སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་བཞི་པ། གཞང་འབྲུམ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 29.11.2023
མན་ངག་རྒྱུད། >> ལེའུ་རེ་བཞི་པ། གཞང་འབྲུམ་གསོ་བ།



ལེའུ་རེ་བཞི་པ། གཞང་འབྲུམ་བཅོས་པ། 

འབྲས་ནད་བཅོས་པའི་ལེའུ་གསུངས་ཚར་བའི་མཇུག་ཐོག་དེ་མ་ཐག་དེ་ནས་ཡང་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་ཞེས་བོས་ནས་དྲང་སྲོང་ཆེན་པོ་ཉོན་ཅིག་ཅེས་གདམས་ཏེ། དེ་ཡང་སྙིང་པོ་བསྡུས་པར། དགྲ་ལྟར་སྲོག་ཆགས་རྣམས་ཀྱིས་འཚེ། །གཞང་འབྲུམ་བྱུང་བས་གསོད་བྱེད་པ། །དེ་ཕྱིར་བཤང་བའི་ལམ་འགེགས་པ། །གཞང་འབྲུམ་ཞེས་ནི་བཤད་པ་ཡིན། །ཞེས་པ་བཞིན་དགྲ་ལྟར་སྲོག་འཕྲོག་པར་བྱེད་པའི་གཞང་འབྲུམ་གྱི་ནད་གསོ་བ་ལ་རྒྱུ་རྐྱེན་དང༌། དབྱེ་བ་དང༌། རྟགས་དང༌། བཅོས་ཐབས་དང་བཞིའི་སྒོ་ནས་བསྟན་ཏེ།

རྒྱུ་རྐྱེན་གཞི་མཐུན་ནི་འཁྲུས་དྲགས་པ། བཤང་ལམ་གཅེའུས་བཙན་ཞེས་བསྣད་པ་དང༌། སྟན་སྲབ་པོར་ཙོག་པུར་འདུག་པ་དང༌། བཤང་གཅི་འཕྱེན་འགགས་པ་དང་བཙིར་བ། རྟ་སོགས་བཞོན་པ་བསྟེན་པ་རྣམས་ཀྱིས་ཐུར་སེལ་གྱི་རླུང་འཁྲུགས་ནས་གཞང་འབྲུམ་བསྐྱེད་ལ།

དབྱེ་བ་ཕྱེ་ན་བད་ཀན་དང༌། རླུང་དང༌། ཁྲག་དང༌། མཁྲིས་པ་དང༌། སྐམ་པ་དང༌། གཤེར་བ་དྲུག་སྟེ། དེ་ཡང་སྙིང་པོ་བསྡུས་པར། རླུང་དང་བད་ཀན་གཉིས་ལས་སྐམ། །ཁྲག་དང་མཁྲིས་པ་གཉིས་ལས་རླན། །ཞེས་པ་ལྟར་རོ། །

དེ་རྣམས་ངོས་འཛིན་པའི་སྤྱིའི་རྟགས་ནི་འབྲུམ་པས་གཞང་བཀག་ཅིང་ཐུར་སེལ་གྱི་རླུང་གྱེན་དུ་ལོག་པས་ཉེས་པ་འཁྲུགས་ཏེ་དྲོད་ཆུང་ལ་ཡན་ལག་ན་འཁྱུག་བྱེད་པ་དང༌། །རླུང་འཁྱིམས་པས་ཁོང་པ་སྦོ་ཞིང་མགོ་འཁོར་དང་ག་ཞན་ལ་ཡི་ག་འཆུ། ནད་སྟོབས་རྒྱས་པས་ལུས་སྟོབས་ཆུང་ལ་ཤ་སྐམ་པ་མཆིལ་མང་ཞིང་ཡན་ལག་གི་རུས་ཚིགས་ན་བ་དང༌། ཡང་ན་གཅིན་མང་ལ་བཤང་བ་ཉུང་ཞིང་ཡང་ན་འཁྲུའམ་སེར་པོར་སྐམ་པ་དང༌། ཆུ་སྲི་ཞིང་མཚན་མ་ན་འབྲབ་བྱེད་ལ་གཞང་ཁ་གཟེར་བ་འབྱུང་བས་དེའི་འབྲུམ་པ་གར་ཡོད་བརྟག་པ་དྲི་མ་ཁྲག་བཅས་བྱུང་བའི་སུལ་མང་ཉུང་ལས་འབྲུམ་པའི་ངོ་གྲངས་དུ་ཡོད་དང་ཕྱོགས་གང་བྱུང་ལས་གནས་ས་ག་ན་ཡོད་རྗེས་སུ་དཔག་ཅིང༌།

