སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སོ་གཅིག་པ། སྣ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.02.2011
མན་ངག་རྒྱུད། >> ལེའུ་སོ་གཅིག་པ། སྣ་ནད་གསོ་བ།



ལེའུ་སོ་གཅིག་པ། སྣ་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །སྣ་ནད་རྒྱུ་རྐྱེན་དབྱེ་བ་བཅོས་ཐབས་གསུམ།།

རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་རྐྱེན་གྱིས། །འདུ་བ་འཁྲུགས་པས་སྣ་ནད་སྐྱེད་པར་བྱེད།།

དབྱེ་བ་སྣ་བསུབས་འབྲུམ་ཐོར་ཤ་ལུ་དང༌། །རྣག་ཁྲག་འཛག་དང་རྣམ་པ་ལྔར་བཤད་དོ།།

བཅོས་ཐབས་རྣག་དང་ཆུ་སེར་སྣ་འགགས་ན། །དབུགས་འཚུབ་མཚུལ་པ་ཤུ་ལ་སྣ་བཤལ་བཏང༌། །དྲོད་སྨན་སྟར་བུ་ཤིང་མངར་སྦྲང་རྩི་སྦྱར། །གདོང་སྐྲངས་སྟོད་བརྒྱངས་མཚུལ་པ་འགགས་པ་སེལ། །འབྲུམ་ཐོར་བྱུང་ན་ཏི་ཚ་མར་དཀར་བྱུག །དནྡ་དུར་བྱིད་ལྡོང་རོས་ལྕེ་མྱང་ཚྭ། །ཙི་ཏྲ་ཀ་དང་པི་ལིང་མར་དང་སྦྲང༌། །རེང་བུ་སྦྱར་ལ་སྣ་ནང་གཞུག་པར་བྱ། །དེས་མ་སེལ་ན་རྣ་བ་ལྟ་བུར་བཅོས། །སྐམ་ཞིང་ཚ་ན་གུར་ཀུམ་ཞུན་མར་བླུག །སྣ་ལ་འབྲས་བྱུང་སྣ་ནད་ཤ་ལུ་ཡིན། །བྲུད་དང་གཅོད་སྨན་གཏར་ལུམས་སྐེམས་ཀྱིས་བཅོས། །ཕལ་ཆེར་འཚོ་དཀའ་སྔོན་གྱི་ལས་ནད་ཡིན། །ཚད་རོ་རྫོང་ལ་བྲོས་ཏེ་རྣག་འཛག་ན། །སྐྱུགས་རྗེས་རྒྱ་སྐྱེགས་ཤིང་ཀུན་བྱི་ཏང་ག །བུ་རམ་པི་པི་ལིང་དང་ན་ལེ་ཤམ། །ལུག་ཐུག་གཅིན་དང་སྦྱར་བའི་སྣ་སྨན་བཏང༌། །ཡང་ན་ཚ་བ་གསུམ་དང་དུག་མོ་ཉུང༌། །ཟི་ར་བྱི་ཏང་ག་ཡི་ཁུ་བ་བླུག །ཐོང་ཚེར་མགོ་ཤ་རུས་པ་ཀླད་པར་བཅས། །ཟི་ར་དཀར་པོ་ཤིང་ཀུན་བཏབ་ལ་བསྡུ། །སྒ་དང་པི་པི་ལིང་གཉིས་འཚོས་ཁར་གདབ། །ལྟོ་སྟོང་བསྐོལ་བཏང་འབྲས་བུའི་སྨན་མར་བྱ། །སྣ་ནས་ཁྲག་འཛག་དེ་རིགས་རྣམ་པ་གསུམ། །སེར་ལ་སླ་བ་ཀླད་པ་ལས་འབྱུང་སྟེ། །སྨིན་དབྲག་མེས་བསྡམ་རྟ་སྦངས་སྣ་སྨན་བཏང༌། །སྨུག་ནག་སྣེ་བཞི་ལས་བབས་སྣེ་ས་བཅིང༌། །ནུ་མ་རླིག་པ་ཟ་འོག་སྐུད་པས་བཀྱིག །དམར་ལ་དྭངས་པ་རྩ་ཁ་བྱེ་བ་ཡིན། །སྣ་ཡི་དབུགས་ཀྱིས་གར་སླེབ་དཔུང་འཛུམ་བསྲེག །སྣ་རུ་གསུར་བདུག་ཐང་དང་ལྡེ་གུ་བཏང༌། །ཀུན་ལ་མཁན་སྐྱའམ་སྤྲུ་མའི་རེང་བུ་ཡི། །མགོ་ལ་གུར་ཀུམ་དོམ་མཁྲིས་ཟབ་འགྲོན་ཐལ། །ལྡེ་གུ་བྱུགས་ལ་ཕུགས་སུ་སླེབ་པར་བརྫང༌། །སྣ་ཁྲག་ཕལ་ཆེར་ཁྲག་འཕེལ་ལས་འབྱུང་བས། །རྩེ་ཆུང་གཏར་ཏེ་འོལ་ཁ་བསྒྱུར་བར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྣ་ནད་གསོ་བའི་ལེའུ་སྟེ་སོ་གཅིག་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།