སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2023
མན་ངག་རྒྱུད། >> ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།



ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།

ལེའུ་ཉེར་དགུ་པ་མིག་ནད་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། དེ་ཡང་རྣ་བའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཟས་དང་སྤྱོད་ལམ་གདོན་སོགས་ཀྱིས་བསྐྱེད་དེ་འདུ་བ་འཁྲུགས་ཏེ་དེ་ལ་བརྟེན་རྣ་བའི་ནད་བསྐྱེད་པར་འགྱུར་རོ། །

དེ་དག་དབྱེ་བ་ཕྱེ་ན་རྣ་བའི་ནད་དང་འོན་པ་གཉིས་ཀྱི་དང་པོ་ནད་ནི་རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། བད་ཀན་ལས་གྱུར་པ་དང༌། ཁྲག་ལས་གྱུར་པ་དང༌། བཞི་འདུས་པ་ལས་གྱུར་པའི་རྣག་འཛག་པའམ། འབྲུམ་ཐོར་འབྱུང་བ་དང་དྲུག་གོ། །འོན་པ་ལ་སྒྲ་བཅས་འོན་པ་དང༌། རྣ་སྤབས་སོགས་ཀྱིས་འགགས་ནས་འོན་པ། གང་ཡང་མེད་པར་སྐམ་འོན་དང༌། མ་རླུང་བུ་ལ་ཤོར་བ་བཞིའོ། །

དེ་རྣམས་ཀྱི་རྟགས་སོ་སོར་བཤད་ན་རྣ་ནད་རླུང་ལས་གྱུར་ན་སྟོང་པར་སྙམ་དུ་སེམས་ཤིང་ཟུག་ཆེ་ལ་གྲང་ན་མི་བདེ་ཞིང་མགོ་བོའི་གཞོགས་ཕྱེད་ན། མཁྲིས་པ་ལས་གྱུར་ན་མེ་ཉི་སོགས་ཚ་བ་དང་བཅས་སྐྱེ་བའི་རིགས་བྱུང་ན་ཟུག་ཆེ་ཞིང་མགོ་བོ་ན་བ་དང༌། ཆུ་སེར་མྱུར་དུ་འཛག་ཅིང་གང་རེག་ལ་འབྲུམ་ཐོར་རྣག་བཅས་འབྱུང༌། རྣ་བའི་ནང་འགྲམས་ཁྲག་ལས་གྱུར་པ་ནི་མགོ་བོ་ལྕི་ལ་ཟུག་ཆེའོ། །བད་ཀན་ལས་གྱུར་པ་མགོ་དང་འགྲམ་པ་ལྕི་ལ་ཟུག་ཆུང་གཡའ་བ་སྟེ་ཟ་ཞིང་སྐྲངས་ལ་རྙིངས་ནས་རྣག་སྐམ་པོ་འཛགའདུས་པ་ལས་གྱུར་པའི་ཚེ་དེ་དག་ཀུན་གྱི་རྟགས་དང་ལྡན་ཞིང་སྒྲ་གང་ཡང་མི་ཐོས་པ་དང༌། རྣག་འཛག་པ་ལས་གྱུར་པའི་མདོག་དང་སྐ་སླ་མ་ངེས་པ་རྒྱུན་དུ་འཛགགཉིས་པ་འོན་པ་ལ་སྒྲ་བཅས་ཞེས་པ་ཆུའི་བཤང་སྒྲ་དང་རྔ་སྒྲ་ལྟ་བུ་སྣང་ངོར་ཐོས་ཤིང་འོན། རྣ་སྤབས་ཀྱིས་འགགས་ན་རྣ་བ་ཁེངས་ཤིང་འཐིབས་ལ་སེམས་ཀྱི་སྣང་ངོར་ལྕི་སྐམ་འོན་སྟོང་སང་སང་ནག་གམ་ཡང་ན་དམར་སང་སང་བ་འབྱུང༌། མ་རླུང་བུ་ལ་ཤོར་བ་ནི་བྱིས་པ་སོ་སྐྱེ་བའི་ཚེ་དཀའ་ལས་ནད་ཟུག་བྱུང་ཚེ་མ་རླུང་བུ་ལ་ཤོར་བས་རྣག་འཛག་ཅིང་འོན་པར་འགྱུར།

