སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ལྔ་བཅུ་པ། སྲིན་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ལྔ་བཅུ་པ། སྲིན་ནད་གསོ་བ།

ལེའུ་ལྔ་བཅུ་པ་སྲིན་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ།།

        དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་པའོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། སྲིན་བུའི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་སྲིན་ནད་ཀྱི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ། དེ་བཞིན་དུ། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཟས་སྤྱོད་གདོན་སོགས་ཀྱིས་བསྐྱེད་པའི་རྐྱེན་གྱིས་འདུ་བ་ལུས་ཟུངས་འཁྲུགས་ནས་སྲིན་བུའི་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ལ་གཉིས། རྣམ་གྲངས་བཤད་པ་དང༌། སོ་སོའི་གནས་བཤད་པའོ། །དང་པོ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་རྣམ་གྲངས་སུ་དབྱེ་ན། ཕྱི་ལ་གནས་པ་ཤིག་དང་སྲོ་མ་དང༌། ནང་ལ་གནས་པ་བད་ཀན་དང༌། རླུང་དང༌། མཁྲིས་པ་དང༌། ཁྲག་དང་བཞིའོ། །གཉིས་པ་སོ་སོའི་གནས་བཤད་པ་ནི། བད་ཀན་ཞེས་རྐང་པ་དྲུག་གིས་བསྟན། སྤྱི་ཙམ་དུ་བད་སྲིན་དྲུ་བུ་སྡོག་པ་འདྲ། རླུང་གི་སྲིན་ནི་ཐུར་མ་འདྲ། མཁྲིས་པའི་སྲིན་ནི་ཤ་སྤུའམ་ཁབ་རྩེ་འདྲ། ཟེར་ལ་བྱེ་བྲག་ཕྱེ་ན། བད་སྲིན་གཅིག་པོ་ལའང་སྙིང་པོ་བསྡུས་པར། །ལ་ལ་འབྲེལ་བ་འདྲ་བ་ཡིན། །ལ་ལ་སྲིན་བུ་ཁོལ་བ་འདྲ། །ཕྲ་ཞིང་རང་ལ་ཆུང་བ་དང༌། །དཀར་ཞིང་དམར་བར་སྣང་བ་ཡིན། །ཞེས་པ་སོགས་སོ། །ཁ་དོག་དང་དབྱིབས་སྣ་ཚོགས་དང༌། འོད་དུ་འཁྲུག་པའི་གནས་ཀྱི་སྲིན་བུའི་ནད་རིགས་དབྱེ་ཞེས། འཁྲུགས་པའི་གནས་ཀྱིས་རྐྱང་བ་ལྡན་འདུས་དུ་མར་ལྟའོ། །འོན་ཀྱང་འདིར་ཤིག་སྲོ། བད་སྲིན། རླུང་སྲིན། མིག་སྲིན། སོ་སྲིན། པགས་སྲིན། གཞང་སྲིན། མཚན་མའི་སྲིན། ཡ་མ་དཀར་ནག་གཉིས་ཏེ་བཅུ་གཅིག་གོ གསུམ་པ་རྟགས་བཤད་པ་ནི། དེ་རྟགས་ཞེས་རྐང་པ་ལྔས་བསྟན་ཏེ། དེ་ཡང་ལྟོ་ཆེ་བ་ནི་གསུས་པའམ་ལྟོ་ཆེ་བའོ། །འཁྲུགས་པའི་གནས་ཀྱི་སྲིན་བུའི་ནད་རིགས་དབྱེ་བ་ནི། ཕོ་ལོང་སོ་མིག་པགས་པ་མཚན་མ་གཞང་ཁྲག་སོགས་གང་དུ་བྱུང་བ་དེར་ཕོ་སྲིན་ལོང་སྲིན་སོ་སྲིན་སོགས་མིང་སོ་སོ་དང༌། ནད་གཞི་རྐྱང་བ་ལྡན་འདུས་རྣམས་དབྱེ་ལ་བརྟག་གོ ཡ་མ་དཀར་ནག་ཚ་གྲང་ནད་སྟོབས་དཔག་པ་ནི། རྟགས་ཚ་སྟོབས་ཆེ་ན་ནག་པོ། གྲང་སྟོབས་ཆེ་ན་དཀར་པོར་ལྟའོ། །བཞི་པ་བཅོས་བཤད་པ་ལ་གཉིས། སྒོས་བཅོས་བཤད་པ་དང༌། སྤྱི་བཅོས་བཤད་པ་གཉིས་སོ། །དང་པོ་ནི། བཅོས་ཐབས་ཞེས་རྐང་པ་སུམ་ཅུ་རྩ་དགུས་བསྟན་ཏེ། དེ་ཡང་ཕྱི་སྲིན་གྱི་ར་དུག་པ་ནི་བྷི་ཥ་རིགས་ལྔ་ཡོད་པ་ལས་མེ་ཏོག་སྔོ་ནག་ཕུང་པོ་ཅན་དེའོ། །ལོ་བཙན་ཐེང་པོ་བྱ་རྒོད་སྦོས་ར་དུག་པ་འདི་རྣམས་མར་ནག་དང་སྦྱར་བ་མགོ་ལ་བྱུག ཤ་ཚིལ་དང་སྦྱར་བ་ལུས་ལ་བྱུག་གོ བད་སྲིན་གྱི་བཅོང་ནི་བཅོང་ནག་པོའོ།།

        འབྲུམ་ནི། སྐྱི་འབྲུམ་སྟེ་སྐྱེ་ཚེར་འབྲུ་ཡིན་ཟེར། མིག་སྲིན་སོ་སྲིན་རང་རང་གསོ་བ་སྦྱར་བ་ནི། མིག་སྲིན་ལ་མིག་སྨན་སྟེང་དུ་སྲིན་སྨན་བསྣན་པ་དང༌། སོ་སྲིན་ལ་སྲིན་ནད་ཀྱི་སྨན་བསྟེན་པ་དང༌། གཉིས་ཀ་ལ་རླུང་དང་ལྡན་ན་བསྲེགས་པ། མཁྲིས་པ་དང་ལྡན་ན་སྦྱངས། ཁྲག་དང་ལྡན་ན་གཏར་བ་སོགས་ཡིན་མོད། སྒོས་བཅོས་ནི་རྫོང་འཕྲང་ལས། མིག་སྲིན་ལ་སྦྲུ་རྩ་རྟ་སྦངས་ཕུར་མོའི་ལུམས་བྱ་གླ་རྩི་ཆུ་བྱུགས། ཁོང་དུ་སྲིན་སྨན་གཏོང༌། སོ་སྲིན་ལ་ཤ་ཚིལ་ལང་ཐང་ཙེ་སྦྱར་བ་མཁར་གོང་བསྲེགས་པའི་ཁར་བཞག་པའི་དུ་བས་བདུག་ཅེས་གསུངས་སོ། །གཞང་སྲིན་གྱི་འཆིང་མར་སོ་བ་ནི་གོང་གི་སྨན་མར་ནག་དང་སྦྱར་བར་ཕྱིང་པ་བཙོ་ཤ་ཡིས་བཟོད་ཙམ་འཕོངས་སུ་བཅུག་ལ་བསྲོའོ། །ཡ་མ་དཀར་པོའི་སྲིན་སྨན་དུ་བ་ནི་ཤིང་ཀུན་སྒ་ཤ་ཚིལ་ལོ། །འཁྱུག་ཚབས་ཆེ་ན་གང་འཁྱུག་པའི་རྩ་དེ་གཏར་ལ་བསྲེག་གོ །ཡ་མ་ནག་པོའི་སྦྱོངས་ནི་དུར་བྱིད་བྱི་ཏང་ག་མ་རུ་ཙེ་ཕུར་མོང་དུ་བའོ། །དུད་བདུག་ནི་ཤིང་ཀུན་སྒོག་སྐྱ་ཤ་ཚིལ་ལོ། །གློག་ལྟར་འཁྱུག་པ་ལ་གཟེར་སྟེང་གྲས་ལ་ཞེས་པའི་གསེར་མཆན་དུ་གཟེར་སྟེང་བཞི་ཤོར་དུ་གྲས་ལ་སྲིན་འདོན་ཡང་ན་མེས་བསྲེག་ཅེས་འབྱུང༌།

