སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ལྔ་པ། ཞི་བྱེད་ཀྱི་སྦྱོར་བ་རིལ་བུའི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.09.2011
ཕྱི་མ་རྒྱུད། >> ལེའུ་ལྔ་པ། ཞི་བྱེད་ཀྱི་སྦྱོར་བ་རིལ་བུའི་སྡེ་ཚན་བསྟན་པ།

གསུམ་པ་ཞི་བྱེད་ཐང་དང་ཕྱེ་མས་གཏིང་མ་ཐོན་ན་རིལ་བུའི་སྦྱོར་བ་བསྟན་པ་ལ་གསུམ་སྟེ། ཉོན་ཅིག་པར་གདམས་པ་དང༌། གཞུང་དོན་དངོས། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་པ་ནས་ཉོན་ཅིག་ཅེས་པའི་བར་གྱིས་བསྟན་ཏེ། ཕྱེ་མའི་སྦྱོར་སྡེ་རྒྱས་པར་བསྟན་ཟིན་པའི་མཇུག་ཐོག་དེ་མ་ཐག་པ་དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །དེ་ཡང་ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིང་ཅེས་གདམས་པའོ། །གཉིས་པ་ལ་གསུམ་མདོར་བསྟན་པ་དང་རྒྱས་པར་བཤད་པ། ཆོ་ག་བསྟན་པས་མཇུག་བསྡུ་བའོ། །དང་པོ་ནི། རིལ་བུའི་སོགས་རྐང་པ་གཅིག་སྟེ། །ཞི་བྱེད་གསུམ་པ་རིལ་བུའི་སྦྱོར་བ་དེ་ལ་ནང་གསེས་ཀྱིས་དབྱེ་ན་ཚ་སེལ་དང་གྲང་སེལ་གྱི་སྡེ་ཚན་རྣམ་པ་གཉིས་སུ་ཡོད་དོ་ཞེས་པའོ།།

        གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཚ་སེལ་གཞན་དུ་ཁ་འཕངས་ཀྱི་སྒོ་ནས་བཤད་པ། གྲང་སེལ་དངོས་བསྟན་གྱི་སྒོ་ནས་བཤད་པའོ། །དང་པོ་ནི། ཚ་སེལ་སོགས་རྐང་པ་གསུམ་སྟེ། ཚ་སེལ་ལ་སྔོ་སྦྱོར་གྱི་སྐབས་ཀྱི་དུག་སྨན་རིལ་བུ་དང༌། རིན་ཅེན་དངུལ་ཆུའི་རིལ་བུ་རྣམས་མ་གཏོགས་པ་ཕྱི་མ་རྒྱུད་འདིར་སྒོས་ཀྱི་ཚ་བ་སེལ་བའི་སྨན་རིལ་བུ་དངོས་སུ་བཤད་པ་མེད་ན་ཡང༌། ཕྱེ་མ་ཐམས་ཅད་ནས་ནད་གང་ལ་གང་འཕྲོད་པ་རྣམས་རིལ་བུར་དྲིལ་ནས་བཏང་དུ་བཏུབ་པ་ཡིན་ནོ་ཞེས་པའོ། །གཉིས་པ་ལ་ཁྱུང་ལྔ་ཁ་བསྒྱུར་དང་བཅས་པའི་སྦྱོར་བ་དགུ་བཤད་པ་དང༌། ཁ་འཐོར་བཅུ་གསུམ་བཤད་པ་གཉིས། དང་པོ་ལ་གཉིས་སྤྱིའི་དོན་དང་ཚིག་གི་དོན་ནོ། །དང་པོ་ནི། འདིར། སྙིང་ཁྲག་རུས་པ་ཤ་དང་རྒྱུས་པ་ལྔས། །ཚད་དུ་སྦྱར་ཏེ་དྲི་ཆུས་རིལ་བུ་དྲིལ། །ཞེས་པ་ལས་ཚད་གསལ་བ་མ་བཤད་ཀྱང་གཞུང་ལྟར་མི་སྙོམས་སྦྱོར་བ་བསྟན་པ་དང༌། མན་ངག་དང་མཉམ་སྦྱོར་བསྟན་པ་གཉིས་ལས་དང་པོ་ནི། ཀླུ་གདོན་གསོ་བའི་ལེའུ་ལས། དང་པོ་བྱ་ཁྱུང་རྣམ་ལྔ་སྦྱར་བ་ནི། །ཤ་རུས་རྒྱུས་པ་སྙིང་ཁྲག་བྱ་ཁྱུང་ལྔ། །བཞི་གཅིག་སུམ་གཉིས་ཕྱེད་དང་སུམ་མ་སྦྱར། །ཞེས་གསུངས་པས་ཨ་རུ་ར་སྟེ་ཤ་ཞོ་བཞི། རུས་པ་རུ་རྟ་ཞོ་གང༌། རྒྱུས་པ་ཤུ་དག་ཞོའི་སུམ་ཆ་གཉིས། སྙིང་བཙན་དུག་ཞོ་ཕྱེད། ཁྲག་གླ་རྩི་ཞོའི་སུམ་ཆ་གཅིག་ཏུ་སྦྱོར་བ་ཡིན་ལ། གཉིས་པ་མན་ངག་ལྟར་མཉམ་སྦྱོར་བསྟན་པ་ནི། དེ་ལ་བདེ་སྐྱེད་མེད་ན་ཤ་གཉིས་ཕྲི། །ཞེས་པའི་དངོས་བསྟན། ཨ་རུ་ར་ཞོ་དོ་ཕྲི་ནས་གཞན་རྣམས་སྔར་ལྟར་སྦྱར་བ་ལོག་གནོན་གནད་འབེབས་སུ་གསུངས་པ་ཡིན་ཀྱང༌།  ཤ་ཕྲི་ཞེས་པའི་ཤུགས་བསྟན་ལས་བྱུང་བ་ཤིན་ཏུ་གསལ་བར་གཡུ་ཐོག་པས་མན་ངག་གསལ་བྱེད་དུ། ཤ་སྙིང་བཟང་པོ་ཞོ་བཞིར་མཉམ། །རུས་གཅིག་རྒྱུས་པ་སུམ་ཆ་གཉིས། །ཁྲག་ནི་སུམ་ཆ་གཅིག་སྦྱར་བ། །མཉམ་སྦྱོར་ཁྱུང་རྒོད་དྲག་པོའོ། །ཞེས་གསུངས་པས། སྨན་ཆེན་དང་ཨ་རུ་ར་ཞོ་བཞི་བཞིར་མཉམ། རུ་རྟ་ཞོ་གང༌། ཤུ་དག་སུམ་གཉིས། གླ་རྩི་སུམ་ཆ་གཅིག་ཏུ་སྦྱར་བ་འདི་ལ་མཉམ་སྦྱོར་དྲག་པོ་ཞེས་བྱ་སྟེ། གག་ལྷོག་གཉན་རྒོད་ལ་སོགས་པ་ནད་ཐོག་བབས་མྱུར་དུ་གསོད་པ་ལ་མན་ངག་གི་རྣོ་ཁྱད་མཁས་པའི་ཕྱག་ལེན་རྣམ་པར་དག་པ་ཡིན་ཞིང་སྦྱར་ཐབས་ཀྱང་རྒྱུད་ལས། ཨ་རུ་བཙན་དུག་རིམ་པས་ཞིབ་པར་བཏགས། །དེ་ནས་བསྲོས་ལ་སྐམ་བཏགས་འཐེམས་པར་བྱ། །ལོ་བརྒྱད་བདུད་རྩིས་ཆུ་བཏགས་ཉིན་གསུམ་བྱ། །བྱང་བའི་ཚན་ནི་གནག་ལ་འཚེར་བ་འོང༌། །ཞེས་དང༌། གཡུ་ཐོག་པས། མདོག་བཞིའི་ཞལ་གདམས་མ་ཤེས་ན། །ཁྱུང་ལྔ་སྦྱར་བའི་སྨན་པ་མིན། །སྨུག་ནག་མཐིང་ཁ་འཚེར་དང་བཞི། །དང་པོ་རུས་བཏབ་གཉིས་པར་རྒྱུས། །གསུམ་པར་ཁ་ཚར་བཞི་པ་ནི། །གུ་གུལ་དྲི་ཆུ་སྦྱར་བས་སྦྱང༌། །དེ་ནས་གླ་ཆུས་རིལ་བུ་དྲིལ། །ཞལ་གྱི་གདམས་པ་ཁོ་ནའོ། །ཞེས་གསུངས་པ། དེའི་སྦྱོར་ཚུལ་གསལ་བར་ཟུར་མཁར་བས། དེ་ནས་སྦྱར་བའི་ལག་ལེན་ནི། །ཨ་རུ་བཙན་དུག་སོ་སོ་