ཁྱད་པར་བད་ཀན་ལས་གྱུར་པ་སྦོ་ལ་འདྲུལ་ཞིང་མེ་དྲོད་ཆུང་བ་དང་ཡི་ག་འཆུ་ཞིང་ཆམ་པས་འདེབས་ལ་མཆིལ་མ་མང་བ་དང༌། གཅིན་སྲིས་པས་ཆུ་སོར་ཟུག་བྱེད་ཅིང་ན་ལ་གཟེར་ཞིང་འཁྲུ་མདོག་སྐྱ་ལ་བད་ཀན་གྱི་བེ་སྣབས་མང༌། ཁྲག་དང་ཆུ་སེར་སོགས་མི་འཛག་ཅིང་འབྲུམ་པ་དཀར་ལ་གཡའ་ཞིང་འཕྲུག་འདོད་པ་དང༌། སྙིང་དུ་ཚོར་བ་ཆུང་བ་ལ་པགས་པ་སེན་མོ་མིག་སྤྲིན་གདོང་པ་སོགས་སྐྱ་བོ་འབྱུང༌། རླུང་ལས་གྱུར་པ་ནི། སྙིང་པོ་བསྡུས་པར། གཞང་སྐམ་ཙེག་ཙེག་ཚ་བ་དང༌། །ཞེས་པར་ལྟར། དྲི་མའམ་བཤང་བ་སྐམ་ཞིང་ཚ་ལ་འཚག་ཅིང་སྒྲ་དང་བཅས་ཤིང་སྐ་སླ་འདྲེས་མར་འཁྲུ་བ་དང༌། མགོ་འཁོར་ཞིང་ཕྲག་པ་བརླ་ཤ་དང་རྩིབ་ལོགས་སོགས་དང༌། ཁྱད་པར་ཆུ་སོ་ཤིན་ཏུ་ན་ཞིང་དབུགས་ཁ་རྒོད་ལ་ལུས་དྲོད་ཆུང་བ་དང༌། པགས་པ་སེན་མོ་གདོང་པ་མིག་སོགས་དང་འབྲུམ་པའི་མདོག་ནག་པོར་འོང༌། ཁྲག་ལས་གྱུར་པ་ནི་འབྲུམ་པ་བྱུ་རུའམ་འོལ་མ་སེ་འདྲ་བ་ཤིན་ཏུ་ཚ་ཞིང་ན་ལ་ཁྲག་མང་ཡང་ཡང་འཛག མཁྲིས་པ་ལས་གྱུར་པ་ནི་རྩ་ཆུ་སོགས་ཀྱི་རྟགས་ལ། ཕྱི་ཡུལ་དུ་ཚ་བ་སྐྱེ་ཞིང་སྐོམ་དད་ཆེ་ལ་ལུས་རྔུལ་བ་དང༌། གཞང་ཁ་ནག་ལ་མདོག་དམར་རམ་སེར་རམ་དྲི་ཆེ་བ་བཅས་སླ་བར་འཁྲུ་འབྲུམ་པ་དམར་རམ་སེར་རམ་སྔོ་བ་ལ་དེ་ནས་ཁྲག་སླ་མོ་འཛག གདོང་གི་པགས་པ་སེན་མོ་མིག་ཆུ་སོགས་སྔོའམ་སེར་རམ་ལྗང་གུ་འབྱུང་ཞིང༌། དེ་ཡང་གཞང་རྒྱུའི་དཀྱུས་སུ་རང་གི་སོར་ཕྱེད་དང་ལྔ་ཡོད་པ་ལས་དེའི་རྐེད་པར་ཆ་སྙོམས་ཏེ་གཉེར་མ་གསུམ་ཡོད་པའི་ཕྱི་རོལ་གྱི་གཉེར་མའི་དཀྱུས་ལ་སོར་ཕྱེད་གཉིས་ཡོད་པར་ནད་བྱུང་ཞིང་ལོ་མ་ལོན་པའི་ནད་རྐྱང་གསར་པ་གསོ་བ་སླ་བ་དང༌། གཉེར་མ་བར་མའི་སོར་ཕྱེད་དོ་བོར་བྱུང་བ་དང་ནད་གཉིས་ལྡན་པ་ལོ་གཅིག་འདས་པ་གསོ་བ་དཀའ། གཉེར་མ་ནང་མའམ་ཕུགས་མའི་སོར་ཕྱེད་དོ་ལ་ནད་གསུམ་གནས་པ་འདུས་པ་ཞེས་པ་ལོ་འདས་པ་གསོ་བ་ཙམ་དུ་བྱའི་གསོར་བཏུབ་པ་ཆེར་མི་འབྱུང་ཞིང༌། རྐང་ལག་ལྟེ་བ་བཤང་སྒོ་སོགས་ལ་མཚོན་སོང་ནས་ལུས་སྐྲངས་ཤིང་གཞང་རྣག་གི་བླ་གཉན་རྣག་དང་རིམས་བཏབ་སྐྱུག་པ་དང༌། སྙིང་གའམ་རྩིབ་ལོགས་ཤིན་ཏུ་ན་བ་དང༌། གདོད་ནས་ཡོད་པའི་ལྷན་སྐྱེས་ནི་སྤང་ངོ༌། །

