སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།



ལེའུ་སུམ་ཅུ་པ། རྣ་བའི་ནད་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །རྣ་བའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་སོགས་ཀྱིས། །འདུ་བ་འཁྲུགས་ཏེ་རྣ་བའི་ནད་སྐྱེད་འགྱུར།།

དབྱེ་བ་རྣ་བ་ནད་དང་འོན་པ་གཉིས། །ནད་ནི་རླུང་མཁྲིས་བད་ཀན་ཁྲག་དང་བཞི། །འདུས་གྱུར་རྣག་འཛག་འབྲུམ་ཐོར་འབྱུང་བ་དྲུག །འོན་པ་སྒྲ་བཅས་འོན་དང་རྣ་སྤབས་འགགས། །སྐམ་འོན་མ་རླུང་བུ་ལ་ཤོར་བ་བཞི།།

དེ་རྟགས་རྣ་ནད་རླུང་གྱུར་སྟོང་སྙམ་སེམས། །ཟུག་ཆེ་གྲང་ན་མི་བདེ་གཞོགས་ཕྱེད་ན། །མཁྲིས་གྱུར་ཚ་བཅས་ཟུག་ཆེ་མགོ་བོ་ན། །ཆུ་སེར་མྱུར་འཛག་གང་རེག་འབྲུམ་ཐོར་རྣག །རྣ་བ་ནང་འགྲམས་ཁྲག་གྱུར་ལྕི་ཟུག་ཆེ། །བད་ཀན་ལས་གྱུར་མགོ་དང་འགྲམ་པ་ལྕི། །ཟུག་ཆུང་གཡའ་སྐྲངས་རྙིངས་ནས་རྣག་སྐམ་འཛག །འདུས་གྱུར་ཀུན་གྱི་རྟགས་ལྡན་སྒྲ་མི་ཐོས། །རྣག་མདོག་སྐ་སླ་མ་ངེས་རྒྱུན་དུ་འཛག །འོན་པ་སྒྲ་བཅས་ཆུ་བཤང་རྔ་སྒྲ་ཐོས། །རྣ་སྤབས་འགགས་ན་རྣ་བ་ཁེངས་འཐིབས་ལྕི། །སྐམ་འོན་སྟོང་སང་ནག་གམ་དམར་བའོ། །མ་རླུང་བྱིས་པ་སོ་སྐྱེ་ལས་བྱུང་ཚེ། །མ་རླུང་བུ་ལ་ཤོར་བས་རྣག་འཛག་འོན།།

