཆན་ཁུང་གཉིས་དང་བརླ་ཁུག་གཉིས་ཏེ་བཞིར་འཐད་ལ་དེ་ལས་བབས་ཏེ་འབྱུང་བས་སྣེ་ས་ཞེས་དེ་བཞིའི་ཡན་ལག་ངོས་ཐི་གུས་བཅིངས། གཞན་ཡང་མོའི་ནུ་མ་དང༌། ཕོའི་རླིག་པ་ཟ་འོག་ཅེས་གོས་དར་གྱི་སྐུད་པས་བཀྱིག དམར་ལ་དྭངས་པ་བྱུང་ན་རྩའི་ཁ་བྱེ་བ་ཡིན་ཏེ་སྣའི་དབུགས་ཀྱིས་གར་སླེབས་པའི་དཔུང་འཛུམ་གཉིས་བསྲེག་ཅིང་སྣ་རུ་མར་རྩམ་སོགས་ཀྱི་གསུར་བདུག སྤྲུ་རྩ། མཁན་སྐྱ། སྐྱེར་པ་སོགས་ཀྱི་ཐང་དང༌། གུར་ཀུམ་མཚལ་དང་གེ་སར་གསུམ་དང་མཁྲིས་པ་སྣ་ཚོགས་ཀྱི་ལྡེ་གུ་ཕྱི་རྒྱུད་ལྟར་བཏང༌། ནད་དེ་ཀུན་ལ་མཁན་སྐྱའམ་སྤྲུ་མ་དཀར་པོ་བརྡུངས་པ་ཟན་ཙམ་གྱི་རེང་བུ་དེའི་སྣ་ཁྲིད་དམ་སྲོག་ཤིང་ལྟ་བུར་སྐུད་པ་མི་ཆད་པ་བཏགས་པའི་རེང་བུ་སྣ་རུ་ཤོང་ཙམ་གྱི་མགོ་ལ་གུར་ཀུམ། དོམ་མཁྲིས། ཟབ་ཐལ། འགྲོན་ཐལ་སོགས་ཀྱི་ལྡེ་གུ་བྱུགས་ལ་ཞེས་ཀྱང་ཕྱེ་མ་བྱུགས་ཏེ་ཕུགས་སུ་སླེབས་ཚད་ཀྱི་བར་དུ་བརྫངས་ལ་བཞག ཁྲག་འབབ་པ་ཆད་ནས་སྣབས་བྱུང་ཚེ་རེང་བུ་ལྡོག་ཏུ་འོང་བས་དེ་དུས་སྐུད་པ་ནས་འཐེན་ན་སྨན་རོ་མི་ལུས་པར་འོང༌། སྣ་ཁྲག་གི་རྒྱུ་ཕལ་ཆེར་ཁྲག་འཕེལ་བ་ལས་འབྱུང་བས་ན་རྩེ་ཆུང་གཏར་ཏེ་ཆུའི་འོལ་ཁ་གཞན་དུ་བསྒྱུར་བ་ལྟར་བྱའོ་ཞེས་གསུངས་སོ།།

ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་སྣའི་ནད་གསོ་བའི་ལེའུ་སྟེ་སོ་གཅིག་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:51 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།