སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ལྔ་བཅུ་པ། སྲིན་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 20.12.2022
མན་ངག་རྒྱུད། >> ལེའུ་ལྔ་བཅུ་པ། སྲིན་ནད་བཅོས་པ།



ལེའུ་ལྔ་བཅུ་པ། སྲིན་ནད་བཅོས་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག སྲིན་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན།།

རྒྱུ་རྐྱེན་ཟས་དང་སྤྱོད་ལམ་གདོན་ལ་སོགས། །འདུ་བ་འཁྲུགས་པས་སྲིན་ནད་སློང་བར་བྱེད།།

དབྱེ་བ་ཕྱིར་གནས་ཤིག་དང་སྲོ་མ་སྟེ། །ནང་གནས་བད་ཀན་རླུང་མཁྲིས་ཁྲག་དང་བཞི། །བད་ཀན་ཕོ་བ་རླུང་སྲིན་ལོང་ན་གནས། །མཁྲིས་སྲིན་སོ་མིག་ལྤགས་གཞང་མཚན་མར་གནས། །ཁྲག་སྲིན་རྐང་མེད་ཟླུམ་ལ་དམར་བ་སྟེ། །ཁྲག་ལ་གནས་ཤིང་རྩ་ནང་ཀུན་ཏུ་རྒྱུག །གཉན་ནད་ཀུན་གྱི་རྒྱུ་དང་མཛེ་ནད་བྱེད། །ཀླད་སྲིན་ཡ་མ་དཀར་ནག་དེ་ལས་བྱུང༌།།

དེ་རྟགས་དཀར་དང་མངར་བག་གྲང་རྐྱེན་ལྡང༌། །ལྟོ་ཆེ་ལྡང་དུབ་བྱེད་ལ་ཚིག་པ་ཟ། །འཁྲུགས་པའི་གནས་ཀྱིས་སྲིན་བུའི་ནད་རིགས་དབྱེ། །ཡ་མ་དཀར་ནག་ཚ་གྲང་ནད་སྟོབས་དཔག །གློག་ལྟར་འཁྱུག་ཅིང་ཀོ་ལེར་གཟེར་བ་ཡིན།།