གསོ་བའི་ཐབས་ཀྱི་དང་པོ་རླུང་ལས་གྱུར་པར་སྣུམ་ལྡན་ཞེས་སྣུམ་ཚན་མོ་བྱུགས་པ་དང་རས་སྣུམ་ཅན་གྱི་དྲོད་དུགས་བྱ། སྨན་དུ་སྒོག་སྐྱ། བཅའ་སྒ། ཤིང་ཀུན་བཅས་མར་ལ་སྦྱར་བ་བཏང༌། ཡང་ན་ལ་ཕུག་སྐམ་པོ་ཆང་གི་དཀྱིལ་དུ་ཚོས་པར་བཙོས་བྱས་ལ་ཧྲོམ་ཙམ་བརྡུངས་པ་བཙིར་བའི་ཁུ་བར་རྒྱམ་ཚྭ་བཏབ་པའི་དྲོ་འཇམ་དེ་བླུགས། ཡང་ན་སྒྲོན་ཤིང་སྡོང་པོ་བསྲེགས་པའི་དུས་ཚི་བ་དོན་པའི་སྣུམ་ལྟ་བུ་དང་བསྲེགས་ཐལ་གཉིས་སྦྱར་རམ། རྒྱམ་ཚྭ་དང་རུ་རྟ་གཉིས་ར་ཐུག་གི་ཆུ་ལ་སྦྱར་བ་བླུགས། དེ་རྣམས་ལ་སྐྱེད་ཆུང་ན་འབའ་སམ་གྱི་སྨན་མར་ཕྱི་རྒྱུད་ལྟར་སྦྱར་བ་ཟ། གཉིས་པ་མཁྲིས་པ་ལས་གྱུར་པར་ཀ་ར་མར་དང་བཅས་པ་བཟའ། དེ་འོག་བསིལ་བའི་ཁྲུས་ཞེས་པ་ཁ་ཆེ་ཙནྡན་དཀར་པོ་བོང་ང་གསེར་གྱི་མེ་ཏོག་རྣམས་ཀྱིས་རླངས་ཆུས་བཀྲུ་བའི་རྒྱུན་ཙམ་འདུག་པ་དང་བཤལ་སྨན་དེད་དཔོན་གང་རུང་ལ་ཏིག་ཏ་སོགས་བསྣན་པའི་སྦྱོང་བཏང་ཞིང་མངར་བས་འགངས་པ་ནི་ཤིང་མངར་རྒུན་འབྲུམ་འོ་མ་གསུམ་སྦྱར་བས་མཁུར་བ་དགང་ངོ༌། །རུ་རྟ་དང་ཨ་རུ་རའི་ཐང་བཏང་ཞིང་རྣ་བར་ཡང་བླུགས། ཁྲག་ལས་གྱུར་པར་དེ་བཞིན་དུ་བཅོས་དགོས་ཤིང་ཁྱད་པར་གང་ཉེ་ཞེས་ལྗོན་ཤིང་བཞི་གཡས་གཡོན་དང་ཕྱི་ནང་གང་ཉེ་གཏར་རོ། །བད་ཀན་ལས་གྱུར་པར་པི་པི་ལིང་དང་མར་སྦྱར་བ་བསྐོལ་ལ་བླུགས། དེ་རྗེས་སུ་ཕྱི་རྒྱུད་ལས་ལྔ་ལྟར་སྐྱུགས་ཀྱི་ཐབས་བྱ་ཞིང་སྒོག་སྐྱ། ལ་ཕུག་དང༌། སྒེ་གཤེར་ཏེ་སྒ་སྐྱ་སོགས་ཀྱི་ཁུ་བ་གང་རུང་ཅིག་རྣ་བར་བླུགས་ཤིང༌། རྣག་འཛག་ལ་རེང་སྦྱང་སྨན་ཞེས་པ་ཤིང་མངར་པ་ཏོ་ལ་གོང་བཤད་ལྟར། ཡུང་བ། སྐྱེར་པ། རུ་རྟ་སྦྱར་བ་བསྐུས་ལ་བལ་ཡེ་སྟེ་ཤིང་བུ་ལ་བལ་དཀྲིས་པས་འཕྱི། ཡང་ན་སྣུམ་འཆོས་བྱས་པའི་རྗེས་ལ་རྣ་བར་སྦྱང་བར་རུ་རྟ། ལ་ཕུགབྱང་པ། རྒྱ་ཚྭ་དང༌། སྒེ་གཤེར་བཤད་མ་ཐག་པ་རྣམས་ཞིབ་ཏུ་བཏགས་པ་དར་ཚགས་ལ་བཙགས་ནས་བཏོན་ལ་འབྲུ་མར་དང་སྦྱར་ཏེ་འཇམ་ཙམ་བསྲོས་ལ་དྲོ་སར་ཁེབས་སོགས་ཀྱིས་མནན་ལ་བསྙལ། ལངས་ནས་ལྦུ་བ་ཆིར་ཆིར་བྱུང་ན་ཁྱིའི་བལ་ཤིང་བུར་དཀྲིས་པའི་ཡེའུ་ཞེས་རྣ་བ་རྔོག་བྱེད་ཀྱི་མིང་ཡིན་པས་དེས་རྣ་བར་གཏིགས། དེ་རྗེས་ཁྱི་བལ་གྱིས་བཀག་པའི་སྟེང་དུ་བག་ཟན་རས་གསར་སོགས་གང་རིགས་ཀྱིས་ལེགས་པར་བགག་ལ་བྱ་རྫོགས་སྐད་ཅིག་གྲངས་བརྒྱའི་བར་དུ་ཞག་གསུམ་གྱི་བར་རེ་བསྟེན་ལ་རྣ་བར་རྔབས་རྭ་བཙུགས་ནས་དྲངས་པས་ནད་ཀུན་སྦྱོངས་ཤིང་རྣག་འཛག་པ་དང་རྣ་སྤབས་ཀྱིས་འགགས་པ་སེལ། ཡང་ན་རྣ་སྦྱོང་འོན་པ་ཐོས་བྱེད་ཅེས་རྒྱ་ཚ། ཤུ་དགགསེར་གྱི་ཕུད་བུ། སྒོག་སྐྱ། རུ་རྟ་རྣམས་ཆ་མཉམ་ཞིབ་ཏུ་བཏགས་ལ་བལ་གྱིས་དཀྲིས་ཏེ་སྒོག་ཆུར་བཅུག་པ་བཙིར་བའི་ཁུ་བ་བླུགས་ལ་ཁྱི་བལ་གྱི་ཡེ་འུས་བགག་ཅིང༌། ཞག་གསུམ་ལོན་ནས་སྦུབས་མས་ཞེས་སྨྱུག་སྦུབས་སམ་ལྕགས་སྦུབས་ཀྱིས་དྲངས་བར་བྱ། འབྲུམ་ཐོར་བྱུང་ན་ཀྱོང་བུས་བཞར་རྗེས་པི་པི་ལིང༌། རྒྱམ་ཚྭ། ལྡོང་རོས། ཉེ་ཤིང༌། ཙི་ཏྲ་ཀདནྡ། སྦྲང་རྣམས་མར་དང་སྦྱར་བའི་རེང་བུ་གཞུག་གོ།

སྒྲ་བཅས་འོན་ལ་ཞེས་པའི་དང་པོར་འབྲུ་མར་བསྲོས་ལ་རྣ་བར་བླུགས། དེ་འོག་ཤིང་ཀུན་དང༌། ཤུ་ཏི་ཞེས་པ་འུ་སུ་ནག་པོར་བཞེད་ནའང་སྤྲུ་འབྲུ་དང༌། སྐྱེར་པའི་བར་ཤུན། ཀྱི་ལྕེ། བོང་ང་དཀར་པོ། ཚ་བ་སྒ་པི་ཕོ་གསུམ་རྣམས་ཡུངས་མར་ཞེས་སྣུམ་བཞི་འགྱུར་གྱིས་མང་བར་ཚ་བསྲིངས་བསྐོལ་བ་བླུགས་པས་ཕན། རྣ་སྤབས་ཀྱིས་འགགས་ན་སྒོག་སྐྱ། ལ་ཕུག་གི་ཁུ་བ། འབྲུ་མར་བཅས་སྦྱར་བར་རུ་རྟ་དང་རྨ་བྱའི་མདོངས་བསྲེགས་ཐལ། རྒྱམ་ཚྭ་རྣམས་བཏབ་ལ་འཇམ་ཙམ་བསྲོས་ནས་རྣ་བར་བླུགས། ཐུར་ལ་སྦུབ་ཉལ་ཞེས་རྣ་བར་སྨན་བླུགས་ཚར་ནས་མགོ་ཐུར་སྟབས་སུ་དམའ་བར་བྱས་ལ་རྣ་བ་ཁ་བུབ་ཏུ་ཉལ་ཏེ་ནང་པར་རྔབས་རྭས་དྲངས། ཡང་ན་གླ་རྩི། ཤིང་ཀུན། ཁ་རུ་ཚྭ། རུ་རྟ། ལ་ཕུགཨུག་ཆོས་ཀྱི་མེ་ཏོག་དང་རྨ་བྱའི་མདོངས་ཐལ་རྣམས་འབྲུ་མར་དང་སྦྱར་ལ་རྣར་བླུགས་རྗེས་ཤིང་ཚག་ལ་བལ་ཡེ་དཀྲིས་པས་དལ་བུས་བྲུ། སྐམ་འོན་ལ་ཤིང་ཀུན། རུ་རྟ། གླ་རྩི་དང༌། ཨུག་ཆོས་ཀྱི་འབྲས་བུ་རྣམས་ཏིལ་མར་དང་སྦྱར་བ་བླུགས་ལ་ནང་པར་བལ་ཡེས་འཕྱི། དམར་སང་དུ་སོང་བ་ལ་ནི་གདོན་གྱི་བཅོས་བྱ་བར་ཤིས་ཤིང་ཕན་པར་འགྱུར་རོ། །འོན་པ་ཀུན་ལ་སྒོག་སྐྱ་དང་ལ་ཕུག་བཙིར་བའི་ཆུ་དང་ར་ཐུག་གི་ཆུ་ལ་རྒྱམ་ཚྭ་དང༌། རྒྱ་ཚྭ་དང༌། རུ་རྟ། གླ་རྩི། ཤིང་ཀུན། ཨུག་ཆོས་ཀྱི་འབྲས་བུ་རྣམས་སྦྱངས་པའི་ཁུ་བ་རྣར་བླུགས་ལ་ཡེའུ་ཞེས་རྣ་བ་འདྲུ་གཞི་གོང་བཤད་དེས་བྲུ་ཞིང་རྔབས་རྭ་བཙུགས་ནས་ཆུ་སེར་སོགས་དྲངས། ཡང་ན་ལ་ཕུག་དང༌། བཅའ་སྒའི་ཐལ་བ། སྐྱེར་པའི་བར་ཤུན། ཤིང་ཀུན། ཤུ་དགགོང་བཤད་ཀྱི་ཤུ་ཏི། ཁ་རུ་ཚྭ། རྒྱ་ཚྭ། རུ་རྟ། ཀྱི་སྙེ་སྟེ་ས་རྫི་ཀའམ་སྙེ་ནག་མ་ཡ་བཀྵ། གྲོ་གའི་ཐལ་བ། གླ་སྒང༌། འབྲུ་མར་དང་བཅས་པ་རྣམས་ཚ་བསིངས་བཞི་འགྱུར་གྱིས་མང་བས་ལྕུམ་ཁུར་བསྐོལ་ཏེ་རྣ་བར་བླུགས་པས་གཡའ་སྟེ་ཟ་ཞིང་སྐྲངས་ལ་སྒྲ་བཅས་རྣག་ཏུ་འཛག་པའི་འོན་པ་སེལ། མ་རླུང་བུ་ལ་གསར་དུ་ཞུགས་པ་རྣག་འཛག་པའི་བཅོས་དང་མཚུངས་ཤིང་རྗེས་ལ་ཕྱི་རྒྱུད་ལྟར་གྱི་འབའ་སམ་སྨན་མར་སྦྱར་བ་སྟེར་ཞིང༌། འོན་ནས་ཡུན་རིང་སོང་སྟེ་རྙིངས་ནས་སྤང་བར་བྱའོ་ཞེས་གསུངས་སོ།།

ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་རྣ་བའི་ནད་གསོ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།


 

 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 11:50 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།