སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.11.2023
མན་ངག་རྒྱུད། >> ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་བཅོས་པ།



ལེའུ་ལྔ་པ། འདུས་ནད་བད་ཀན་སྨུག་པོ་བཅོས་པ། 

བད་ཀན་གསོ་བའི་ལེའུ་གསུངས་ཟིན་པའི་མཇུག་དེ་མ་ཐག་དེ་ནས་སླར་ཡང་གསུང་སྤྲུལ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་ཞེས་འབོད་ཚིག་གིས་དྲངས་ཏེ་སྟོན་པ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། རླུང་དང་མཁྲིས་པ་དང་བད་ཀན་གསུམ་གྱི་བཅོས་པའི་ཐབས་དེ་ལྟར་བསྟན་པ་ལགས་ན། དེ་དག་འདུས་པའི་ནད་འབྱུང་ངམ་འབྱུང་ན་དེ་ལ་གསོ་བའི་ཐབས་ཇི་ལྟར་དུ་བགྱི་ཞིང༌། དེའི་མཚོན་བྱེད་གཅིག་ལྟ་བུ་ལ་བཀར་བའི་མིང་དང་དབྱེ་བ་འདི་རིགས་ཇི་ལྟར་དུ་ལགས། འགྲོ་བའི་ནད་དང་སྲོག་ལས་འཚོ་མཛད་སྨན་པའི་རྒྱལ་པོ་ཁྱོད་ཀྱིས་ཡིད་ལས་སྐྱེས་བདག་ལ་བཤད་དུ་གསོལ་ཞེས་ཞུས་པ་ལས་སྟོན་པས་གསུངས་པ། ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། འདུས་པའི་ནད་ལ་རླུང་མཁྲིས་བད་ཀན་རིགས་གསུམ་གས་བཅོས་པ་སྟེ་འོན་ཀྱང་དེ་ལ་རང་བཞིན་གྱི་ནད་ཀྱི་རྒྱུ་ཡིས་འདུས་པ་དང༌། བྱུང་ཚུལ་དུས་ཀྱི་སྒོ་ནས་འདུས་པ་དང་ཟས་སྤྱོད་དམན་ལྷག་ལོག་པས་འདུ་བ་འཁྲུགས་པའི་སྒོ་ནས་འདུས་པ་དང་གསུམ་ཡོད་ལ། ནད་ཕྱི་མ་གཉིས་ལས་དུས་ཀྱི་སྒོ་ནས་འདུས་པ་ལ་ནམ་ཟླ་དུས་བཞི་སོགས་སྤྲོས་བཤད་ཇི་སྙེད་མཆིས་ཀྱང་ནད་ཀྱི་དུས་ཀྱི་འདུས་པ་མ་སྨིན་པའི་ཚ་བ་དང་འདུ་བ་འཁྲུགས་ནས་འདུས་པ་གདོན་རྐྱེན་སོགས་ཇི་སྙེད་ཀྱང་དུག་ནད་གཉིས་དཔེར་མཚོན་པའི་འདུས་ནད་ཅི་རིགས་འབྱུང་སྟེ། དེའི་དང་པོ་རྒྱུའི་འདུས་པ་མཚོན་བྱེད་བད་ཀན་སྨུག་པོར་བཏགས་པའི་སྒོ་ནས་རྟགས་བཅོས་སོགས་བཤད་པར་བྱ་ལ་དེ་ལ་འང་ནད་ཀྱི་རྒྱུ་དང་རྐྱེན་དང་གནས་པའི་ས་དང་དུས་དང་དབྱེ་བའི་ནད་རིགས་དང༌། དེ་དག་གི་ངོས་བཟུང་བའི་རྟགས་དང་བཅོས་པའི་ཐབས་དང་སླར་མི་ལྡོག་པའི་རྗེས་བཅད་པ་དེ་རྣམ་པ་བརྒྱད་དུ་བཤད་པ་ལས།

རྒྱུ་ནི་གོང་དུ་བཤད་པའི་བད་ཀན་ཁྲག་མཁྲིས་རླུང་དང་བཞི། དམིགས་མ་བསལ་བ་ཆུ་སེར་སོགས་ནད་ཀུན་འདུས་ཕྱིར་འདུས་ནད་རྟགས་བཅོས་དཀའ་བ།

དེ་ལ་བསྐྱེད་པའི་རྐྱེན་ནི་ཚ་གྲང་གཉིས་ལས་ཚ་རྐྱེན་འགྲམས་ཀྱི་ཁྲག་ནང་དུ་རྒྱས་པའམ་ལྷག་པ་དང༌། མཚོན་ཁྲག་ནང་དུ་ལུས་པ་དེ་ཉིད་མཆིན་པའི་སྟེང་དུ་ལྷུངས་པའམ། ལན་དང་ནུས་པ་ཚ་བ་དང་རོ་སྐྱུར་བའི་ཟས་ཀྱིས་ཁྲག་འཕེལ་བས་མཆིན་པ་རྒྱས། དེ་དག་ཟུངས་སུ་འགྱུར་དུ་མ་འདོད་པར་མཆིན་པའི་གནས་བརྒྱུད་ཕོ་བར་བབས་པའམ་ལྷུངས་པས་བད་ཀན་དང་འདྲེས་ཤིང་ཁྲག་དང་བད་ཀན་འདྲེས་པ་དེ་རུལ་ནས་རྒྱུ་མར་ལྷུངས་པ་མཁྲིས་པ་དང་འདྲེས་པས་ཁ་དོག་དུད་ཁུར་འགྱུར། དེ་ཉིད་ལོང་དུ་འཕྱུགས་པས་རླུང་དང་བསྡོངས་པ་དེ་ལ་སྨུག་པོ་ཡས་བབས་ཞེས་སུ་འདོད། །གྲང་རྐྱེན་ནི་འཇུ་དཀའ་བ་དང་མི་འཕྲོད་པའི་ཟས་བསྟེན་པས་ཕོ་བར་མ་ཞུ་བ་དེ་ཡིས་བེ་སྣབས་འཕེལ་བས་ཕོ་བའི་གནས་སུ་མེ་མཉམ་གྱི་རླུང་དང་མཁྲིས་པ་འཇུ་བྱེད་གཉིས་ཀྱི་མཐུ་ཉམས་པས་དྭངས་སྙིགས་མ་ཕྱེད་པར་མཆིན་པའི་གནས་སུ་ཤོར་བ་ཟུངས་སུ་མ་གྱུར་པར་ཁྲག་ངན་རྣམས་མཆིན་པར་རྒྱས་ཁ་ལུད་གོང་མ་བཞིན་ཕོ་བར་ལྷུངས་པ་དེས་མ་ཞུ་བས་རྒྱུ་བྱས་བད་ཀན་གྲང་ཤས་ཆེ་ལ་སྨུག་པོ་གབ་པས་ཝ་ལྟར་གཞའ་བར་བྱེད་པ་དེ་ལ་སྨུག་པོ་མས་ཆགས་ཞེས་བྱ་བར་འདོད་ལ། སྨུག་པོའི་གནས་དེ་ལ་རང་གནས་དང་གཞན་གནས་གཉིས་སུ་ཡོད་པ་ལས་རང་གནས་ཕོ་མཆིན་རྒྱུ་ལོང་རྣམ་པ་བཞི་ཞེས་པས་འདུས་པ་ཀུན་ལ་ཁྱབ་མོད་ཀྱང་རང་གནས་སུ་བཤད་པ་ནི་གཙོ་ཆེ་བ་དེར་བཤད་རྒྱུད་དུ་གནས་ས་ལུས་ཁྱབ་གྱུར་ཀྱང་སྙིང་ག་དང་ཞེས་སོགས་ལྟར་ཡིན་ལ། འདིར་རྒྱུ་བཞིའི་གནས་ལ་རང་གནས་སུ་བཞག་སྟེ་ཕོ་བར་གནས་པའི་ཚེ་ན་བད་ཀན་གྱི་ནད་དང་རྟགས་བཅོས་མཐའ་དག་འདྲ། དེ་བཞིན་མཆིན་པར་གནས་པའི་ཚེ་ཁྲག་གི་ནད་དང་རྟགས་བཅོས་འདྲ། རྒྱུ་མར་གནས་པའི་ཚེ་མཁྲིས་པའི་ནད་དང་རྟགས་བཅོས་འདྲ། ལོང་དུ་ལྷུངས་པའི་ཚེ་རླུང་གི་ནད་དང་རྟགས་བཅོས་འདྲ། གནས་གཞན་དུ་བྱེར་ལ་ཕྱིར་བྱེར་དང་ནང་བྱེར་རྣམ་པ་གཉིས། ཕྱིར་གནས་པ་ལ་ཤར་རྒྱས་པ་དང་ལྤགས་ལ་གྲམས་པ་གཉིས་ས་བདག་གི་ནད་དང་རྟགས་བཅོས་འདྲ། རྩར་བྱེར་ན་དུག་དང་རྟགས་བཅོས་འདྲ། ཚིགས་ལ་བབས་ན་གྲུམ་བུ་དང་འདྲ་བའི་རྟགས་བཅོས་བྱེད། ནང་གནས་ནི་བཤད་རྒྱུད་དུ། སྲོག་པ་རྩ་ནི་རྩ་ཡི་སྡོང་པོ་ལ། །ཞེས་སོགས་ཀྱི་སྲོག་རྩ་ནག་པོ་སྟེ་དེ་ཡང་མཆིན་པར་ཟུངས་སུ་མ་སོང་བ་དེ་མཆིན་པ་དང་སྲོག་རྩ་འབྲེལ་བའི་ལམ་རྒྱུད་ནས་སྲོག་རྩའི་ཁྲག་ལ་ཞོན་ཅིང་བསྡོངས་པས་སྲོག་རྩ་དེ་འཁྲ་སའི་རྫོང་ལྟ་བུ་ཡིན་ལ། དེ་ལས་རྒལ་ཚིགས་བར་འབྲེལ་བས་བཙན་མཁར་དུ་འདོད་དོ། །དེ་ཡང་སྲོག་རྩ་ལས་གྱེས་པའི་རྩེ་ནག་གཉིད་ལོག་བརྒྱུད་ཡར་ལ་མགོ་ལ་འཕྱུར་བའམ་སྦོས་པས་མགོ་ནད་བྱེད། དེ་བཞིན་དུ་དོན་ལྔའི་རྩ་དང་འབྲེལ་བ་ལ་བརྒྱུད་པའི་ཚེ་གློ་ལ་སོང་ན་གློ་ནད། སྙིང་ལ་སོང་ན་སྙིང་རླུང་བྱེད་མཆེར་པར་སོང་ན་མཆེར་ནད། མཁལ་མར་སོང་ན་མཁལ་ནད་བྱེད།

སྨུག་པོའི་ནད་འདི་ལ་དུས་གསུམ་ཡོད་པས་དང་པོ་ཚ་བའི་དུས་དང༌། བར་དུ་ཚ་བ་དང་གྲང་བ་འཐབ་པའི་དུས་ཡིན་ཏེ། ཐ་མར་གྲང་བ་ལྷིང་དུ་ཆད་པ་དང་གསུམ་ཡོད་པས། དང་པོ་སྨུག་པོ་ལ་ཚ་བ་སྐྱེས་པ་ལས་ཁྲག་དང་མཁྲིས་པ་འཕེལ་བས་ནད་རྒྱས་པ་སྟེ་ཚ་བའི་དུས་སུ་གྲང་བ་སྐྱེས་པ་ན་དང་པོར་རང་གནས་གབ། བར་དུ་ཁྲག་མཁྲིས་ཀྱི་དུས་སུ་ཚ་བ་ལ། བད་རླུང་དུས་སུ་གྲང་བ་ཡིན་ཏེ། དེ་དག་ཤེད་སྙོམས་ཚེ་ཚ་གྲང་འཐབ་པར་བྱེད་ལ། ཐ་མར་ཁྲག་དང་མཁྲིས་པ་ཚ་བའི་སྟོབས་ཀུན་ཟད་ནས་བད་རླུང་གཉིས་རྒྱས་པའི་གྲང་བའི་ནད་དུ་འགྱུར་བ་ཡིན།

