སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ལྔ་པ། རིལ་བུའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.11.2023
ཕྱི་མ་རྒྱུད། >> ལེའུ་ལྔ་པ། རིལ་བུའི་སྡེ་ཚན་བསྟན་པ།



ལེའུ་ལྔ་པ།  རིལ་བུའི་སྡེ་ཚན་བསྟན་པ། 

ཞི་བྱེད་གཉིས་པ་ཕྱེ་མའི་སྦྱོར་སྡེ་རྒྱས་པར་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་ཅེས་གདམས་ཏེ། ཐང་དང་ཕྱེ་མས་ནད་གཏིང་མ་ཐོན་པ་འདོན་པར་བྱེད་པའི་ཞི་བྱེད་གསུམ་པ་རིལ་བུའི་སྦྱོར་བ་དེ་ལ་ནང་གསེས་ཀྱིས་དབྱེ་ན་ཚ་སེལ་དང་གྲང་སེལ་གྱི་སྡེ་ཚན་དུ་ཕྱེ་བའི་ཚ་སེལ་གཞན་དུ་ཁ་འཕངས་ཀྱི་སྒོ་ནས་བཤད་པ་དང༌། གྲང་སེལ་དངོས་བསྟན་གྱི་སྒོ་ནས་བཤད་པ་གཉིས་ལས།

ཚ་སེལ་ནི་རིན་ཆེན་གྲང་སྦྱོར་དང༌། དུག་སྨན་དང༌། དངུལ་ཆུའི་རིལ་བུ་རྣམས་མ་གཏོགས་པ་ཕྱི་མ་རྒྱུད་འདིར་སྒོས་ཀྱི་ཚ་བ་སེལ་བའི་སྨན་རིལ་བུ་དངོས་སུ་བཤད་པ་མེད་ན་ཡང༌། གོང་གི་ཚ་སེལ་གྱི་ཕྱེ་མ་ལ་སོགས་པའི་སྨན་གྱི་རིགས་གང་ཡང་ནད་གང་ལ་གང་འཕྲོད་རིག་པས་སྦྱར་ཏེ་རིལ་བུར་དྲིལ་ནས་བཏང་དུ་བཏུབ་པ་ཡིན་ནོ། །

གྲང་སེལ་གྱི་རིལ་བུའི་གཙོ་བོ་ཁྱུང་ལྔ་ཁ་བསྒྱུར་དང་བཅས་པའི་སྦྱོར་བ་དགུ་ལས། གཙོ་བོ་གཉན་ལྷོག་ཀླུ་གདོན་འཇོམས་པ་ལ་བྱ་ཁྱུང་གི་སྙིང་དང་མཚུངས་པ་ཀཱ་ལ་བི་ཥའམ། བི་ཥ་ནག་པོ་དང་དེ་བཞིན་ཁྲག་གླ་རྩི། རུས་པར་རུ་རྟ། རྒྱུས་པ་ཤུ་དག་ནག་པོ། ཤ་ཨ་རུ་ར་བཅས་ལོ་རྒྱུས་མན་རྒྱུད་དུ་བརྗོད་པ་ལྟར་བྱ་ཁྱུང་གི་སྙིང་ཁྲག་རུས་པ་རྒྱུས་པ་ཤ་དང་འདྲ་བའི་སྨན་ལྔ་པོ་སྦྱར་བའི་ཚད་ནི། ཀླུ་གདོན་གསོ་བའི་ལེའུ་ལས། དང་པོ་བྱ་ཁྱུང་རྣམ་ལྔ་སྦྱར་བ་ནི། །ཤ་རུས་རྒྱུས་པ་སྙིང་ཁྲག་བྱ་ཁྱུང་ལྔ། །བཞི་གཅིག་སུམ་གཉིས་ཕྱེད་དང་སུམ་ཆ་སྦྱར། །ཞེས་གསུངས་པས་ཨ་རུ་ར་སྟེ་ཞོ་ཤ་བཞི། རུས་པ་རུ་རྟ་ཞོ་གང༌། རྒྱུས་པ་ཤུ་དག་ཞོའི་སུམ་ཆ་གཉིས། སྙིང་བཙན་དུག་ཞོ་ཕྱེད། ཁྲག་གླ་རྩིའི་སུམ་ཆ་