སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་ལྔ་པ། མེ་དབལ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་རེ་ལྔ་པ། མེ་དབལ་བཅོས་པ།



ལེའུ་རེ་ལྔ་པ། མེ་དབལ་བཅོས་པ། 

གཞང་འབྲུམ་གསོ་བའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། མེ་དབལ་གྱི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

          རྒྱུ་རྐྱེན་གཞི་མཐུན་ནི་ཟས་སྤྱོད་དམན་ལྷག་ལོག་པ་དང༌།གདོན་གྱིས་བསྐྱེད་དེ་ཁྲག་མཁྲིས་འཕེལ་བས་ཆུ་སེར་བསྐྱེད་པ་ཚ་བ་རླུང་གིས་བུས་པའོ། །དབྱེ་བ་ཕྱེ་ན་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། མཚོན་ལས་བྱུང་བ་དང༌། གནས་ནི་ཕྱི་པགས་པ་དང༌། ནང་དོན་སྙིང་རྣམས་ལ་གནས་པ་སྟེ་དྲུག་གོ།

          དེ་རྣམས་ངོས་འཛིན་པའི་རྟགས་རླུང་ལས་གྱུར་པ་ནི་འདར་བརྩེ་རླུང་རིམས་འདྲ་སྟེ་སྐྲངས་གཟེར་སྐྱུག མཁྲིས་པ་ལས་གྱུར་པ་ནི་ཚ་ཞིང་མདོག་དམར་ལ་མྱུར་བར་མཆེད་པ་དང་ཁ་ཁ་ཞིང་སྐོམ་དད་ཆེ། བད་ཀན་ལས་གྱུར་པ་ནི་གཡའ་ཞེས་ཟ་འཕྲུག་བྱེད་ཅིང་འཇམ་ལ་མགོ་རྐང་སོགས་ཚིགས་གཞི་ན་བ་དང༌། མཚོན་ལས་བྱུང་བ་རིམས་འདྲ་ཞིང་འབྲུམ་པ་དམར་ལ་ཚ་བས་ཁྱབ་པ་འབྱུང༌། ཕྱིར་བྱུང་བ་ནི་མེས་ཚིག་པའི་རྨ་དང་འདྲ་ཞིང་མཆེད་པ་སྐྱེན། ནང་ལ་གནས་ན་གློ་སྙིང་ཚ་གདུང་དང་སེམས་མྱོས་པར་འགྱུར་ཞིང༌། སྟོབས་ཉམས་ཞེས་ཤུགས་ཉམས་ཤིང་གང་གནས་པ་དེར་ཚ་གཟེར་དང་སྐོམ་དད་ཆེའོ།།

          བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས་སྤྱི་བཅོས་ཐོག་མར་ནང་སྐྱོན་བསལ་དགོས་པས་སྣོད་ཀ དྲུག་འགོ་གཉིས་གང་བབས་གཏར་ཞིང་སྟོད་སྐྱུག་སྨད་སྦྱོང་གང་འོས་འོག་ཏུ་འཆད་པ་ལྟར་གྱིས་སྦྱངས་ནས་ནང་སྐྱོན་བསལ་ལ། དེ་ནས་འོག་ཏུ་འཆད་པའི་བྱུག་པ་བྱས་ནས་མེ་དབལ་ཞི་བར་བྱེད་ལ། ཤིང་མངར། དུག་མོ་ཉུང༌། སོ་ཆ་རྣམས་ཀྱིས་སྟོད་དུ་བྱུང་ན་རློན་ཞེས་སྐྱུགས་ཀྱིས་འདྲེན་པ་དང༌། ར་ཨ་བར་སྐྱུར་གསུམ། ཀྱི་ལྕེ་དཀར་པོ། དུར་བྱིད་རྣམས་ཀྱིས་སྨད་དུ་བྱུང་ན་སྦྱོང་བྱ་བ་དང༌། སྲན་ཆུང༌། ནིམ་པ། ཧོང་ལེན། ཀྱི་ལྕེ་དཀར་པོ། ཤིང་མངར། སྐྱེར་པ་བཅས་པའི་ཁུ་བ་ཁོང་དུ་བླུད་ཅིང༌། སྣུམ་བཅུད་ཀྱི་རིགས་མི་བཏང་ཞིང་ཁྲག་འཕེལ་བས་ན་སྣོད་ཀ་དྲུག་འགོ་སོགས་གང་ཉེ་ཡང་ནས་ཡང་དུ་གཏར་བས་ནང་གི་སྐྱོན་དག་ནས་མུ་ཟི་ནག་པོ་དང༌། ར་དུག ཐར་ནུ། ལྡོང་རོས་རྣམས་ཀྱི་ལྡེ་གུ་ཕྱི་ལ་བྱུག་ཅིང༌། སྐམ་རྩི་ནི་སྣག་ཚ། རུ་རྟ། གླ་རྩི། འཁྲིག་པ་སྤྱད་པའི་ཆུ་ངན་རྙེད་ན་དང་མ་རྙེད་ན་དྲི་ཆུ་བཅས་བྱུག

          བྱེ་བྲག་རླུང་ལས་གྱུར་པར་ཤུ་ཏི་ཞེས་སྤྲུ་འབྲུ། གླ་སྒང༌། པི་པི་ལིང༌། ཤི་ཀྲུ་ཞེས་པ་ཟླ་ཟེར་ལས། ས་བཉྫ་ན་འོ་ཞེས་དང༌། ཡང་པི་པི་ལིང་དཀར་པོའོ་ཞེས་པ་མང་དག་དང་ཡང་ན་ལེ་ཤམ་མོ་ཞེས་པར་བརྟེན་གོ་ཕྱོགས་སྣ་ཚོགས་མཆིས་ཀྱང་དེང་སང་ལག་ལེན་ལ་ཕོ་བ་རིས་དཀར་པོ། འུ་སུ། སྒྲོན་ཤིང༌། རུ་རྟ་དང༌། འོ་མ་རྣམས་མར་དར་སྦྱར་ལ་བྱུག་པར་བྱ། མཁྲིས་པ་ལས་གྱུར་པར་པད་རྩ་ཞེས་པ་ཆུ་ལས་སྐྱེས་པའི་པདྨ་དངོས་ཀྱི་རྩ་བ་དང་མ་རྙེད་ན་དེང་སང་གང་ལའི་རྩ་བར་བཞེད་པ། ཨུཏྤལ། བ་ལེ་ཀ རྒུན་འབྲུམ། ཙན་དན་དཀར་པོ། ཤུག་པ། ཤེལ་ཏ་དང༌། ཤིང་མངར། གསེར་བཙག་ཅེས་བཙག་དམར། རའི་འོ་མར་ཀ་ར་བཅས་བྱུག བད་ཀན་ལས་གྱུར་པར་འབྲས་བུ་ཨ་བར་སྐྱུར་གསུམ་དང༌། པུ་ཤེལ་ཙེ། འདམ་བུ་ཀ་ར་ཞེས་རྩྭ་བུ་རམ། ཤུག་པ། བཙོད་བཅས་པའི་ཁུ་བ་རྣམས་བྱུག མཚོན་བྱུང་ལ་བསིལ་བས་བྱུག་ཅིང་གཏར་ག་མང་དུ་བྱའོ་ཞེས་གསུངས་སོ།།

          བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྷན་སྐྱེས་རྨའི་ནང་ཚན་མེ་དབལ་བཅོས་པའི་ལེའུ་སྟེ་དྲུག་ཅུ་རྩ་ལྔ་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:28 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།