སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བརྒྱད་པ། རླིག་རླུགས་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་རེ་བརྒྱད་པ། རླིག་རླུགས་གསོ་བ།



ལེའུ་རེ་བརྒྱད་པ།  རླིག་རླུགས་བཅོས་པ། 

རྨེན་བུ་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། རླིག་རླུགས་ཀྱི་ནད་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་པའི་ཐབས་དང་རྣམ་པ་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་ཟས་སྤྱོད་དམན་ལྷག་ལོག་པ་དང༌། གདོན་སོགས་དང་ཐུར་སེལ་གྱི་རླུང་འཁྲུགས་པས་ལམ་ལོག་ནས་རླིག་པར་ཞུགས་ཏེ་སྐྲང་པར་བྱེད་ལ།

དབྱེ་བ་ཕྱེ་ན་རླུང་དང༌། མཁྲིས་པ་དང༌། བད་ཀན་དང༌། ཚིལ་གྱུར་དང༌། གཅིན་ལས་གྱུར་པ་དང༌། རྒྱུ་རླུགས་བཅས་དྲུག་ཏུ་བཤད་དོ། །

དེ་རྣམས་སོ་སོར་ངོས་འཛིན་པའི་རྟགས་ནི་རླུང་ལས་གྱུར་པ་གློ་བུར་དོན་མེད་དུ་གང་ཞིང་རྒྱས་ལ་ན་བ་དང༌། མཁྲིས་པ་ལས་གྱུར་པ་དམར་ཞིང་ཚ་ལ་དྲོད་ཆེ་རྣག་ཏུ་འདྲུལ། བད་ཀན་ལས་གྱུར་པ་ཟུག་ཆུང་ལ་གྲང་ཞིང་ལྕི་ལ་སྲ་བ་རྣག་མི་འོང༌། ཚིལ་ལས་གྱུར་པ་གྲང་ཞིང་འཇམ་ལ་རྣག་ཏུ་ཁུགས་པ་དཀའོ། །གཅིན་ལས་གྱུར་པ་རླིག་འོག་འཁོར་སྐྲངས་ཏེ་རྐྱལ་པ་ཆུས་བཀང་བ་འདྲ་བ་འབྱུང་བ་དང༌། རྒྱུ་རླུགས་ནི་རླུང་གིས་རྒྱུ་མ་དཀྲུགས་པར་གྱུར་ཏེ་སྣེ་ས་ནས་རླིག་པར་འཕུལ་ལ་སྦོ་ཞིང་གཟེར་བ་སྒྲ་དང་བཅས་ཤིང་ནང་དུ་བཅུག་ཀྱང་སླར་འབྱུང་བར་འགྱུར་རོ། །