གཅིག་ཏུ་སྦྱོར་བ་དང༌། མན་ངག་རྒྱུད་ལྟར་མཉམ་སྦྱོར་བསྟན་པ་ནི། དེ་ལ་བདེ་བསྐྱེད་མེད་ན་ཤ་ཉིས་ཕྲི། །ཞེས་པའི་དངོས་བསྟན་ཨ་རུ་ར་ཞོ་དོ་ཕྲི་ནས་གཞན་རྣམས་སྔར་ལྟར་སྦྱར་བ་ལོག་གནོན་གནད་འབེབས་སུ་གསུངས་པ་ཡིན་ཀྱང༌། ཤ་ཕྲི་ཞེས་པའི་ཤུགས་བསྟན་ལས་བྱུང་བ་ཤིན་ཏུ་གསལ་བར། གཡུ་ཐོག་པའི་མན་ངག་གསལ་བྱེད་དུ། ཤ་སྙིང་བཟང་པོ་ཞོ་བཞིར་མཉམ། །རུས་གཅིག་རྒྱུས་པ་སུམ་ཆ་གཉིས། །ཁྲག་ནི་སུམ་ཆ་གཅིག་སྦྱར་བ། །མཉམ་སྦྱོར་ཁྱུང་རྒོད་དྲག་པོའོ། །ཞེས་གསུངས་པས། སྨན་ཆེན་དང་ཨ་རུ་ར་ཞོ་བཞིར་མཉམ། རུ་རྟ་ཞོ་གང༌། ཤུ་དག་སུམ་གཉིས། གླ་རྩི་སུམ་ཆ་གཅིག་ཏུ་སྦྱར་བའི་དེ་ལ་མཉམ་སྦྱོར་དྲག་པོ་ཞེས་བྱ་སྟེ། གག་ལྷོག་གཉན་རྒོད་སོགས་ནད་ཐོག་བབས་མྱུར་དུ་གསོད་པ་ལ་མན་ངག་གི་རྣོ་ཁྱད་མཁས་པའི་ཕྱག་ལེན་རྣམ་པར་དག་པ་ཡིན་ཞིང༌། དེ་དག་གང་འོས་ཀྱི་ཚད་བཤད་པ་བཞིན་དུ་སྦྱར་ཏེ་འཐག་ལུགས་ཀྱི་མན་ངག་རྒྱུད་ལས། ཨ་རུ་བཙན་དུག་རིམ་པས་ཞིབ་པར་བཏགས། །དེ་ནས་བསྲེས་ལ་སྐམ་བཏགས་འཐེམ་པར་བྱ། །ལོ་བརྒྱད་དྲི་ཆུས་ཆུ་བཏགས་གཉིས་གསུམ་བྱ། །བྱང་པའི་ཚད་ནི་གནག་ལ་འཚེར་བ་འོང༌། །ཞེས་དང༌། གཡུ་ཐོག་པས། མདོག་བཞིའི་ཞལ་གདམས་མ་ཤེས་ན། །ཁྱུང་ལྔ་སྦྱར་བའི་སྨན་པ་མིན། །སྨུག་ནག་མཐིང་ག་འཚེར་དང་བཞི། །དང་པོ་རུས་བཏབ་གཉིས་པར་རྒྱུས། །གསུམ་པར་ཁ་ཚར་བཞི་པ་ནི། །གུ་གུལ་དྲི་ཆུ་སྦྱར་བས་སྦྱང༌། །དེ་ནས་གླ་ཆུས་རིལ་བུ་དྲིལ། །ཞལ་གྱི་གདམས་པ་ཁོ་ནའོ། །ཞེས་གསུངས། དེའི་ལག་ལེན་གསལ་བར་ཟུར་མཁར་བས། དེ་ནས་སྦྱར་བའི་ལག་ལེན་ནི། །ཨ་རུ་བཙན་དུག་སོ་སོ་རུ། །སྐམ་འཐག་ཞིབ་བཅས་དེ་ནས་བསྲེ། །སླར་ཡང་སྐམ་འཐག་རྩི་བཞིན་བྱས། །དགེ་སློང་གཙང་མ་ཁྲིམས་ལྡན་ནམ། །ལོ་བརྒྱད་ཆུས་བྲན་ཞོ་ཙམ་ལས། །མི་སླ་མི་སྐམ་འདམ་བཏག་བྱ། །ཁ་དོག་བཞི་ཡི་ཞལ་གདམས་ལ། །མདོག་རྙེད་ནག་སྨུག་མཐིང་མཚེར་དང༌། །ཤིན་ཏུ་མཐིང་འཚེར་གྱུར་པའོ། །དེ་ཡང་གདོན་ལ་སྦྱོར་བའི་ཚེ། །གུ་གུལ་ནག་པོ་ལྷད་མེད་པ། །དྲི་ཆུར་བཞུས་པའི་དྭངས་མ་ཡིས། །སྨན་གྱི་འདམ་འཐག་ཁུ་བར་བྱ། །དང་པོ་ཁམ་སྨུག་མདངས་ལྡན་འཚེར། །མདོག་རྙེད་ཅེས་བྱ་དེ་དུས་སུ། །རུ་རྟ་ཞིབ་བཏགས་བཏབ་ལ་བཏགས། །དེ་ནས་སྨུག་ནག་མདོག་ཏུ་འགྱུར། །ཁ་ཅིག་རུ་རྟ་ཤུ་དག་གཉིས། །དུས་གཅིག་འདེབས་པ་ཡོད་ན་ཡང༌། །སྨན་གྱི་ཚད་ནི་འདི་ཉིད་བསྔགས། །དེ་ཚེ་ཤུ་དག་ཞིབ་བཏགས་གདབ། །སླར་བཏགས་མཐིང་གར་སོང་བ་དང༌། །ནད་གཞི་བསྟུན་ཏེ་གི་ཝཾ་ངམ། །པི་ལིང་གང་འཕྲོད་ཁ་ཚར་གདབ། །གཞན་ཡང་ཁ་ཚར་གང་དགོས་པ། །སྐབས་འདིར་འདེབས་པ་མཁས་པའི་ལུགས། །དེ་ནས་ཤིན་ཏུ་མཐིང་གའི་མདོག། ནག་ཅིང་འོད་ཟེར་འཚེར་བ་དང༌། །གླ་རྩི་ཞིབ་བཏགས་ཆུ་ལ་སྦྱར། །དེ་ཉིད་བཏབ་བསྲེས་འདྲེས་པར་བཏགས། །དེ་ནས་རིལ་བུ་དྲིལ་བར་བྱ། །ཞེས་གསུངས་པ་ལྟར་དགེ་སློང་ཚད་ལྡན་ནམ་སྔགས་པ་རྡོ་རྗེ་འཛིན་པའམ། དེ་མིན་བྱིས་པ་གཙང་མའི་དྲི་ཆུས་རིལ་བུ་དྲིལ་བ་དེ་ཉིད་རིན་པོ་ཆེའི་སྣོད་དུ་བླུགས། རས་ཀྱི་ཁ་བཅད་མ་རུལ་མ་འཁྱགས་པར་བྱ་ཐག་ཅུང་ཟད་ཡོད་པ་དང་རིལ་བུ་དཀར་ཡོལ་ལྟ་བུའི་ནང་ངམ་གོས་ལྕགས་ནག་གམ། རས་དཀར་དྲི་མེད་ཀྱི་ཁུག་མར་བླུགས་ནས་རིལ་ཆགས་ཚུལ་བཞིན་བྱས་ལ། འབྲུ་ལྔས་བྱིན་རླབས་ཏིང་འཛིན་ལྡན་པས་བཟའ། །ཞེས་མན་རྒྱུད་དུ་གསུངས་པའི་དོན་མན་རྒྱུད་རང་དུ་བཤད་ཡོད་པ་ལྟར། སྤྱིར་བཏང་དམིགས་བསལ་དཔགས་ནས་དགོས་དུས་ན་ཚོད་ལང་ཚོ་ནད་སྟོབས་དང་སྦྱར་ཏེ་གཏོང་བར་གསུངས་པའི་བྱ་ཁྱུང་རྣམ་པ་ལྔའི་རིལ་བུ་འདི་ཉིད་སྲོད་ཀྱི་དུས་སུ་ལྔ་བདུན་དགུ་རྣམས་ནད་སྟོབས་ལུས་ཟུངས་སོགས་དང་སྦྱར་ཏེ། གང་འཚམས་སུ་རིམ་པར་བཏང་བ་དེས་ཕོ་ལོག་སྲིན་ནད་གཉན་གཟེར་གག་པ་ལྷོག་པ་རྣམས་དང༌། ཁྱད་པར་ཆུ་སེར་དང་མཛེ་ནད་འཇོམས་པའི་མཆོག་ཏུ་གྱུར་པ་ཡིན་ཞིང༌། གཙོ་བོའི་སྦྱོར་སྡེའམ། རྩ་བའི་ཁྱུང་ལྔ་དེ་གཞིར་བཞག་ལ་ཁ་བསྒྱུར་ཛཱ་ཏི་བསྡེབས་པས་སྙིང་རླུང་གི་ནད་སེལ། ཁ་རུ་ཚྭ་བསྡེབས་པས་ཕོ་བའི་མེ་དྲོད་ཉམས་པ་གསོ། འགྲོན་བུའི་ཐལ་བ་བསྡེབས་པས་སྐྲན་གྱི་རིགས་རྣམས་བཤིག