རུ། །སྐམ་ཐག་ཞིབ་བཅས་དེ་ནས་བསྲེ། །སླར་ཡང་སྐམ་འཐག་རྩི་བཞིན་བྱས། །དགེ་སློང་གཙང་མ་ཁྲིམས་ལྡན་ནམ། །ལོ་བརྒྱད་ཆུས་བྲན་ཞོ་ཙམ་ལས། །མི་སླ་མི་སྐམ་འདམ་བཏགས་བྱ། །ཁ་དོག་བཞི་ཡི་ཞལ་གདམས་ལ། །མདོག་རྙེད་ནག་སྨུག་མཐིང་འཚེར་དང༌། །ཤིན་ཏུ་མཐིང་འཚེར་གྱུར་པའོ། །དེ་ཡང་གདོན་ལ་སྦྱོར་བའི་ཚེ། །གུ་གུལ་ནག་པོ་ལྷད་མེད་པ། །དྲི་ཆུར་བཞུས་པའི་དངྭས་མ་ཡིས། །སྨན་གྱི་འདམ་འཐགས་ཁུ་བར་བྱ། །དང་པོ་ཁམ་སྨུག་མདངས་ལྡན་འཚེར། །མདོག་རྙེད་ཅེས་བྱ་དེ་དུས་སུ། །རུ་རྟ་ཞིབ་བཏགས་བཏབ་ལ་བཏགས། །དེ་ནས་སྨུག་ནག་མདོག་ཏུ་འགྱུར། །ཁ་ཅིག་རུ་རྟ་ཤུ་དག་གཉིས། །དུས་གཅིག་འདེབས་པ་ཡོད་ན་ཡང༌། །སྨན་གྱི་ཚད་ནི་འདི་ཉིད་བསྔགས། །དེ་ཚེ་ཤུ་དག་ཞིབ་བཏགས་གདབ། །སླར་བཏགས་མཐིང་ཁ་སོང་བ་དང༌། །ནད་གཞི་བསྟུན་ཏེ་གི་ཝང་ངམ། །པི་ལིང་གང་འཕྲོད་ཁ་ཚར་གདབ། །གཞན་ཡང་ཁ་ཚར་གང་དགོས་པ། །སྐབས་འདིར་འདེབས་པ་མཁས་པའི་ལུགས། །དེ་ནས་ཤིན་ཏུ་མཐིང་ཁའི་མདོག །ནག་ཅིང་འོད་ཟེར་འཚེར་བ་དེར། །གླ་རྩི་ཞིབ་བཏགས་ཆུ་ལ་སྦྱར། །དེ་ཉིད་བཏབ་སྲེས་འདྲེས་པར་བཏགས། །དེ་ནས་རིལ་བུ་དྲིལ་བར་བྱ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟ་བུའི་རིལ་བུ་དེ་ཉིད་རིན་པོ་ཆེའི་སྣོད་དུ་བླུག རས་ཀྱིས་ཁ་བཅད་མ་རུལ་མ་འཁྱགས་པར་བྱ་ཐག་ཅུང་ཟད་ཡོད་པ་དང་རིལ་བུ་གོས་ལྕགས་ནག་གམ། རས་དཀར་དྲི་མེད་ཀྱི་ཁུད་དུ་བླུག་ནས་རིལ་ཆགས་ཚུལ་བཞིན་བྱས། འབྲུ་ལྔས་བྱིན་རླབས་ཏིང་འཛིན་ལྡན་པས་བཟའ། །ཞེས་གསུངས་པ་ལྟར། རབ་གནས་སོགས་ཀྱང་བགྱིས་ཏེ་ལེགས་པར་བཅངས་བ། དགོས་དུས་ན་ཚོད་ལང་ཚོ་ནད་སྟོབས་དང་སྦྱར་ཏེ་གཏོང་བར་གསུངས།

        དེ་ལ་འདོགས་འབྲེལ་སྦྱར་ན། གི་ཝང་ནག་པོ་ཚན་དེ་ཚ་གྲང་བསྒྱུར། །གུ་གུལ་ནག་པོ་གདོན་གྱི་གཉེན་པོར་གཅེས། །ཞེས་གསུངས་པ་ལྟར། ཚ་ཤས་ཆེ་ན་གི་ཝང༌། གྲང་ཤས་ཆེ་ན་པི་པི་ལིང༌། གདོན་ལ་གུ་གུལ་སྦྱར་བའི་ཁྱུང་ལྔ་གཤོག་པ་ཅན་དང༌། ཡང་དེ་ཉིད་ལས། རིན་ཅེན་སྦྱོར་བ་དངུལ་ཆུ་དུག་ཕྲལ་དང༌། །མུ་ཟི་སེང་ལྡེང་ཁནྜ་བཟང་པོ་དྲུག །ཆུ་སེར་སྨན་གསུམ་གུ་གུལ་བྱ་ཁྱུང་སྦྱར། །ཀླུ་ཡི་གདོན་འཇོམས་ཆུ་སེར་རྩད་ནས་སྐེམ། །ཞེས་གསུངས་པ་ཕྱོགས་མཐུན་དུ་སློབ་དཔོན་ཆེན་པོ་པདྨ་ཀ་རས། ཆུ་སྨན་རལ་གྲི་ཁྱུང་གི་མཆུ། །སེང་ལྡེང་སྤོས་དཀར་སྡེར་མོ་ལ། །བཟང་པོ་དྲུག་པོ་གཤོག་སྒྲོ་རྒྱས། །ས་བཅུད་འདྲེ་འཇིགས་སྤྱན་མིག་སྟེ། །ཡོངས་རྫོགས་དངུལ་ཁྱུང་མེ་དབལ་ཅན། །གཉན་ལྷོག་ས་གདོན་ཟས་སུ་ཟ། །གཟའ་དང་སྡེ་བརྒྱད་ཨར་ལ་གཏོད། །བཞི་བརྒྱ་རྩ་བཞིའི་གཡུལ་ངོ་བཟློག །ཅེས་དངུལ་ཁྱུང་དྲག་པོ་མེ་དབལ་ཅན་དུ་སྦྱར་ཚུལ་དང༌། མཉམ་སྦྱོར་ཁྱུང་རྒོད་དྲག་པོ་ལ། །ས་བཅུད་རྩི་ཆེན་གཤོག་སྒྲོ་རྒྱས། །འདྲེ་འཇིགས་བརྒྱ་ཡིས་སྤྱན་མིག་དོར། །རང་ལུས་ནམ་མཁའ་ཡངས་པ་ལ། །ཉི་ཟླ་ཟུང་འཇུག་ལྟར་འཁོར་ན། །ཡ་ངའི་མུན་པ་ཀུན་སྲུང་བྱེད། །ཅེས་བསྲུང་བ་ལྟར་སྦྱར་བ་དང༌། ག་པུར་མཆུ་ལ་དངུལ་མུ་སྡེར། །བཟང་པོ་དྲུག་ནི་གཤོག་སྒྲོ་ལ། །གི་ཝང་དང་ནི་ལྡོང་རོས་རྭ། །ཨ་བྱག་སྟག་ཤ་སྤྱན་མིག་གོ །དེ་ནི་ཟླ་འོད་ནོར་བུའི་ཁྱུང༌། །གཉན་དང་ཡ་མ་སོ་གླང་འབྲས། །གཟའ་མཛེ་ཆུ་སེར་མ་ལུས་འཇོམས། །ཞེས་འཇོམས་བྱེད་དུ་སྦྱར་བ་དང༌། །ཨ་ཆུ་ཤ་རེ་སྟག་གཅིག་གསོད། །ཀུན་ཀྱང་ཁྱུང་གིས་ཟོས་པ་ལས། །རང་མཉམ་གཤོག་པས་མྱུར་བསྐྱོད་ནས། །ཟས་རོ་ཆུ་བོའི་གཞུང་ལ་སྐྱུར། །ཞེས་སྦྱོང་བྱེད་དུ་སྦྱར་བ་དང༌། ཡང་སྙིང་པོ་བསྡུས་པར། རྩ་བའི་སྨན་དྲུག་ཡན་ལག་བརྒྱད། །དུག་གསུམ་འཇོམས་པའི་སྨན་དུ་གྱུར། །རང་བསྲུང་གཞན་ཉིད་གསོ་བ་སྟེ། །ཕན་ཡོན་ནུས་པ་བསམ་མི་ཁྱབ། །འབིགས་བྱེད་བཙུན་མོ་དཔའ་བོ་དང༌། །དྲི་ལྡན་གཉིས་དང་འདྲེ་འཇིགས་རྣམས། །ཞོ་རེ་བཟང་དྲུག་སྟག་ཤ་བ། །མ་གི་ཏ་རྣམས་ཐུན་རེ་སྦྱར། །ལོ་བརྒྱད་དྲི་ཆུ་བྲ་རིལ་ཙམ། །ཡ་ངའི་ནད་རྣམས་བསྲུང་བས་ན། །ལྟོ་སྟོང་རིལ་བུ་རེ་རེ་ཟ། །གསོ་ན་བདུན་དགུ་ཉེར་གཅིག་སོགས། །ནད་སྟོབས་ལུས་ཟུངས་སྦྱར་ལ་བཏང༌། །བཤལ་དུ་བྱུང་ན་ནུས་པ་མྱུར། །ཀླུ་ལ་ཕྱག་ན་རྡོ་རྗེ་འདྲ། །དུག་ལ་རྨ་བྱ་ཆེན་མོ་འདྲ། །ནད་སྤྱིར་རྡོ་རྗེ་ཕ་ལམ་ལ། །རྒྱ་ནད་འཇོམས་པའི་ཐོ་བ་ཡིན། །གཉན་ནད་གག་ལྷོག་གཟེར་གསུམ་དང༌། །འབྲུམ་བུའི་ནད་ལ་འཐེངས་པས་ཆོག །ཁྱད་པར་ནམ་མཁའི་ནད་ལ་བསྔགས། །མཆོག་ཏུ་མཛེ་ནད་དག་ལ་ཤིས། །ཞེས་སོགས་སྦྱོར་སྡེ་རྣམ་གྲངས་ཆེས་མང་བར་བཤད་པ་མཁས་པའི་ཕྱག་ལེན་ལྟར་ཉམས་སུ་མྱོང་བར་བྱ་ཞིང༌། འདིའི་སྐབས་ཀྱི་བཙན་དུག་ནི། བོང་ང་ལ་སྨན་དང་དུག་གི་རིགས་གཉིས་སུ་ཡོད་པའི་དུག་རིགས་ཏེ།

        ཟླ་ཟེར་ལས། སྔོན་ནི་ལྷ་དང་ལྷ་མ་ཡིན། །བདུད་རྩི་འདོད་པས་བསྲུབས་པ་ན། །བདུད་རྩི་འབྱུང་བའི་སྔོན་རོལ་དུ། །སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས། །མཆེ་བ་བཞི་པ་གཟི་བརྗིད་འབར། །སྐྲ་སེར་མིག་ནི་མེ་འབར་བ། །དེ་མཐོང་འགྲོ་བ་སྡུག་བསྔལ་འགྱུར། །དེར་ན་འདི་ནི་དུག་ཅེས་བྱ། །ཞེས་བྱ་བ་ལ་སྔོན་ཐོག་མར་ལྷ་དང་ལྷ་མ་ཡིན་བདུད་རྩི་འདོད་པའི་ཕྱིར། འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ལས། བདུད་རྩི་འབྱུང་བའི་སྔོན་དུ་སྐྱེས་བུ་ཤིན་ཏུ་འཇིགས་པའི་གཟུགས་ཅན་མཆེ་བ་བཞི་པ་ལུས་ཀྱི་གཟི་བརྗིད་ཆེ་བ། སྐྲ་འཚེར་ཞིང་ཁམ་པ། མིག་མེ་ལྟར་འབར་བ་ཞིག་བྱུང་བར་གྱུར་ལ། དེ་མཐོང་བས་འགྲོ་བ་རྣམས་སྡུག་བསྔལ་བར་གྱུར་ཏེ། རྒྱུ་དེས་ན་འདི་ལ་ནི་མིང་དུ་དུག་ཅེས་བྱ་བ་ཡིན་ལ་དེའི་ཕྲ་དེའི་ཆ་ལས་བྱུང་བ་སྡུག་བསྔལ་སྐྱེད་པར་བྱེད་པ་ཐམས་ཅད་ལ་ཡང་དུག་ཅེས་བྱ་བ་ཡིན་ནོ། །ཚངས་པས་ཧཱུཾ་ཞེས་བརྗོད་པ་དང༌། །བསླུ་བའི་བདག་ཉིད་ཅན་སྤངས་ཏེ། །གཟུགས་དེ་རྒྱུ་དང་མི་རྒྱུ་བའི། །གཟུགས་ལ་དེ་ནི་ཞུགས་པར་གྱུར། །ཞེས་བྱ་བ་ལ་དེའི་འོག་ཏུ་ཚངས་པས་ཧཱུཾ་ཞེས་བརྗོད་དེ་ཚར་བཅད་པ་དང༌། སྡུག་བསྔལ་བར་བྱེད་པའི་བསླུ་བའི་བདག་ཉིད་ཅན་ཏེ་རང་གི་གཟུགས་སྤངས་ཏེ་གནོད་པར་བྱེད་པའི་གཟུགས་ཏེ་རྒྱུ་བ་དང་མི་རྒྱུ་བའི་གཟུགས་ལ་ཞུགས་པར་གྱུར་ཏོ། །བརྟན་དུག་ནུས་པ་མི་བཟད་པར། །སྡོང་བུ་ལ་ནི་གནས་པ་གང༌། །ཀཱ་ལ་ཀཱུ་ཊ་དབང་པོའི་བུ། །བཙན་དུག་ཧ་ལ་ཧ་ལ་སོགས། །ཞེས་བྱ་བ་ལ་དུག་དེ་སྡོང་བུ་ལ་སོགས་པ་ལ་གནས་པར་གྱུར་པ་གང་ཡིན་པ་དེ་ནི་ནུས་པ་མི་བཟད་ཅིང་རང་བཞིན་བརྟན་པར་གྱུར་བ་ཀཱ་ལཀཱུ་ཊ་དང༌། དབང་པོའི་བུ་སྟེ་ཨིནྡྲ་བཏ྄ས་དང༌། བཙན་དུག་སྟེ་མིང་གི་དང༌། ཧ་ལ་ཧ་ལ་ལ་སོགས་པའི་དུག་ཏུ་གྱུར་པ་ནི་སེམས་མེད་ཅིང་བརྟན་ལ། མི་གཡོ་བའི་གཟུགས་ལ་གནས་པས་ན། བརྟན་པའི་དུག་ཅེས་སམ་མི་རྒྱུ་བའི་དུག་ཅེས་བྱའོ། །ཞེས་གསུངས་པ་ལྟར་ཡིན་ལ་དེ་ལའང་རྩ་བའི་དུག་ཆེན་ལྔ་དང༌། ཡང་ན་མན་ངག་རྒྱུད་ལས། སྨན་ནི་ཕྱི་འཛིམ་ནང་འཛིམ་གསང་འཛིམ་གསུམ། །ཕྱི་འཛིམ་ར་དུག་རྩ་བ་དུས་བརྐོས་པ། །ནང་འཛིན་མགོ་དགུ་མགོ་བདུན་ལྔ་གསུམ་ལ། །གསང་འཛིམ་འབྲས་བུ་ལོ་གཅིག་སྐྱེས་པའོ། །ཞེས་པ་དང་ཡང་ན་སྨན་ཆེན་དཀར་ནག་སེར་གསུམ་དུ་འདུས་ཏེ་ཟུར་མཁར་བས། དེ་ཡང་དུག་ལྔའི་རང་གཟུགས་ནི། །བྷི་ཥཱ་མཱུ་ལ་པཉྩའི་མདོག །དཀར་སེར་དམར་སྔོ་ནག་པོ་ལྔ། །རང་རང་ནུས་མཐུ་བསམ་མི་ཁྱབ། །བསྡུ་ན་དཀར་སེར་ནག་དང་གསུམ། །དཀར་པོ་འཛིམ་པ་སེར་པོ་ནི། །བཙན་དུག་ཅེས་བྱ་ནག་པོ་ལ། །བོང་ང་ནག་པོ་ཞེས་བྱར་གསུངས། །དམར་སེར་དངུལ་ཆུ་འཆིང་བ་དང༌། །གསེར་འགྱུར་རྫས་ཀྱི་གཙོ་བོ་ཡིན། །དཀར་ནག་ནད་རྣམས་ཀུན་ལ་བསྔགས། །དེ་ཡི་གཉེན་པོ་བོང་དཀར་དང༌། །བོང་དམར་བོང་སེར་རོ་ཁ་བསིལ། །ཟོས་ན་ལྕེ་རྩེ་མི་སྦྲིད་པ། །འདི་གསུམ་དུག་ལྔར་གཏོགས་པ་མིན། །དུག་ལྔ་སྐྱེས་ས་ཆུ་རིགས་ཀྱིས། །ནུས་པ་བཟང་ངན་འབྲིང་གསུམ་འབྱུང༌། །སྨན་ལ་སྦྱར་བའི་ཐུན་ཚད་ཀྱང༌། །བཟང་ངན་བརྟགས་ཏེ་སྦྱོར་བ་གནད། །དཔེར་ན་དཔའ་བོའི་རིགས་གང་ཡང༌། །སྐྱེས་པ་ནད་མེད་དར་བབས་ལ། །ནས་ཕྱེད་སྦྱིན་པས་སྨན་ནད་ལྡང༌། །དེ་ལ་ནུས་པ་རབ་ཏུ་བརྗོད། །དེ་བཞིན་ནས་གཅིག་ཕྱེད་དང་གཉིས། །སྦྱིན་པས་སྨན་ནད་ལྡང་བ་ལ། །འབྲིང་དང་ཐ་མར་བཤད་པའོ། །ཞེས་བཤད་པའི་སེར་པོ་བཙན་དུག་ཏུ་གྲགས་པ་དེ་ཉིད་ཡིན་ལ། འདི་ལ་རྟོག་དཔྱོད་དང་ལྡན་པ་ཁ་ཅིག་ན་རེ། དེ་ལྟར་ན་རྒྱུད་དུ་བི་ཥ་ནག་པོ་ཞེས་དངོས་སུ་བཤད་ལ་འདིར་སེར་པོར་ངོས་འཛིན་པ་ནི་ནོངས་སོ་ཞེ་ན། སྤྱིར་བི་ཥ་ནག་པོ་ཞེས་པ། དུག་གི་རིགས་ཀྱི་སྤྱི་མིང་སྟེ་ནག་པོ་བརྩེགས་པ་ཞེས་གྲགས་པས་མཚོན་སྤྱིར་བཏང་ཡིན་ལ། དམིགས་བསལ་ནང་གསེས་སུ་རྩ་བའི་དུག་ཆེན་ལྔ་དང༌།