དེ་རྣམས་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ཕོ་བའི་མེ་སྲུང་ཨ་རུ་ར་དང༌། བྱི་ཏང་གདུག་མོ་ཉུང༌། ཙི་ཏྲ་ཀའི་ཕྱེ་མ་རྣམས་དང་དར་བ་སྦྱར་བ་བླུད་ཅིང༌། ཨ་རུ་ར། ཀཎྜ་ཀ་རི། ཙི་ཏྲ་ཀ་བཅས་པ་གང་རུང་སྦྱར་བའི་ལྡེ་གུ་བྱུགས་ཤིང་དར་བ་བླུགས་ལ་ཞག་གཅིག་བར་དུ་བླུད། ཛཱ་ཏི། རུ་རྟ། ཐལ་ཏྲེས་ཞེས་ལུག་རུའི་མེ་ཏོགཨ་ག་རུ། ཤུ་ཏི་ཞེས་སྤྲུ་མའི་འབྲུ། བསེ་ཡབ། ཐང་མ་སྒྲོན་ཤིང་རྣམས་སྦྱར་བ་རོ་སྨད་ལྟེ་བ་མན་ཆད་ལ་བྱུགབཤང་བ་དང་གཅིན་འགགས་པ་ན་འོ་མ་དང་མར་གསར་བསྐོལ་བའི་ཁུ་བ་བྱུག་ཅིང༌། གཟེ་མ། བ་སྤྲུ། ཐང་མ་སྒྲོན་ཤིང་ཁུ་བ་མར་གསར་བཅས་བསྐོལ་བ་བླུད་པ་དང༌། ཆུ་ཚན་གྱི་ལུས་སྤྱིང་རྗེས་སྤ་མའི་འབྲུམ་དང་ཞུན་མར་བསྐོལ་བ་རོ་སྨད་ལྟེ་བ་མན་ཆད་ལ་བྱུག ཁྱིམ་བྱ་དཀར་པོ་བྱ་བྲུན། པི་པི་ལིང་དང༌། འོལ་མོ་སེ་ཡུང་བ་རྣམས་བ་གཅིན་དང་སྦྱར་བ་བྱུག་པ་དང་ནང་དུ་རེང་བུ་གཞུག མིའི་སྐྲ། བྱི་ལ་དང༌། སྦྲུལ་གྱི་པགས་པ། མོན་ཆ་ར་རྣམས་མར་ལ་སྦྱར་བའི་དུད་པས་བཤང་བར་བདུགས་པ་སོགས་དེ་དག་གིས་གཞང་གི་འབྲུམ་པ་འཇིག་པར་བྱེད་ཅིང་ཁྲག་ཏུ་འཛག་གོ། གཞན་ཡང་འཕགས་ཡུལ་གྱི་སྨན་པ་དཱ་ན་དཱ་པའི་གསང་བསྒྱུར་ལས། གྲོ་ཕྱེ་ཁ་རོ་སྤུ་ཕྱེ། སོ་མ་ར་ཛ། སྤོས་དཀར། རྒྱ་མཚལ། སྦུག་ཕྱི་རྣམས་ཆ་མཉམ་ཞིབ་པར་བཏགས་པའི་ཕྱེ་མ་མེ་ལ་བཏབ་པའི་དུད་པ་བཤང་ལམ་གྱི་ཕར་ཚུར་དུ་གཞང་འབྲུམ་གྱི་མེ་ཏོག་རྒྱས་པའི་ཁར་དུ་བ་བདུགས་པའི་རྗེས་སུ། སྟོད་ཇ། གུ་ཡུ་བསྲེགས་པ་ཞོ་རེ། ནི་ལ་ཐོ་ཐ་དང་གླ་རྩི་ཞོ་ཕྱེད་