སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ལྔ་བཅུ་པ། སྲིན་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 07.02.2011
མན་ངག་རྒྱུད། >> ལེའུ་ལྔ་བཅུ་པ། སྲིན་ནད་བཅོས་པ།



ལེའུ་ལྔ་བཅུ་པ།  སྲིན་ནད་བཅོས་པ། 

གླང་ཐབས་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། སྲིན་བུའི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཟས་དང་སྤྱོད་ལམ་དམན་ལྷག་ལོག་ཅིང་གདོན་ལ་སོགས་པས་བསྐྱེད་པའི་རྐྱེན་གྱིས་འདུ་བ་འཁྲུགས་པས་སྲིན་གྱི་ནད་སློང་བར་བྱེད།

དབྱེ་བ་རྒྱས་པར་ཕྱེ་ན་བད་སྲིན་གཅིག་པུ་ལའང་ཡན་ལག་བརྒྱད་པར། ལ་ལ་འབྲེལ་པ་འདྲ་བ་ཡིན། ལ་ལ་སྲིན་བུ་ཁོལ་མ་འདྲ། །ཕྲ་ཞིང་རིང་ལ་ཆུང་བ་དང༌། །དཀར་ཞིང་དམར་བར་སྣང་བ་ཡིན། །ཞེས་སོགས་མང་དུ་གསུངས་པ་དང༌། འོག་ཏུ་འཁྲུགས་པའི་གནས་ཀྱི་ནད་རྐྱང་པ། ལྡན་པ། འདུས་པའི་ནད་རིགས་ཇི་ཙམ་ཡོད་པའི་གྲངས་དང་མཉམ་པའི་སྲིན་བུའི་ནད་ཡོད་པར་གསུངས་ལ། འདིར་རགས་པར་བསྡུ་ན་ཕྱིར་གནས་ཤིག་དང་སྲོ་མ་དང་ནང་གནས་བད་ཀན་དང༌། རླུང་དང༌། མཁྲིས་པ་དང༌། ཁྲག་དང་བཞིའི་བད་ཀན་གྱི་སྲིན་དྲུ་བུ་བསྡོགས་པ་འདྲ་བ་ཕོ་བ། རླུང་སྲིན་ཐུར་མ་འདྲ་བ་ལོང་ན་གནས། མཁྲིས་སྲིན་ཤ་སྤུའམ་ཁབ་རྩེ་འདྲ་བ་སོ་དང༌། མིག་དང༌། པགས་པ་དང༌། གཞང་དང་མཚན་མར་གནས་ཤིང༌། ཁྲག་སྲིན་རྐང་པ་མེད་ཅིང་ཟླུམ་ལ་དམར་བ་དེའི་རིགས་ཁྲག་ལ་གནས་ཤིང་རྩའི་ནང་ཀུན་ཏུ་རྒྱུག་ལ་གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་ཀྱི་རྒྱུའང་བྱེད་ཅིང༌། ཀླད་སྲིན་ཡ་མ་དཀར་ནག་གཉིས་ཀྱང་དེ་ལས་བྱུང་བ་བཅས་བཅུ་གཅིག་གོ།

དེ་རྣམས་ཀྱི་རྟགས་ནི་དཀར་གྱི་རིགས་དང་མངར་བག་དང་གྲང་བས་རྐྱེན་བྱས་ལྡང་ལ་ལྟོ་བ་སྦོས་པ་ལྟར་ཆེ་ཞིང་ན་ཟུག་ལྡང་དུབ་བྱེད་ལ་ཚིག་པ་ཟ། འཁྲུགས་པའི་གནས་ཀྱིས་དབྱེ་བ་ཕོ་ལོང་སོ་མིག་པགས་གཞང་མཚན་མ་སོགས་གང་དུ་བྱུང་བ་དེར་ཕོ་སྲིན་ལོང་སྲིན་སོགས་སྲིན་བུའི་མིང་སོ་སོ་དང༌། ནད་རིགས་རྐྱང་པ་ལྡན་འདུས་དབྱེ་ལ་བརྟག་པ་དང༌། ཡ་མ་དཀར་པོ་དང་ནག་པོ་གཉིས་ཚ་གྲང་ནད་སྟོབས་དཔག་དགོས་པ་རྟགས་ཚ་ལ་ནད་སྟོབས་ཆེ་ན་ནག་པོ། རྟགས་གྲང་ལ་ནད་སྟོབས་ཆུང་ན་དཀར་པོར་བལྟ་ཞིང༌། གློག་ལྟར་འཁྱུག་ཅིང་ཀོ་ལེར་གཟེར་བ་ཚ་གྲང་འཁྲུགས་པ་ཡིན་པའི་ཕྱིར་རོ། །

