སྨན་རྩིས་དྲ་བ། - འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ།

ལེའུ་ལྔ་པ། ལོ་གཅིག་འཁྱུད་བསྐོར་གྱི་རྩིས་ཀྱི་རྡེའུ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2015
འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ། >>

 

 

 

ལེའུ་ལྔ་པ། ལོ་གཅིག་འཁྱུད་བསྐོར་གྱི་རྩིས་ཀྱི་རྡེའུ།

ལོ་གཅིག་འཁྱུད་བསྐོར་སྐེག་རྩིས་ལ། །མི་འགྱུར་རྩ་བའི་རྡེ་འུ་དྲུག །གཅོད་འདྲལ་རྡེ་འུ་ཉི་ཤུ་བཞི། །ཁ་དམར་རྡེལ་བཞི་རྩུབ་རྡེལ་བདུན། །སྨེ་བའི་ཀེག་ཕྲན་རྡེ་འུ་བཞི། །དགུ་མིག་དུར་མིག་རྣམ་པ་གཉིས། །སྤྱི་བསྡུས་རྡེ་འུ་ཞེ་བདུན་ནོ། །གནམ་ལོ་ལོག་མེན་སྤར་སྨེ་དར་གུད་དུས། །གཅོད་འདྲལ་ཁ་དམར་རྩུབ་ཀེག་དགུ་མིག་དུར།། སྤྱི་ནི་གནམ་ལོ་གང་ཡིན་དང་། །བརྩི་བྱའི་ལོག་མེན་ གར་བབས་གཉིས། །བར་སྨེ་ནང་སྤར་གང་བབས་དང་། །གསང་བ་དར་གུད་འབེབས་གཞིའི་ལོ། །ཡང་གསང་དབང་ཐང་ལོ་ཟླ་ཞག་དུས་བུ་འདེད་ཀྱི་དབང་ཐང་གར་བབས་ཀྱི། །དུས་ཚོད་ གང་ཡིན་རྡེ་འུ་དྲུག །སྐྱེས་པ་ལ་ནི་དཀར་པོ་དང་། །བུད་མེད་ཡིན་ན་ནག་པོར་བོར། །དེ་རྗེས་གཅོད་འདྲལ་རྡེ་འུ་ནི། །བརྩི་བྱའི་སྲོག་གིས་གནམ་ལོ་དང་། །ལོག་མེན་གཉིས་ཀྱི་སྲོག་དང་ནི། །སྤར་སྨེ་ ལ་འཐབ་རྡེ་འུ་བཞི། །སྲོག་གི་དར་གུད་བསྐོར་ཏེ་གནམ་ལོ་ཡི། །སྟེང་དུ་བཟང་ངན་བརྩིས་པས་ལྔ། །དུས་ཚོད་སྲོག་ལ་འཐབ་པས་དྲུག །དེ་རྣམས་སྲོག་རྡེལ་དྲུག་ཡིན་ནོ། །དེ་བཞིན་ལུས་དབང་ཀླུང་རྟ་བཞིས། །རྩ་བའི་རྡེ་འུར་འཐབ་པ་དང་། །དར་གུད་གནམ་ལོའི་སྟེང་བརྩིས་ཏེ། །ལུས་དབང་ཀླུང་བཞིར་དྲུག་དྲུག་བོར། །དེ་དག་རྡེ་འུ་འབོར་ཚུལ་ཀྱང་། །མ་འཕྲད་དཀར་གསུམ་གྲོགས་ལ་དཀར་གཉིས། །ས་ཆུ་ནང་ཕྲད་དཀར་པོ་གཅིག །བུ་ཕྲད་དཀར་ནག་ཕྱེད་མ་ནག་གཉིས་ནི་དགྲ་ལ་བཀོད། །ཤིང་ལྕགས་མེ་གསུམ་ནག་གཅིག་བོར། །དར་གུད་ལ་འང་བཟང་དྲུག་གི། །རབ་འབྲིང་ཐ་མའི་གོ་རིམ་བཞིན། །དཀར་པོ་གསུམ་དང་གཉིས་དང་གཅིག །ངན་དྲུག་རབ་འབྲིང་ཐ་གསུམ་ལ། །རིམ་བཞིན་དཀར་ནག་ཕྱེད་མ་ནག་གཅིག་ནག་གཉིས་སོ། །དེ་ནས་ཁ་དམར་རྡེལ་བཞི་ཡང་། །དཀར་ནག་མང་ཉུང་བགྲང་བྱས་ལ། །དཀར་གསུམ་དཀར་གཉིས་སོགས་སུ་བོར། ། 