གསོ་ཐབས་རླུང་གྱུར་སྣུམ་ལྡན་དྲོད་དུགས་བྱ། །སྒོག་སྐྱ་བཅའ་སྒ་ཤིང་ཀུན་མར་སྦྱར་བཏང༌། །ལ་ཕུག་སྐམ་པོ་ཆང་དུ་བཙོས་བྱས་ལ། །བརྡུངས་བཙིར་ཁུ་བ་རྒྱམ་ཚྭ་དྲོ་འཇམ་བླུག །ཡང་ན་སྒྲོན་ཤིང་སྡོང་བསྲེགས་སྣུམ་སྦྱར་རམ། །རྒྱམ་ཚྭ་རུ་རྟ་ར་ཐུག་ཆུ་སྦྱར་བླུག །དེ་ལ་སྐྱེད་ཆུང་འབའ་སམ་སྨན་མར་སྦྱར། །མཁྲིས་གྱུར་ཀ་ར་མར་དང་བཅས་པ་བཟའ། །དེ་འོག་བསིལ་བའི་འཁྲུས་བཏང་མངར་བས་དགང་། །རུ་རྟ་ཨ་རུའི་ཐང་བཏང་རྣ་བར་བླུག །ཁྲག་གྱུར་དེ་བཞིན་ཁྱད་པར་གང་ཉེ་གཏར། །བད་གྱུར་པི་པི་ལིང་དང་མར་བསྐོལ་བླུག །དེ་རྗེས་སྐྱུགས་བྱ་སྒོག་སྐྱ་ལ་ཕུག་དང༌། །སྒེ་གཤེར་ཁུ་བ་གང་རུང་རྣ་བར་བླུག །རྣག་འཛག་རེད་སྦྱང་སྨན་བསྐུས་བལ་ཡེས་ཕྱི། །ཡང་ན་སྣུམ་འཆོས་རྗེས་ལ་རྣ་བ་སྦྱང༌། །རུ་རྟ་ལ་ཕུག་བྱང་པ་རྒྱ་ཚྭ་དང༌། །སྒེ་གཤེར་ཞིབ་བཏགས་དར་ཚགས་ལ་བཏོན་ལ། །འབྲུ་མར་སྦྱར་ཏེ་འཇམ་ཙམ་སྲོས་ལ་མནན། །ལངས་ནས་ཁྱི་བལ་ཡེ་འུས་རྣ་བར་གཏིགས། །ཁྱི་བལ་བག་ཟན་རས་གསར་ལེགས་པར་བགག །རྣ་བ་རྔབས་ཀྱིས་དྲངས་པས་ནད་ཀུན་སྦྱོང༌། །རྣག་འཛག་པ་དང་རྣ་སྤབས་འགགས་པ་སེལ། །ཡང་ན་རྒྱ་ཚྭ་ཤུ་དག་གསེར་ཕུད་བུ། །སྒོག་སྐྱ་རུ་རྟ་ཆ་མཉམ་ཞིབ་བཏགས་ལ། །བལ་དྲིལ་སྒོག་ཆུར་བཅུག་བཙིར་ཁུ་བ་བླུག །ཞག་གསུམ་ལོན་ནས་སྦུབས་མས་དྲང་བར་བྱ། །འབྲུམ་ཐོར་ཀྱོང་བུས་བཞར་རྗེས་པི་པི་ལིང༌། །རྒྱམ་ཚྭ་ལྡོང་རོས་ཉེ་ཤིང་ཙི་ཏྲ་ཀ །དནྡ་སྦྲང་མར་སྦྱར་བའི་རེང་བུ་གཞུག  །སྒྲ་བཅས་འོན་ལ་འབྲུ་མར་བསྲོས་ལ་བླུག །དེ་འོག་ཤིང་ཀུན་ཤུ་ཏི་སྐྱེར་བར་ཤུན། །ཀྱི་ལྕེ་བོང་ང་དཀར་པོ་ཚ་བ་གསུམ། །ཡུངས་མར་བཞི་འགྱུར་ཚ་བསྐོལ་བླུག་པས་ཕན། །རྣ་སྤབས་འགགས་ན་སྒོག་སྐྱ་ལ་ཕུག་ཁུ། །འབྲུ་མར་སྦྱར་བ་རུ་རྟ་རྨ་བྱའི་མདོངས། །རྒྱམ་ཚྭ་བཏབ་ལ་འཇམ་བསྲོས་རྣ་བར་བླུག །ཐུར་ལ་སྦུབ་ཉལ་ནང་པར་རྔབས་རྭས་དྲང༌། །ཡང་ན་གླ་རྩི་ཤིང་ཀུན་ཁ་རུ་ཚྭ། །རུ་རྟ་ལ་ཕུག་ཨུག་ཆོས་རྨ་བྱའི་མདོངས། །འབྲུ་མར་སྦྱར་ལ་རྣར་བླུག་རྗེས་ལ་བྲུ། །སྐམ་འོན་ཤིང་ཀུན་རུ་རྟ་གླ་རྩི་དང༌། །ཨུག་ཆོས་ཏིལ་མར་སྦྱར་བླུག་བལ་ཡེས་ཕྱི། །དམར་སང་ལ་ནི་གདོན་བཅོས་བྱ་བར་ཤིས། །འོན་པ་ཀུན་ལ་སྒོག་སྐྱ་ལ་ཕུག་ཆུ། །ར་ཐུག་ཆུ་ལ་རྒྱམ་ཚྭ་རྒྱ་ཚྭ་དང་། །རུ་རྟ་གླ་རྩི་ཤིང་ཀུན་ཨུག་ཆོས་འབྲས། །རྣར་བླུག་ཡེ་འུས་བྲུ་ཞིང་རྔབས་ཀྱིས་དྲངས། །ལ་ཕུག་བཅའ་སྒའི་ཐལ་བ་སྐྱེར་བར་ཤུན། །ཤིང་ཀུན་ཤུ་དག་ཤུ་ཏི་ཁ་རུ་ཚྭ། །རྒྱ་ཚྭ་རུ་རྟ་ཀྱི་སྙེ་ཡ་བཀྵ། །གྲོ་གའི་ཐལ་བ་གླ་སྒང་འབྲུ་མར་དང༌། །ཚྭ་བསིངས་བཞི་འགྱུར་ལྕུམ་ཁུར་བསྐོལ་ཏེ་བླུག །གཡའ་སྐྲངས་སྒྲ་བཅས་རྣག་འཛག་འོན་པ་སེལ། །མ་རླུང་སར་ཞུགས་རྣག་འཛག་བཅོས་དང་མཚུངས། །འབའ་སམ་མར་སྦྱར་རྙིངས་ནས་སྤང་བར་བྱ། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་རྣ་བའི་ནད་གསོ་བའི་ལེའུ་སྟེ་སུམ་ཅུ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།