རེ་བཅས་ཞིབ་པར་བཏགས་པའི་ཕྱེ་མ་དེ་རྨ་ཁར་སྦྱར་ཏེ་ཕོ་རོག་གི་སྒྲོས་མ་དྲག་བར་དུ་བྱུགས་པས་སེལ། འབྲུམ་པ་གཅོད་ལུགས་དང་ལྟ་ལུགས། གཅོད་ཐུབ་མི་ཐུབ་ཀྱི་དབྱེ་བ་ནི་ནད་ཟུག་མེད་ན་གཅོད། ནད་ཟུག་ཡོད་ན་མི་གཅོད། དེ་རྗེས་སྟོད་ཇ་ཤིང་གསོམ་འབུ་སྐྱོགས་མེ་ལ་བསྲེགས་པའི་ཐལ་བ་དེ་གསུམ་ཆ་མཉམ་ཞིབ་བཏགས་ཕྱེ་མས་བཤང་ལམ་གྱི་འབྲུམ་པ་བཅད་རྗེས་ཁྲག་རླུང་གིས་བརྒྱལ་འགྲོ་སྟེ་འཇིགས་མི་དགོས། དེ་རྗེས་སྤྲོ་བསྲིངས་ནས་རྡོའི་རྩེ་སྣུམ་ལ་བཅུག་སྟེ་མེ་ལ་བསྲོས་ནས་ཤིན་ཏུ་ཚ་བ་བྱས་ཏེ་འབྲུམ་པ་བཅད་ཤུལ་བསྲེགས་པའི་རྗེས་གོང་གི་སྨན་སྣ་གསུམ་པོ་སྲིན་བལ་གྱི་སྟེང་དུ་སྣུམ་དང་སྦྱར་ནས་འཕོངས་ཀྱི་ནང་དུ་བཅུག་སྟེ་ཁ་རས་ཀྱིས་དམ་པར་བསྡམས་ཏེ་མ་དྲག་གི་བར་དུ་བཞག་པས་ཕན་ནོ། །ཡང་ན་ཐོར་པ་བྲུད་པ་དང་བྱིན་གཞུག་དང་ལོང་རྩ་གཏར་བས་ཁྲག་ངན་དབྱུང༌། སྨན་གཏར་གྱིས་མ་ཞིག་ན་ཕྱི་རྒྱུད་ལྟར་ལྟོས་སྦྱངས་ལ་ཉི་མ་སྤྲིན་མེད་བདེ་བའི་སར་རྡེའུ་འདོན་པ་ལྟ་བུ་ནི། རྫོང་འཕྲང་དུ། དེས་ཀྱང་མ་ཞི་ན་བཤལ་བཏང་ལ་དེ་ནས་ནས་ཕད་ཀྱི་སྟེགས་ཀྱི་སྟེང་དུ་ནད་པ་དེས་སྒྱིད་ཁུང་བཀུག་ལ་རས་ཀྱིས་བཅིངས་ཏེ་འཕོངས་ཉི་མ་ལ་བསྟེན་ཞེས་འབྱུང་བ་ལྟ་བུར་ལུས་བཅོས་ལ་བལྟ་དང་བཅད་པའི་ཆ་བྱད་ཚད་ལྡན་པས་ཞེས་པ་ནི། བཤད་རྒྱུད་དུ། སྦུབས་ཅན་བ་ནུ་འདྲ་བ་སོར་གསུམ་པ། །སྦོམ་སོར་ཕོ་ལ་ལྔ་སྟེ་མོ་ལ་དྲུག །ནད་བལྟ་བ་ལ་བུ་ག་གཉིས་པ་བྱ། །ལས་ལ་བུ་ག་གཅིག་པ་གློ་དཀར་ཅན། །དེ་འདྲ་གཞང་འབྲུམ་ལྟ་དང་གཅོད་ལ་སྦྱར། །ཞེས་པ་དང་པོ་ནད་གར་འདུག་བལྟ་བ་དང༌། ཕྱི་མ་བཅད་པ་སྟེ་དེ་ལྟར་དང་ལྡན་པས་ཐོར་པ་བཞར་ཞིང༌། དེའི་རྗེས་ལ་ལྕགས་དང་མར་ཁུ་ཚན་མོ་གང་འོས་ཀྱིས་བསྲེག །དེ་རྗེས་བཤང་སྒོ་དང་རོ་སྨད་སོགས་ལ་སེ་འབྲུ། འུ་སུ། དོང་གྲ། ཙི་ཏྲ་ཀ་པི་པི་ལིང་རྣམས་ཀྱི་སྨན་མར་ཕྱི་རྒྱུད་ལྟར་བྱུག་པར་བྱ་ཞིང༌། འབྲུམ་པ་ཡང་ན་ཐོག་མར་གཡས། དེ་ནས་གཡོན། དེ་ནས་མདུན་རྒྱབ་ཀྱི་ཐོར་པ་རིམ་པས་ཞག་བདུན་གྱི་བར་དུ་བཅད་ནས་འབྲུམ་པ་རེ་རེ་བསལ་བར་བྱའོ། །འོ་མར་ཙི་ཏྲ་ཀ་བཏབ་ལ་ཞོ་བསྣན་ཞེས་པ་བསྙལ་བའི་རྗེས་ཀྱི་དར་བ་བཏུང་བ་དང་ཤ་ཁུའམ་ཡང་ན་སྲན་མའི་ཁུ་བ་དར་བར་བཅས་པ་ཟས་གཞན་དང་སྤགས་ནས་ཟ་བའམ་འབྲས་ཡོས་ཕྱེའི་དར་སྐྱོ་བྱིན་དགོས་པ་ལ་སྤྱིར་བཏང་གི་དར་བ་ནི་ནུབ་ཀྱི་འོ་མ་ཞོར་བསྙལ་བ་དང༌། ནང་གི་འོ་མ་དྲོན་མོ་བསྲེས་ནས་དཀྲོགས་པའི་མར་ཕྱུངས་ཤུལ་དེ་ཡིན་ལ། དར་བ་དེ་ཡང་འཇམ་རྩུབ་བར་མ་གསུམ་མེ་དྲོད་ཆེ་ཆུང་ལ་དཔགས་དགོས་ཏེ་འོ་མ་མ་ཤི་བར་དཀྲོགས་པ་དང་ཞོར་བསྙལ་བ་དཀྲོགས་ནས་མར་ཕྱུངས་པའི་དར་བ་གསར་པ་ནི་འཇམ་པོ་སྟེ་མེ་དྲོད་ཆུང་བས་བསྟེན། འོ་མ་ཤི་ནས་དཀྲོགས་པའི་དར་གསར་ནི་བར་མ་སྟེ་མེ་དྲོད་འབྲིང་པོས་བསྟེན། དེ་གཉིས་གང་ཡང་རྙིང་པ་ནི་རྩུབ་པ་སྟེ་མེ་དྲོད་ཆེན་པོས་བསྟེན་དགོས་ཏེ། སྙིང་པོ་བསྡུས་པར་ཡང༌། ཀུན་ལ་དུས་ཀུན་དར་རྙིང་མཆོག། སྟོབས་སྐྱེད་ནད་རྣམས་འཇོམས་པ་ཡིན། །ཞེས་རྙིང་པ་ནུས་པའི་དབང་གིས་མཆོག་ཡིན་ཀྱང་ཧ་ཅང་རྩུབ་པའོ། །གཞན་ཡང་ནས་ཕྱེ་དང་དར་བའི་སྐྱོ་མས་གཞང་འབྲུམ་གྱི་ནད་བཅོམ་ནས་སླར་མི་ལྡོག་པར་བྱེད།