ད་ལིས་བསྡེབས་པས་སྐྱ་རྦབ་ཀྱི་སྦོས་པ་རྣམས་འཇིལ། ཤ་རུའི་ཐལ་བ་བསྡེབས་པས་དམུ་རྫིངས་ཀྱི་རིགས་སྐེམ། གུ་གུལ་བསྡེབས་པས་གག་ལྷོག་དང་གཉན་གཟེར་དང་ས་གདོན་རྣམས་འཇོམས། ཤིང་ཀུན་བསྡེབས་པས་གྲང་བ་དང་རླུང་གི་རིགས་མ་ལུས་འཇོམས། བྱི་ཏང་ག་དང་བསྡེབས་པས་སྲིན་གྱི་ནད་སེལ། གཞན་ཡང་དེ་ལ་འདོགས་འབྲེལ་སྦྱར་ན། གི་ཝཾ་ནག་པོ་ཚནྡེས་ཚ་གྲང་བསྒྱུར། །གུ་གུལ་ནག་པོ་གདོན་གྱི་གཉེན་པོར་གཅེས། །ཞེས་གསུངས་པ་ལྟར། ཚ་ཤས་ཆེ་ན་གི་ཝཾ། གྲང་ཤས་ཆེ་ན་པི་པི་ལིང༌། གདོན་ལ་གུ་གུལ་སྦྱར་བའི་ཁྱུང་ལྔ་གཤོག་པ་ཅན་དང༌། ཡང་དེ་ཉིད་ལས། རིན་ཆེན་སྦྱོར་བ་དངུལ་ཆུ་དུག་ཕྲལ་དང༌། །མུ་ཟི་སེང་ལྡེང་ཁཎྜ་བཟང་པོ་དྲུག། ཆུ་སེར་སྨན་གསུམ་གུ་གུལ་བྱ་ཁྱུང་སྦྱར། །ཀླུ་ཡི་གདོན་འཇོམས་ཆུ་སེར་རྩད་ནས་སྐེམ། །ཞེས་གསུངས་པ་ཕྱོགས་མཐུན་དུ་སློབ་དཔོན་ཆེན་པོ་པདྨ་ཀ་རས། ཆུ་སྨན་རལ་གྲི་ཁྱུང་གི་མཆུ། །སེང་ལྡེང་སྤོས་དཀར་སྡེར་མོ་ལ། །བཟང་པོ་དྲུག་པོ་གཤོག་སྒྲོ་རྒྱས། །ས་བཅུད་འདྲེ་འཇིགས་སྤྱན་མིག་སྟེ། །ཡོངས་རྫོགས་དངུལ་ཁྱུང་མེ་དབལ་ཅན། །གཉན་ལྷོག་ས་གདོན་ཟས་སུ་ཟ། །གཟའ་དང་སྡེ་བརྒྱད་ཨར་ལ་གཏོད། །བཞི་བརྒྱ་རྩ་བཞིའི་གཡུལ་ངོ་བཟློག། ཅེས་དངུལ་ཁྱུང་དྲག་པོ་མེ་དབལ་ཅན་དུ་སྦྱར་ཚུལ་དང༌། མཉམ་སྦྱོར་ཁྱུང་རྒོད་དྲག་པོ་ལ། །ས་བཅུད་རྩི་ཆེན་གཤོག་སྒྲོ་རྒྱས། །འདྲེ་འཇིགས་བརྒྱ་ཡིས་སྤྱན་མིག་དོར། །རང་ལུས་ནམ་མཁའ་ཡངས་པ་ལ། །ཉི་ཟླ་ཟུང་འཇུག་ལྟར་འཁོར་ན། །ཡ་ངའི་མུན་པ་ཀུན་སྲུང་བྱེད། ཅེས་སྲུང་བ་ལྟར་སྦྱར་བ་དང༌། ག་བུར་མཆུ་ལ་དངུལ་ཆུ་སྡེར། །བཟང་པོ་དྲུག་ནི་གཤོག་སྒྲོ་ལ། །གི་ཝཾ་དང་ནི་ལྡོང་རོས་རྭ། །ཨ་བྱག་སྟག་ཤ་སྤྱན་མིག་གོ། དེ་ནི་ཟླ་འོད་ནོར་བུའི་ཁྱུང༌། །གཉན་དང་ཡ་མ་སོ་གླང་འབྲས། །གཟའ་མཛེ་ཆུ་སེར་མ་ལུས་འཇོམས། །ཞེས་འཇོམས་བྱེད་དུ་སྦྱར་བ་དང༌། ཨ་ཆུ་ཤ་རེ་སྟག་གཅིག་གསོད། །ཀུན་ཀྱང་ཁྱུང་གིས་ཟོས་པ་ལས། །རང་མཉམ་གཤོག་པས་མྱུར་བསྐྱོད་ནས། །ཟས་རོ་ཆུ་བོའི་གཞུང་ལ་བསྐྱུར། །ཞེས་སྦྱོང་བྱེད་དུ་སྦྱར་བ་དང༌། ཡང་སྙིང་པོ་བསྡུས་པ། རྩ་བའི་སྨན་དྲུག་ཡན་ལག་བརྒྱད། །དུག་གསུམ་འཇོམས་པའི་སྨན་དུ་གྱུར། །རང་བསྲུང་གཞན་ཉིད་གསོ་བ་སྟེ། །ཕན་ཡོན་ནུས་པ་བསམ་མི་ཁྱབ། །འབིགས་བྱེད་བཙུན་མོ་དཔའ་བོ་དང༌། །དྲི་ལྡན་གཉིས་དང་འདྲེ་འཇིགས་རྣམས། །ཞོ་རེ་བཟང་དྲུག་སྟག་ཤ་བ། །མ་གི་ཏ་རྣམས་ཐུན་རེ་སྦྱར། །ལོ་བརྒྱད་དྲི་ཆུས་བྲ་རིལ་ཙམ། །ཡ་ངའི་ནད་རྣམས་བསྲུང་བས་ན། །ལྟོ་སྟོང་རིལ་བུ་རེ་རེ་ཟ། །གསོ་ན་བདུན་དགུ་ཉེར་གཅིག་སོགས། །ནད་སྟོབས་ལུས་ཟུངས་སྦྱར་ལ་བཟང༌། །བཤལ་དུ་བྱུང་ན་ནུས་པ་མྱུར། །ཀླུ་ལ་ཕྱག་ན་རྡོ་རྗེ་འདྲ། །དུག་ལ་རྨ་བྱ་ཆེན་མོ་འདྲ། །ནད་སྤྱིར་རྡོ་རྗེ་ཕ་ལམ་ལ། །རྒྱ་ནད་འཇོམས་པའི་ཐོ་བ་ཡིན། །གཉན་ནད་གག་ལྷོག་གཟེར་གསུམ་དང༌། །འབྲུམ་བུའི་ནད་ལ་ཐེངས་པས་ཆོག། ཁྱད་པར་ནམ་མཁའི་ནད་ལ་བསྔགས། །མཆོག་ཏུ་མཛེ་ནད་དག་ལ་ཤིས། །ཞེས་སོགས་སྦྱོར་སྡེ་རྣམ་གྲངས་ཆེས་མང་བར་བཤད་པ་མཁས་པའི་ཕྱག་ལེན་ལྟར་ཉམས་སུ་མྱོང་བར་བྱ་དགོས་སོ། །

ཁ་འཐོར་གྱི་སྦྱོར་བ་བཅུ་གསུམ་ནི། རྒྱ་ཚྭ་དང་རྒྱམ་ཚྭ་དང་ལྕེ་མྱང་ཚྭ་དང་ཁ་རུ་ཚྭ་དང་ཙབས་རུ་ཚྭ་དང་ར་ཚྭ་དང་ཤིང་ཚ་དང་མཛེ་ཚྭ་ཐལ་ཚྭ་ཡ་བཀྵ་ར་རྣམས་ཆ་གཅིག་དང༌། སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་ཆ་གཅིག་དང༌། ཨ་བར་སྐྱུར་ཏེ་འབྲས་བུ་གསུམ་པོ་རྣམས་ཆ་གཅིག་སྟེ། ཐུན་རྣམས་ཚན་པ་གསུམ་པོ་ཆ་མཉམ་སྦྱར་བ་ལ་བུ་རམ་གྱིས་རྟ་བྱས་རིལ་བུར་དྲིལ་བ་ཐུན་གསུམ་མམ་ཆ་མཉམ་རིལ་བུར་གྲགས་པ་དེས་ནི་ལྷེན་སྐྲན་དང་མངལ་སྐྲན་དང་ཁྲག་སྐྲན་རྣམས་ཐལ་བར་རློག་པར་བྱེད། བཤད་མ་ཐག་པའི་ཚ་བ་གསུམ་དང༌། སུག་སྨེལ་དང༌། ཨ་རུ་ར། འུ་སུ། གཡེར་མ། ཟི་ར་ནག་པོ། ཁ་རུ་ཚྭ། མཚོ་ཚྭ་སྟེ་བྱང་ཚྭ་ལྷད་མེད། ཤིང་ཚ། ཏིག་ཏ་དང་གོ་སྙོད་རྣམས་བུ་རམ་དང་སྦྱར་བའི་རིལ་བུས་མ་ཞུ་ལྷེན་སྐྲན་སོགས་འཇོམས་པར་བྱེད། གོ་བོ་ཀླད་དཀར། བྱ་རྒོད་སོ་བྱ་རོག་པོ། གཅན་གཟན་གྲུམ་པ་སོགས་རྩལ་མཐུས་ཟ་བའི་རིགས་ཀྱི་གྲེ་བ་མཐའ་དག་དང༌། གཡག་རྒོད་དང༌། རྐྱང་གི་ཤ ཅུ་གུར་ལི་ཤི་སུག་སྨེལ་ཛཱ་ཏི་ཀ་ཀོ་ལ་སྟེ་བཟང་པོ་དྲུག སྒ་པི་ཕོ་བ་རིས་ཏེ་ཚ་བ་གསུམ་དང༌། རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ་སྟེ་ཚྭ་སྣ་གསུམ། གོ་སྙོད་ལ་ལ་ཕུད་དང་ཟི་ར་ནག་པོ་རྣམས་བུ་རམ་དང་དྲིལ་བའི་ཟ་བྱེད་རིལ་བུ་དེས་སྐྲན་ནད་ཚ་གྲང་མེད་པར་ཐལ་བར་རློག་པར་བྱེད། འཇམ་འབྲས་དང་སྲ་འབྲས་དང་ཅུ་གུར་གཉིས་དང་འདི་སྐབས་སུག་སྨེལ་ཏེ་བསིལ་གསུམ་དང༌། ཨ་རུ་ར་དང༌། ཛཱ་ཏི་དང༌། ལ་ལ་ཕུད་དང༌། པི་པི་ལིང༌། བཅའ་སྒ་དང༌། ཨུཏྤལ་སྔོན་པོ་དང༌། བཙོད་དང༌། ཙི་ཏྲ་ཀ་དང༌། ཀ་པེད་དེ་ཀུ་བ་རྣམས་ཞོ་རེ་དང༌། མོན་ཆ་ར་དང་ད་ཏྲིག་གཉིས་ཞོ་དོ་རེ་དང༌། སེ་འབྲུ་ཞོ་བཞི་བཅས་པའི་ཚད་ལྡན་གྱི་སྦྱོར་བ་དེ་བུ་རམ་དང་སྦྱར་བའི་རིལ་བུར་བྱས་པ་ལ་མིང་གུ་ལིང་འབྲས་ཀྱི་རིལ་བུ་ཞེས་པ་འདིས་བད་རླུང་རྒྱས་པ་དང༌། སྟོད་ཚ་སྨད་གྲང་གིས་འཁྲུ་བ་གསར་རྙིང་མ་ལུས་པ་གཅོད་ཅིང༌། འདི་ལ་སྟོད་ལུགས་པ་འགའ་ཞིག་སྨན་གཞན་རྣམས་ཞོ་དོ་རེ་དང༌། ད་ཏྲིག་སྲང་ཕྱེད། སེ་འབྲུ་སྲང་གསུམ་དུ་བཞེད་པ་དང༌། ཡང་ཁ་ཅིག་སྨན་གཞན་རྣམས་ཞོ་རེ་དང༌། སེ་འབྲུ་ཉི་ཤུ་འགྱུར་དུ་སྦྱར་བའང་ཡོད། ཡང་ད་ལིས་ཏེ་བ་ལུའི་མེ་ཏོག་དང༌། དབྱི་མོང་དཀར་པོ་དང༌། གནྡྷ་པ་ཏྲ་དང༌། ནཱ་ག་པུཥྤ། ནཱ་ག་གེ་སར། པུ་ཤེལ་ཙེ། དྭ་ཚ་ཁ་སྐོང་སྐབས་བཞིན་དང༌། ཡ་བཀྵ་ར་དང༌། ཛཱ་ཏི་སུག་སྨེལ་ཀ་ཀོ་ལ་སྟེ་བཟང་པོ་གསུམ་རྣམས་མར་དང་ཆང་དང་བུ་རམ་བཅས་པར་སྨན་རྣམས་བཏབ་ལ་ཏིང་ཁྲོལ་པར་བསྐོལ་བའི་རིལ་བུར་དྲིལ་བ་ད་ལིས་འཇུ་བྱེད་ཀྱི་རིལ་བུ་འདིས་སྐྱ་རྦབ་འཇོམས་པ་འདི་