        གཉིས་པ་སྤྱི་སྨན་བཤད་པ་ནི། ཀུན་ལ་ཞེས་རྐང་པ་བཅོ་ལྔ་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་སྲིན་སྨན་བཅུ་གསུམ་གྱི་འབྲུ་ནི་དྲེས་འབྲུ་ཡིན་ནོ། །དཀར་པོ་ཆིག་ཐུབ་ནི་ཐང་ཕྲོམ་དཀར་པོ་ལ་འདོད་པ་ཞིག་དང༌། གོང་གི་ཐང་ཕྲོམ་བཤད་པ་ནག་པོ་ལ་བྱ་བ་དང༌། ཡང་ཐང་ཕྲོམ་དཀར་པོ་ཐང་ཕྲོམ་ལྟར་གྱི་སྐལ་བྱས་ཀོ་ཏྲའམ་མ་ནིང་དྲེས་མའམ་ཕོ་རོག་སྒྱེ་གུ་ལ་འདོད་པར་སྣང་བ་གང་ལྟར་དེ་གཉིས་སྲིན་འཇོམས་པར་ནུས་པ་འདྲ་བར་འདུག་གོ ཤེལ་སྣ་ཞེས་པ་མཆན་བུ་ཕལ་ཆེར་དུ་གསལ་ཁ་མེད་འདུག་ཅིང༌། བླ་རྟའི་འགྲེལ་བར་ཤེལ་སྣ་ཞེས་པར་ངོས་འཛིན་གྱི་ཁུངས་མ་རྙེད་གསུངས་ཀྱང༌། བྱ་བ་བཀྲ་ཤིས་རྣམ་རྒྱལ་བའི་མཆན་བུར་དུར་བྱིད་དུ་བཞེད་འདུག་ཅིང༌། ལར་ནི་ཐར་ནུ་དང་དུར་བྱིད་གཉིས་ཀའི་མིང་གི་མངོན་བརྗོད་ལ་ཤེལ་མ་ཞེས་འབྱུང་བས། འདིར་ཐར་ནུ་ལ་རིགས་ཆེ་ཆུང་གཉིས་སུ་ཡོད་པའི་དོན་གྱིས་ན། ཤེལ་ཞེས་པ་ཐར་ནུའི་སྤྱི་མིང་དང་སྣ་ཞེས་པ་ཐར་ནུ་དང་ཁྲོན་བུ་གཉིས་དགོས་པར་སེམས་སོ། །ཡང་དེ་ལྟར་སྨྲས་པ་ལ། དུར་བྱིད་ཀྱི་མིང་ལའང་ཤེལ་མ་འབྱུང་ཞིང་རིགས་ཀྱང་གཉིས་ཡོད་པ་དང་བྱ་བའི་མཆན་བུར་ཡང་དུར་བྱིད་འབྱུང་བས་མི་འཐད་དོ། །ཞེ་ན་དེ་ལྟར་འཐད་དེ། ཅིའི་ཕྱིར་ཞེ་ན། དེ་མ་ཐག་ཏུ་ཁུ་བར་དུར་བྱིད་སྦྱོར་བའི་སྲིན་བཤལ་བྱ། ཞེས་གསུངས་པས། སྔར་བཤད་ཀྱི་སྨན་དེ་རྣམས་ཀྱི་ཁུ་བར་དུར་བྱིད་ཁ་ཚར་དུ་སྦྱར་ནས་མས་བཏང་གི་སྲིན་བཤལ་བྱ་དགོས་པའི་དོན་ཡིན་ལ། དེ་ལྟར་མ་བྱས་ན་ཟློས་པའི་སྐྱོན་ཀྱང་འབྱུང་བས་འདིར་ཐར་ནུ་ཡིན་པར་སེམས་སོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་ལྔ་བཅུ་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 12:09 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།