 སྨུག་པོའི་རིགས་འདི་ལ་བྱེར་བ། རྒྱས་པ། འགྱིངས་པ། འདྲིལ་བ་བཞི་ཡོད་པ་ལས་བྱེར་ལའང་ཕྱིར་བྱེར་བ་དང་ནང་བྱེར་གཉིས་སྨུག་པོ་རྒྱས་ལའང་དེ་བཞིན་བརྡོལ་བ་དང་མ་བརྡོལ་བ་གཉིས། སྨུག་པོ་འགྱིངས་པ་ལའང་གབ་པ་དང་མ་གབ་པ་གཉིས་སྨུག་པོ་འདྲིལ་བ་ལ་གསར་པ་དང་རྙིང་པ་གཉིས། དེ་ཡང་གོང་དུ་མཚོན་བྱེད་མིང་དང་དབྱེ་བ་ཇི་ལྟར་ལགས་ཞེས་པའི་ལན་མིང་བད་སྨུག་ཏུ་བཏགས་པ་དབྱེ་བ་རྒྱུའི་དབྱེ་བ་བད་མཁྲིས་རླུང་ཁྲག་བཞི་ལ་རྐྱེན་ཚ་གྲང་གཉིས། རང་གནས་ཕོ་མཆིན་རྒྱུ་ལོང་བཞི་དང༌། གཞན་གནས་ཕྱི་བྱེར་ནང་བྱེར་གཉིས་ལས་ཕྱི་ཤ་ལྤགས་རྩ་ཚིགས་བཞི། ནང་སྒལ་ཚིགས་དང་སྲོག་རྩ་དེ་ལས་གྱེས་པ་མགོ། གློ་སྙིང་མཆེར་པ་མཁལ་མ་དང་བཞི། དུས་ཚ་དུས་དང་ཚ་གྲང་འཐབས་པ་གྲང་བ་ལྷིང་ཆད་པ་གསུམ། རིགས་བྱེར་རྒྱས་འགྱིངས་འདྲིལ་བཞི་ལ་གཉིས་གཉིས་ཏེ་བརྒྱད་དེ་སུམ་ཅུ་སོ་གཉིས་སོ། །དེ་ལས་སྨུག་པོའི་རྣམ་འགྱུར་བཅུ་གསུམ་གྱིས་སྦས་དོན་དུ་གསུངས་པ་བཀྲལ་བ་ནི། འཕྱུར་བ་མགོ་ནད་དང་འདྲ། ཁ་ཡན་སྙིང་རླུང་དང་འདྲ། བྱེར་བ་དུག་འདྲ། རྒྱས་པ་འགྲམས་པ་འདྲ། ཞུད་པ་ཚ་གྲང་འཐབས་པ་དང་འདྲ། གབ་པ་གྲང་བ་དང་འདྲ། སྐྱུགས་པ་མ་ཞུ་བ་འདྲ། འཁྲུ་བ་གླང་ཐབས་འདྲ། འབྱམས་པ་སྐྱ་རིངས་འདྲ། འདྲིལ་བ་རྡོ་སྐྲན་འདྲ། འགྱིངས་པ་དམུ་ཆུ་འདྲ། འགྲིམས་པ་མཁལ་ནད་འདྲ། རལ་བ་སྐྱ་རྦབ་འདྲ་བ་སྟེ་བཅུ་གསུམ་ལ་བཞེད་པ་དང༌། ཡང་ཚིག་གི་དོན་ལ། ཕོ་བར་བད་ཀན་གྱི་ནད། མཆིན་པར་ཁྲག་གི་ནད། རྒྱུ་མར་མཁྲིས་པའི་ནད། ལོང་དུ་རླུང་གི་ནད། པགས་ལ་གྲམས་པ་ཤ་ལ་རྒྱས་པས་ས་བདག་གི་ནད། རྩ་ལ་བྱེར་བ་དུག་གི་ནད། ཚིགས་ལ་ཞུགས་པ་གྲུམ་བུའི་ནད། མགོ་ལ་མགོ་ནད། གློ་ལ་གློ་ནད། སྙིང་ལ་སྙིང་རླུང༌། མཆེར་པར་མཆེར་ནད། མཁལ་མར་མཁལ་ནད་དེ་བསྒྲིལ་བས་བཅུ་གསུམ་སྟེ་འདི་ལྟར་འདྲ་བ་རྒྱུ་མཚན་དང་བཅས་ཏེ་རྣམ་འགྱུར་བཅུ་གསུམ་མོ།།

དེ་རྣམས་ལ་བརྟག་པའི་ཐབས་སྤྱི་དང་བྱེ་བྲག་གཉིས་སུ་ཕྱེ་བའི་སྤྱི་ལ་རྩ་དང་ཆུ་དང་ནད་རྟགས་ལོ་མའི་སྒོ་ནས་བརྟག་པ་དང༌། ཕན་པ་དང་གནོད་པའི་ཟས་སྤྱོད་བསྟེན་པའི་སྒོ་ནས་བརྟག་པ་བཞི་ལས་རྩ་ལ་ངོས་བཟུང་བ་བད་ཀན་སྨུག་པོའི་རིགས་མཐའ་དག་ལ་སྦོམ་ལ་ཁེངས་ཤིང་ཀན་རྩ་ཞར་བ་ནི་སྨན་པའི་གུང་མོ་ལ་ཀན་ཞེས་པ་དེའི་རྩ་དེ་ནད་པའི་གཡས་མཆིན་མཁྲིས། གཡོན་ཕོ་མཆེར་གྱི་རྩ་རབ་རིབ་ཙམ་ལས་ངེས་པར་མི་གསལ་བ་དང༌། དེའང་གྲང་བས་བསྐྱེད་པ་ན་ཕལ་ཆེར་ཕྲ་བ་ལ་གུད་པ་སྟེ་དམའ་བ་འབྱུང་བའོ། །ཆུ་མདོག་སྨུག་པོ་འམ་ཡང་ན་དུགས་པ་ནི་དྲི་མ་ཆེ་བ་དང་མདངས་མི་གསལ་བ་མོག་མོག་པོ་བསྐ་ལ་རྙོག་མ་ཅན། ཡང་ན་དམར་པོའམ་སྨུག་པོ་ལྗང་གུ་ཡང་སྲིད་པ་ཡིན། ན་ལུགས་ནི་ཕོ་བ་དང་མཆིན་པའི་ཁ་འཁོར་ཞིང་རོ་སྟོད་ཀྱི་རྒྱབ་མདུན་སྦྲགས་ནས་ན་བ་དང་ལུས་པོ་བྱིང་ཞིང་ལྕི་ལ་བྱིན་པ་མི་ཐེག་པ་དང༌། སྒལ་ཚིགས་པ་ན་ཞིང་དང་ག་མི་བདེ་ལ་ཁ་མངལ་བ་ནི་བླ་རྟ་ལྟར་ན་མངར་ལ་སླེག་པའི་ཉམས་ཡོད་པའོ་ཞེས་བཞེད་ཀྱང་སྤྱིར་བལ་ནད་ཅན་ལ་ནི་ཁ་མངལ་བ་ནི་རོ་མི་གསལ་ལ་རླན་བག་ཅན་གྱི་དོན་ཡིན་ཞིང༌། འདིའི་དགོངས་དོན་ནི་རོ་ཆེར་མི་གསལ་ལ་རླན་བག་ཅན་འོང་ཞིང༌། ཁྱད་པར་དུ་ནད་གཞན་དང་མི་ནོར་བའི་ཁྱད་པར་ནི་ཉ་ཤའི་དྲི་རོ་བྲོ་བ་ལ་བྱའོ། །བྲང་ཚ་བ་དང་སྐྱུག་པ་སྙམ་བྱེད་ཅིང་སྐྱུག་པར་ཤར་ན་སྐྱུག་དཀའ་བ་དང༌། སྐབས་སྐབས་སུ་ཁོང་པ་ཚ་ཞིང་མགོ་དང་མིག་གི་རུས་པ་ན། རྔུལ་ནས་གྲང་བའི་རྗེས་ལ་གླང་ཐབས་ཀྱི་ནད་ཟུག་ལྡང་བ་དང༌། དྲི་མ་མདོག་སྨུག་ལ་སྐམ་ཞིང་ཤ་བའི་རིལ་མ་འདྲ་བ་འབྱུང་ཞིང༌། གྲོད་པ་འགྲངས་ཀྱང་ན་ལ་ལྟོགས་ཀྱང་ན་བ་དང༌། ནམ་ཟླ་དང་གྱོན་པ་སོགས་ཀྱིས་གྲང་ཡང་ན་ལ་དྲོས་ཀྱང་ན་སྙམ་བྱེད་ཅིང་ཡང་མི་འཕྲོད་པ་མ་སོང་ཡང་དོན་མེད་དུས་ན་ལ་འཕྲོད་བསྟེན་སོགས་བྱས་པ་མེད་པར་ཡང་དྲག་ཅིང༌། དུས་ཕལ་ཆེ་བར་སྟོན་དང་དཔྱིད་ཀྱི་དུས་ན་ལྡང་བར་བྱེད་པ་ཡིན་ལ། དེ་ཡང་འདི་ལ་ནད་ཀྱི་དུས་ཀྱི་ལོ་མ་རྣམ་གསུམ་དུ་འབྱུང་བ་ཡིན་ཏེ། དང་པོ་ནད་འཇུག་པའི་དུས་སུ་ཆུ་ཚན་ཞེས་འབྱར་བག་དང་ཆུ་སྐྱུར་སྐྱུག བར་དུ་ནད་སྨིན་པའི་དུས་ནས་མཁྲིས་པ་འདྲ་བ་སེར་པོ་དང་རྒྱ་ཚོས་བཤལ་བ་ལྟ་བུ་སྐྱུག་ཐ་མར་རྒྱས་པའི་དུས་ནས་ཁྲག་རུལ་པོ་དང་དུད་ཁུ་འདྲ་བར་སྐྱུག་གོ། །འདི་ལ་གནོད་པ་ནི་འབྲུ་གསར་ཐོག་དེ་མ་ཐག་པའི་འབྲུ་དང་གྲོ་ཡོས་ཕྱེ་སུངས་ཞེས་རྩམ་པ་ཡུན་སོང་དྲི་ཅན་གྱི་ཟན་དང༌། མར་རྙིང་དང་ཁྲག་ཚོད་དང་ཏིལ་ལ་སོགས་འབྲུ་མར་དང༌། ར་ཤ་དང༌། གནག་ཅེས་གཡག་གི་ཤ་རུལ་སུངས་པ་དང༌། ཉ་ཕག་སོགས་ཤ་བེམ་སྟེ་སུངས་པ་དང༌། ཆང་སྐྱུར་པོ་དང༌། སྒོག་སྐྱ་དང༌། ཞོ་མ་ལངས་པ་ལ་སོགས་པའི་སྣུམ་པ་དང་ལྕི་བའི་ཟས་དང༌། ཡང་ན་བསིལ་བའམ། ཡང་ན་དྲོ་དྲགས་པ་སོགས་གནོད། ཕན་པ་ནི་གནའ་བ་དང༌། དགོ་བ་དང༌། བ་ལང་གི་ཤ་གསར། ཡུན་སོང་བ་རྙིང་པའི་འབྲུའི་རིགས་སྲན་མ་དང༌། བ་ར་དང་མཛོའི་ཞོ་དང་དར་བ་དང༌། ཉ་ཤ་དང༌། ཕག་ཤ་སོལ་པ་ལ་སོགས་པའི་ཟས་དང་སྐོམ་ཡང་ལ་རྩུབ་དང༌། བསིལ་དྲོད་སོགས་སྙོམས་པ་རྣམས་འཕྲོད།