ལ། ཁ་ཅིག་ད་ལིས་དབྱི་མོང་གཉིས་ཁྱོར་བ་རེ་དང༌། སྨན་གཞན་རྣམས་ཞོ་རེ་གཏོང་བ་ཟེར་བ་དང༌། ཁ་ཅིག་ད་ལིས་པ་ཏྲ་ཞོ་རེ། གཞན་རྣམས་ཞོ་ཕྱེད་རེ་གཏོང་ཞེས་ཀྱང་བཤད། གུར་ཀུམ་དང༌། མ་ནུ་པ་ཏྲ་དང༌། ཀ་པེད་དང༌། བྱི་ཏང་ག་དང༌། གནྡྷ་པ་ཏྲ་རྣམས་སྦྲང་དང་སྦྱར་བའི་རིལ་བུས་སྐྱ་རྦབ་དང་ཤ་སེར་བ་དང་མཆིན་ནད་བརླན་གྲང་དང་སྦོས་པ་སོགས་འཇོམས་ཤིང༌། ད་ལིས་ཏེ་བ་ལུའི་མེ་ཏོག་དང༌། དབྱི་མོང་དཀར་པོ། ཕོ་བ་རིས། བཅའ་སྒ། བྱི་ཚེར་དང༌། པུ་ཙེ་ཤེལ་ཏེ་ཧོང་ལེན་དང༌། དྲི་བཟང་བཞི་ཞེས་པ་ཡན་ལག་བརྒྱད་པའི་མདོ་གནས་གྱི་ལེའུ་དྲུག་པར། ཤིང་ཚ་སུག་སྨེལ་པ་ཏྲ་གསུམ། །གེ་སར་དང་བཅས་དྲི་བཟང་བཞི། །ཞེས་གསུངས་པ་དང༌། མན་ངག་རྒྱུད་ཀྱི་ཆམ་པའི་ལེའུར། དྲི་བཟང་བཞི་དང་ཞོ་སྦྱར་ཆམ་པ་སེལ། །ཞེས་པའི་སྐབས་སུའང་ཡོད་པ་བཞིན། ཟླ་ཟེར་ལས། ཤིང་ཚ་ཞོ་དོ། སུག་སྨེལ་ཞོ་གསུམ། གནྡྷ་པ་ཏྲ་ཞོ་དྲུགཅུ་གང་ཞོ་བརྒྱད་དོ་གསུངས་པ་འདི་ཉིད་ཡིན་ལ། པ་ཏྲ་ནི་གནྡྷ་པ་ཏྲའོ། །དེ་རྣམས་བུ་རམ་དང་བཅས་པའི་རིལ་བུས་མཆིན་སྐྲན་དང་དབུགས་མི་བདེ་བ་དང་ལུད་པ་འཕེལ་བས་མང་དུ་ལུ་བ་དང་གཞང་འབྲུམ་གྱི་ནད་དང་རྟུག་སྐམ་རྣམས་འཇོམས་པར་བྱེད་དོ། །ཁ་ཅིག་འདིའི་སྦྱོར་ཚད། ད་ལིས་དང་དབྱི་མོང་ཞོ་དོ། སྒ་དང་ཕོ་བ་རིས་ཞོ་གསུམ་རེ། གཞན་རྣམས་ཞོ་རེ་གཏོང་བ་ཡིན་ཀྱང་ཟེར། སྒ་པི་ཕོ་བ་རིས། དབྱི་མོང༌། ཙི་ཏྲ་ཀ་སྟེ་ཚ་བ་ལྔ་དང་བུ་རམ་བཅས་པའི་རིལ་བུ་འདི་ཡིས་རྩིབ་ལོགས་གཟེར་བ་དང་སྙིང་འདར་ཞིང་ཡི་ག་འཆུས་པ་རྣམས་སེལ་བར་བྱེད། སུག་སྨེལ་དང༌། ཤིང་མངར་དང༌། རྒྱམ་ཚྭ་དང༌། ཙི་ཏྲ་ཀ་དང༌། སྒ་པི་ཕོ་རིས་ཏེ་ཚ་བ་གསུམ་དང༌། ལྕེ་མྱང་ཚྭ། ཁ་རུ་ཚྭ། བུ་རམ་དང་བཅས་པའི་རིལ་བུས་གྲང་བ་སེལ་ཞིང་སྐྲན་རྣམས་འཇོམས་པ་དང༌། སེ་འབྲུ་དང་པི་པི་ལིང་གཉིས་བུ་རམ་དང་སྦྱར་བའི་རིལ་བུས་མ་ཞུ་བ་དང་སྐྱུག་པ་སེལ་བར་བྱེད། མིའི་དུར་ཐོད་དང་ཤ་རུ་སྤེན་མ་རྣམས་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་གསུམ་དང༌། ཙ་བྱཱ་སྟེ་དབྱི་མོང་དཀར་པོ་ཨ་རུ་ར་བཅས་པའི་རིལ་བུས་དམུ་རྫིང་རྣམས་སྐེམ་པ་དང༌། དབྱི་མོང་དཀར་པོ་དང༌། སུག་སྨེལ་དང༌། སྡིག་སྲིན་དང༌། བཤད་མ་ཐག་པའི་ཚ་བ་གསུམ་དང༌། རྒྱ་ཚྭ་རྣམས་སྦྲང་རྩི་དང་སྦྱར་བའི་རིལ་བུས་ཆུ་སོར་ན་ཟུག་ཡོད་པ་དང༌། བད་ཀན་མེ་ཉམས་དང་མཁལ་མ་དང་རྐེད་པ་དང་དཔྱི་མིག་རྣམས་གཟེར་བ་སེལ། ཟི་ར་ནག་པོ་དང༌། བཅའ་སྒ་དང༌། ཤིང་ཀུན་དང༌། བྱི་ཏང་ག་དང༌། རྒྱ་ཚྭ་རྣམས་སྦྲང་དང་སྦྱར་བའི་རིལ་བུ་སོ་གང་ན་བ་དེའི་སྟེང་དུ་བཞག་པས་སྲིན་འཇོམས་ཤིང༌། ཡུན་རིང་པོར་བསྟེན་ན་སོའི་བཅུད་ལེན་དུའང་འགྱུར་རོ། །དེ་ལྟར་ཁ་འཐོར་བཅུ་གསུམ་དང་གོང་གི་ཁྱུང་ལྔ་ཁ་བསྒྱུར་དང་བཅས་པ་དགུ་བསྡོམས་པས་ཁྱོན་ཉེར་གཉིས་སོ། །

གོང་དུ་སྨོས་པ་དེ་དག་ལ་སོགས་པའི་རིལ་བུ་གང་སྦྱོར་ཡང་སྨན་རྣམས་སོ་སོར་ཞིབ་པར་བཏགས་ལ། རྟ་མེད་པ་ཐམས་ཅད་ཆུ་ལ་སོགས་པའི་རླན་གྱིས་སྦྲན་ཞིང་གར་སླ་བསྒྲིལ་ཐུབ་ཙམ་དུ་འདམ་བཏགས་ཡང་ཡང་བྱ་དགོས་ཏེ། དེ་ཡང་འདམ་བཏགས་སླ་དུས་སྔོ། གར་དུས་སེར་བ་མ་ཞིབ་པའི་རྟགས་ཡིན་ཅིང་གར་སླ་གང་གི་དུས་ཀྱང་མདོག་འགྱུར་བ་མེད་པའི་ཞིབ་པའི་རྟགས་བྱུང་ནས་དུག་མེད་རྣམས་སྲན་མ་འཕོས་པ་ཙམ་དུ་དྲིལ་ཞིང༌། དུག་གིས་གཙོ་བྱས་པ་རྣམས་སྲན་མ་ཆུང་ཤོས་ཙམ་དང༌། ཀ་ར་བུ་རམ་སྦྲང་སོགས་ཀྱི་རྟ་གང་བྱེད་དང་བཅས་སྦྱོར་ན་མ་སླས་པར་དྲིལ་དུ་བཏུབ་ཙམ་བྱས་ལ་རིལ་བུ་ཆུང་བ་ལུག་རིལ་ཙམ་དང༌། ཆེ་བ་སེར་བ་རུས་ཙམ་དུ་དྲིལ་ཞིང༌། དེ་ཡང་ཆུང་བ་མིད་ལ་ཆེ་བ་རྣམས་མུར་བར་བྱའོ་ཞེས་གསུངས་སོ། །

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་ཀྱི་སྦྱོར་བ་གསུམ་པ་རིལ་བུའི་སྡེ་ཚན་བསྟན་པའི་ལེའུ་སྟེ་ལྔ་པའོ།། །།


 

མཐའ་མའི་འདོན་ཐེངས་།: 30.11.2023 ཉིན། 2:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།