དེ་རྗེས་རྩུབ་པའི་རྡེལ་བདུན་ནི། །རང་ལོ་ཡོས་ལྟ་བུ་ལ་གནམ་ལོར་ཡོས་དེ་ཤར་རང་ཀེག་རྩུབ། །ཡོས་ལ་བྱ་ལྟ་བུ་བདུན་ཟུར་ཤར་ན་དགྲ་གཤེད་རྩུབ། །ལོ་འགྲོས་དབང་ཐང་ཚང་ཟླ་གཅིག་མེ་སྟག་ལ་མེ་ཡོས་ལྟ་བུ། །གནམ་ལོར་ཤར་བ་ཁྱིམ་མཚེས་རྩུབ། །ཀླུང་རྟ་གཅིག་ཤར་ཕག་ལུག་ཡོས་གསུམ་ལྟ་བུ་མཐུན་གསུམ་རྩུབ། །ཕ་མེས་སྤུན་ཟླའི་དུར་སྲི་ཕ་མེས་ཤི་དུས་ཀྱི་ལོ་སྤར་སྨེ་ལོག་མེན་ལ་སླེབས་པ་སོགས། །སྲི་ཀེག་གིས་ངན་སྟེང་སླེབས་དེ་ཡིས་རྩུབ། །བཟའ་མི་སྤར་ཁ་གཅིག་སྟེང་ཚོགས། །སྐྱམ་ཟླ་འདི་ཁྱོ་ཤུག་ལས་རབ་བྱུང་སོགས་ལ་མེད་ཀྱང་གཅིག་ལ་ཟམ་ཐུག་གི་ཉེས་པ་ཙམ་ཡོད་དོ།། ཞེས་པ་བཟའ་ཤུགས་རྩུབ། །རང་སྐྱེས་སྤར་ཁའི་སྟེང་བབས་སྤར་སླེབས་པ། །གསང་ཀེག་རྐུན་བུས་རྩུབ་པ་སྟེ།། སྤར་ཁཱི་རྩུབ་རྣམས་མ་ད་ལྟ་ཡོད་ན་མ་ཀླུང་དང་བསྟུན་པའི་སྤར་སྨེ་སོགས་བཅོས། མ་མེད་ན་མ་ཡི་དགེ་རྩ་དང་མིང་བྱང་ལ་བསྟེན་པའི་ཀླུང་ཆོག་བྱ་དགོས་གསུངས། རྩུབ་ན་རྡེ་འུ་ནག་པོ་དང་། །མི་རྩུབ་ན་ནི་དཀར་པོར་བོར། །

སྨེ་བའི་ཀེག་ཕྲན་རྣམ་བཞི་ནི། །ཁང་ཀེག་རང་གི་བབས་སྨེ་གནམ་ལོའི་སྨེ་བ་དང་། །མལ་ཀེག་རང་གི་སྐྱེས་སྨེའིསྟེང་དུ་བབས་པ་དང་། །ཡུལ་ཀེག་སྨེ་བ་གཉིས་ནག་ལ་བབས་པ་དང་། །རང་གི་གཉིས་ནག ཁམས་ཀྱི་རྒྱ་སྒོ་འགགས་པ་ནི། །རང་གི་སྐྱེས་སྨེའི་དགྲ་སྟེང་དུ་བབ་སྨེ་བབས། །དེ་རྣམས་སྟེང་དུ་བབ་སྨེ་སླེབས་ན་རྡེའུ་ནག་པོ་དང་། །མ་བབས་ལྡོག་ན་རྡེ་འུ་དཀར་པོར་བོར། །དེ་རྗེས་ལོ་གྲངས་དགུ་མིག་སྤར་ཁའི་དགུ་མིག་བུ་ལི་བུ་མོ་ཁམ་སྨེ་ཡི། །སྨེ་བ་སྐྱེས་སྨེར་བབས་པ་དགུ་མིག་ཏུ་ཚུད་དང་སྤར་ཁ་ཡི། །དུར་དུ་ཚུད་ན་རྡེལ་ནག་རེ། །མ་ཚུད་དཀར་པོ་རེ་རེ་བོར། ། 