བྱེ་བྲག་ཏུ་བཅོས་པ་ནི་བད་ཀན་ལས་གྱུར་པར་ཕྱི་རྒྱུད་ལྟར་གྱི་རྒོད་མ་ཁ་ཕྱེ་སྦྱར་ཞིང་སོ་ཆ་དང་དུད་པ་རལ་པ་དང༌། པི་པི་ལིང་དང་མར་རྣམས་ཀྱི་རེང་བུའམ་བ་གཅིན་དང་འབྲུ་མར་བཅས་སྦྱར་བའི་མས་བཏང་བྱ། རླུང་ལས་གྱུར་པར་སེ་འབྲུའི་ཁུ་བ། ཟི་ར་དཀར་ནག་གཉིས། ལ་ལ་ཕུད་དང་མ་ནུ་པ་ཏྲ་དང་སྒ་རྣམས་སྦྱར་བ་བཏང་ཞིང༌། ཨ་རུ་ར་བ་ཆུར་བཙོས་ནས་བསྐམས་པའི་ཕྱེ་མ་བུ་རམ་དང་སྦྱར་བ་བྱིན་པས་རྟུག་སྐམ་ལ་བསྔགས་ཤིང་གཞན་ཡང་པི་ལིང༌། སོ་ཆ་བིལ་བ། ཤུ་ཏི། ཤིང་མངར། ཤུ་དགའུ་སུ། མ་ནུ། ཐང་ཤིང༌། ཙི་ཏྲ་ཀ་རྣམས་སྨན་མར་དང་འཇམ་རྩིར་བཏང་ན་གཞང་ལུག་རྟུག་སྐམས། རླུང་འཁྱིམ། གཅིན་སྲི། ལྟོ་སྦོས། གཟེར་སོགས་སེལ། ཁྲག་ལས་གྱུར་པ་དྲི་མནམ་པ་ནད་ཁྲག་ཡིན་པས་ཟུངས་བསྲུང་ཞིང་ཆུ་སེར་འོང་ནའང་མི་བཅད་པར་བཞག་ལ་མཚལ་འདྲ་བ་བྱུང་ན་བཅད་དགོས་ཏེ། སྨན་ནི་ཤལ་མ་ལི་ཡི་ཤུན། །ཞེས་པ་བེ་དོ་ནག་པོར་བཞེད་པ་དང་མོན་ཆ་རར་བཞེད་པ་སྣ་ཚོགས་ཡོད་ཀྱང་རྩ་རི་རོང་སྐོར་སོགས་ནས་ཤིང་གི་ཚ་ཚ་ཡིན་ཟེར་བ་དེ་དང༌། སེང་ཕྲོམ་ཞེས་ཞུ་མཁན། བཙོད་དང༌། ཧོང་ལེན། དུག་མོ་ཉུང༌། ཙན་དན་དམར་པོ། ཤིང་མངར། པུ་ཤེལ་ཙེ། ནཱ་ག་གེ་སར་རྣམས་ཞིབ་བཏགས་འབྲས་བཀྲུས་པའི་ཆུ་དང་སྦྱར་ལ་བླུད་པ་དང༌། དུག་མོ་ཉུང་གི་ཤུན་པ་དང་འབྲས་བུ་དང༌། ཨ་བྱག་དང༌། ནཱ་ག་གེ་སར། ཨུཏྤལ། བཤད་མ་ཐག་གི་སེང་ཕྲོམ་བཅས་ཀྱི་སྨན་མར་བཏང་བས་ཟུངས་ཁྲག་མཚལ་འདྲ་བའི་འཁྲུ་བ་གཅོད། སྟང་ཟིལ་དང༌། ཙན་དན་དམར་པོ། པུ་ཤེལ་ཙེ། ར་ཁྲག་རྣམས་དང་ཀ་ར་འབྲས་བཀྲུས་ཀྱི་ཆུ་བཅས་བླུད་པས་ཀྱང་གོང་བཞིན་ཟུངས་ཁྲག་འཁྲུ་བ་གཅོད། ཡང་ན་ཏིལ་ནག་གིས་ཆ་གཅིག་བྱས་དེ་ལས་ལྔ་འགྱུར་གྱིས་ཤ་ཁ་ར་ཞེས་ཀ་ར་དཀར་པོ་མང་བ་དང་རའི་འོ་མ་སྦྱར་བ་བྱིན། མཁྲིས་པ་ལས་གྱུར་པར་རྒྱུད་ཕྱི་མའི་ཨིནྡྲ་བཞི་ཐང་བཏང་ཞིང༌། སྐྱེར་པ། ཧོང་ལེན། ནིམ་པའི་ཕྱེ་མའང་བསྟེན། དུག་མོ་ཉུང༌། བོང་ང་དཀར་པོ། སྐྱེར་ཁཎྜ་རྣམས་སྦྲང་དང་སྦྱར་བ་ཟ་བ་དང༌། སྤོས་དཀར། དོང་གྲ་ཞེས་སྒ་རྒོད་དམར་པོའི་སྨུག་པོ། ཨ་རུ་ར། ཁྲོན་བུ་རྣམས་ཀྱིས་སྦྱང༌། ཁྲག་མཁྲིས་གཞང་འབྲུམ་རློན་པ་དྲི་མ་སླ་ལ་ཁྲག་འཛག་པར་དུག་མོ་ཉུང་དང་སྐྱེར་ཤུན་མཆོག་དང༌། སྐམ་ལ་སེ་འབྲས་ཞེས་ཀྱང་མ་ནུ་ཁྲག་ཅན་དང་གཞང་འབྲུམ་རྙིང་པ་ཀུན་ལ་དར་བ་མཆོག་ཏུ་འགྱུར་ཞིང༌། གཟེར་སྦོས་སོགས་བླ་གཉན་གང་བྱུང་ནད་གཞིར་བརྟགས་ལ་སོ་སོའི་བསལ་ཐབས་བྱ་བ་དང༌། བཤང་བའི་ཤུགས་བཙིར་བ་དང༌། སྟན་སྲབ་པ། ཉལ་པོ་སྤྱོད་པ། བཞོན་པ་ཞོན་པ་དང༌། ཙོག་པུར་འདུག་པ། རླན་གྲང་མེ་ཉིས་གདུང་བ་སོགས་སྤྱོད་ལམ་ལོག་རིགས་དང་གྲང་དྲོ་མི་སྙོམས་པ་རྣམས་རྟག་ཏུ་སྤང་དགོས་ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་ལས་ལྷན་སྐྱེས་རྨའི་ནང་ཚན་གཞང་འབྲུམ་གསོ་བའི་ལེའུ་སྟེ་དྲུག་ཅུ་རྩ་བཞི་པའོ།། །།