བྱེ་བྲག་ཏུ་གནས་པའི་ཡུལ་ལ་བརྟག་པ་དང༌། གནས་པའི་སྐབས་དང༌། ནམ་ཟླའི་དུས་དང་ནད་རིགས་ཀྱི་སྒོ་ནས་བརྟག་པར་བྱ་དགོས་ཏེ། དེ་ལ་དང་པོ་གནས་པའི་ས་ཕོ་བ་དང༌། མཆིན་པ་དང༌། རྒྱུ་མ་དང༌། ལོང་དང་བཞི་ལ་བརྟགས་ལ། ཕོ་བར་གནས་པའི་ཚེ་སྒྲེག་པ་དང༌། སྐྱུག་པ་དང་ཟས་ཟོས་པའི་རྗེས་ལ་ན་བ་དང༌། འཇུ་དཀའ་བའི་རིགས་དང་ཆང་རྒན་པོ་སྟེ་རྙིང་པ་དང༌། ཆང་གསར་ཁ་མ་ཁུགས་པ། ཤི་བའི་ཤ་རྣམས་གནོད་ཅིང༌། ནམ་ཟླ་གྱོན་པ་སོགས་ཧ་ཅང་དྲོ་དྲགས་པ་དང༌། ཡང་ཧ་ཅང་རླན་ཅིང་གྲང་དྲགས་པའི་དུས་ན་ལྡང་ངོ༌། །མཆིན་པར་གནས་པའི་ཚེ་མཆིན་དྲི་དང་རོ་རྒྱབ་ན། རྒྱབ་ཀྱི་ཚིགས་པ་རྣམས་བཀན་ཞིང་མཐེབ་མོས་མཉེས་ན་ཕན་སྙམ་བྱེད་ཅིང༌། མེ་དང་ཉི་མ་དང་ཟས་དྲོད་བཅུད་ཅན་དང་རུལ་པོ་སྐྱུར་པོ་དེ་དག་ཟོས་པ་ལས་ལྡང༌། མཆིན་པར་རྒྱས་པའི་ཚེ་ན་སྲ་ལ་ཁེངས་ཤིང་སྐྲན་ལྟར་ན་བ་དང་རྒྱུ་མར་གནས་པའི་ཚེ་ན་ཞིང་རྒྱུ་ཡུལ་དུ་འགྱུར་བའི་ཉམས་དང༌། ཡང་ན་འདྲིལ་ནས་ན་ཞིང་མིག་དང་ཆུ་མདོག་སེར། ལོང་དུ་གནས་པའི་ཚེ་སྦོ་འཁྲོག་བྱེད་ཅིང་འུར་བ་དང་སྔ་དགོངས་དང༌། ཆང་སྐྱུར་སོགས་འཐུང་དུས་ན། ཁྱད་པར་སྦོ་ཞིང་ཐུར་རླུང་གི་དྲི་ཆེ་ལ་དྲོད་ཀྱི་རིགས་འཕྲོད་ཅིང་གྲང་བ་གནོད། ནད་རང་གི་དུས་ཀྱི་བརྟག་པ་ལ་དང་པོ་ཚ་བའི་དུས་ལ་རྩ་གྲིམས་ཤིང་ཆུ་མདོག་སྨུག་ལ་དྲི་རླངས་ཆེ། ལྕེ་སྐམ་ཞིང་གྱོང་ལ་ཁ་ཁ་བ་དང་དང་ག་འགག་ལུས་བྱིང་ལྕི་ལ་གཉིད་ཆེ་གདོང་སྣུམ་ཞིང་མིག་གི་སྤྲིན་པ་དམར་བ་དང༌། མཆིན་དྲི་དང་རོ་སྟོད་རྒྱབ་གཉིས་སུ་སྦྲག་ཅིང་གཟེར་བ་དང༌། མགོ་དང་མིག་གི་རུས་པ་ན་ཞིང་མཚོག་མ་ལྕི་ལ་མེ་དང་ཉི་མས་དྲོས་པའི་ཚེ་ཁྱད་པར་ན་བ་དང༌། ཟས་སྤྱོད་རུལ་པོ་སྐྱུར་པོ་དྲག་ཤུལ་གྱི་ལས་བྱས་རྗེས་ལ་ལྡང་བ་ཡིན་པས། དེ་ཉིད་ལ་སྨུག་པོའི་ཚ་བ་རྒྱས་པ་ཞེས་བྱ་བའོ། །འཐབ་པ་ནི་སྨུག་པོས་མཉམ་པོར་གནས་ཀྱི་ལམ་བསྒགས་པས་མཉམ་གནས་ཀྱི་ཚེ་སྣོད་ཀྱི་རྩ་ནང་ཀུན་དུ་ཞུགས་ཤིང༌། རླུང་གིས་ཁྲག་ཕྱི་ཡུལ་དུ་ཕར་འབོར་ཚུར་འབོར་བྱེད་ལ་འདེད་ཅིང་རྒྱུ་བས་དུས་ངེས་པ་མེད་པར་རྒྱུན་དུ་ཟུག་ཆེ་བར་གླང་ཐབས་ལྡང་ཞིང༌། དེ་ཡང་ཉིན་མོ་ཅུང་ཟད་བདེ་ལ་མཚན་མོ་རྒྱུན་དུ་ན་བ་དང༌། གྲོད་པ་ལྟོགས་ཤིང་ཕོ་བར་དུགས་བྱས་པའི་དུས་ན་བདེ་སྙམ་བྱེད་ཅིང༌། ཤ་ཞུ་བ་སྟེ་བྲི་ནས་ལུས་ཀྱི་པགས་པ་སྐམས་ལ་རྩ་རྣམས་མངོན་པར་རྒྱས་ཤིང༌། བསིལ་བ་དང་དྲོ་བའི་ཟས་དང་སྨན་ཅི་བྱས་ཀྱང་ཕན་གནོད་ཆུང་བས། འདི་ནི་སྨུག་པོ་འཁྲུགས་པ་ཞེས་བྱ་སྟེ་གསོ་བ་དཀའ་ཞིང་ནད་འདིས་ཐེབ་ཚེ་ཕལ་ཆེ་བ་འཆི་བ་མང་བ་ཡིན། ནད་རང་ཐ་མའི་དུས་སུ་ལུས་པོ་གྲང་ལ་ཉམ་ཆུང་ཞིང་ཟས་ཀྱི་རིགས་མི་འཇུ་ལ་སྒྲེག་པ་དང་སྐྱུགས་པ་རྟག་ཅིང་འགྲངས་རྗེས་སུ་ན་ལ་འཁྲུ་བའང་སྲིད་པ་དང་སྦོ་ཞིང་འཁྲོག་ལ་འགྱིངས་ཤིང་ཆུ་དང་སིངས་པོ་སྟེ་ཆང་གི་ཐ་མ་གླེག་ཅེས་ཡལ་ནས་ནལ་ནལ་པོར་སོང་བ་གནོད་དོ། །དེ་ལ་རིགས་ཀྱི་སྒོ་ནས་བརྟག་ན། བྱེར་བ་ནི་མགོ་བོ་དང་མིག་གི་རུས་པ་རྣམས་ན་ཞིང་ལུས་ཀུན་བརྩེ་བར་བྱེད་ལ། ལུས་ལྕི་ཞིང་སྒྱིད་པ་སྐྱུར་བ་སྟེ་བྱ་མི་འདོད་པ་ལ་ཤེད་དང་ཉམས་འབྲི་བར་བྱེད། མཆིན་དྲི་དང་རོ་རྒྱབ་དང་རྩིབ་མའི་ལོགས་སུ་གཟེར་ཞིང་འཁྱུག་པར་བྱེད། སྒལ་ཚིགས་པ་བརྫིས་ན་ཕན་སྙམ་བྱེད་ཅིང་བཤུལ་ཤ་རྣམས་འཕྲིག་པ་དང༌། ལུད་པ་ལ་ཁྲག་བཅས་མདོག་སྨུག་པོ་ལུ་བར་བྱེད་ཅིང་མཁལ་མ་རྐེད་པ་བརླའི་སུལ་དང་ཡན་ལག་གི་ཚིགས་གཞི་བྱིན་པའི་ཉྭ་སོགས་ན་བ་དང༌། ངེས་པ་མེད་པར་གཟེར་འཕོ་ཞིང་ན་ལ་སྐྱུགས་པ་སྙམ་བྱེད། དེའང་ཁྱད་པར་མགོ་ལ་བྱེར་ན་མཚོག་མ་ལྕི་བ་དང༌། མིག་གི་རུས་པ་ན་ཞིང་སྣ་ཁྲག་མི་ཆོད་པར་འཛག་པར་བྱེད། སྙིང་ལ་བྱེར་ན་རིག་པ་སྨྱོ་ཞིང་འདར་བའམ་ཡང་ན་སྙིང་མི་དགའ་བ་དང༌། མཚན་ལ་གཉིད་མེད་ཅིང་ཆང་འཐུངས་པའི་དུས་ན་བསྲན་མི་བཟོད་པའི་ཟུག་ཆེ་ཞིང༌། སྟོད་བརྒྱངས་ཤིང་དྲོད་དང་བཅུད་ཅན་མེ་བཙའི་རིགས་བྱས་པས་ཕན་སྐྱེད་མེད། གློ་བར་བྱེར་ན་རོ་རྒྱབ་ཚ་ལ་ལྕི་ཞིང་དུ་མར་ན་བ་དང༌། ལུད་པ་ཁྲག་དང་བཅས་པ་སྨུག་ལ་ཁམ་པ་ཡུན་དུ་འབྱུང་ཞིང༌། གཏར་གའི་རིགས་དང་སྨན་དཔྱད་གློ་བའི་བཅོས་ཀྱིས་སྐྱེད་མེད་ཅིང་དྲོད་དང་བཅུད་གནོད་པར་བྱེད། མཆེར་པར་བྱེར་བ་ན་གཞོགས་གཡོན་ཕྱོགས་ལ་གཟེར་ཞིང་དྲོས་པའི་ཚེ་ན་བ་དང་ཞེ་འཁུན་པར་བྱེད་ཅིང་གདོང་པའི་མདོག་སྨུག་པོར་འགྲོ། མཁལ་མར་བྱེར་ན་རྐེད་པ་འཁོར་ཞིང་རྐང་པ་ལྕི་བར་བྱེད། བརླ་ཤའི་མ་སུལ་དང་མཁལ་རྩ་འཕྲིག་ཅིང་ཆུ་མདོག་དམར་པོར་འོང༌། བསམ་སེར་བྱེར་བའི་ཚེ་ན་ཕོ་མོ་གང་ཡང་མཚན་མ་ནས་ཁྲག་དང་རྣག་མི་ཆོད་པར་རྒྱུན་དུ་འབྱམས་པ་སྟེ་འཛག་པ་ཡོད། ཤ་དང་པགས་པ་ལ་བྱེར་ན་ཁོལ་བུ་འམ་ཀོ་ལེར་ཚ་ཞིང་ན་བ་འབྱུང༌། རྩར་བྱེར་ན་གང་བྱེར་གྱི་རྩ་རྒྱས་ལ་མདོག་ནག་སྦྲིད་ཅིང་སྐྲངས། ཚིགས་ལ་བྱེར་ན་གང་བྱེར་གྱི་རྐང་ལག་ནད་ཀྱིས་བརྐྱང་བསྐུམ་དཀའ་ཞིང་ཚིགས་ཀྱི་མགོ་སྦོམ་པ་དང༌། ལུས་ལྕི་ཞིང་དྲོད་ཆེ་ལ་བཅུད་རིགས་གནོད། གྲུམ་བུ་དང་འདྲ་བའི་རྟགས་སུ་ན་ལ། སྒལ་ཚིགས་ཀྱི་མཁར་བྱེར་ན་ཚིགས་པའི་རྒྱུད་ན་ཞིང་ཕན་ཚུན་གྱི་བཤུལ་ཤ་འཕྲིག་ཅིང༌། ཚིགས་པའི་ཁ་བྱེ་བ་མནན་ཞིང་བཙིར་ལ་བཀན་ན་ཕན་པ་སྙམ་བྱེད། དེ་ལྟར་གྱིས་བྱེར་བའི་རྟགས་སྣ་ཚོགས་པ་ཅི་འདྲ་བྱུང་ཡང་མདོར་ན་སྨུག་པོ་ཡིན་ན་ཕོ་མཆིན་གྱི་ནད་དང་བསྡོངས་པ་ཞིག་འོང་བས་ཤེས། རེ་མོས་ཀྱིས་ན་བའམ་ཡང་ན་སྔར་དུས་ཕོ་བ་དང་མཆིན་པ་ན་སྟེ་ཕྱིས་གཞན་གྱི་ནད་བྱུང་བ་དང་སྔར་གྱི་ནད་དེ་མེད་ན་ཕོ་མཆིན་ན་བ་དེས་སྨུག་པོ་ཡིན་པར་ངེས། སྨུག་པོའི་ནད་དེ་རྒྱས་ལ་བརྡོལ་བ་དང་མ་བརྡོལ་བ་གཉིས་ཀྱི་མ་བརྡོལ་བར་སྨུག་པོའི་ཁྲག་དང་ཚད་པ་རྒྱས་པའི་རྟགས་ནི་དང་པོ་ཚ་བའི་དུས་ཀྱི་སྐབས་སུ་བསྟན་ཟིན་ལ། ཤིན་ཏུ་རྒྱས་པའི་ཚེ་ན་ཁྲག་རུལ་ཞིང་རྡོལ་བར་འགྱུར་ཏེ། དེ་ཡང་མ་ཞུ་བའི་གནས་ཕོ་བར་རྒྱས་ན་ཁྲག་དང་བད་ཀན་རུལ་པས་དུད་ཁུ་སྐྱུགས། ཞུ་བའི་གནས་སུ་ལོང་དུ་རྒྱས་ན་རླུང་ཁྲག་ནག་པོར་འཁྲུ། ཞུ་མ་ཞུའི་བར་དུ་རྒྱུ་མར་རྒྱས་ན་མཁྲིས་པ་འདྲེས་པའི་སེར་ཤས་ཅན་གྱེན་ཐུར་གཉིས་ཀར་རྡོལ་བར་འགྱུར་རོ། །གྱེན་དང་ཐུར་གཉིས་པོ་གང་དུ་བརྡོལ་གྱུར་ཀྱང་དེ་ལའང་ཁྲག་གི་ལམ་ཆོད་དང་མ་ཆོད་པ་གཉིས་དང༌། ངོ་བོ་ཟད་པ་དང་རྣམ་པ་གསུམ་དུ་འགྱུར་བ་ལས་ཁྲག་ལམ་ཆོད་པ་ནི་ཟུངས་ཁྲག་མ་ཤོར་ཞིང་ནད་ཁྲག་ཐོན་པའི་རྟགས་སུ་ཟུག་མེད་ཅིང་ལུས་ཡང་ལ་དང་ག་བདེ་ན་འཚོ་བ་དང༌། ཁྲག་ལམ་མ་ཆོད་པ་ནི་མང་དུ་སྐྱུགས་པ་དང་འཁྲུ་བར་བྱས་རྗེས་ཁྲག་ནག་པོ་དུད་ཁུ་ལྟ་བུ་མ་ཟད་པར་འོང་ཞིང་བདེ་སྟོབས་མེད་ཅིང་དང་ག་འགགས་ན་ཕལ་ཆེར་གསོ་བར་དཀའ་བ་ཡིན། ངོ་བོ་ཟད་པ་ནི་ཕལ་ཆེ་བ་ཟུངས་ཀྱི་ཁྲག་ཤོར་ཏེ་ཆུ་དམར་ཞིང་ལྦུ་བ་ཆེ་ལ་རྩ་སྟོང་པར་རྒྱུག