གཞན་ཡང་ལོག་མེན་ལེ་ལག་གི། །འཇུ་ཐག་ལོག་མེན་ནས་ཡར་ལྔ་རྟེན་ཕུར་མར་ལྔ་བགྲངས་པ་གནམ་ཡར་བརྒྱད་སའི་མར་བརྒྱད་རྒྱང་། །བཞི་ལ་བརྩི་བྱའི་སྲོག་དང་ལུས། །དབང་ཀླུང་བཞིས་འཐབ་རྡེལ་བཞི་དང་། །བདུད་གཅོད་བླ་འཁྱམ་ལ་སོགས་བརྩི། །

གཞན་ཡང་སྦས་པ་མཛུབ་ཚུགས་ལས། །གསུངས་པའི་ལོ་གཅིག་འཁྱུད་བསྐོར་རྩིས། །རྡེ་འུ་སུམ་བཅུ་སོ་གཅིག་ནི། །གནམ་ལོའི་སྲོག་ལུས་དབང་ཀླུང་དང་། །སྤར་སྨེ་རྩ་བའི་རྡེལ་དྲུག་ལ། །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས། །ཕར་འཐབ་རྡེའུ་ཉི་ཤུ་བཞི། །དེ་དག་ཁ་དམར་རྡེལ་བཞི་དང་། །སྤར་སྨེ་དགུ་མིག་གསུམ་དང་བཅས། །སུམ་ཅུ་རྩ་གཅིག་དག་ཏུ་ངེས། །ཡང་ན་རྩ་བའི་རྡེལ་དྲུག་དང་། །བསྡོམས་པས་སོ་བདུན་དག་ཏུའང་འགྱུར། །དེ་ལྟར་བརྩིས་པའི་འབྲས་བུ་ནི། །རྩ་བའི་འགྲེལ་པ་ཉི་ཤུ་དང་། །དམར་ཆུང་སྟག་མགོ་སྒང་སྒྲིལ་སོགས། །བལྟས་ཏེ་ཉེས་སྐྱོན་བཅོས་པ་གཅེས། །