བཅོས་པའི་ཐབས་ཀྱི་དང་པོ་རླུང་ལས་གྱུར་པར་ཤིང་མངར་དང་མར་གསར་སྦྱར་བའི་འཇམ་རྩི་བཏང་ཞིང་འབའ་ཆ་འམ་མར་དང་ཕྱེ་སྦྱར་བའི་འོལ་སྐོམ་གྱི་སྣུམ་དུགས་དང་འབྲུ་མར་གྱི་བསྐུ་མཉེ་དང་ཕྱི་རྒྱུད་ལྟར་གྱི་རྩ་བ་ལྔའི་སྨན་མར་རྗེས་ལ་སྦྱར། མཁྲིས་པ་ལས་གྱུར་པར་སྐྲངས་འདུལ་བའི་བསིལ་སྨན་སྣ་ཚོགས་ཀྱི་ལུམས་དང་ལོང་རྩ་གཏར་ཞིང༌། སྨིན་གྱུར་ནས་ཁ་ཞུན་རྨ་རྩི་སོགས་རྨ་ལྟར་གསོ། བད་ཀན་ལས་གྱུར་པར་སྐྱེར་པ་དང་སྦྲང་བ་གཅིན་ལ་སྦྱར་བ་བླུད་ལ་ཚིགས་པ་བཅོ་བརྒྱད་པ་བསྲེག་ཅིང༌། དྲོད་ཀྱི་ལུམས་དང་རྡོ་བསྲོས་པའི་དུགས་ཀྱིས་སྨིན་པར་བྱས་ལ་རྣག་ཏུ་ཁུགས་ནས་ནག་མཚུར། རྒྱམ་ཚྭ་སྦྲང་སོགས་ཀྱི་རྨ་ཁྲུས་བྱ། ཚིལ་ལས་གྱུར་པར་བྱེ་རུག སྤང་སྤོས། བྲག་ཞུན། ཡུང་བ། སྐྱེར་པ། ཨ་བར་སྐྱུར་གསུམ་བཅས་བྱེ་རུག་བརྒྱད་པའི་ལུམས་ཀྱིས་བདུག་པ་དང༌། རླིག་ལྤགས་སྲུབས་མེད་པར་པགས་པ་དྲལ་ལ་ཚིལ་བུ་ཕྱུང་རྨ་བཀྲུས་ནས་བཙེམ་དགོས་ཏེ། ཡན་ལག་བརྒྱད་པར། རྨ་ནི་སྦྲང་རྩི་ནག་མཚུར་དང༌། །རྒྱ་ཚྭས་ངེས་པར་བཀྲུས་ལ་བཙེམ། །ཞེས་པ་ལྟར་རོ། །ཡང་ན་ལྡོང་རོས། སུག་སྨེལ། སྤོས་དཀར། པི་པི་ལིང༌། གོ་ཕྱེ། ཏིལ་མར་རྣམས་མ་གསོས་བར་དུ་བྱུག་ཅིང་འབའ་ཆའམ་སྣུམ་དུགས་བྱ། གཅིན་གྱུར་ལ་དང་པོ་སྣུམ་བྱུག་ཡོས་དུགས་བྱ་བ་དང༌། ལྷུང་སར་ཕུག་ལ་རྨ་ལྟར་གསོ། སྒོ་ང་སྐྲངས་ན་རྩའི་ཐག་པ་སྤྲུ་ནག་གི་རྩ་བསྲེག་ཅིང༌། རྒྱུ་རླུགས་ལ་ཕྱི་རྒྱུད་ལྟར་རྩ་བ་ལྔའི་སྨན་མར་སྦྱར་བ་དང༌། འཇམ་རྩི་ཕྱི་རྒྱུད་ལྟར་སླེ་འཇམ་སྦྱོར་བ་དང་དུགས་ཀྱི་རིགས་བསྟེན་ལ་ནང་དུ་ལག་པས་བཅུག་སྟེ་དང་པོ་འབུས་པའི་རྒྱུ་ལམ་བསྲེག་དགོས་ཏེ། ཡན་ལག་བརྒྱད་པ་ལས་ཀྱང༌། དེ་ནས་ཆུ་སོར་གནས་པ་ནི། །ཟླ་བ་ཁམ་པའི་ཁ་འདྲ་བས། །རླུང་ལས་བགག་ཕྱིར་བསྲེག་པར་བྱ། །ཞེས་དང༌། སྙིང་པོ་བསྡུས་པར། མཐེ་བོང་སྟེང་གི་རྒྱུས་པ་ནི། །སེར་པོ་སྣལ་མ་འདྲ་བ་གང༌། །ཁབ་ཀྱིས་བཏེགས་ལ་ཐད་ཀ་རུ། །གང་ན་ཡོད་པ་དེ་བཅད་དེ། །གཞན་དག་དེ་ལས་ལོགས་གཞན་ནས། །སྲིན་ལག་སོར་མོ་བསྲེག་ཅེས་ཟེར། །ཞེས་པ་ལྟར། དེས་ཀྱང་མ་ཞི་ན་སྲིན་ལག་གི་རྒྱུས་པ་བཅད་ལ་བསྲེག་ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྷན་སྐྱེས་རྨའི་ནང་ཚན་རླིག་རླུགས་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 4:23 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།

ལེའུ་གཉིས་པ། རླུང་ནད་གསོ་བ།

ལེའུ་གསུམ་པ། མཁྲིས་པའི་ནད་གསོ་པ།

ལེའུ་བཞི་པ། བད་ཀན་གྱི་ནད་བཅོས་པ།

ལེའུ་ལྔ་པ། འདུས་པའི་ནད་གསོ་བ།

ལེའུ་དྲུག་པ། མ་ཞུ་བ་གསོ་བ།

ལེའུ་བདུན་པ། གཅོང་ཆེན་སྐྲན་ནད་བཅོས་པ།

ལེའུ་བརྒྱད་པ། སྐྱ་རྦབ་ཀྱི་ནད་གསོ་བ།