གློ་བ་དང་སྙིང་མི་བདེ་ཞིང་དབུགས་འཚང་བ་ལྟར་གྱེན་དུ་འདེག་ཅིང་སྐྲ་འདབ་རྣམས་འདར་བ་དང༌། ལྕེ་དང་ཡས་མས་ཀྱི་མཆུ་དང་རྐང་ལག་གི་སེན་མོའི་བཀྲག་ཤོར་ཞིང་གདོང་པ་སེར་བ་དང༌། སྐེ་རྩ་སྤྲུགས་ཤིང་བོལ་གོང་རྩེ་ཆུང་སོགས་ཅུང་ཟད་གཡོ་བ་དང༌། ཁ་སྐོམ་དད་ཆེ་ལ་སྙིང་ལ་གྲང་མོ་ལྷག་པར་འདོད་ན་དེ་ཡིན། ཕལ་ཆེར་འཆི་ལ་འཚོ་བའང་འགའ་འབྱུང་སྲིད་དོ། །སྨུག་པོ་འགྱིང་བ་ལ་གབ་པ་དང་མ་གབ་པ་གཉིས་ལས། མ་གབ་པའི་རྟགས་དང༌། བཅོས་པའི་ཐབས་སྨུག་པོ་སྤྱི་དང་འདྲ་བ་ལས་སྒེར་དུ་མ་བཤད་ཅིང༌། གྲང་བས་མགོ་བྱིབས་ཀྱི་སྣོད་ཚད་གབ་པའི་རྟགས་ནི་གོང་རྩའི་རྩ་རྒྱུད་ཕྲ་ལ་བྱིང་ཞིང་ཆུའི་མདོག་ལྗང་ཁུ་དང༌། ལུས་བྱིངས་ལྕི་ལ་སྒྱིད་པ་སྐྱུར་ལ་བྱ་བ་མི་འདོད་ཅིང་དང་ག་འགྲིབ་པ་དང༌། མཆིན་དྲི་དང་རོ་རྒྱབ་ན་ཞིང་སྒྲེག་པ་འབྱུང་བ་དང༌། ཁ་དྲི་མངལ་བ་རོ་མི་ཚོར་ཞིང་རླན་བག་ཅན་ལ་སྐྱུགས་པའི་ཚེ་ན་ཕན་སྙམ་བྱེད་པ་དང༌། རྔུལ་ཞིང་གྲངས་པའི་རིགས་འབྱུང་བ་དང༌། ཞོ་དང་དར་བ་སོགས་བཏུང་ནས་གྲང་པའི་རྗེས་གླང་ཐབས་ལྡང་ཞིང་ཟས་དང་སྤྱོད་ལམ་གཉིས་ཀ་དྲོ་ན་བདེ་བར་མངོན་པ་དང༌། གང་ཡང་འཇུ་དཀའ་བས་ཕོ་བ་འཚིང་ལ་དྲི་མ་སྐམ་པོར་འབྱུང་ངོ༌། །སྨུག་པོ་དེ་ཉིད་སྐྲན་དུ་འདྲིལ་བའི་ཚེ་ན་མཆིན་པ་དང་མཆེར་པ་ཕོ་བ་ལོང་རྒྱུ་མ་བཅས་པའི་གནས་སུ་འབྱུང་སྟེ། སྲ་ལ་འདྲིལ་བ་གཟེར་ཞིང་ན་ལ་མནན་པའི་ཚེ་ན་འཕར་བ་དང༌། གང་བྱུང་བའི་གནས་དེ་ཚ་ཞིང་སྟོབས་འཛད་ལ་དང་གའང་འགག རྩ་རྒྱུད་ནི་ཕྲ་ལ་མགྱོགས་པ་ཆུ་མདོག་དམར་བར་འོང༌། དེ་ཡང་གསར་དུས་སམ་ཆགས་མོད་དེ་འཕྲལ་དུ་མཆིན་པ་ལྟ་བུར་བཅོས་དཀའ་བས་གཉན་ལ། རྙིངས་ཤིང་རུལ་ནས་བཤིག་སྦྱངས་སོགས་གསོ་བར་སླ་བ་ཡིན་ཀྱང་སྐྲན་དུ་འདྲིལ་བ་དེ་ཟགས་ན་རྟགས་ལ་གདོང་དང་རྐང་པའི་བོལ་གཡོ་བ་དང༌། གསུས་པ་ལྕི་ཞིང་ལྡིར་ལ་གསུས་པའི་རྩ་རྣམས་བཀྲ་བ་དེ་ལྟར་བྱུང་ན་སྨུག་པོ་ཟགས་པ་ཞེས་བྱ་སྟེ་ཚ་བའི་ཆུ་ཡིན་པས་མི་འཚོ་བས་སྤང་དགོས་ཤིང༌། ཅི་ཕྱིར་ན་སྐྲན་གྱི་རོ་མ་སྨན་སོགས་ཀྱིས་བཤིག་ཚད་ཆུ་རུ་གསོག་ཅིང༌། ཆུ་དེའང་སྨན་སོགས་ཀྱིས་སྐམས་པས་ཀྱང་མི་སྐོམས་པར་རྒྱུ་མར་གནས་པ་རོ་ལས་རིམ་པས་འཛག་པ་ཡིན་ཞིང༌། ཁོང་པའི་ནད་ཕལ་ཆེར་སྨུག་པོའི་རྒྱུས་བསྐྱེད་པ་དེ་ལ་སྨན་པ་མི་མཁས་པ་ཁ་ཅིག་རྨོངས་པས་དུག་ཏུ་ངོས་འཛིན་པའང་ཡོད། ཡང་ངོས་མི་ཟིན་པ་ལ་ལས་ཚ་བ་དང༌། ལ་ལས་གྲང་བར་འཛིན། ལ་ལས་ས་བདག་གི་གདོན་དུ་ངོས་འཛིན་པའང་ཡོད་པའི་འཁྲུལ་པ་ཤིན་ཏུ་ཆེ་བས་དེ་ཕྱིར་སྨུག་པོའི་ནད་འདི་ལ་བྱ་ར་སྟེ་བརྟག་པ་བསྒྲིམས་པ་གལ་ཆེའོ།།

དེ་དག་བཅོས་པའི་ཐབས་ལ་སྤྱི་ལ་བཅོས་པ་དང་བྱེ་བྲག་ཏུ་བཅོས་པ་གཉིས། སྤྱི་ལ་བཅོས་ཐབས་དེ་ལ་ཟས་དང་སྤྱོད་ལམ་སྨན་དཔྱད་བཞི་ཡོད་པ་ལས་དང་པོ་ཟས་སྤྱོད་ཀྱི་སྒོ་ནས་བཅོས་པ་ནི་ཉ་དང་ཕག་པ་དང༌། གྲ་མའི་ཤ་སར་ནི་སྤྱིར་ར་དང་གླ་བ་ལ་འདོད་ཅིང་བྱེ་བྲག་ར་མོ་སྐྱེས་ནས་ལོ་གཉིས་ལོན་པའི་ཤ་གསར་ལ་བྱའོ་ཞེས་བླ་རྟ་གསུངས། གྲ་མ་ནི་སྨན་མིང་སྒྲ་སྦྱོར་ངེས་པར་ནི་བོང་བུའི་མིང་ཡིན་པར་གསུངས་པ་སོགས་ཇི་སྙེད་ཅིག་མཆིས་ཀྱང་ཉ་ཕག་གཞོན་དྲགས་པའི་ཤ་མ་སྐྱེས་པ་མ་ཡིན་པ། དར་ལ་བབས་པའི་ཚིལ་ཆེ་དྲགས་པ་མ་ཡིན་པ། རྒས་པའི་ཤ་རིད་པ་མ་ཡིན་པ་ཞིག་སྟེ་དེ་ཡང་སྐྱེས་ནས་ལོ་གཅིག་ལོན་པ་གྲ་ཡག་པ་དེའི་ཤ་ལ་ཡིན་པ་དང༌། མཛོ་མོའི་ཞོ་དང་དར་བ། གནའ་བ་དང་དགོ་བ། བ་ལང་སོགས་ཀྱི་ཤ སྲན་མའི་རྩམ་པ་དང༌། ཇ་རྒྱུ་འཇམ་ཞིང་སྡོར་ཆུང་བ་དང༌། བསྐོལ་གྲང་གི་ཆུ་ལ་སོགས་པ་ནི་སྨུག་པོའི་ཚ་བ་རྒྱས་པའི་ཟས་སུ་བཤད་པ་ལྟར་བསྟེན་དགོས་ཤིང༌། དྲོད་བཅུད་དང་དྲག་ཤུལ་གྱི་ལས་ཀུན་དུ་སྤང་བར་བྱ། གཙང་སྟེ་བོད་དུ་གོ་བདེ་བར་བཏང་བ་སྟེ་ཆུ་ཀླུང་གི་ཉ། རྒོད་གཡག་སྟེ་འབྲོང་གི་ཤ་དང༌། ལུག་ཤ་གསར་པ། གསར་ཞིང་འཇམ་པ་སྐམ་སའི་ཟན་དྲོན་ལ་སོགས་པ་ནི་སྨུག་པོ་གྲང་རྐྱེན་གྱིས་གབ་པའི་ཟས་སུ་བཤད་པ་ཡིན་ནོ། །ཟས་འཇུ་དཀའ་བ་ལྕི་བ། བསིལ་བའི་རིགས་སོགས་དང་ཉིན་གཉིད་ལོག་པ་དང་གྲང་བའི་རིགས་སྤང༌།རླན་མེད་ཅིང་དྲོ་སར་རྔུལ་མ་ཐོན་ཙམ་རྐང་པས་བཅག་པར་བྱའོ། །སྨན་གྱིས་བཅོས་པ་ལ་རྩི་དང་རྡོ་དང་སྔོ་དང་སྔོ་དྲོད་ཆེ་བ་དང་གསུམ་ལས་རྩི་སྦྱོར་ལ་རྒྱལ་པོ་ལྟ་བུ་ཨ་རུ་དང༌། བཙུན་མོ་ལྟ་བུ་བྲག་ཞུན་གཉིས་པོ་ནི་འདུ་བ་སྤྱི་སྙོམས་ཀྱི་སྨན་དང༌། ཅུ་གང་དང་གུར་ཀུམ་གཉིས་ཅུ་གང་གློ་དང་གུར་ཀུམ་མཆིན་པའི་ཁ་གནོན་ཡིན་པ་དང༌། བློན་པོ་སེ་འབྲུ་དང་བསེ་ཡབ། སྟར་བུ་འུ་སུ་དང༌། མ་ནུ་པུཥྐར་དང༌། ཨུཏྤལ། པི་པི་ལིང་དང་བདུན་པོ་བད་ཀན་ཚ་བ་འཇོམས་པའི་གཉེན་པོ་བདུན་སྦྱོར་ཡིན་པ་དང༌། དམག་དཔོན་ཏིག་ཏ། བ་ཤ་ཀས་ཁྲག་མཁྲིས་གསོད་པ་དང༌། ཚ་བའི་སྟོབས་ཆེ་བ་ན་དེ་སྟེང་དུ་གི་ཝཾ་དང་ཙནྡན་དཀར་པོ་བསྣན་པ་དང༌། གྲང་བ་ཆེས་ན་གོང་སྟེང་ད་ལིས། སྒེའུ་གཤེར་ཞེས་སྒ་སྐྱ་བསྣན་ཏེ་སྦྱོར་བ་རིགས་པས་དཔྱོད་དགོས་ཤིང༌། སྟོད་སྨད་བར་གནས་བུར་ཀར་སྦྲང་རྩིས་བསྒྱུར་ཞེས་པ་ནི་གོ་རིམ་བུ་རམ་འཐད་ཀྱང་བད་ཀན་སྟོད་ལ་གནས་པས་སྦྲང༌། སྨད་དུ་བུ་རམ་བར་དུ་ཀ་ར་གསུམ་གྱི་རྟས་བསྒྱུར་བཏང་བ་དེ་ནི་སྨུག་པོའི་ནད་མ་ལུས་པ་འཇོམས་པའི་སྤྱི་སྦྱོར་གྱི་སྨན་ཡིན་ཞིང༌། དེ་ནང་ནས་ཀྱང་ཁྱད་པར་སྨུག་པོ་འམ་ཚ་བ་རྒྱས་ལ་བསྔགས་པ་ཡིན་ནོ། །དེ་བཞིན་རྡོ་སྦྱོར་ནི་གངས་ཐིགས་ཨ་རུ་བྲག་ཞུན་གསུམ་རྒྱལ་པོ་ལྟ་བུ་ལ། བཙུན་མོ་ལྟ་བུར་བ་ཤ་ཀ་དང༌། རེ་སྐོན་པ་དང་ཅོང་ཞི་སྲས་ལ། བློན་པོ་གཉེན་པོ་མ་ནུ་པ་ཏྲ་དང་སྟར་བུ་འུ་སུ་གསུམ་རྣམས་ཀྱིས་སྨུག་པོའི་ནད་མ་ལུས་གསོ་བའི་སྤྱིའི་རྡོ་སྨན་ཡིན་ཞིང༌། དེའི་སྟེང་དུ་སོ་སོའི་གཉེན་པོ་བསྟེན་དགོས་པ་ནི་ཛཱ་ཏི་ཨ་ག་རུ་དང་ཙནྡན་དཀར་དམར་གཉིས་བསྣན་པས་སྨུག་པོ་སྙིང་དང་སྲོག་རྩར་བྱེར་བ་འཇོམས། གི་ཝཾ་དང་ཙནྡན་དཀར་པོ་དང་ཅུ་གང་གུར་ཀུམ་ལི་ཤི་སྟེ་བསིལ་གསུམ་བསྣན་པས་སྨུག་པོ་གསར་པའི་དུས་ཀྱི་ཚ་བ་རྒྱས་པ་སེལ། ཅུ་གང་དང༌། རྒུན་འབྲུམ་དང༌། ཤིང་མངར་དོམ་མཁྲིས་བསྣན་པས་སྨུག་པོ་གློ་བ་ལ་བྱེར་བ་འཇོམས་པར་བྱེད་པ་ཡིན། བོང་ང་དཀར་པོ་དོམ་མཁྲིས་དང་གསེར་གྱི་མེ་ཏོག་བསྣན་པས་སྨུག་པོ་ཚ་བ་སྣོད་དུ་གབ་པ་འཇོམས། ལྡུམ་བུ་ནི་རེ་རལ་དེ་ལ་བཞེད་པ་མང་ཡང་འདི་རྒྱལ་པོ་རེ་རལ་དང༌། ཕག་ཁྲག་དང་སྐྱེར་པའི་བར་ཤུན་བསྣན་པས་ནད་རྙིང་པ་རྩ་དང་ཚིགས་ལ་བྱེར་བའི་དུག་དང་འདྲ་བ་འཇོམས། རྒྱ་སྐྱེགས་དང་པུ་ཤེལ་ཙེ་དང༌། འབྲས་བརྔོས་པའི་ཡོས་ཀྱིས་གྱེན་བརྡོལ་སྐྱུགས་པ་གཅོད། ད་ཏྲིག་དང་བྱ་རྐང་དང་དུག་ཉུང་རྣམས་ཀྱིས་ཐུར་དུ་རལ་བ་བསྡོམས། སྟར་བུ་དང་རྒྱམ་ཚྭ་དང་སྦྲུལ་གྱི་ཤས་འདྲིལ་བ་འཇིག ད་ལིས་དང་སེ་འབྲུ་དང་དྲོད་སྨན་གསུམ་གྱིས་གབ་པ་སེལ། སྨན་རྟ་ནི་ཀ་ར་དང་བུ་རམ་དང་སྦྲང་རྩིས་གོང་བཞིན་བསྒྱུར་བ་དེ་འདུས་པའི་ནད་གསོ་བ་དཀའ་བ་སྨུག་པོ་འཇོམས་པའི་མཆོག་ཡིན་ནོ། །སྔོ་སྦྱོར་པྲི་ཡངྐུ་ཐུན་ལྔ་དང༌། ཁུར་མང་ཐུན་བཞི་དང༌། སེ་རྒོད་ཀྱི་བར་ཤུན་ཐུན་གསུམ། སྟར་བུ་ཐུན་གཉིས། ཡུང་བ་ཐུན་གཅིག་སྟེ་ལྔ་པོ་གོང་མ་དེ་ཚ་བ་སྐྱེད་པའི་གཙོ་བོ་ཡིན་ཅིང༌། དེའི་འཁོར་ལྟ་བུར་ད་ལིས་དང༌། ཤིང་ཚ་དང༌། སུག་སྨེལ་དང༌། ར་མཉེ་བ་དང༌། སླེ་ཏྲེས་ཞིབ་ཏུ་བཏགས་པ་ཀ་རས་རྟ་བྱས་ལ་ཚ་བར་གྲང་ཆུ་བསིལ་བ་དང༌། གྲང་བར་བསྐོལ་བས་ཕུལ་ལ་བཏང་བས་སྨུག་པོའི་ནད་ཀུན་འཇོམས་ལ་ཁྱད་པར་དུ་འཐབ་པ་སེལ་ཞིང༌། ཙནྡན་དཀར་པོ་ཅུ་གང་གུར་ཀུམ་མ་ནུ་པ་ཏྲ་དང༌། འུ་སུ་དང་ཀ་ར་རྣམས་སྦྱར་བ་གོང་དང་ལྟག་པ་སྤྲད་དེ་བཏང་བས་སྨུག་པོའི་ཁྲག་དང་ཚད་པ་རྒྱས་པ་སེལ་བར་བྱེད་པ་ཡིན་ནོ། །ཡང་ན་ཆ་མཉམ་བཞི་ཐང་ཕྱི་རྒྱུད་ཐང་ལེ་ལྟར་ལྟག་པ་སྤྲད་པས་སྦོ་སྒྲེག་འཇོམས། གུར་ཀུམ་དང་དོམ་མཁྲིས་དང་རྒྱ་སྐྱེགས་པུ་ཤེལ་ཙེ། འབྲས་ཡོས་ནི་འབྲས་བརྔོས་པ་དང་ཀ་ར་སྦྲང་རྣམས་ཀྱིས་སྐྱུག་པ་གཅོད། ཅོང་ཞི་དང་རེ་སྐོན་པ། ད་ཏྲིག་དང་དུག་མོ་ཉུང་དང༌། པྲི་ཡངྐུ་རྣམས་འབྲས་ཀྱི་ཐུག་པ་ལ་བཏབ་སྟེ་གོང་དང་ལྟག་པ་སྤྲད་པ་བཏང་བས་ཐུར་དུ་འཁྲུ་བ་གཅོད་ཅིང༌། འདུས་པའི་ནད་སྨུག་པོའི་རིགས་ཀྱི་གྲོང་ཁྱེར་མ་ལུས་འཇོམས་པར་བྱེད། ནད་ཞུགས་ནས་མེ་ཏོག་ལྟ་བུ་དང་པོ་ཆུ་སྐྱུར་སྐྱུག་པའི་དུས་སུ་སེ་འབྲུ་དང་མ་ནུ་པུཥྐར་དང༌། གུར་ཀུམ་དང་པི་པི་ལིང་སུག་སྨེལ་དང་ཅོང་ཞི་ཀ་རས་ཁ་བླངས་ནས་བཏང༌། ཡང་ན་སེ་འབྲུ་སྟར་བུ་དང༌། སྐྱུ་རུ་ར་ད་ཏྲིག་དང་སྐྱེར་འབྲུམ་དང༌། ཆུ་རྐང་ནི་པདྨ་རྩ་རིའི་རིགས་རྩ་བ་ཆུ་རྩ་ལོ་མ་ཆུ་ལོ་རྐང་ཆུང་སྟེ་ཡུལ་སྐད་དུ་ལ་རྒོད་དཔལ་ཆེན་པ་ཞེས་ཆུ་རྩ་ལ་འདོད་དོ་ཞེས་བླ་རྟ་གསུངས་ཀྱང༌། སྤྱིར་པདྨ་རྩ་རི་ལ་རིགས་ལྔ་གསུངས་ཏེ་ཆུ་མ་རྩི། ཆུ་རྩ། ཆུ་བུན་པ། ཆུ་ཆུང་པ། ལྕུམ་རྩ་དང་ལྔ་ལས་རོ་ནུས་ལས་བྱེད་ཚུལ་སོགས་ལ་དཔགས་ན་ཆུ་རའི་རྐང་ཡིན་པ་སྦྱར་ལ་བཏང་ངོ༌། །སྐྱུག་མདོག་སེར་པོ་མཁྲིས་པ་འཐབས་ནས་སྐྱུག་པའི་དུས་སུ་དུག་མོ་ཉུང་དང༌། ཏིག་ཏ་དང༌། ཤིང་མངར་དང༌། འུ་སུ་ཀ་ཀོ་ལ། དོམ་མཁྲིས་ཀ་ར་སྦྱར་བས་ཞི་བར་འགྱུར་ལ། ཡང་ན་ཤིང་མངར་དང༌། གསེར་གྱི་མེ་ཏོག་དང༌། རྒྱ་གར་ཏིག་ཏ་དང་སེ་འབྲུ་དང་དམར་པོ་གསུམ་ནི་བཙོད། རྒྱ་སྐྱེགས། འབྲི་མོག་གསུམ་ལ་ཕལ་ཆེར་མཐུན་པར་གསུངས་ལ། བྱང་པ་དང་བྱ་པ་བཀྲ་ཤིས་རྣམ་རྒྱལ་བ་གཉིས་ནི། ཚོས་བཙོད་ཞུ་མཁན་གསུམ་ལ་བཞེད་པ་གང་རིགས་ཀྱི་ཐང་བཏང༌། རྒྱ་ཤལ་ཞེས་རྒྱ་ཚོས་ཀྱི་ཁུ་བ་འདྲ་བསྐྱུགས་དུས་ཙནྡན་དཀར་པོ་དང༌། གུར་ཀུམ་དང༌། ཅུ་གང་དང༌། ཏིག་ཏ་དང༌། ཨུཏྤལ་དང༌། བ་ལེ་ཀ་དང༌། སྐྱུ་རུ་ར་དང༌། སྐྱེར་ཤུན་ཀ་ར་རྣམས་སྦྱར་བ་རྒྱ་སྐྱེགས་ཀྱི་ཁུ་བས་ཕུལ་ལ་བཏང་བས་ཞི་བར་བྱེད། ཁྲག་རུལ་གྱི་དུད་ཁུ་ལྟ་བུར་སྐྱུགས་དུས་སེ་འབྲུ་དང༌། བཙོད་དང༌། འུ་སུ་དང༌། སུག་སྨེལ། པི་པི་ལིང༌། བསེ་ཡབ། ཤིང་མངར་དང༌། དོམ་མཁྲིས་རྣམས་སྦྲང་དང་སྦྱར་ལ་བཏང༌། དཔྱད་དུ་ནད་དེ་ཕྱུང་བས་གཏར་ག་དང༌། བཤལ་དང་གང་འོས་སུ་མེ་བཙའ་དང་དུགས་ལ་སོགས་པ་གང་དགོས་པ་ནད་ཀྱི་སྐབས་དང་སྦྱར་ཏེ་བཅོས་པར་བྱའོ།།

དེ་ནས་བྱེ་བྲག་ཏུ་བཅོས་པའི་ཐབས་ནི་རྣམ་པ་གསུམ་སྟེ། གནས་དང༌། དུས་དང༌། རིགས་དང་སྦྱར་ཏེ་བཅོས་པར་བྱ་ལ། དེའི་དང་པོ་གནས་དང་སྦྱར་ཏེ་བཅོས་པ་ནི། ཕོ་བར་གནས་པའི་ཚེ་བད་ཀན་ལྟར་གཙོ་བོར་བཏོན་བཅོས་དགོས་ཏེ་དང་པོ་ཕྱི་རྒྱུད་ཀྱི་མ་ནུ་བཞི་ཐང་གཏོང་བ་བསྔགས་པ་དང༌། སྤྱི་སྨན་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་པ་དང་ལྟག་པ་སྤྲོད། ཡང་ན་སེ་འབྲུ་བཞི་པ་དང༌། གུར་ཀུམ་དང༌། མ་ནུ་པ་ཏྲ་དང༌། འུ་སུ་སྟར་བུ་རྣམས་སྦྱར་ལ་བཏང༌། མཆིན་པར་གནས་པའི་ཚེ་ཁྲག་ནད་གཙོ་བོར་བཅོས་དགོས་པས། དང་པོ་ཏིག་ཏ་སྟེ་རྒྱ་ཏིག རུ་རྟ་དང༌། བ་ཤ་ཀ་དང༌། མ་ནུ་པུཥྐར་དང༌། པུ་ཤེལ་ཙེ་རྣམས་བསྐོལ་གྲང་བཏང༌། ཕྱེ་མ་རྒྱུད་ཕྱི་མ་ལྟར་གྱི་གུར་ཀུམ་མཆོག་བདུན་དང༌། ཡང་ན་ཅུ་གང་བྲག་ཞུན་གུར་ཀུམ་སུག་སྨེལ་སུམ་ཅུ་ཏིག