དེ་ནས་རྒྱ་ནག་རྡེལ་སྐོར་གྱིས་བཟའ་མི་བྱིངས་ཀྱི་དགེ་ཞན་བརྟག་པ་མི་བཞི་ལས་ཉུང་བ་ལ་མི་བཏུབ། དེ་ཡན་ཇི་ཙམ་མང་ཡང་རུང་། ནི། །བཟའ་ཚང་གཅིག་གིས་བསྡུས་པ་ཡི་མི་ངོ་དུ་ཡོད་མི་རེ་རེ་བཞིན། །བརྩི་བྱའི་སྲོག་ལུས་དབང་ཀླུང་བཞིས། །གནམ་ལོའི་སྲོག་ལུས་དབང་ཀླུང་ལ། །གཅོད་འདྲལ་བྱས་པའི་རྡེལ་བཞི་མ། གྲོགས། ས་ཆུ་ནང་འཕྲད་དཀར་པོ་གཅིག བུ། དགྲ། ཤིང་མེ་ལྕགས་ནང་འཕྲད་ནག་པོ་གཅིག་རེ་སྟེ། །སྟངས་གཅོད་དཀར་ནག་རེ་རེ་སྤྱི་ལྟར་བོར། །དེ་རྗེས་མི་རང་རང་གི་བབས་སྨེའི་རྡེ་འུ་ནི། །བབས་སྨེ་རང་རང་ཁམས་མཐུན་ཁ་དོག་སྟེ། །དེ་དག་དང་པོར་སྐྱེས་པ་སྟེ་ཕོ་ངོ་ཡོད་དེ་རྗེས་མོ། །རྒན་གཞོན་མ་ནོར་རྒན་ནས་གཞོན་རིམ་བཞིན་དགྲམ་ལོ་མཉམ་ན་སྐྱེ་སྔ་བ་སྔོན་མ་བྱ། མ་ཤེས་ན་གང་ཆེ་བའམ་རྒན་པ་སྔ་མར་བྱ་ཞེས་གསུངས། །དེ་ནས་རྡེལ་ཁྲ་བྱ་བ་ནི། །སྲོག་ལུས་ཀྱི་རྡེལ་ཕྲེང་རྣམས་འདུག་ས་བརྗེ་བ་མན་ངག་གོ་གསུངས། རྡེལ་གྲལ་གོང་མའི་ཕོ་རྒན་ཤོས་ཀྱི་རྡེའུ་ཐོག་མ་ལུས་དང་ནི། །དེ་རྗེས་འོག་མའི་མོ་གཞོན་ཤོས་ཀྱི་ཁམས་ཏེ་སྨེ་རྡེལ་ནས་བླངས་ལ་དང་པོ་དེའི་འཕྲོ་ལ་བཞག་བོར། །དེ་ནས་དང་པོའི་གཉིས་པ་དང་དེ་རྗེས་ཐ་མའི་བཞི་པ་སོགས་ལྷག་རྣམས་རྫོགས་པར་མ་གྱུར་པར། །སེ་བརྡར་རིས་སུ་བླངས་ཏེ་ཕྲེང་གཅིག་ཏུ་བརྐྱང་། །དེ་ལ་བརྐྱང་པའི་རྡེལ་སྐོར་ཟེར། །དེ་ལ་དང་པོའི་རྡེ་འུ་གསུམ། །ལྷ་ས་རབ་འབྲིང་ཐ་གསུམ་མོ། །དེ་ནས་རྐྱང་པའི་གྲལ་གཞུག་གྲངས་དུ་ཡོད་ཀྱི་ཐ་མ་ནས། །རེ་རེ་བླངས་ལ་ཕྱེད་དང་པོའི་འོག་ཏུ་འཇོག་པ་འགུགས་བྱ། །དེ་ལ་ཁུག་པ་ཟེར། གྲལ་རིམ་འོག་མའི་དང་པོ་གསུམ། །མི་ས་རབ་འབྲིང་ཐ་གསུམ་ཟེར། །དེ་ནས་ཡས་མས་གཉིས་ཀ་ཡི། །མཇུག་ནས་རེ་རེ་བླངས་བྱས་ནས། །མི་སའི་འོག་ཏུ་རིམ་བཞིན་བོར། དེ་ལ་ཡང་ཁུག་ཅེས་བྱ །དེ་ཉིད་ཐོག་མའི་རྡེལ་གསུམ་པོ། །ཁྱིམ་ས་རབ་འབྲིང་ཐ་གསུམ་མོ། །སོ་སོའི་ས་དང་རྡེལ་རོ་ལ། །ཁུག་པ་ལ་རྡེལ་རོ་གཅིག་ལྷག་ན་རྡེལ་རོ། ཡང་ཁུག་ལ་གཉིས་ལྷག་ན་རྡེལ་རོ་ཞེས་རྡེལ་ཕྲེང་ཕྱི་ལོགས་ངོས་སུ་ཟུར་དུ་བཞག་གོ རྡེའུ་དཀར་ནག་ཁྲ་གསུམ་གང་བབས་དང་བབས་སྨེའི་མདོག་མཐུན་རྡེལ་གང་བབས།ཞིབ་མོའི་བློས་བརྟགས༌བྲས་བུ་ནི། །འགྲེལ་པ་ཐིག་ལེ་ནག་པོར་ལྟོས། །