        ཡན་ལག་གི་དུག་ལྔ། དཀར་སེར་དམར་ལྗང་ནག་པོ་སྟེ་ཁ་དོག་གིས་ཕྱེ་མའི་ལྔར་ཡོད་པ་ལས་སེར་པོ་འཛིམ་པར་གྲགས་པ་ཡིན། ཞེས་སྨོས་པས་སྐྱོན་ཡོད་པ་མ་ཡིན་ནོ། །གཉིས་པ་ཚིག་གི་དོན་ནི། གྲང་སེལ་རིལ་བུ་ཞེས་པ་ནས་སྲིན་ནད་སེལ་ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཏེ། གྲང་སེལ་གྱི་རིལ་བུ་ཞེས་པ་ནས་སྲིན་ནད་སེལ་ཞེས་པའི་བར་ཚིགས་བཅད་བཞིས་བསྟན་ཏེ། གྲང་སེལ་གྱི་རིལ་བུའི་གཙོ་བོར། ཀཱ་ལ་བི་ཥའམ། བི་ཥ་ནག་པོ་དང༌། གླ་རྩི། རུ་རྟ། ཤུ་དག་ནག་པོ། ཨ་རུ་ར་རྣམས་གཉན་ལྷོག་ཀླུ་གདོན་འཇོམས་པ་ལ་བྱ་ཁྱུང་དང་མཚུངས་པའི་སྙིང་ཁྲག་རུས་པ་རྒྱུས་པ་ཤ་དང་འདྲ་བའི་སྨན་ལྔ་པོ་ཚད་དུ་སྦྱར་ཏེ། སྡོམ་ལྡན་ནམ་ལོ་བརྒྱད་དྲི་ཆུས་རིལ་བུར་དྲིལ་བ་བྱ་ཁྱུང་རྣམ་པ་ལྔ་ཡི་རིལ་བུ་འདི་ཉིད་སྲོད་ཀྱི་དུས་སུ་ལྔ་བདུན་དགུ་རྣམས་ནད་སྟོབས་ལུས་ཟུངས་སོགས་དང་སྦྱར་ཏེ་གང་འཚམས་སུ་རིམ་པར་བཏང་བ་དེས། ཕོ་ལོག སྲིན་ནད། གཉན་གཟེར། གག་པ། ལྷོག་པ་རྣམས་དང༌། ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག་ཏུ་གྱུར་པ་ཡིན་ནོ་ཞེས་གཙོ་བོའི་སྦྱོར་སྡེ་གཅིག་དང༌། རྩ་བ་ཁྱུང་ལྔ་དེ་ལ་ཛཱ་ཏི། ཁ་རུ་ཚྭ། འགྲོན་བུའི་ཐལ་བ། ད་ལིས། ཤ་རུའི་ཐལ་བ། གུ་གུལ། ཤིང་ཀུན། བྱི་ཏང་ག་རྣམས་སོ་སོར་བསྡེབས་པའི་འཁོར་གྱི་སྦྱོར་བ་བརྒྱད་པོ་འདིས་རིམ་པ་བཞིན་དུ་སྙིང་རླུང་ནས་སྲིན་ནད་ཀྱི་བར་སེལ་བ་ཡིན་ནོ་ཞེས་པ་གོ་སླའོ།།

        གཉིས་པ་ཁ་འཐོར་གྱི་སྦྱོར་བ་བཅུ་གཅིག་བསྟན་པ་ལ་སྤྱིའི་དོན་དང༌། ཚིག་གི་དོན་གཉིས། དང་པོ་ནི། ཚྭ་སྣའི་རིལ་བུ་སོགས་སུ་བཤད་པའི་ཚྭ་རིགས་རྣམས་བཤད་རྒྱུད་དུ་མདོར་བསྡུས་ཙམ་ལས་མ་གསུངས་ཤིང༌། མཁས་པ་རྣམས་ཀྱང་བཞེད་ཚུལ་མཐུན་མི་མཐུན་དུ་མ་སྣང་བས། དགག་བཞག་གི་སྤྲོས་པ་དོར་ཏེ། རང་ལུགས་སུ་བརྗོད་ན་ཟླ་ཟེར་ལས། ལན་ཚྭ་ཀུན་ཀྱང་བད་ཀན་བསྐྱེད། །ཕྲ་ཞིང་བཤང་གཅི་འབྱིན་ལ་འཇམ། །རླུང་འཇོམས་འཇུ་བྱེད་ཚ་ཞིང་རྣོ། །ཡི་ག་འབྱེད་ཅིང་བད་མཁྲིས་བསྐྱེད། །ཅེས་བྱ་བ་ལ་ལན་ཚྭ་ཐམས་ཅད་ནི་སྤྱིར་བད་ཀན་བསྐྱེད་ཅིང་རྩ་སྦུབས་ཀྱི་རྒྱུན་ལས་ཆུ་རྣམས་འཛག་པར་བྱེད་པ་ཡིན་པས། ཀུན་ཀྱང་བད་ཀན་བསྐྱེད་པ་ཡིན་ནོ། །དེ་ཡང་སྨན་དཔྱད་ཀྱི་རྒྱུད་ལས། རང་གི་ནུས་པས་སྙིང་གར་ནི། །སོང་སྟེ་རྣམ་པར་སྡུད་བྱེད་ཅིང༌། །རྣོ་བས་རྣམ་པར་གཅོད་བྱེད་ལ། །ཚ་བས་མྱུར་དུ་འཛག་པར་བྱེད། །རྩ་སྦུབས་ནས་ནི་དྲི་མ་རྣམས། །མྱུར་དུ་འབྱིན་པར་བྱེད་པ་ཡིན། །ཞེས་བཤད་པ་ཡིན་ནོ། །ཕྲ་བ་ནི་རྩ་སྦུབས་ཕྲ་མོ་ལས་ཞུགས་པར་བྱེད་པ་ཡིན་པའི་ཕྱིར་རོ། །བཤང་གཅི་བྱིན་པ་ནི། དྲི་མ་སེལ་ཞིང་འཁྲུ་བར་བྱེད་པའོ། འཇམ་པ་ནི་རང་བཞིན་མཉེན་པའོ། །རླུང་འཇོམས་པ་ནི་རླུང་ནད་སེལ་བའོ། །འཇུ་བར་བྱེད་པ་ནི་ཟས་ལ་སོགས་པ་སྨིན་པར་བྱེད་པའོ། །ཚ་བ་ནི་ཚ་བའི་ནུས་པ་དང་ལྡན་པའོ། །རྣོ་བ་ནི་ལུས་ཟུངས་འབིགས་པའོ། །ཡི་ག་འབྱེད་པ་ནི་ཟས་ལེན་པའོ། །བད་ཀན་དང་མཁྲིས་པ་བསྐྱེད་པ་ནི། དེ་གཉིས་འཕེལ་བར་བྱེད་པའོ། །དེ་ལ་ལྕེ་མྱང་ཚྭ་མངར་བཅས། །རོ་ཙ་ཡིད་འོང་ཉེས་གསུམ་སེལ། །ཡང་ཞིང་ཚ་བ་མིག་ལ་ཕན། །ཚ་བ་མི་བསྐྱེད་མེ་དྲོད་བསྐྱེད། །ཅེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ངེས་པར་བཟུང་བ་སྟེ། ལན་ཚྭ་དེ་ཐམས་ཅད་ཀྱི་ནང་ན་ལན་ཚྭ་ལྕེ་མྱང་ཚྭ་ནི་མངར་བ་སྟེ། ཅུང་ཟད་མངར་བ་དང་རོ་ཙ་ཞིང་ས་བོན་འཕེལ་བར་བྱེད་པ་དང༌། ཡིད་དུ་འོང་ཞིང་སྙིང་དགའ་ར་བྱེད་པ་དང༌། རླུང་ལ་སོགས་པའི་ཉེས་པ་གསུམ་སེལ་བར་བྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཙབ་རུ་ཚྭ་ཡང་ཡིད་འོང་ཞིང༌། །སྒྲེགས་པ་སྦྱོང་ཞིང་དྲི་ཞིམ་ལ། །ཞུ་རྗེས་ཚ་ཞིང་བཤང་སྲི་སེལ། །དྲོད་བསྐྱེད་ཡི་ག་འབྱེད་བྱེད་ཡིན། །ཞེས་བྱ་བ་ལ་ཙབ་རུ་ཚྭ་ནི་སོ་བ་རྩ་ལ་སྟེ་མིང་གི་རྣམ་གྲངས་གཞན་ཡང་རུ་ཙ་ཀ་ཞེས་བྱའོ། །དེ་ནི་ཡང་ཞིང་ཡིད་དུ་འོང་བ་དང༌། སྒྲེགས་པའི་དྲི་མི་ཞིམ་པ་སྦྱོང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། ཁ་རུ་ཚྭ་ནི་སྟོད་བད་ཀན། །སྨད་ཀྱི་རླུང་འབྱིན་དྲོད་བསྐྱེད་ལ། །བཤང་འགགས་ལྟོ་སྦོས་རྟུག་སྐམ་དང༌། །གཟེར་ཟུག་ལུས་ལྕི་སེལ་བ་ཡིན། །ཞེས་བྱ་བ་ལ་ཁ་རུ་ཚྭ་འདི་ནི་བི་ཌ་ལོ་ན་སྟེ། ཁ་རུ་ཚྭ་བཅོས་མ་ཡིན་པར་ཤེས་བར་བྱའོ། །དེ་ནི་སྟོད་ཀྱི་བད་ཀན་འདྲེན་པར་བྱེད་པ་དང་སྨད་ཀྱི་རླུང་འབྱོང་ཞིང་ལུགས་སུ་འབྱུང་བར་བྱེད་པ་ཡིན་ཞིང་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །རྒྱ་མཚོའི་ལན་ཚྭ་ཞུ་རྗེས་མངར། །ལྕི་ཞིང་བད་ཀན་རྣམས་འཕེལ་བྱེད། །ཅེས་བྱ་བ་ལ་རྒྱ་མཚོའི་ཚྭ་ནི་ཞུ་བའི་རྗེས་མངར་བ་དང་ལྕི་ཞིང་ཁྱད་པར་དུ་བད་ཀན་འཕེལ་བར་བྱེད་པ་ཡིན་ནོ། །བཀོད་མའི་ལན་ཚྭ་ཅུང་ཟད་ཁ། །ཚྭ་དང་བ་ཚྭ་རྣོ་བྱེད་གཤེར། །ཞེས་བྱ་བ་ལ་བཀོད་མའི་ལན་ཚྭ་ནི་ས་ལས་སྐྱེས་པའི་ལན་ཚྭ་སྟེ། དེ་ནི་ཅུང་ཟད་ཁ་བ་དང་ཅུང་ཟད་ཚ་བ་དང༌། ཅུང་ཟད་བ་ཚྭའི་ཞད་བྲོ་བ་དང༌། རྣོ་བའི་ཡོན་ཏན་དང་ལྡན་པ་དང༌། སླ་ཞིང་གཤེར་བར་བྱེད་ལ། བད་ཀན་དང་མཁྲིས་པ་ལ་སོགས་པ་གནས་ནས་སྒུལ་བར་བྱེད་པས་ན་གཤེར་བར་བྱེད་པ་ཡིན་ནོ། །ཁ་རུ་ཚྭ་ནག་ཡོན་ཏན་དྲི། །མ་གཏོགས་ཡོན་ཏན་བི་ཌར་མཚུངས། །ཞེས་བྱ་བ་ལ་ཁ་རུ་ཚྭ་ནག་པོ་ནི་དྲི་མ་གཏོགས་ཡོན་ཏན་གཞན་བི་ཌ་ཁ་རུ་ཚྭ་དང་མཚུངས་ཤིང་མཉམ་སྟེ་འདི་གཉིས་ཀྱི་ཁྱད་པར་ནི་དྲི་ཙམ་དུ་ཟད་དོ། །མཚོ་ཚྭ་ཡང་སྟེ། ཞེས་བྱ་བ་ལ་ལན་ཚྭ་མཚོ་ཚྭ་ཞེས་བྱ་བ་ནི་རོ་མི་བསྐ་སྟེ། དེ་ནི་ཡང་བའི་ཡོན་ཏན་དང་ལྡན་པས་ན་ཡང་བ་ཡིན་ནོ། །ས་སྐམ་ཚྭ། བད་ཀན་བསྐྱེད་ཅིང་འཇུ་དཀའ་ལྕི། །ཞེས་བྱ་བ་ལས་སྐམ་གྱི་ཚྭ་ནི་ས་རྡུལ་ཅན་གྱི་ཕྱོགས་ནས་བྱུང་བའི་ཚྭ་སྟེ། དེ་ནི་བ་ཚྭ་བྲོ་ཞིང་བད་ཀན་བསྐྱེད་པར་བྱེད་ཅིང་འཇུ་དཀའ་བ་དང་ལྕི་བ་ཡིན་ནོ། །ལན་ཚྭ་རྣམས་ཀྱི་སྦྱོར་བ་ལ། །རྒྱམ་ཚྭ་ལ་སོགས་རབ་ཏུ་སྦྱར། །ཞེས་བྱ་བ་ལ་ལྕེ་མྱང་ཚྭ་ལ་སོགས་པའི་ལན་ཚྭ་རྣམས་ཀྱི་ནང་ནས་གཅིག་གམ་གཉིས་སམ་མང་པོ་དགོས་པ་དེ་ཕྱེ་མ་དང༌། ལ་ཏུ་དང༌། སྨན་མར་དང༌། ཏིལ་མར་ལ་སོགས་པའི་སྦྱོར་བ་དེ་དང་དེ་ལ་རྒྱམ་ཚྭ་ལ་སོགས་པ་རབ་ཏུ་སྦྱར་བར་བྱའོ། །དེ་ནས་འདི་སྐད་སྟོན་པ་ཡིན། གང་དུ་ཁྱད་པར་མེད་པ་ལན་ཚྭ་གཅིག་སྨོས་པ་དེར་ནི་རྒྱ་ཚྭའམ་ལྕེ་མྱང་ཚྭ་སྦྱར་བར་བྱའོ།།གང་དུ་གཉིས་སྨོས་པ་དེར་ནི་རྒྱམ་ཚྭ་དང་ཙབ་རུ་ཚྭའོ།།གང་དུ་གསུམ་སྨོས་པ་དེར་གི་རྒྱམ་ཚྭ་དང་ཙབ་རུ་ཚྭ་དང་ཁ་རུ་ཚྭ་ནག་པོ་སྦྱར་བར་བྱའོ།།

        གང་དུ་བཞི་སྨོས་པ་དེར་ནི་ལྕེ་མྱང་ཚྭ་དང་ཙབ་རུ་ཚྭ་དང་ཁ་རུ་ཚྭ་དང༌། ཁ་རུ་ཚྭ་ནག་པོའོ།  །གང་དུ་ལྔ་སྨོས་པ་དེར་ནི་ལྕེ་མྱང་ཚྭ་དང་ཙབ་རུ་ཚྭ་དང༌། ཁ་རུ་ཚྭ་དང༌། ཁ་རུ་ཚྭ་ནག་པོ་དང༌། རྒྱ་མཚོའི་ཚྭ་སྦྱར་བར་བྱའོ། །དེ་བཞིན་དུ་བཀོད་མའི་ལན་ཚ་ལ་སོགས་པ་ཡང་སྦྱར་བར་བྱའོ། །ནས་ཚིག་འཁུས་པའི་ལན་ཚྭ་ནི། །སྐྲན་དང་སྙིང་ནད་སྐྱ་རྦབ་དང༌། །ཕོ་བ་མཆེར་པ་ལྐོག་ནད་དང༌། །ལུད་པ་གཞང་འབྲུམ་དབུགས་མི་བདེ། །ལྟོ་སྦོས་བད་ཀན་སེལ་བ་ཡིན། །ཞེས་བྱ་བ་ལ་ལན་ཚྭའི་དང་ནས། ནས་ཚིག་འཁུས་པའི་ཐལ་བའི་ལན་ཚྭ་ནི་སྐྲན་ནས་བད་ཀན་གྱི་བར་སེལ་ཞིང་འཇོམས་པ་ཡིན་ནོ། །སརྫི་ཀ་སོགས་ཐལ་ཚྭ་ཀུན། །རབ་རྣོ་ཚ་ཞིང་སྲིན་སེལ་ཡང༌། །ཁྲག་མཁྲིས་སྐྱེད་བྱེད་སྨིན་བྱེད་ལ། །གཅོད་ཅིང་མི་ཞིམ་རྣམ་པར་འབྱེད། །ནས་ཚིག་འཁུས་ཚ་ཁ་བས་ན། །མདོག་མདངས་ཁུ་བ་སྐྲ་མིག་གནོད། །ཅེས་བྱ་བ་ལ་སརྫི་ཀ་ལ་སོགས་པའི་ཐལ་བའི་ཚྭ་ཁུ་ནི་རབ་ཏུ་རྣོ་བ་དང་ཚ་བའི་ནུས་པ་དང་ལྡན་པ་དང༌། སྲིན་བུའི་ནད་སེལ་བ་དང༌། ཡང་བ་དང༌། ཁྲག་དང་མཁྲིས་པ་བསྐྱེད་པར་བྱེད་པ་དང༌། སྨིན་པར་བྱེད་པ་དང༌། བད་ཀན་ལ་སོགས་པ་གཅོད་པར་བྱེད་པ་དང༌། དེ་བཞིན་དུ་མི་ཞིམ་པ་སྟེ་སྙིང་དགའ་བར་མི་བྱེད་པ་དང༌། རྣམ་པར་འབྱེད་པ་སྟེ་འབྲུམ་བུ་དང་ཕོལ་མིག་ལ་སོགས་པ་འབྱེད་ཅིང་འགགས་པར་བྱེད་པ་དང༌།