པི་པི་ལིང་ཨ་རུ་ཚལ་དཀར་ཏེ་བརྒྱད་གང་རིགས་སམ་ལྟག་པ་སྤྲད་ལ་བཏང་བ་དང༌། རུ་ཐུང་དང་སྣོད་ཀ་གཉིས་ཁྲག་ཚོད་དང་སྦྱར་ལ་གཏར་བར་བྱའོ། །དེ་ལྟར་གྱི་ཕྱེ་མ་དང་གཏར་གྱིས་མ་ཞི་ན། དུར་བྱིད་དང༌། ཧོང་ལེན་དང༌། ཚ་ལའི་རིལ་བུས་ཚན་ཆེ་ཆུང་ཟུངས་དང་སྦྱར་ཏེ་སྦྱང་ངོ༌། །རྒྱུ་མར་གནས་པའི་ཚེ་མཁྲིས་པ་གཙོ་བོར་བཏོན་ཏེ་བཅོས་དགོས། རྒྱ་གར་གྱི་ཏིག་ཏ་དང༌། མ་ནུ་པ་ཏྲ། དུག་ཉུང་གསུམ་བསྐོལ་གྲང་བཏང་བའམ། ཡང་ན་ཕྱི་རྒྱུད་ཀྱི་ཨིནྡྲ་བཞི་ཐང་ཤིས་པ་ཡིན་ཞིང༌། ཕྱེ་མ་བྲག་ཞུན་དང༌། དུག་མོ་ཉུང༌། བོང་ང་དཀར་པོ། དོམ་མཁྲིས་དང༌། མ་ནུ་པུཥྐར་དང༌། འུ་སུ་དང༌། ཨ་རུ་ར་དང༌། ག་དུར་ཀ་ར་རྣམས་སྦྱར་བའི་ཕྱེ་མ་བསྟེན། དེས་ཞི་བར་མ་ནུས་ན་གོང་ལྟར་བཤལ་གྱིས་སྦྱང་ངོ༌། །ལོང་དུ་གནས་པའི་ཚེ་རླུང་ཉིད་གཙོ་བོར་བཅོས་དགོས་པ། དང་པོ་རྒྱུད་ཕྱི་མའི་མ་ནུ་བཞིའི་བསྡུས་ཐང་བཏང༌། སེ་འབྲུ། སྒ་པི་ལིང་ཕོ་རིས་ཏེ་ཚ་བ་གསུམ་དང༌། ཛཱ་ཏི་ཀ་ཀོ་ལ་སུག་སྨེལ་བཅས་བཟང་པོ་གསུམ། གུར་ཀུམ། ཤིང་ཚ། ཟི་ར་དཀར་པོ། ཨ་རུ་ར། རྒྱམ་ཚྭ་དང༌། ཁ་རུ་ཚ་དང༌། བུ་རམ་རྣམས་སྦྱར་བ་ཆུ་ཚན་གྱིས་ཕུལ་བས་སྦོ་འཁྲོག་བྱེད་པ་དང་ལོང་རླུང་འཇོམས། སྨད་དུ་ཟུག་ཆེ་ཞིང་འགགས་ན་རྒྱུད་ཕྱི་མའི་སྦྱོར་བ་བར་པའི་ནི་རུ་ཧས་མས་འདྲེན་བྱ། སྨུག་པོའི་ནད་དེ་ལ་དུས་ཀྱིས་བཅོས་པ་ཚ་བའི་དུས་རུ་རྟ། རྒྱ་གར་ཏིག་ཏ། བ་ཤ་ཀ པུ་ཤེལ་ཙེ། པུཥྐར་མཱུ་ལ་བཅས་ལྔ་ཐང་གིས་སྨུག་པོའི་འཕྲལ་ཟུག་གཅོག ཕྱེ་མ་ཙནྡན་དམར་པོ་དང༌། གི་ཝཾ་དང༌། གུར་ཀུམ་དང༌། ཅུ་གང་དང༌། མ་ནུ་པ་ཏྲ། འུ་སུ། བ་ཤ་ཀ ཨུཏྤལ་དང༌། རེ་སྐོན་པ། ཏིག་ཏ་སྟེ་རྒྱ་ཏིག བྲག་ཞུན་རྣམས་ཀ་ར་སྦྱར་ལ་གསུམ་ཡར་གཏང་བར་བྱ་ཞིང༌། ཡང་ན་ཨ་རུ་ར་བྲག་ཞུན་དང༌། རེ་སྐོན་པ། ཀྱི་ལྕེ་དཀར་པོ་དང༌། བོང་ང་དཀར་པོ། སྤང་རྩི་དོ་བོ། པྲི་ཡངྐུ་རྣམས་ཀ་ར་དང་སྦྱར་བ་གཏང་བར་བྱ་ལ། ཡང་ན་ཙནྡན་དཀར་པོ། གི་ཝཾ། ཅུ་གང༌། ལི་ཤི། གུར་ཀུམ་སྟེ་བསིལ་གསུམ། ཏིག་ཏ་སྟེ་རྒྱ་ཏིག་དང༌། བ་ཤ་ཀ རུ་རྟ་དང༌། བྲག་ཞུན་དང༌། ཨ་རུ་ར། ཀ་ར་རྣམས་སྦྱར་བ་ཆུ་གྲང་སྟེ་བསྐོལ་གྲང་གིས་ཕུལ་བས་སྨུག་པོ་རྒྱས་པ་འཇོམས་ཤིང༌། ཕོ་བ་སོགས་སྟོད་དུ་བབས་ན་སྣོད་ཀ་གཏར། མཆིན་པ་སོགས་བར་དུ་རུ་ཐུང་གཏར། རྒྱུ་མ་སོགས་སྨད་དུ་བབས་ན་ལོང་རྩ་བཅས་གསུམ་གནས་དང་སྦྱར་ཏེ་གཏར་རོ། །དེ་ལྟར་གྱི་ཕྱེ་མ་གཏར་སོགས་ཀྱིས་མ་ཞི་ན་དུར་བྱིད་ཧོང་ལེན་ཚ་ལ་བཅས་ཀྱིས་གོང་ལྟར་སྦྱང༌། བར་དུ་སྨུག་པོ་འཁྲུགས་ཏེ་རླུང་དང་ཁྲག་འཐབས་པའི་དུས་མ་གྲང་པ་སྟེ་མ་འཁྱགས་པར་བཅག་ཅིང་ཁ་ཟས་བསིལ་བ་དང་དྲོད་གཉིས་ཁྲེའུར་ཞེས་སྤེལ་ལ་བཏང་ཞིང་སྨན་དུ་སེ་འབྲུ་དང༌། མ་ནུ་པ་ཏྲ། སྟར་བུ། པི་པི་ལིང༌། བ་ཤ་ཀ་དང༌། ཀ་ར་རྣམས་སྦྱར་བ་བསྔགས། ཡང་ན་ཕྱི་རྒྱུད་ཀྱི་ཅུ་གང་བདེ་བྱེད་ཆུང་ངུ་ལ། མ་ནུ་པ་ཏྲ། འུ་སུ། སྟར་བུ་རྣམས་བསྡེབས་ཏེ་བསྟེན། ཆུ་བ་སྟེ་ཆུ་ལོ་དང༌། བྲག་སྐྱ་ཧ་བོ་གཉིས་བཙོས་པའི་དུགས་ཀྱིས་འཕྲལ་ཟུག་བཅག་པའི་ནད་པ་དེ་ལ་བདེ་སྐྱེད་ཆུང་ཡང་ལུགས་ཟུངས་སྟོབས་བཟང་ན་སྔོན་འགྲོ་ཡུན་བསྲིངས་ཏེ་འཇམ་རྩི་རྒྱུད་ཕྱི་མར་བཤད་པ་ལྟར་སླེ་འཇམ་གྱིས་རླུང་བསལ་ལ་རྗེས་སུ་དུར་བྱིད་དང༌། སྟར་བུ་དང༌། དུང་གི་ཐལ་བ། སྦྲུལ་གྱི་ཤ་དང༌། རྒྱ་ཚྭ་དང༌། བུ་རམ་རྣམས་སྦྱར་བའི་བཤལ་གྱིས་སྦྱང༌། ནད་པ་དེ་སྦྱངས་པའི་ཟུངས་མེད་ན་འཇམ་རྩི་ཚད་ལྡན་ཕྱི་རྒྱུད་བཀྲུ་འཇམ་ལན་རེ་དང༌། ནི་རུ་ཧ་ཕྱི་རྒྱུད་ཀྱི་སྦྱོར་བ་བར་མ་གཉིས་གཉིས་སྤེལ་བ་ལན་གྲངས་བདུན་དང་དགུ་ཅི་རིགས་པར་བཏང་བར་བྱས་ན་རླུང་མལ་དུ་གཞུག་ཅིང་ལོང་ཕུགས་ཀྱི་ཁྲག་སྐམ་ཞིང་དབྱུང༌། རུ་ཐུང་དང༌། རྩེ་ཆུང་དང༌། ལོང་རྩ་གསུམ་མང་དུ་བཏོན་པ་མིན་པའི་རྩ་ཁ་ཕྱེ་ཙམ་བྱས་ལ་ཨན་སྟོང་ཚིགས་པ་དང་པོ་བཅུ་གསུམ་པ། ལོང་གསང་ནི་རྒྱབ་ཀྱི་ཚིགས་པ་བཅུ་དྲུག་པ་དང༌། མདུན་གྱི་ལྟེ་བའི་གཡས་གཡོན་དུ་ཚོན་རེ་བཅལ་བ་ལོང་ཐེར་དང༌། དེ་ནས་གཡས་གཡོན་དུ་ཚོན་རེ་བཅལ་བ་རྣམས་མེས་མནན་པས། དེས་སྨུག་པོ་འཐབ་པ་རང་གནས་སུ་ཞི་བར་འགྱུར་རོ། །ཐ་མ་གྲང་བ་ལྷིང་ཆད་པ་ལྟ་བུ་བཅོས་པ་ནི། རྒྱམ་ཚྭ་ཨ་རུ་བཅའ་སྒ་སྟེ་གསུམ་དང༌། དེ་སྟེང་པི་པི་ལིང་བསྣན་པ་བཅས་བཞི་པའི་ཐང་གཉིས་མང་དུ་བཏང་ཞིང་ཕྱེ་མ་ཕྱི་རྒྱུད་ཀྱི་སེ་འབྲུ་བཞི་སྟེང་ཕོ་བ་རིས་དང༌། མ་ནུ་པུཥྐར་དང༌། འུ་སུ། སྒ་དང་ཀ་ར་རྣམས་སྦྱར་བ་དང༌། ཡང་ན་མ་ནུ་པུཥྐར་དང༌། འུ་སུ་རྒྱམ་ཚྭ་བསྣན་པ་བུ་རམ་དང་སྦྱར་བ་ཆུ་ཚན་མོས་ཕུལ་ལ་བཏང་བ་དང༌། འཇམ་རྩི་དང་ནི་རུ་ཧ་རྒྱུད་ཕྱི་མའི་བར་པ་ལྟར་ཚད་ལྡན་སྤེལ་བའང་སྐབས་སུ་བསྔགས་ཤིང༌། དཔྱད་མདུན་གྱི་ཕོ་བའི་གསང་དབུས་མ་དང༌། ཚིགས་པ་བཅུ་གཉིས་པ། ལོང་གསང་བཅུ་དྲུག་པ་དང༌། ཡང་མདུན་ལྟེ་བ་ནས་ཚོན་རེ་གཡས་གཡོན་ལོང་ཐེར། དེ་ནས་ཚོན་རེ་གཡས་གཡོན་དུ་བཅལ་བ་ལོང་ཕུགས་གཉིས་དང༌། ཚིགས་པ་དྲུག་པ་བདུན་པ། བརྒྱད་པ་རྣམས་བསྲོ་ཞིང་གཏར་བཤལ་དང་བསིལ་བའི་ཕྱོགས་དང་རླན་དང་གྲང་བ་བསེར་བུ་སྟེ་རླུང་རྣམས་སྤང་བ་དང༌། དྲོ་ལ་བཅུད་པའི་ཟས་སྤྱོད་བསྟེན་ན་བད་རླུང་ཞི་བར་བྱེད་དོ། །རིགས་ཀྱིས་བཅོས་པ་ནི་སྨུག་པོ་བྱེར་བ་ལ་གུར་ཀུམ་དང་ཅུ་གང་དང་ཨུཏྤལ་དང་བ་ལེ་ཀ་ཏིག་ཏ་སྟེ་རྒྱ་ཏིག་དང༌། སྐྱུ་རུ་ར་དང༌། སྐྱེར་ཤུན་ཀ་ར་རྣམས་སྦྱར་ལ། གང་བབས་རྩ་ནི་དོན་ལྔ་སྣོད་དྲུག་སོ་སོར་སྙིང་ལ་སྣོད་ཀ གློ་བར་དྲུག་འགོ། མཆིན་པར་རུ་ཐུང༌། མཆེར་པར་སྲིན་ལག་རྒྱབ་རྩ། མཁལ་མར་བྱིན་གཞུག་མཁྲིས་པར་མཁྲིས་རྩ་སྟེ་གཤའ་རིངས། རྒྱུ་མར་རྒྱུ་རྩ། ཕོ་བར་རྭ་རྩ་དང་དྲུག་འདུས། བསམ་སེར་བྱིན་གཞུག་ལོང་ལ་ལོང་རྩ། ལྒང་པར་ཡང་ལོང་རྩ་རྣམས་གཏར་བ་སོགས་ཀྱིས་བྱེར་ཆུང་ན་དེས་སེལ་ལོ། །བྱེར་ཚབས་ཆེ་ན་བསྡུ་བ་དང་བསད་པ་དང་སྦྱང་བར་བྱ་བ་གསུམ་ལས་དེའི་བསྡུ་བ་ལ་ཕག་ཁྲག་དང་མ་ནུ་པུཥྐར་དང༌། འུ་སུ་དང༌། སྟར་བུ་དང༌། ཀ་ར་སྦྱར་བས་བྱེར་བ་སྡུད་པ་དང༌། ཡང་ན་སེ་འབྲུ་དང་སེ་རྒོད་ཀྱི་བར་ཤུན་དང་བྲེ་སྐྱེས་རེ་རལ་གསུམ་པོ་ཕག་ཁྲག་དང་ཀ་ར་སྦྱར་བ་བ་འོས་དབུལ། ཡང་ན་ཚ་ལ་དང་འོ་མ་སྦྱར་བས་བསྡུ་སྟེ། དེ་དག་ཀུན་གྱིས་སྨུག་པོའི་ནད་སྤྱི་རུ་སྡུད་པར་བྱེད། ཡུང་བ་སྐྱེར་པ་ལྕུམ་རྩ་སྟེ་སེར་པོ་གསུམ་ཐང་གིས་སྟོད་དུ་བྱེར་བ་སྡུད། ཚ་ལ་དང་རྒྱ་ཚོས་བཙོད་ཞུན་ཏེ་ཚོས་གསུམ་ཐང་གིས་སྨད་དུ་བྱེར་བ་སྡུད། དེ་ལྟར་བྱས་རྗེས་འདུས་པའི་རྟགས་ལ་ལུས་ལྕི་ལ་ཁ་སྐམ་པ་དང་དང་ག་འགག་ཅིང་ཕོ་བ་ན་ལ་རྩ་དང་ཆུའི