བཅོས་པའི་ཐབས་ཕྱིའི་ཤིག་སྲོ་ལ་ལོ་བཙན། བྱ་རྒོད་སྤོས། ར་དུག་རིགས་ལྔ་ལས་མེ་ཏོག་ཕུང་པོ་ཡོད་པ་དེ་རྣམས་མར་ནག་དང་སྦྱར་བ་མགོ་ལ་བྱུག་ཅིང༌། བྱི་ཏང་ག ལྡོང་རོས། བྱ་རྒོད་སྤོས། མར་ནག་རྣམས་སྦྱར་བ་ལ། དྷུ་རུ་ད་དྷ་ཛྷེ་ལ་པ་སྭཱཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པ་དེ་བྱུགས་པས་སྲོག་ཆགས་སྐྱེ་རྒྱུན་གཅོད།

ནད་ལ་བྱེ་བྲག་ཏུ་བཅོས་པ་དང་སྤྱིར་བཅོས་པ་གཉིས་ལས། དང་པོ་བད་ཀན་གྱི་སྲིན་བུ་འོ་མ་ལ་བསྡུས་ལ་བྱི་ཏང་ག་དང༌། མ་རུ་ཙེ་དང་བཙོང་ནག སྐྱི་འབྲུ་དང་སེ་འབྲུ། མ་ནུ་སྟེ་པུཥྐར་མཱུ་ལ་དང༌། སྐྱུ་རུ་ར། སྒེ་གཤེར་ཏེ་སྒ་སྐྱ་རྣམས་སྦྲང་དང་སྦྱར་བའི་ཕྱེ་མ་བཏང༌། རླུང་སྲིན་བུ་རམ་ལ་བསྡུས་ཤིང་ཀུན། བཙོང་ནག སོ་མ་ར་ཛ། རུ་རྟ། བ་རུ་ར། ཤུ་དག བྱི་ཏང་ག་རྣམས་དང་བུ་རམ་སྦྱར་བ་དང༌། ཚ་བ་སྒ་པི་ཕོ་གསུམ་དང་ཤིང་ཀུན། སྒོག་སྐྱ་རྣམས་དང་འོ་མ་དང་སྦྱར་བའི་འཇམ་རྩི་བཏང་བར་བྱ། མིག་སྲིན་སོ་སྲིན་རང་རང་གསོ་བ་བྱ་ཞེས་པ་མིག་སྲིན་ལ་མིག་སྨན་སྟེང་དུ་སྲིན་སྨན་བསྣན་པ་དང༌། སོ་སྲིན་ལ་ཁ་ནད་ཀྱི་སྐབས་ལྟར་བསྟེན་པ་དང༌། གཉིས་ཀ་ལ་རླུང་དང་ལྡན་ན་བསྲེག་པ་དང༌། མཁྲིས་པ་དང་ལྡན་ན་སྦྱང་བ་དང༌། ཁྲག་དང་ལྡན་ན་གཏར་བ་སོགས་ཡིན་མོད། སྒོས་བཅོས་ནི། རྫོང་འཕྲང་ལས། མིག་སྲིན་ལ་སྤྲུ་རྩ་རྟ་སྦངས་ཕུར་མོའི་ལུམས་བྱ། གླ་རྩིའི་ཆུ་བྱུགས་ཤིང་ཁོང་དུ་སྲིན་སྨན་གཏོང༌། སོ་སྲིན་ལ་ཤ་ཚིལ་ལང་ཐང་ཙེ་སྦྱར་བ་འཁར་གོང་བསྲེགས་པའི་ཁར་བཞག་པའི་དུ་བས་བདུག་ཅེས་སོ། །པགས་སྲིན་ལ་བྱི་ཏང་ག་དང༌། ཙི་ཏྲ་ཀ སྒོག་སྐྱ། གཡེར་མ། དྭ་བ། བྱི་རུག་པ། སྤྲུ་མ། ཕུར་མོ་རྣམས་ཟོ་ལག་གི་ལོགས་ལ་ཆགས་པའི་མར་དང་སྦྱར་བ་བྱུགས་ལ་མཉེ། གཞང་སྲིན་ལ་གླ་རྩི། སྒོག་སྐྱ། ལང་ཐང་ཙེ། ཚ་བ་སྒ་པི་ཕོ་གསུམ་རྣམས་དང་བཤད་མ་ཐག་པའི་ཟོ་མར་སྦྱར་བའི་རེང་བུ་གཞུག་པ་དང༌། སྒོག་པ། རྒྱམ་ཚྭ། གླ་རྩི། བྱི་ཏང་གམུ་ཟི་རྣམས་མར་དང་སྦྱར་བ་རེང་བུ་བྱས་བཅུག་ལ་ཕྱིང་པ་སྣུམ་ལྡན་ཤས་ཚུགས་ཙམ་བསྲོས་པ་འཕོངས་ལ་སྦྱར་བ་དང༌། མཚན་མའི་ནང་གི་སྲིན་ལ་ནི་ཆགས་པ་སྤྱད་པས་སེལ་ལོ། །ཡ་མ་དཀར་པོ་ལ་སྐྲ་བྲེགས་པའི་རྗེས་སུ་གང་འཁྱུག་སར་དབུག་ཅིང་རའི་སློ་ཞེས་པ་བཙོ་དང་ཁྲག་བྱུགས། དེ་སྟེང་ཚིལ་ལམ་པགས་པ་དྲོན་མོས་གཡོགས་ལ་རའི་སྙིང་དང་མཆིན་པ་མཆེར་པ་རྣམས་ཟས་སུ་ཟ། ཞག་གསུམ་རུ་རྟ། ར་ཚིལ། འོ་མ་རྣམས་བསྐོལ་ལ་བྱུག་ཅིང་རྩ་སྒོ་མེས་གང་འཁྱུག་སར་མནན་ལ་སྲིན་སྨན་ཤིང་ཀུན། སྒོག་སྐྱ། ཤ་བའི་ཚིལ་སོགས་སྦྱར་བ་འཁར་གོང་བསྲེགས་པའི་ཁར་བཞག་པའི་དུ་བས་བདུག འཁྱུག་ཚབས་ཆེ་ན་གང་འཁྱུག་གི་རྩ་དེ་གཏར་ལ་བསྲེག ཡ་མ་ནག་པོ་ལ་དུར་བྱིད། བྱི་ཏང་ག ཕུར་མོ། དུ་བ་རལ་པ་རྣམས་སྦྱར་བའི་སྦྱོང་བཏང་ལ་ཁྲག་མི་ཆོད་པའི་ཉེན་ཡོད་ཀྱང་མུར་གོང་འཕར་རྩ་གཉིས་ལ་གཏར་ག་བྱ་བ་དང༌། རའི་སློ་ཞེས་པ་བཙོ་དང་ཁྲག སྣག་ཚ་རམས་ཁྱི་ལུད། སྤྱིན་རྣམས་སྦྱར་བས་མགོར་བྱུགས་ལ་སྤྱི་གཙུག་དང་མཚོག་མའི་སྟེང་དུ་བྱུག་པ་མེད་པའི་མཐོང་མཐེབ་གང་བཞག་སར་མངར་ཀར་བུར་སྦྲང་གསུམ་རའི་འོ་མར་སྦྱར་བ་བྱུགས་ཏེ་གྲོད་པས་གཏུམས། ཞག་དགུ་ནས་གཤགས་ལ་རྔབས་རྭས་དྲངས་རྗེས་སྦང་འཇིབ་བྱ་བ་དང༌། ཤིང་ཀུན། སྒོག་སྐྱ། ཤ་བའི་ཚིལ་བཅས་ཀྱི་དུད་པ་དང་དུགས་བདུག་ཅིང་ཤ་བའི་སློ་སྟེ་བཙོ་དང་ཁྲག་དང་ཚིལ་བུས་ལུམས་བྱ། གློག་ལྟར་འཁྱུག་ལ་ལོང་གསང་མདུན་ལྟེ་བ་ནས་ཚོན་རེ་གཞལ་བ་གཉིས་དང་རྒྱབ་ཚིགས་པ་བཅུ་དྲུག་པ་བསྲེག་ཅིང༌། གཟེར་སྟེང་བཞི་ཤོར་དུ་དྲས་ལ་སྲིན་འདོན་པ་དང་ཡང་ན་མེ་བཙས་ཚོས་པར་མནན།