ལན་ཚྭ་བྲོ་ཞིང་ཁ་བས་ན་མདོག་མདངས་དང་ཁུ་བ་ལ་སོགས་པ་ལ་གནོད་པ་ཡིན་ནོ། །ཞེས་གསུངས་པས་རྭ་ཚ། ཤིང་ཚ་ཙམ་མ་གཏོགས་གཞན་རྣམས་རྒྱ་ཆེར་བསྟན་ཞིང༌། ཁ་རུ་ཚྭ་དང་ཙ་བ་རུ་ཚྭ་གཉིས་ལ་རང་གྲུབ་དང་བཅོས་མ་གཉིས་བཤད་པའི་བཅོས་མ་གཉིས་དང་རྭ་ཚ། ཟེ་ཚྭ། ཐལ་ཚྭ། བདུད་རྩི་ད་ཆུ། ན་གུ་ཚྭ་རྣམས་ཀྱི་བཟོ་ཐབས་ཟུར་མཁར་བའི་ཚ་བཟོ་བདུད་རྩིའི་མེ་ལོང་ལས་རྒྱས་པར་བཤད་དོ། །ཚ་བ་ལྔ་དང་བུ་རམ་རིལ་བུ་ཡིས། །ཞེས་པའི་ཚ་བ་ལྔ་ཡང་གོང་འོག་ཏུ་ངོས་འཛིན་ཚུལ་མི་མཚུངས་ཙམ་བྱུང་མོད་གཞན་གྱི་རྗེས་སུ་འབྲངས་པ་ཡིན་ལ་སྨན་པ་ཆེན་པོ་ཕ་གོལ་ཡབ་སྲས་ཀྱི་བཞེད་པ་ཐུན་མོང་མ་ཡིན་པ་ནི་ཟླ་ཟེར་ལས། ན་ལེ་ཤམ་ནི་མཁྲིས་བསྐྱེད་རྣོ། །རྩུབ་ཅིང་དྲོད་བསྐྱེད་ཡི་ག་འབྱེད། །རོ་དང་ཞུ་རྗེས་དག་ཀྱང་ཚ། །བད་ཀན་འཇོམས་ཤིང་ཡང་བ་ཡིན། །ཞེས་བྱ་བ་ལ་ན་ལེ་ཤམ་ནི་མཁྲིས་པ་འཕེལ་བར་བྱེད་པ་ཡིན་པས་ན་མཁྲིས་བསྐྱེད་ཅེས་བྱའོ། །དེ་བཞིན་དུ་རྣོ་ཞིང་རྩུབ་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །པི་པི་ལིང་རློན་བད་བསྐྱེད་མངར། །བསིལ་ཞིང་ལྕི་ལ་སྣུམ་པ་ཡིན། །ཞེས་བྱ་བ་ལ་པི་པི་ལིང་རློན་པ་ནི་བད་ཀན་བསྐྱེད་པར་བྱེད་ཅིང་རོ་མངར་བ་དང༌། ནུས་པ་བསིལ་བ་དང་ལྕི་ཞིང་སྣུམ་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །སྐམ་པོ་དེ་ལས་བཟློག་པ་ཡིན། །སྣུམ་ཞིང་རོ་ཙ་རོ་ཚ་ལ། །ཞུ་རྗེས་མངར་ཞིང་བད་རླུང་དང༌། །ལུད་པ་དབུགས་མི་བདེ་སེལ་འཁྲུ། །དེ་གཉིས་བཅུད་ལེན་མ་གཏོགས་པ། །གཞན་ལ་ཤས་ཆེར་སྦྱར་མི་བྱ། །ཞེས་བྱ་བ་ལ་པི་པི་ལིང་དེ་སྐམ་པོ་ཡིན་ན་ནི་པི་པི་ལིང་རློན་པ་དེ་ལས་ཡོན་ཏན་གོ་བཟློག་པ་ཡིན་ཏེ། དེ་ལ་གོ་བཟློག་པ་ནི། རློན་པ་ནི་བད་ཀན་བསྐྱེད་པ་དང༌། མངར་བ་དང་བསིལ་བ་དང༌། ལྕི་བ་ཡིན་ལ། འདི་ནི་བད་ཀན་སེལ་བ་དང༌། རོ་ཁ་བ་དང་ནུས་པ་བསིལ་བ་དང་ཡང་བ་ཡིན་ནོ། །དེའི་ཁྱད་པར་གཞན་ཡང་སྐམ་པོ་ནི་རོ་ཙ་ཞིང་ཁུ་བ་འཕེལ་བ་དང༌། ཞུ་བའི་རྗེས་མངར་བ་དང༌། དེ་བཞིན་དུ་བད་ཀན་དང་རླུང་དང་ལུད་པ་དང་དབུགས་མི་བདེ་བ་སེལ་བར་བྱེད་ཅིང་ཁོང་འཁྲུ་བ་ཡིན་ཏེ། དེ་ལྟ་བུའི་པི་པི་ལིང་དེ་ནི་བཅུད་ཀྱིས་ལེན་གྱི་ཆོ་ག་མ་གཏོགས་པ་གཞན་ལ་ཞེས་པ་ནད་མེད་པར་གནས་པ་དང་ནད་པ་དག་གསོ་བའི་སྐབས་ལ་ཤས་ཆེར་སྦྱར་བར་མི་བྱའོ། །དོང་གྲ་དྲོད་བསྐྱེད་རོ་ཙ་དང༌། །འཁྲུ་གཅོད་ཡིད་འོང་མཁྲེག་པ་སེལ། །ཡི་ག་འབྱེད་ཀྱང་ཞུ་རྗེས་མངར། །ཁོང་སྣུམ་དྲོད་ཆེ་བད་རླུང་སེལ། །ཞེས་བྱ་བ་ལ་དོང་གྲ་ནི་ལི་དོང་གྲ་སྟེ་མིང་གི་རྣམ་གྲངས་བི་ཤྭ་བེ་ས་ཞེས་གྲགས་པའོ། །དེ་ནི་དྲོད་བསྐྱེད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཡིན་ཏེ། ཚིག་གི་དོན་ནི་གོ་བར་ཟད་དོ། །སྒེ་གཤེར་དེ་འདྲ་ཞེས་བྱ་བ་ནི་སྒེ་གཤེར་ཞེས་བྱ་བ་དོང་གྲ་རློན་པ་ནི་དོང་གྲ་ཉིད་དང་ཡོན་ཏན་འདྲ་བ་ཡིན་པར་ཤེས་པར་བྱའོ། དེ་དག་ནི། ཚ་བ་གསུམ་སྟེ་ཤ་སྦོམ་དང༌། །མེ་དྲོད་ཉམས་དང་དབུགས་མི་བདེ། །ལུད་པ་རྐང་འབམ་ཆམ་པ་འཇོམས། ཞེས་བྱ་བ་ལ་སྔར་བཤད་མ་ཐག་པའི་པི་པི་ལིང་དང་ན་ལེ་ཤམ་དང་དོང་གྲ་སྟེ་གསུམ་པོ་འདི་དག་ནི་ཚ་བ་གསུམ་ཞེས་བྱ་བར་ཤེས་པར་བྱ་སྟེ། དེ་ནི་ཤ་སྦོམ་པ་ནས་ཆམ་པའི་བར་འཇོམས་པར་བྱེད་དོ། །དབྱི་མོང་པི་པི་ལིང་རྩ་བ། །ནལ་ཤམ་ཡོན་ཏན་ཅུང་ཟད་ཆུང༌། །ཞེས་བྱ་བ་ལ་དབྱི་མོང་དང་ནི་པི་པི་ལིང་གི་རྩ་བ་ནི་ན་ལེ་ཤམ་གྱི་ཡོན་ཏན་ལས་ཅུང་ཟད་ཅིག་གིས་ཆུང་བི་ན་པར་ཤེས་པར་བྱའོ། །ཙི་ཏྲ་ཀའི་སྟོབས་མེ་དང་མཉམ། །འོར་ནད་གཞང་འབྲུམ་སྲིན་མཛེ་སེལ། །ཞེས་བྱ་བ་ལ་ཙི་ཏྲ་ཀ་ནི་ཀྲུ་ཏྲུག་ཏྲེས་ཞེས་བྱ་བ་སྟེ། དེ་ནི་སྟོབས་མེ་དང་མཉམ་པ་ཡིན་ཏེ། མེ་དང་བྱ་བའི་ལས་མཚུངས་ཏེ། དེ་ནི་ཤིན་ཏུ་ཚ་ཞིང་དྲོ་བས་ཟས་མྱུར་དུ་འཇུ་བར་བྱེད་དོ་ཞེས་བྱ་བའི་དོན་ཏེ། དཔེར་ན་ཕྱི་རོལ་གྱི་མེས་ཟངས་ན་གནས་པའི་ཆུ་དང༌། འབྲས་མེ་ལྕེ་འབར་བ་དང་ལྡན་པའི་མདག་མེས་སྨིན་པར་བྱེད་པ་ཡིན་ལ། དེ་བཞིན་དུ་ཙི་ཏྲ་ཀ་དང་ལྡན་པ་ནི་མེའི་དྲོད་བསྐྱེད་པའི་སྒོ་ནས་འཇུ་བར་བྱེད་པའི་ལས་ཀྱིས་དེ་ཉིད་མེ་དང་འདྲ་བར་གྱུར་པ་ཡིན་ནོ། །དེ་ཡང་འོར་ནད་དང་གཞང་འབྲུམ་དང་སྲིན་ནད་དང་མཛེ་ནད་སེལ་བར་བྱེད་དོ། འདི་རྣམས་ལས་ནི་ན་ལེ་ཤམ། །མ་གཏོགས་ཚ་བ་ལྔ་ཞེས་བཤད། །སྐྲན་མཆེར་དམུ་རྫིང་ལྟོ་སྦོས་དང༌། །གཟེར་འཇོམས་དྲོད་ནི་བསྐྱེད་པའི་མཆོག །ཅེས་བྱ་བ་ལ་བཤད་མ་ཐག་པའི་པི་པི་ལིང་དང༌། པི་པི་ལིང་མུ་ལ་དང༌། དབྱི་མོང་དང༌། ཙི་ཏྲ་ཀ་དང༌། ལི་དོང་གྲ་སྟེ་འདི་རྣམས་ལ་ནི་ཚ་བ་ལྔ་ཞེས་བྱ་བའི་མིང་གིས་མིང་དུ་བཏགས་པ་ཡིན་ནོ། །ན་ལེ་ཤམ་མ་གཏོགས་ཞེས་བྱ་བ་ནི། འདིར་ན་ལེ་ཤམ་མི་བགྲང་བ་སྟེ། གང་གི་ཕྱིར་པི་པི་ལིང་ལ་སོགས་པའི་ནང་ནས་ན་ལེ་ཤམ་ཡང་བགྲང་མོད་ཀྱི། འདིར་ཚ་བ་ལྔ་ལ་མ་གཏོགས་པས་དེ་དགར་བ་ཡིན་ནོ། །ཚ་བ་ལྔ་པོ་དེ་དག་ནི་སྐྲན་ལ་སོགས་པ་འཇོམས་པ་དང༌། དེ་བཞིན་དུ་ཤིན་ཏུ་དྲོད་བསྐྱེད་པའིམཆོག་ཡིན་ནོ། །ཞེས་གསུང་པས་ལེགས་པར་ཁོང་དུ་ཆུད་ནུས་ལ་གཞན་ཡང་སྦྱོར་བ་བརྒྱ་པ་ལས། ཙ་ (དབྱི་མོང་དཀར་པོ་) བྱཱ་སྟར་བུ་ཚ་གསུམ་བསེ་ཡབ་བཅས། །བ་ལུ་ཛིའ་ (ཟི་ར་) ར་ཅུ་གང་ཙི་ཏྲ་ཀ། །ཕྱེ་མ་ཆ་མཉམ་བུར་བསྲེས་དྲི་གསུམ་ལྡན། །གྲེ་འཛེར་ཆམ་བད་དང་ག་མེད་ལ་བསྔགས། །བ་ལུ་ཙ་བྱ་ན་ཤམ་མཚུངས་གཉིས་པ། །མཱུ་ལ་ཅུ་གང་དྲོ་ཙའོ་སྒ་སུམ་འགྱུར། །བུ་རམ་སུམ་འགྱུར་དྲི་བཟང་རིལ་སྦྱར་མུར། །གྲང་གཞི་གློ་རིམས་གཟེར་བའི་གཞང་འབྲུམ་སེལ། །སྒ་དྲོད་ན་ལེ་ཤམ་ནི་འདབ་འབྲིང་ཚྭ། །སུག་སྨེལ་མཐའ་རིམས་གང་འཕེལ་ཕྱེ་མར་བྱས། །འདི་དག་ཆ་འདྲའི་ཀར་འགམ་གཞང་ནད་ཞེན། །དབུགས་དང་མི་བདེ་སྐྲན་མགུལ་སྙིང་ནད་ལའོ། །སེེནྡྷ་ཤིང་ཀུན་འབྲས་གསུམ་ལ་ལ་ཕུད། །ཚ་གསུམ་བུ་རམ་ཆ་རྣམས་རིལ་བུར་བྱས། །དེ་རྣམས་མུར་ཞིང་མྱངས་པས་ཚིམ་ཐོབ་ཅིང༌། །མེ་དྲོད་ཞན་ལས་རབ་ཏུ་བྱུང་བའམ་སེལ། །ལྕགས་ཕྱེ་ཚ་གསུམ་རྒྱ་ཤུག་ཚྭ་ཐམས་ཅད། །མ (སྦྲང) ཀྵི་ཕྱེ་མ་དང་མཉམ་དེ་རྣམས་བཟའ། །རྒུན་འབྲུམ་ལྡན་པའི་རྗེས་སུ་དར་འཐུངས་པས། །སྐྱ་རྦབ་ནད་ལ་ཕན་ཞིང་རིང་དུ་འགྲོ། །བུ་རབ་ལྡན་པའི་བཅའ་སྒ་དྲོད་སྨན་ནར།།

        གསུམ་པ་ཨ་རུ་རའམ་བལ་པོའི་སེའུ། །བད་ཀན་ཚད་རྙིང་གཞང་འབྲུམ་ནད་རྣམས་དང༌། །རྟུག་པ་འགག་པ་རྣམས་ལའང་རྟག་ཏུ་བྱ། །བཅའ་སྒ་གླ་སྒང་ཨ་རུ་ར་ཕྱེ་མ། །བུ་རམ་ལྡན་པ་ལ་ནི་རིལ་བུ་བྱ། །ལུད་པ་དབུགས་མི་བདེ་དང་ཚོ་ཆེན་དང༌། །ཁ་རུ་རིལ་བུ་མུར་བས་བཟློག་པར་འགྱུར། །ནྱ་གྲོ་ཨུཏྤལ་རུ་རྟ་མཀྵི་(སྦྲང་)ཀ། །ཕྱེ་མ་འབྲས་ཕྱེ་བཅའ་ལ་རིལ་བུ་བྱས། །སྲ་བ་ཁ་རུ་མུར་བས་སྐོམ་དད་སེལ། །རབ་ཏུ་འཕེལ་བ་མྱུར་དུ་འཇོམས་པར་འགྱུར། །ཞེས་སོ།།

        གཉིས་པ་ཚིག་གི་དོན་ནི། རྒྱ་ཚྭ་ཞེས་པ་ནས་བཅུད་ལེན་འགྱུར་ཞེས་པའི་བར་ཚིགས་བཅད་ཕྱེད་དང་བཅུ་གསུམ་གྱིས་བསྟན་ཏེ། རྒྱ་ཚྭ། རྒྱམ་ཚྭ། ལྕེ་མྱང་ཚྭ། ཁ་རུ་ཚྭ། ཙབ་རུ་ཚྭ། རྭ་ཚྭ། ཤིང་ཚྭ། མཛེ་ཚྭ། ཐལ་ཚྭ། ཡ་བཀྵ་ར་རྣམས་ཆ་གཅིག་དང༌། ཚ་བ་གསུམ་ཆ་གཅིག འབྲས་བུ་གསུམ་པོ་རྣམས་ཆ་གཅིག་སྟེ། ཐུན་རྣམས་ཚན་པ་གསུམ་པོ་ཆ་མཉམ་པ་བུ་རམ་དང་སྦྱར་བར་བྱས་ཏེ། རིལ་བུར་དྲིལ་བ་ཐུན་གསུམ་རིལ་བུའམ་ཆ་མཉམ་རིལ་བུར་གྲགས་པ་དེས་ན་ལྷེན་སྐྲན་མངལ་སྐྲན། ཁྲག་སྐྲན་རྣམས་ཐལ་བར་རློག་པ་དང་ཚ་བ་གསུམ་དང༌། སུག་སྨེལ། ཨ་རུ་ར། འུ་སུ། གཡེར་མ། ཟི་ར་ནག་པོ། ཁ་རུ་ཚྭ། མཚོ་ཚྭ་སྟེ། བྱང་ཚྭ་ལྷད་མེད། ཤིང་ཚ། ཏིག་ཏ། གོ་སྙོད་རྣམས་བུ་རམ་དང་སྦྱར་བའི་རིལ་བུས་མ་ཞུ་ལྷེན་སྐྲན་སོགས་འཇོམས་པ་དང༌། གོ་བོ་ཀླ་དཀར། བྱ་རྒོད། སོ་བྱ་རོག་པོ། གཅན་གཟན་གྲུམ་པ་སོགས་རྩལ་མཐུས་ཟ་བའི་རིགས་ཀྱི་ཀླ་བ་མཐའ་དག་དང༌། གཡག་རྒོད་དང༌། རྐྱང་གི་ཤ། བཟང་དྲུག །ཚ་བ་གསུམ། རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ་སྟེ་ཚ་སྣ་གསུམ། གོ་སྙོད། བཅའ་སྒ། ལ་ལ་ཕུད། ཟི་ར་ནག་པོ་རྣམས་བུ་རམ་དང་དྲིལ་བའི་ཟ་བྱེད་རིལ་བུ་དེས་སྐྲན་ནད་ཚ་གྲང་མེད་པར་ཐལ་བར་རློག་པར་བྱེད་པ་དང༌། འཇམ་འབྲས། སྲ་འབྲས། བསིལ་གསུམ། ཨ་རུ་ར། ཛཱ་ཏི། ལ་ལ་ཕུད། པི་པི་ལིང༌། བཅའ་སྒ། ཨུཏྤལ་སྔོན་པོ། བཙོད། ཙི་ཏྲཀ། ཀ་བེད་རྣམས་ཞོ་རེ་དང༌། མོན་ཆ་ར་དང༌། ད་ཏྲིག་གཉིས་ཞོ་དོ་རེ། སེ་འབྲུ་ཞོ་བཞི་བཅས་པའི་ཚད་ལྡན་གྱི་སྦྱོར་བ། བུ་རམ་དང་སྦྱར་བའི་རིལ་བུ་བྱས་པའི་མིང་གུ་ལིང་འབྲས་ཀྱི་རིལ་བུ་ཞེས་པ་འདིས་བད་རླུང་རྒྱས་པ་དང༌། སྟོད་ཚ་སྨད་གྲང་གིས་འཁྲུ་བ་གསར་རྙིང་མ་ལུས་པ་གཅོད་ཅིང༌། འདི་ལ་སྟོད་ལུགས་པ་འགའ་ཞིག །སྨན་གཞན་རྣམས་ཞོ་དོ་རེ་དང༌། ད་ཏྲིག་སྲང་ཕྱེད། སེ་འབྲུ་སྲང་གསུམ་དུ་བཞེད་པ་དང༌། ཡང་ཁ་ཅིག