སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།

ལེའུ་སུམ་ཅུ་པ་རྣ་བའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་གཞུང་དོན་ལ། མདོར་རྒྱས་སོ། །དང་པོ་ནི། རྣ་བའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སྣའི་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་བཤད་པ་བཞིའོ། །གཉིས་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལའང་གཉིས། མདོར་རྒྱས་སོ།།

        དང་པོ་ནི། དབྱེ་བ་ཞེས་རྐང་པ་གཅིག་གིས་བསྟན་པ་ལ་གཉིས་ཏེ་དེ་ཡང་ནད་ལས་གྱུར་པ་དང༌། འོན་པ་གཉིས་སོ། །དང་པོ་ལའང་གཉིས། མདོར་རྒྱས་སོ། །དང་པོ་ནི། ནད་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རླུང་དང་མཁྲིས་པ་དང༌། བད་ཀན་དང་བཞི་ལས་འདུས་པའི་རྣག་འཛག་པ་དང་འབྲུམ་པ་དང་ཐོར་བ་གཉིས་ཏེ་དྲུག་གོ །གཉིས་པ་ལ་བཞི་འོན་པ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སྒྲ་བཅས་འོན་པ་དང༌། རྣ་སྦབས་འགགས་པ་དང༌། སྐམ་འོན་དང༌། མ་རླུང་བུ་ཤོར་ནས་འོན་པ་བཞིའོ། །གསུམ་པ་རྟགས་ལ་གཉིས། དང་པོ་ནི། རྣ་བ་དྲུག་གི་རྟགས་ནི། དེ་རྟགས་ཞེས་རྐང་པ་དགུས་བསྟན་ནོ། །གཉིས་པ་འོན་པ་ལ་བཞི། དང་པོ་ནི། འོན་པ་ཞེས་རྐང་པ་ལྔས་བསྟན་ནོ། །བཞི་པ་བཅོས་ཐབས་ལ་གཉིས་ལ། དང་པོ་ནད་གྱུར་དྲུག་གི་བཅོས་ཐབས་ནི། གསོ་ཐབས་ཞེས་རྐང་པ་སུམ་ཅུས་བསྟན་ཏེ། དེ་ཡང་རླུང་གྱུར་གྱི་སྨན་མར་ནི་ཕྱི་རྒྱུད་སྨན་མར་ལེའུར་བཤད་པ་ལྟར་རོ། །མཁྲིས་གྱུར་གྱི་བསིལ་བའི་ཆུ་ལུམས་ནི་ཁ་ཆེ། ཙན་དན་དཀར་པོ། བོང་ང༌། གསེར་གྱི་མེ་ཏོག་རྣམས་ཀྱི་རླངས་ཆུས་བཀྲུ་མངར་བས་དགང་པ་ནི། ཤིང་མངར་རྒུན་འབྲུམ་འོ་མ་གསུམ་མོ། །རེང་སྦྱང་བ་ནི་ཤིང་མངར་པ་ཏོ་ལ། དུར་བྱིད། དནྡ། ཡུང་བ་སྐྱེར་པ་རུ་རྟ་རྣམས་སྦྱར་བ་རྣ་བར་བླུག་དར་གཅིག་བཞག་ལ་དབྱུང་ངོ༌། །གཉིས་པ་འོན་པ་བཞི་བཅོས་པ་ནི། སྒྲ་བཅས་ཞེས་རྐང་པ་ཉི་ཤུ་རྩ་དྲུག་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ལ་ཤུ་ཏི་ནི་ལྡུམ་རར་སྐྱེ་བའི་འུ་སུ་ནག་པོར་གྲགས་པ་དེའོ། །ཡུང་མར་ནི་ཉུང་ཞིའི་མར་ཁུའོ། །ཐུར་ལ་ཁ་ཕུབ་ཉལ་ནི། རྣ་བར་སྨན་བླུག་མགོ་ཐུར་ཐབས་སུ་དམའ་བར་བྱ་རྣ་བ་ཁ་སྦུབ་ཏུ་ཉལ་ལོ། །ཨུག་ཆོས་ལ་ཁུག་ཆོས་ཞེས་ཀྱང་བྱ་སྟེ། མེ་ཏོག་དཀར་དམར་གཉིས་འདྲ། མ་རྙེད་ན་ཁྲོག་ཆེན་པས་ཚབ་རུང་བར་བཤད། རྔབས་རུས་དྲང་བ་ནི་རྔབས་རྭ་བཙུགས་ནས་ཆུ་སེར་སོགས་དྲངས་སོ། །ཀྱི་རྙི་བ་ཞེས་པ་ནི་ཀྱི་ལྕེ་དཀར་པོ་དང་རྙི་བ་གཉིས་སོ། །འབའ་སམ་སྨན་མར་ནི་ཕྱི་རྒྱུད་ལྟར་རོ། །རྙིངས་པ་ནི་འོན་ནས་ཡུན་ལོན་པའོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ནས་སུམ་ཅུ་པའོ་ཞེས་པས་བསྟན་

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 3:40 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།