དེ་རྣམས་ཀུན་ལ་སྲིན་སྨན་བཅུ་གསུམ་པ་བྱི་ཏང་ག་དང༌། མ་རུ་ཙེ། གླ་རྩི། ཤིང་ཀུན། སྒོག་སྐྱ། གཡེར་མ་དང༌། ཐང་ཕྲོམ་ནག་པོ། ཕུར་ཐལ། ལང་ཐང་ཙེ་དང༌། ཚེར་སྐྱའི་འབྲུམ་པ། དྲེས་མའི་འབྲུ། སྤྲུ་མ་དཀར་པོ། དཀར་པོ་ཆིག་ཐུབ་དངོས་རྣམས་དང་མངར་ཀར་བུར་སྦྲང་གསུམ་འོ་མར་སྦྱར་བ་ཁོང་དུ་བཏང་ཞིང༌། སྲིན་སྨན་བཅུ་གསུམ་པོ་དེ་ཤ་བའི་ཚིལ་དང་སྦྱར་བ་མགོ་སྲིན་ལ་སྣ་རུ་བདུགགཞང་སྲིན་ལ་སྲིན་སྨན་བཅུ་གསུམ་པོ་ཞོ་ཟོའི་ལྡེབས་ལ་ཆགས་པའི་སྤྲི་མར་དང་སྦྱར་བའི་རེང་བུ་བྱས་ལ་མས་ནས་ཡར་ལ་བཏང་ཞིང༌། དྭ་བ་དང་བཅས་པའི་ཁཎྜ་སྦྱར་ལ་པགས་ལ་བྱུག་པ་དང༌། བྱ་ཁྱུང་ལྔའི་རིལ་བུ་ཡུན་དུ་བསྟེན་ན་སྲིན་ནད་ཀུན་འཇོམས་ལ་བྱི་རུགབྱི་ཏང་ག་དང༌། ཞིམ་ཐིག་ལེ། སྐེ་ཚེ། ལྕ་བ། སྔོ་སྣེའུ། འབམ་པོ་དང༌། ཤ་སྣ་ཚོགས་པ་རྣམས་བསྐོལ་ཁུར་སོ་ཆ། པི་པི་ལིང༌། སརྫི་ཀ་སྟེ་སྙེ་ནག་མ་དང་གསུམ་བཏབ་ལ་ཏིལ་མར་དང་བཅས་མས་ཡར་ཏེ་འཇམ་རྩིར་བཏང་ཞིང་སྨན་དེ་རྣམས་ཀྱི་ཁུ་བར་དུར་བྱིད་སྦྱར་བའི་སྲིན་བཤལ་བྱ་བ་དང༌། དཀར་དང་མངར་གྱི་རིགས་སྔོ་རྒྱ་སྣེ་བཅས་དང༌། སྣུམ་པའི་ཟས་རྣམས་སྤང་དགོས་སོ་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ཐོར་བུའི་ནད་ཀྱི་ནང་ཚན་སྲིན་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།