ཡང་ཅིག་ཀེག་རྩིས་རྣམ་གྲངས་ལ། །རྒྱ་གསུམ་ཁ་སྤྲོད་ཅེས་བྱ་བ། །སྤང་རྒྱན་ལོ་མའི་སྐོར་གསུམ་ལས། །དང་པོ་གསེར་ལོ་ཅན་གྱི་རྡེལ། །འགྲེམས་ལུགས་གནམ་ལོ་གང་ཤར་གྱི། །སྲོག་ལུས་དབང་ཀླུང་སྨེ་བ་ལྔ། །རེ་རེ་ལ་ཡང་བརྩི་བྱ་ཡི། །སྲོག་ལུས་དབང་ཀླུང་སྨེ་བ་ལྔས། །འཐབ་པའི་རྡེ་འུ་ཉེར་ལྔ་དང་། །ཁ་དམར་ལྔ་སྟེ་སུམ་ཅུ་འོ། །དེ་བཞིན་གནམ་ལོའི་བདུན་ཟུར་དང་། །མར་གྱི་དྲུག་འགྲས་དང་མར་གྱི་བཞི་གཤེད་ཀྱི། །སྲོག་སོགས་ལྔ་ལ་བརྩི་བྱའི་ལྔས། །འཐབ་པའི་རྡེལ་༢༥ དང་ཁ་དམར་༥ རེ་བཅས། །བསྡོམས་རེ་རེར་སུམ་ཅུ་སུམ་ཅུ་སྟེ། །གསུམ་ཅུ་བཞི་ཁྱོན་དྲིལ་བརྒྱ་དང་ཉི་ཤུའོ།།

གཡུ་ལོ་ཅན་གྱི་འགྲེམས་ལུགས་ནི། །རང་གི་ལོག་མེན་གར་བབས་དང་། །དེ་ཡི་བདུན་ཟུར་མར་དྲུག་འབྲས། །བཞི་གཤེད་བཞི་ཡི་སྲོག་སོགས་ལྔར། །རང་གི་སྲོག་སོགས་ལྔས་འཐབ་པའི། །གཅོད་འདྲལ་སྟངས་གཅོད་དྲིལ་བ་ཡི། །རྡེ་འུ་བརྒྱ་དང་ཉི་ཤུའོ། །

དུང་ལོ་ཅན་གྱི་འགྲེམས་ཐབས་ལ། །གང་ཤར་ཟླ་བ་དེའི་བདུན་ཟུར། །མར་གྲངས་དྲུག་འབྲས་བཞི་གཤེད་བཞིས། །སྔར་བཞིན་འཐབ་པའི་བརྒྱ་ཉི་ཤུ། །དེ་ལྟར་ཡོངས་བསྡོམས་རྡེ་འུ་ནི། །སུམ་བརྒྱ་དྲུག་ཅུར་འགྲེམས་ཚུལ་ཏེ། །མར་སྟོན་ཇོ་སྨོན་གདམས་པ་ཡིན། །དེ་སྟེང་ཞག་དང་དུས་ཚོད་ལའང་། །རྡེ་འུ་བརྒྱ་དང་ཉི་ཤུ་རེ། །བཀྲམ་པས་དྲུག་བརྒྱར་འགྱུར༌རོ༌ཞེས། ཁྱུང༌ལྷས༌གཞོན༌ནུ༌བསོད༌ནམས༌བཞེད། །དེ་ལྟར༌རྩིས༌པའི༌འབྲས༌བུ་འང་། །སྡོང་པོ་ཀུན་འདུས་འགྲེལ་པ་ནི། །གབ་པའི་སྙིང་གཟེར་ཞེས་བྱ་བར། །ཡོད་ཅེས་མཁས་པའི་གཞུང་ལས་བྱུང་། །འོན་ཀྱང་གནས་སྐབས་བྱ་སླའི་ཆེད། །སྲོག་ལུས་དབང་ཀླུང་སྨེ་བ་ལྔས། །ཚེ་དང་ནད་དང་ཟ་ཐང་དང་། །བསོད་ནམས་གདོན་བྱེད་ལ་བརྟགས་པའི། །ཁ་དམར་སྤྱི་བསྡོམས་ལྔར་བསྡུས་ལ། །རིགས་མཐུན་འབྲས་བུ་གང་རུང་གིས། །སྟངས་གཅོད་བྱས་ཀྱང་ཆོག་པར་ངེས། །དེ་ལྟར་ལོ་གཅིག་འཁྱུད་སྐོར་གྱི། །འཕེལ་འགྲིབ་ཆགས་ཆེན་བསལ་བའི་ཕྱིར། །ཞིབ་མོར་གཏན་ལ་དབབ་པ་གཅེས། །

འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས་ལོ་གཅིག་འཁྱུད་སྐོར་གྱི་རྩིས་ཀྱི་ རྡེའུ་སྟེ་ལེའུ་ལྔ་པའོ།།

མཐའ་མའི་འདོན་ཐེངས་།: 21.08.2015 ཉིན། 2:30 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།