་ཚ་བ་སྐྱེ་བས་དེའི་དུས་སུ་སྤྱི་སྨན་གོང་དུ་བཤད་པའི་རྩི་སྦྱོར་བསྟེན་ཏེ་བསད་དགོས་ཤིང༌། དེ་རྗེས་སུ་དུར་བྱིད་དང་ཧོང་ལེན་ཚ་ལ་བཅས་པས་སྦྱང་བར་བྱ་ལ་ནད་ཀྱི་སྟོབས་ཆེ་ན་རིམ་པ་ཅི་རིགས་པར་བསྐྱར་བར་བྱ་ཞིང༌། ཆུང་ན་ཐེངས་གཅིག་སྦྱངས་པའི་རྗེས་སུའང་མ་ཞི་ན་ཕྱེ་མའི་རིགས་ཀྱིས་བསད་པར་བྱ་སྟེ། ཡང་ན་མ་འདུས་པར་བྱེར་བ་རང་སར་བསད་པ་ནི་སྨུག་པོ་སྤྱི་སྨན་དང་བར་པའི་མདེ་ཁ་སྦྱར་ཞེས་གོང་གི་རྡོ་སྦྱོར་ལ་བྱེར་སྡུད་ཀྱི་ནི་བདེ་ཁ་སྦྱར་བའམ། ཡང་ན་གོང་དུ་རྒྱས་པའི་སྐབས་ཀྱི་ཕྱེ་མ་ལ་ཁ་ཚར་མགོར་བྱེར་ན་དོམ་མཁྲིས་དང་ཏིག་ཏ་དང་མཚེ་ལྡུམ་བསྣན། སྙིང་ལ་བྱེར་ན་སྤོས་དཀར་དང་ཛཱ་ཏི་ཨ་གར་གསུམ་བསྣན། གློ་ལ་བྱེར་ན་ཅུ་གང་དང་ཤིང་མངར་ཚལ་དཀར་གསུམ་བསྣན། མཆིན་པར་བྱེར་ན་བྲག་ཞུན་དང་གུར་ཀུམ་བ་ཤ་ཀ་གསུམ་རྒྱ་སྐྱེགས་སྦངས་པའི་ཁུ་བས་ཕུལ་ལ་བཏང་བ་དང༌། མཆེར་པར་བྱེར་ན་ལི་ཤི་དང༌། གསེར་གྱི་མེ་ཏོག་དང་པི་པི་ལིང་གསུམ་དང༌། མཁལ་མར་གླ་རྩི་དང་སུག་སྨེལ་ལྕམ་པ་སྟེ་ཉི་དགའ་གསུམ་བསྣན། བསམ་སེར་ཚོས་བཙོད་ཞུན་གསུམ་བསྣན་ཏེ་བྱིན་གཞུག་དང་ལོང་རྩ་གཏར་བ་དང༌། དོན་ལྔར་རང་རང་གི་རྩ་ལ་གཏར་བར་བཤད་པ་སྟེ་གང་ཞེ་ན་སྙིང་ལ་སྣོད་ཀ གློ་བར་དྲུག་འགོ། མཆིན་པར་རུ་ཐུང༌། མཆེར་པར་སྲིན་ལག་རྒྱབ་རྩ། མཁལ་མར་བྱིན་གཞུག་རྣམས་དང༌། མགོ་ལ་གསེར་མདུང་དང་དངུལ་མདུང་དང་མཚོག་གསང་དང་རྩེ་ཆུང་གཉིས་རྣམས་གང་རིགས་གཏར་བ་དང་ནང་རྩར་བྱེར་ན་དུར་བྱིད། ཐར་ནུ། ཆུ་རྩ། རྒྱམ་ཚྭ། བལ་པོ་གུར་ཀུམ་གི་ཝཾ་མཚལ། རྒྱ་ཚྭ་རྣམས་ཞིབ་བཏགས་ཆང་གིས་རིལ་བུ་སྲན་མ་ཙམ་དྲིལ་བ་གྲངས་ལྟོ་བར་དཔགས་ལ་ཆུ་བསྐོལ་གྱིས་ཕུལ་ལ་བཏང་བྱང་པ་དམར་ཁྲ་བཟང་བ་དང་སྡིག་སྲིན་ཆོམ་ཙམ་བརྡུངས་པར་ཤིང་མངར་པི་པི་ལིང་ཚ་ལ་ཕབས་ཙམ་བཅས་དར་གྱི་ཁུད་དུ་གཏུམས་ལ་སིངས་པོར་བསྐོལ་བའི་ཐང་དང་ལྟག་སྤྲོད་བྱས་སོ་སོའི་ལྕག་དང་སྔོན་འགྲོ་ཕྱི་རྗེས་ཕྱི་རྒྱུད་ལས་ལྔ་ལྟར་བྱས་པའི་རྩ་སྦྱོང་དང་ལྟོ་སྦྱོང་སྦྲགས་ལ་སྦྱང༌། ཤ་དང་པགས་པ་རྩ་རུས་ཕྱི་རུ་བྱེར་བ་ལ་ཁོང་པའི་ནད་བསལ་ལ་དེ་རྗེས་སུ་ཆུ་ལུམས་བྱ། སྨུག་པོ་རྒྱས་པ་ལ་བརྡོལ་བ་དང་མ་བརྡོལ་བ་གཉིས་ལས་མ་བརྡོལ་བར་རྒྱས་པའི་བཅོས་ཐབས་ནི་གོང་དུ་བསྟེན་ཟིན་ལ། ཤིན་ཏུ་རྒྱས་ཏེ་དེ་ལའང་མཚོ་བརྡོལ་བར་གྱེན་དང་ཐུར་གཉིས་ལས། གྱེན་དུ་བརྡོལ་ནས་སྟོབས་ལྡན་ཞིང་ཁ་ཟས་ཚུད་པ་ལ་ཚོད་ཀྱིས་མི་བཅད་པར་བྱུག་པ་གསུར་བདུག་རུས་ཁུ་བུར་ཆུ་ལ་སོགས་ལུས་ཀྱི་ཟུངས་བསྲུངས་ལ་ནད་ཀྱི་ཁྲག་གང་ཡིན་སྐྱུག་ཏུ་གཞུག དེ་ནས་བཟུང་གལ་ཏེ་ཁྲག་ལམ་ཡང་མ་ཆོད་ཅིང་ཟུངས་མེད་པར་གྱུར་ནས་བཅད་དགོས་ན་ཆུ་དྲོན་ཡིད་འཇམ་གྱིས་འབྲས་བཀྲུས་པའི་ཁུ་བར་སྐྱུ་རུ་ར་དང་པུ་ཤེལ་ཙེ་གསུམ་སྦྲང་རྩི་དང་སྦྱར་བ་བཏང༌། ཡང་ན་ཙནྡན་དམར་པོ་དང་པུ་ཤེལ་ཙེ། བ་ལེ་ཀ་དང༌། ག་དུར་དང༌། པར་པ་ཏ་རྣམས་བསྐོལ་གྲང་གི་ཐང་བཏང་ལ། དེ་རྗེས་པྲི་ཡངྐུ་བསྲེགས་པའི་ཐལ་བ་ཞུན་མར་དང་སྦྱར་ཏེ་གཏང་བར་བྱ། ཡང་ན་ཅུ་གང་དང་གུར་ཀུམ་དོམ་མཁྲིས་དང་བ་ཤ་ཀ གོས་ཆེན་ཕྱི་ལྷུག་བཏགས་མ་མེར་དུ་བ་མ་ཤོར་བ་བསྲེགས་པའི་ཟ་འོག་གི་ཐལ་བ་དང༌། འགྲོན་བུ་དེ་བཞིན་བསྲེགས་པའི་ཐལ་བ་སྲན་མའི་མེ་ཏོག་དང་སྦྱར་བ་དང༌། ཙནྡན་དམར་པོ། ར་ཁྲག་དང༌། པུ་ཤེལ་ཙེ་དང༌། སྟང་ཟིལ་དང༌། འབྲས་ཡོས་ཀྱི་ཕྱེ་མ་དང་བཅས་ཀ་ར་སྦྱར་བ་དེ་རྣམས་ཀྱིས་ཆོད་ལ། གལ་ཏེ་མ་ཆོད་ན་ལོག་གནོན་ལ་དུར་བྱིད་དང༌། པྲི་ཡང་ཀུའི་ཁུ་བ་སྦྲང་དང་སྦྱར་བས་སྦྱང་བར་བྱ། ཡང་ན་དུར་བྱིད་དང་འབྲས་བུ་ཨ་བར་སྐྱུར་གསུམ་དང་པྲི་ཡང་ཀུ་པི་པི་ལིང་རྣམས་དང་སྦྲང་སྦྱར་བས་སྦྱང་བ་མཆོག་ཏུ་བསྔགས་ཤིང༌། རྗེས་ལ་སེ་འབྲུ་དང་སྐྱུ་རུ་ར་འབྲས་ཀྱི་ཡོས་བརྡར་བའི་ཕྱེ་མ་མར་དང་སྦྱར་བའི་སྐྱོ་མ་བླུད་པར་བྱའོ། །ཐུར་དུ་རལ་བ་ལ་ཟུངས་ཡོད་ན་གོང་མ་བཞིན་བྱས་ལ་འཁྲུ་བར་གཞུག་པ་དང༌། གལ་ཏེ་ཟུངས་ངན་པས་བཅད་དགོས་བྱུང་ན་ཐ་རམ་དང་བྱ་རྐང་རྒྱ་སྐྱེགས་གསུམ་བསྡུས་པའི་ཁུ་བར་ད་ཏྲིག་དང་དོམ་མཁྲིས་པྲི་ཡང་ཀུ་དང་རེ་སྐོན་པ་ཀ་ར་རྣམས་བཏབ་ལ་བཏང་བའམ། ཡང་ན་འབྲས་ཐུག་སླ་མོར་རེ་སྐོན་དང་ཅོང་ཞི་ཀ་ར་སྦྱར་བ་བཏང༌། ཡང་ན་བ་ཤ་ཀ་དང་པྲི་ཡང་ཀུ། ནག་མཚུར་དང༌། སེང་ཕྲོམ་སྟེ་ཞུ་མཁན་རྣམས་དང་སྐྱེར་པའི་ཁཎྜ་བཅས་ཀྱི་བསྡུས་ཐང་གྲང་མོ་སྦྲང་དང་སྦྱར་ལ་བཏང་བ་དང༌། ཡང་ན་ཨ་འབྲས་སྲ་འབྲས་འཇམ་འབྲས་ཏེ་འབྲས་སྣ་གསུམ་དང་ཀ་པེད་དང་མོན་ཆ་ར་འབྲས་ཡོས་ཀྱི་ཕྱེ་མ་རྣམས་དང་ཀ་ར་སྦྱར་ལ་བཏང་བ་དང༌། བྱིན་པའི་ཉྭ་ཆུས་བསྒྲུང་ཞིང་ལོང་གསང་མདུན་ལྟེ་བ་ནས་གཡས་གཡོན་ཚོན་རེའི་ས་ལོང་ཐེར་གཉིས་དང་རྒྱབ་ཚིགས་པ་བཅུ་དྲུག་པ་བསྲོ། མ་ཆོད་ན་ལོག་གནོན་ལ་པོ་སོ་ཆ་འོ་མ་སྦྲང་བཅས་སྦྱར་བའི་སྐྱུགས་བྱས་པའི་རྗེས་ལ་སེ་འབྲུ་དང་པུ་ཤེལ་ཙེ། སེང་ཕྲོམ་སྟེ་ཞུ་མཁན་ཙནྡན་དམར་པོ་རྣམས་འབྲས་ཀྱི་ཐུག་པ་དང་སྦྱར་བ་བླུད། བ་དང་རའི་འོ་མ་འམ་གསོན་ཁྲག་ལ་པུ་ཤེལ་ཙེ་རྣམས་བཏབ་པའི་འཇམ་རྩི་བཏང་བར་བྱའོ། །དེ་ལ་ངོ་བོ་ཟད་པའི་རྟགས་བྱུང་བ་དང་བ་དང་རའི་འོ་མ་ལ་ཀ་ར་དང་མར་བཏབ་སྟེ་བསྐོལ་བ་རླུང་གི་དུས་ཏེ་དགོངས་ཕྱོགས་བཏང་བ་དང༌། ཤ་གསར་མར་གསར་ཆང་གསར་ཏེ་གསར་བཅུད་གསུམ་དང༌། ཀ་ར་བུ་རམ་སྦྲང་སྟེ་མངར་གསུམ་གྱི་ཁུ་བའི་ཏིང་ཁྲོལ་བར་བསྐོལ་ལ་བྱིན། དཀར་འདོན་གཤམ་དུ་བཤད་པའི་སྦྱོར་བ་དང༌། རྒྱུད་ཕྱི་མའི་ཅུ་གང་བདེ་བྱེད་ཆུང་བ་སྦྱར་རོ། །གསར་པ་རང་ཡིན་ཚེ་ཅུ་གང་བརྒྱད་པ་དང༌། ཧ་བོའི་དུགས་བྱ་ཞིང༌། སྨུག་པོ་གབ་ཅིང་འགྱིངས་པའི་ཚེ་ན་སུག་སྨེལ། ཛཱ་ཏི། ལི་ཤི། ཀ་ཀོ་ལ། གུར་ཀུམ། ཅུ་གང་སྟེ་བཟང་པོ་དྲུག་དང་ཕྱི་རྒྱུད་ཀྱི་ཅོང་ཞི་ཚ་སྦྱོར་གྱིས་བཤིག་ལ་དེ་རྗེས་སུ་གོང་བཞིན་སྦྱང༌། ཡང་ན་ཨ་རུ་རའི་ཕྱེད་བྲག་ཞུན་དང་དེའི་ཕྱེད་རེ་སྐོན་ཏེ་སྨན་སྣ་གསུམ་རིམ་པས་ཕྱེད་བསྐྱུང་བ་ཡིན་ལ། སྐྱུ་རུ་ར་དང་བ་ཤ་ཀ་རུ་རྟ་དང་བོང་ང་དཀར་པོ་རྣམས་ཀ་ར་བུ་རམ་སྦྲང་སོགས་ཀྱི་རྟས་ཁ་བསྒྱུར་བའི་ཕྱེ་མ་དེ་ཉིད་བྲིད་དེ་ཞེས་པ་སྔོན་མ་ཐུན་ཕྱེད་ཙམ་གྱི་ཆུང་བ་དེ་ནས་རིམ་པས་བསྐྱེད་དེ་ཐུན་ཚད་བར་ཆུ་བསྐོལ་གྱིས་ཕུལ་ལ་བཏང༌། དེས་ཟས་སྨན་འཇུ་དཀའ་ན་སེ་འབྲུ་ཤིང་ཚ་སུག་སྨེལ་པི་པི་ལིང་སྟེ་བཞི་པ་དང་ལྟག་པ་སྤྲད་ཡང་ན་སྦྱོར་སྡེ་བཅུ་གཅིག་གམ་བཅུ་གཉིས་ཀྱི་སྟེང་ཁ་བསྒྱུར་རྣམས་གཅིག་ཏུ་བགྲངས་པའི་བཅུ་གསུམ་པ་འབྱུང་བར་སྦྱོར་ཚད་དང་གྲངས་འདྲེན་སོགས་བཞེད་པ་མང་ཡང་གཙོ་བོ་གངས་ཐིགས། འདུ་བ་སྙོམས་ཤིང་ཚ་བ་སེལ་བའི་ཨ་རུ་ར་དང་ཕོ་མཆིན་གྱི་ཚད་པ་སེལ་བ་བྲག་ཞུན་དང༌། སྣོད་ཚད་སེལ་བའི་གི་ཝཾ། དོན་ཚད་སེལ་བའི་ཙནྡན་དཀར་པོ་དང་ཁྲག་ཚད་སེལ་བར་དམར་པོ། ཆུ་སེར་སྐེམ་ཞིང་ཚད་རྙིང་འགོགས་པའི་མི་རུས་བཙའ་མ་དང༌། རྩ་ཁ་བསྡམ་པའི་དོམ་མཁྲིས་དང་ཡུང་བ། ཕོ་བའི་བད་ཀན་འགོག་པའི་ཁུར་རྩ་སྙིགས་མ་སྦྱོང་བའི་དྲི་ཆེན་དང༌། དོན་ལྔའི་ཁ་འཛིན་དང་འདུ་བ་སྤྱི་སྙོམས་པར་ཅུ་གུར་ལི་ཤི་སུག་སྨེལ་ཛཱ་ཏི་ཀ་ཀོ་ལ་སྟེ་བཟང་དྲུག་དང་ཁ་བསྒྱུར་གཉིས་གཅིག་རེར་བྱས་ཀ་ར་དང་སྦྱར་བའི་བཟང་དྲུག་དང་ཁ་བསྒྱུར་རྣམས་ཞོ་རེ། དྲི་ཆེན་ཞོ་ཕྱེད་མཐོ་བ། ཁུར་རྩ་ནས་གངས་ཐིགས་བར་ཆ་རེ་རིམ་པས་བསྐྱེད་དེ་བཏང་ངོ༌། །སྨན་འདི་ནི་འདུས་ནད་མཐའ་དག་གི་གཉེན་པོ་སྟེ་གངས་ཐིགས་ཁུར་རྩ་ཨ་རུ་དྲི་ཆེན་བཞི་ནི་རྩ་བའི་སྨན། བྲག་ཞུན་དོམ་མཁྲིས་ཡུང་བ་མི་རུས་བཙའ་མ་བཞི་ནི་ཁྱད་པར་གྱི་སྨན། བཟང་དྲུག་གཅིག་ཏུ་བྱས་པ་དང༌། ཙནྡན་དཀར་དམར་གཉིས་གི་ཝཾ་བཞི་ནི་ཐུན་མོང་གི་སྨན་རྩ་བའི་བཅུ་གཉིས་པོའི་སྟེང་བསྒྱུར་ཁ་འདི་སྐབས་ལྟ་བུ་བད་ཀན་སྨུག་པོར་སེ་འབྲུ་བསེ་ཡབ། མ་ནུ་པུཥྐར། འུ་སུ། སྟར་བུ། ཨུཏྤལ། སྒ་སྐྱ། པི་པི་ལིང་རྣམས་བསྣན། གཞན་ཡང་དུག་ལ་གླ་རྩི། ཁྱུང་སྡེར་དཀར་སྨུག བོང་དཀར། ལྡུམ་བུ་རེ་རལ། བསེ་རུ་དཀར་པོ་རྣམས་བསྣན། ཁྲག་ལ་ཧོང་ལེན། བ་ཤ་ཀ མ་ནུ། རེ་སྐོན་རྣམས་བསྣན། མཁྲིས་པར་ཏིག་ཏ་དང༌། དུག་མོ་ཉུང༌། བོང་དཀར་གསེར་མེ་རྣམས་བསྣན། འདིའི་གྲངས་ཀྱི་དུས་བཟང་དྲུག་དང༌། ཁ་བསྒྱུར་གྱི་སྨན་རྣམ་གྲངས་རྣམས་རེར་བརྩི་བ་སོགས་ལག་ལེན་དམར་ཁྲིད་ཀྱི་དགོངས་པ་དང༌། མཁས་དབང་གོང་མ་རྣམས་ཀྱི་ཕྱག་བཞེས་སོ། །བཤད་མ་ཐག་པའི་སྨན་དེ་བཏང་ནས་འཁྲོག་པར་འགྱུར་ཞིང་འཁྲུ་སྙམ་བྱེད་ན་ཁ་ཟས་རྣམས་དབྲི་བ་སྟེ་ཉུང་ངུ་གཏོང་ཞིང༌། སྨན་ཐུན་ཆེར་བསྐྱེད་ལ་ཆུ་བསྐོལ་ཚན་མོ་མང་ཙམ་གྱིས་དབུལ་བས་ནད་འགྱིངས་ཤིང་ཞོ་ལྟར་ཆགས་པ་ན་རང་བཤལ་གྱིས་ཐུར་དུ་སྦྱོང་ལ་གལ་ཏེ་འཁྲུར་མ་འདོད་ཀྱང་རང་གི་གནས་སུ་ནད་འཇོམས་པར་བྱེད་དོ། །ཡང་ན་སྟར་བུ་ཞོ་གསུམ་དང་རྒྱམ་ཚྭ་ཕུལ་གཉིས། མ་ནུ་པུཥྐར་དང༌། འུ་སུ་ཐུན་རེ་རྣམས་ཀ་ར་དང་སྦྱར་བ་ཆུ་ཚན་མོས་འཕུལ་བས་སྨུག་པོ་འགྱིངས་པ་རྣམས་བཤིག་པར་བྱེད། དུར་བྱིད་དང་སྟར་བུ་ཚ་ལ་རྣམས་བུ་རམ་གྱི་རིལ་བུ་བྱས་ནས་སྦྱང་སྟེ་ཆུ་བསྐོལ་ལ་རྒྱམ་ཚྭ་སྟར་བུ་བཏབ་པ་དང་རུས་ཁུའི་ལྕག་བསྟེན་ཅིང་སྨན་དང་ཟས་བསིལ་དྲོད་གཉིས་སྤེལ་ཏེ་བཅད། སྨུག་པོ་ཁྲག་སྐྲན་འདྲིལ་ན་གསར་པ་ལ་ཚྭ་བསྲེགས་མི་རུང་བས་རྒྱུད་ཕྱི་མའི་ཅུ་གང་བརྒྱད་པ་སྦྱར། བྲག་སྐྱ་ཧ་བོའི་དུགས་དང༌། རྙིངས་ནས་ཕྱི་རྒྱུད་ལྟར་གྱི་ཚྭ་བསྲེགས་ཀྱི་སྦྱོར་བ་སྦྱར། ཡང་ན་ཕྱི་རྒྱུད་ལྟར་ཅོང་ཞི་ཚྭ་སྦྱོར་བསྟེན་ཏེ་བརྐོ། ཡང་ན་ཟེ་ཚྭ་ཞོ་གསུམ་གྱི་ལྗིད་ལ་མཚལ་ཞོ་གང་གིས་ཁ་བསྒྱུར་བ་ལུག་གི་ཀླད་པ་མ་རུལ་བར་བཙོས་ཏེ་སྦྱར་ལ་བཏང་ཁ་ཟས་ནི་ཕག་དང་སྦྲུལ་དང་ཉའི་ཤས་བཤིག་པར་བྱ་ལ་ཞིག་པའི་ཚེ་ན་ངོ་བོ་དེ་ཅུང་ཟད་སྙི་རུ་མངོན་ལ་དང་ག་འགག་ཅིང་རྩ་དང་ཆུའི་ཚ་བ་སྐྱེ་བས་དེ་དུས་དུར་བྱིད་དང༌། རྒྱམ་ཚྭ་དང༌། སྟར་བུ་དང༌། སྦྲུལ་གྱི་ཤ་དང་བུ་རམ་རྣམས་སྦྱར་བའི་རིལ་བུས་སྐྲན་རོ་སྦྱང༌། ཤིན་ཏུ་རྙིངས་ཤིང་བཤིག་དཀའ་ན་སྨན་གུར་ཀུམ་མཆོག་བདུན་དང་ཅུ་གང་བརྒྱད་པ་གཉིས་གང་རིགས་བཏང་ལ་རུ་ཐུང་སོགས་གང་བབས་ཀྱི་རྩ་གཏར་ཞིང༌། དུར་བྱིད་ཧོང་ལེན་ཚ་ལ་གསུམ་གྱི་རིལ་བུས་སྦྱོང་བ་སོགས་ཀྱིས་ཚ་བ་བསལ་ལ་ཐུར་མ་མང་དུ་བརྡེག་དགོས། སླར་ཐུར་རྗེས་ཀྱང་རང་བཤལ་གྱིས་སྦྱང་དགོས་ཤིང༌། ལར་ནི་སྨུག་པོ་འདི་འདུས་པའི་ནད་ཡིན་པས་ས་དང་འདྲ་བས་ན་འཁྲེགས་པས་གསོ་དཀའ་ལ་ནད་སྣུར་ཞིང་ལྕི་བའི་ཕྱིར་ལན་རེ་ཙམ་གྱིས་ཞི་བར་མི་འགྱུར་བས་བཅོས་རྣམས་བསྐྱར་བར་བྱའོ། །དེ་ཡང་ལུས་ཀྱི་ཟུངས་མ་བསྲུངས་པར་སྨན་དང་དཔྱད་བསྟུད་དྲགས་ན་གསེར་ཟད་པ་དང་གཡའ་ཡང་ཟད་པ་མཉམ་དུ་བྱེད་བ་ལྟར་ནད་དང་ཟུངས་དུས་གཅིག་འཛད་པའི་ཉེན་ཡོད་པས། དེ་ཕྱིར་ནད་སྟོབས་ཅུང་ཟད་བྲི་བའི་སྐབས་སུ་གསར་པ་དང༌། བཅུད་ཅན་གྱི་ཟས་ཀྱིས་ལུས་ཟུངས་བསྲུང་ཞིང་བཅོས་དགོས་ལ། ཐ་མ་སླར་མི་ལྡོག་ཅིང་ནད་ཀྱི་རྗེས་གཅོད་པའི་ཐབས་རྒྱུད་ཕྱི་མ་ལྟར་གྱི་བཤལ་དང་ཕྱེ་མ་གང་འོས་ཀྱིས་ནད་ཀྱི་ལྷག་མེད་པར་སྦྱང་བར་བྱས་རྗེས་སྲོག་རྩའི་གསང་ཚིགས་པ་དྲུག་པ། ཕོ་གསང་ཚིགས་པ་བཅུ་གཉིས་དང༌། མདུན་གྱི་གསང་དབུས་མ་ལོང་གསང་བཅུ་དྲུག་པ་དང༌། གོང་དུ་བཤད་པའི་ལོང་ཐེར་ནས་ཚོན་རེ་གཞལ་བ་ལོང་ཕུགས་དང་མཆིན་གསང་དགུ་པ་རྣམས་མེས་བསྡམ་ཞིང༌། མི་འཕྲོད་པའི་ཟས་དང་སྤྱོད་ལམ་ལོ་གཅིག་གི་དུས་བར་དུ་བསྲུངས་དགོས་ཤིང༌། དེ་བཞིན་བྱས་པས་སླར་མི་ལྡོག་ཅིང་བརྟན་པར་འགྱུར་བ་ཡིན་ནོ་ཞེས་གསུངས་སོ།།

ལེའུའི་མཚན་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་འདུས་ནད་བད་ཀན་སྨུག་པོ་བཅོས་པའི་ལེའུ་སྟེ་ལྔ་པའོ།། །།



 

མཐའ་མའི་འདོན་ཐེངས་།: 24.11.2023 ཉིན། 10:28 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།