མཐའ་མའི་འདོན་ཐེངས་།: 29.11.2023 ཉིན། 3:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ཡན་ལག་སྨན་ཁང་གཉིས་ལ་ཁ་ལོ་བ་གཉིས་ཀྱི་ས་མིག་གསལ་བསྒྲགས།

སྨན་སྦྱོར་སྡེ་ཚན་དུ་ལས་མི་གྲངས་ ༡༡ ས་མིག་གསལ་བསྒྲགས།

ཆོས་རིག་དྲུང་ཆེ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༤༠། ༣༠། ༢༠། ལོན་པ་རྣམས་ཀྱི་ངོ་སྤྲོད།

སྨན་རྩིས་འབུམ་རམས་པ་དང་ཉེ་བའི་འབུམ་རམས་པར་ཕྱག་ཁྱེར་བསྩལ།

ཐོན་ཟོག་ཁྲལ་འབབ་སྡེ་ཚན་གྱིས་ཆེ་བསྟོད་གནང་།

བོད་ཡིག་མིང་བྱང་ལ་འགྱུར་བཅོས་བཏང་བ།

ཅོན་ཏ་ར་སྨན་སྦྱོར་སྡེ་ཚན་དུ་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

བརྟན་བཞུགས་སྔོན་འགྲོའི་རིམ་གྲོར་སྲོག་ཆགས་ཚེ་ཐར་བཏང་བ།

འགྲོ་ཕན་སྨན་རྩིས་ཁང་གི་མིང་དུ་བརྫུས་ཏེ་ནད་པ་བསླུ་བྲིད་བྱེད་པའི་གནས་ཚུལ།

ཁ་ལོ་བ་གཅིག་དང་ཆོད་གན་ལས་མི་དྲུག་གི་ས་མིག་གསལ་བསྒྲགས།

ཆོད་གན་ལས་མི་སྐྱེས་པ་གཉིས་དང་བུད་མེད་གསུམ་གྱི་ས་མིག་གསལ་བསྒྲགས།

ལེའུ་དང་པོ། ཀླད་དོན་གླེང་སློང་བ།