བཅོས་ཐབས་ཤིག་སྲོ་ལོ་བཙན་བྱ་རྒོད་སྤོས། །ར་དུག་མར་ནག་སྦྱར་བ་མགོ་ལ་བྱུག །ཤ་བའི་ཚིལ་དང་སྦྱར་བ་ལུས་ལ་བྱུག །ཡང་ན་དངུལ་ཆུ་མར་སྦྱར་གོས་ལ་བྱུག །བྱི་ཏང་ལྡོང་རོས་རྒོད་སྤོས་མར་ནག་ལ། །དྷུ་རུ་ད་དྷ་ཛྷེ་ལ་པ་སྭཱ་ཧཱ། །བརྒྱ་རྩ་བརྒྱད་བཟླས་སྲོག་ཆགས་སྐྱེ་རྒྱུན་གཅོད། །བད་ཀན་སྲིན་བུ་འོ་མ་ལ་བསྡུས་ལ། །བྱི་ཏང་ག་དང་མ་རུ་ཙེ་དང་བཙོད། །འབྲུམ་དང་སེ་འབྲུ་མ་ནུ་སྐྱུ་རུ་ར། །སྒེ་གཤེར་སྦྲང་དང་སྦྱར་བའི་ཕྱེ་མ་བཏང་། །རླུང་སྲིན་བུ་རམ་ལ་བསྡུས་ཤིང་ཀུན་བཙོང་། །སོ་མ་ར་ཛ་རུ་རྟ་བ་རུ་ར། །ཤུ་དག་བྱི་ཏང་ག་དང་བུ་རམ་སྦྱར། །ཚ་བ་གསུམ་དང་ཤིང་ཀུན་སྒོག་སྐྱ་དང་། །འོ་མ་སྦྱར་བའི་འཇམ་རྩི་བཏང་བར་བྱ། །མིག་སྲིན་སོ་སྲིན་རང་རང་གསོ་བར་བྱ། །ལྤགས་སྲིན་བྱི་ཏང་ག་དང་ཙི་ཏྲ་ཀ །སྒོག་སྐྱ་གཡེར་མ་དྭ་བ་བྱི་རུག་པ། །སྤྲུ་མ་ཕུར་མོ་ཟོ་མར་བྱུགས་ལ་མཉེ། །གཞང་སྲིན་གླ་རྩི་སྒོག་སྐྱ་ལང་ཐང་ཙེ། །ཚ་བ་གསུམ་དང་ཟོ་མར་རེང་བུ་གཞུག །སྒོག་པ་རྒྱམ་ཚྭ་གླ་རྩི་བྱི་ཏང་ག །མུ་ཟི་མར་སྦྱར་བཅུག་ལ་ཕྱིང་པས་བསྲོ། །མཚན་མའི་སྲིན་ལ་ཆགས་པ་སྤྱད་པས་སེལ། །ཡ་མ་དཀར་པོ་སྐྲ་བྲེགས་འཁྱུག་སར་དབུག །ར་ཡི་སློ་ཁྲག་ཚིལ་ལྤགས་དྲོན་མོས་གཡོགས། །ར་ཡི་སྙིང་དང་མཆིན་མཆེར་ཟས་སུ་བཟའ། །ཞག་གསུམ་རུ་རྟ་ར་ཚིལ་འོ་མ་བྱུག །རྩ་སྒོ་མེས་མནན་སྲིན་སྨན་དུ་བས་བདུག །འཁྱུག་ཚབས་ཆེ་ན་རྩ་དེ་གཏར་ལ་བསྲེག །ཡ་མ་ནག་པོ་སྦྱོངས་བཏང་གཏར་ག་བྱ། །ར་ཡི་སློ་ཁྲག་སྣག་རམས་ཁྱི་ལུད་སྤྱིན། །སྦྱར་བས་བྱུགས་ལ་གཙུག་དང་མཚོགས་མའི་སྟེང༌། །ཐོངས་བཞག་མངར་གསུམ་བྱུགས་ཏེ་གྲོད་པས་གཏུམ། །དགུ་ནས་གཤགས་ལ་རྔབས་དྲང་སྦང་འཇིབ་བྱ། །དུགས་བདུག་ཤ་བའི་སློ་ཁྲག་ཚིལ་ལུམས་བྱ།  །གློག་ལྟར་འཁྱུག་ལ་ལོང་གསང་མདུན་རྒྱབ་བསྲེག །གཟེར་སྟེང་དྲས་ལ་མེ་བཙས་འཚོས་པར་མནན། །ཀུན་ལ་བྱི་ཏང་ག་དང་མ་རུ་ཙེ། །གླ་རྩི་ཤིང་ཀུན་སྒོག་སྐྱ་གཡེར་མ་དང༌། །ཐང་ཕྲོམ་ཕུར་ཐལ་ལང་ཐང་ཙེ་དང་འབྲུམ། །དྲེས་འབྲུ་སྤྲུ་མ་དཀར་པོ་ཆིག་ཐུབ་རྣམས། །མངར་གསུམ་འོ་མར་སྦྱར་བ་ཁོང་དུ་བཏང༌། །ཤ་བའི་ཚིལ་དང་སྦྱར་བ་སྣ་རུ་བདུག །ཟོ་མར་རེང་བུ་བྱས་ལ་མས་ཡར་བཏང༌། །དྭ་བའི་ཁཎྜ་སྦྱར་ལ་ལྤགས་ལ་བྱུག །བྱ་ཁྱུང་རིལ་བུ་ཡུན་བསྟེན་སྲིན་ཀུན་འཇོམས། །བྱི་རུག་བྱི་ཏང་ག་དང་ཞིམ་ཐིག་ལེ། །སྐེ་ཚེ་ལྕ་བ་སྣེའུ་འབམ་པོ་དང།།ཤ་སྣ་བསྐོལ་ཁུར་སོ་ཆ་པི་པི་ལིང༌། །ས་རྫི་ཀ་བཏབ་ཏིལ་མར་མས་ཡར་བཏང༌། །ཁུ་བར་དུར་བྱིད་སྦྱར་བའི་སྲིན་བཤལ་བྱ། །དཀར་མངར་རྒྱ་སྣེ་སྣུམ་པའི་ཟས་རྣམས་སྤང༌། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྲིན་ནད་བཅོས་པའི་ལེའུ་སྟེ་ལྔ་བཅུ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 20.12.2022 ཉིན། 4:43 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།