སྨན་གཞན་རྣམས་ཞོ་རེ་དང༌། སེ་འབྲུ་ཉི་ཤུ་འགྱུར་དུ་སྦྱར་བའང་འདུག་གོ །ཡང་ད་ལིས་དང༌། དབྱི་མོང་དཀར་པོ་དང༌། གནྡྷ་པ་ཏྲ་སྟེ་དྲི་བཟང་བཞིའི་ཡ་གྱལ། གོ་ཡུ། ནཱ་ག་པུཥྤ། ནཱ་ག་གེ་སར། པུ་ཤེལ་རྩེ། ད་ཚྭ། ཡ་བཀྵ་ར། ཛཱ་ཏི། སུག་སྨེལ། ཀ་ཀོ་ལ་སྟེ་བཟང་པོ་གསུམ། མར་ཆང་སྨན་ཆང་གི་སྐབས་ལྟར་བྱས་པ་བུ་རམ་སྲང་ལྔ་ལ་བཏབ་པའི་ཏིང་ཁྲོལ་ཞེས་གྲགས་པའི་རིལ་བུར་དྲིལ་བ་ད་ལིས་འཇུ་བྱེད་ཀྱི་རིལ་བུ་འདིས་སྐྱ་རྦབ་འཇོམས་པ་དང༌། ཁ་ཅིག ད་ལིས་དབྱི་མོང་གཉིས་ཁྱོར་བ་རེ་དང་སྨན་གཞན་རྣམས་ཞོ་རེ་གཏོང་ཟེར་བ་དང༌། ཁ་ཅིག ད་ལིས་པ་ཏྲ་ཞོ་རེ། གཞན་རྣམས་ཞོ་ཕྱེད་རེ་གཏོང་ཞེས་བཤད། གུར་གུམ། མ་ནུ་པ་ཏྲ། ཀ་པེད། བྱི་ཏང་ག པ་ཏྲ་སྟེ་གོ་ཡུ་རྣམས་སྦྲང་དང་སྦྱར་བའི་རིལ་བུས་སྐྱ་རྦབ་དང༌། ཤ་སེར་མཆིན་ནད། བརླན་གྲང་སྦོས་པ་སོགས་འཇོམས་ཤིང༌། ད་ལིས། དབྱི་མོང༌། ཕོ་བ་རིས། བཅའ་སྒ། བྱི་ཚེར། པུ་རྩེ་ཤེལ་ཏེ་ཧོང་ལེན། དྲི་བཟང་བཞི་ཞེས་པ་ཡན་ལག་བརྒྱད་པའི་མདོ་གནས་ཀྱི་ལེའུ་དྲུག་པར། ཤིང་ཚ་སུག་སྨེལ་པ་ཏྲ་གསུམ། །གེ་སར་དང་བཅས་དྲི་བཟང་བཞི། །ཞེས་གསུངས་པ་ལྟར། མན་ངག་རྒྱུད་ཀྱི་ཆམ་པའི་ལེའུར།

        དྲི་བཟང་བཞི་དང་ཞོ་སྦྱར་ཆམ་པ་སེལ། །ཞེས་པའི་སྐབས་སུའང་འདི་ཉིད་ཡིན་པ་གཡུ་ཐོག་པའི་གསེར་མཆན་དུ་ཡོད་ཅིང༌། དེ་ལྟ་བུའི་བུ་རམ་དང་བཅས་པའི་རིལ་བུས། མཆིན་སྐྲན་དབུགས་མི་བདེ། ལུད་པ་གཞང་འབྲུམ་རྟུག་སྐམ་རྣམས་འཇོམས་པར་བྱེད་དོ། །ཁ་ཅིག་འདིའི་སྦྱོར་ཚད། ད་ལིས་དང་དབྱི་རྨོང་ཞོ་དོ། སྒ་དང་ཕོ་བ་རི་ཞོ་གསུམ་རེ། གཞན་རྣམས་ཞོ་རེ་གཏོང་བ་ཡིན་ཟེར། ཚ་བ་ལྔ་དང་བུ་རམ་གྱི་རིལ་བུས་རྩིབ་ལོགས་གཟེར་བ། སྙིང་འདར་བ། ཡི་ག་འཆུས་པ་རྣམས་སེལ་ཞིང༌། སུག་སྨེལ། ཤིང་མངར། རྒྱམ་ཚྭ། ཙི་ཏྲ་ཀ། ཚ་བ་གསུམ། ལྕེ་མྱང་ཚྭ། ཁ་རུ་ཚྭ། བུ་རམ་དང་བཅས་པའི་རིལ་བུས། གྲང་བ་སེལ་ཞིང་སྐྲན་རྣམས་འཇོམས་པ་དང༌། སེ་འབྲུ་པི་པི་ལིང་གཉིས། བུ་རམ་དང་སྦྱར་བའི་རིལ་བུས། མ་ཞུ་བ་དང་སྐྱུག་པ་སེལ་བར་བྱེད་ཅིང༌། དུར་ཐོད། ཤ་རུ། སྤེན་མ་རྣམས་དུ་བ་མ་ཤོར་བར་བསྲེགས་པའི་ཐལ་བ་གསུམ་དང༌། ཙ་བྱཱ་སྟེ་དབྱི་མོང་དཀར་པོ་ཨ་རུ་ལྔའི་རིལ་བུས་དམུ་རྫིང་སྐེམ་པ་དང༌། དབྱི་མོང་དཀར་པོ། སུག་སྨེལ། སྡིག་སྲིན། ཚ་བ་གསུམ། རྒྱ་ཚྭ་རྣམས་སྦྲང་རྩི་དང་སྦྱར་བའི་རིལ་བུས། ཆུ་སོར་ན་ཟུག་ཡོད་པ་དང༌། བད་ཀན་མེ་ཉམས་མཁལ་རྐེད་དཔྱི་མིག་གཟེར་བ་རྣམས་སེལ་ཞིང༌། ཟི་ར་ནག་པོ། བཅའ་སྒ། ཤིང་ཀུན། བྱི་ཏང་ག །རྒྱ་ཚྭ་སྦྲང་རྣམས་སྦྱར་བའི་རིལ་བུ་སོ་གང་ན་བ་དེའི་སྟེང་དུ་བཞག་པས་སྲིན་འཇོམས་ཤིང༌། ཡུན་རིང་པོར་བསྟེན་ན་སོའི་བཅུད་ལེན་དུའང་འགྱུར་རོ་ཞེས་པའོ། །དེ་ལྟར་གཙོ་བོའི་སྦྱོར་བ་དགུ་དང༌། ཁ་འཐོར་གྱི་སྦྱོར་བ་བཅུ་གསུམ་སྟེ། རིལ་བུའི་སྦྱོར་བ་ཉེར་གཉིས་སོ། །གསུམ་པ་སྦྱོར་ཐབས་བསྟན་པས་མཇུག་བསྡུ་བ་ནི། དེ་སོགས་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ་གོང་དུ་སྨོས་པའི་རིལ་བུ་དེ་དག་སོགས། རིལ་བུ་གང་སྦྱར་ཡང་སྨན་རྣམས་སོ་སོར་ཞིབ་པར་བཏགས་ལ། རྟ་མེད་པ་ཐམས་ཅད་ཆུ་ལ་སོགས་པའི་བརླན་གྱིས་སྦྲན་ཞིང་གར་སླ་ཞོ་ཙམ་དུ་འདམ་བཏགས་བྱ་ལ། གར་སླ་གང་གི་དུས་ཀྱང་མདོག་འགྱུར་བ་མེད་པའི་ཞིབ་པའི་རྟགས་བྱུང་ནས། དུག་མེད་རྣམས་སྲན་མ་སྦོས་པ་ཙམ་དུ་དྲིལ་ཞིང༌། དུག་གིས་གཙོ་བྱས་པ་རྣམས་སྲན་མ་ཆུང་ཤོས་ཙམ་དང༌། ཀ་ར་བུ་རམ་སྦྲངས་སོགས་རྟ་དང་སྦྱར་ནམ་སླས་པར་དྲིལ་དུ་བཏུབ་ཙམ་བྱས་ལ། རིལ་བུ་ཆུང་བ་ལུག་རིལ་ཙམ་དང༌། ཆེ་བ་སེར་བ་རུས་ཙམ་དུ་དྲིལ་ཞིང་དེ་ཡང༌། ཆུང་བ་མིད་ལ་ཆེ་བ་རྣམས་མུར་བར་བྱའོ་ཞེས་གསུངས་སོ་ཞེས་པའོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་བཞི་པ་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་ཞི་བྱེད་ཀྱི་སྦྱོར་བ་གསུམ་པ་རིལ་བུའི་སྡེ་ཚན་བསྟན་པའི་ལེའུ་སྟེ་ལྔ་པའོ། །ཞེས་བྱ་བའི་དོན་ཏོ།།

 

མཐའ་མའི་འདོན་ཐེངས་།: 05.09.2011 ཉིན། 11:37 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།